སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


ཞབས་ལོ་ཉི་ཤུ་འཁོར་བའི་སྨན་རྩིས་ལས་བྱེད་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

༡། སྨན་པ་བློ་བཟང་བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་བློ་བཟང་བཀྲ་ཤིས་ལགས་ནི་གྲོ་མོ་དུང་དགོན་པའི་གྲྭ་པ་ཞིག་ཡིན་པ་མ་ཟད་ཆུང་དུས་གསོ་བ་རིག་པ་སློབ་སྦྱོང་གནང་ཡོད་སྟབས་ཕྱི་ལོ ༡༩༦༣ ལོར་རང་གཞུང་ཆོས་དོན་ལྷན་ཁང་ལ་རྒྱུགས་ཕུལ་ཏེ་སྨན་སྦྱིན་ཁང་གི་སྨན་དགེ་གཞོན་པར་བསྐོ་བཞག་གནང་པ་ནས་ལོ་ངོ་གང་འཚམས་རིང་སྨན་སྦྱོར་ལག་ལེན་སོགས་ལ་གཞོལ། ཕྱི་ལོ་ ༡༩༦༩ ཙམ་ནས་ལོ་ངོ་ལྔ་ཙམ་རིང་དགེ་རྒན་གནང་ཡོད་ཅིང་། དེ་ནས་ཕྱི་ལོ ༡༩༧༤ ནས་རེ་ཞིག་སྒེར་གྱི་དཀའ་སེལ་ཆེད་སྒེར་དགོངས་ཞུས་ཡོད་ཀྱང་ཕྱིས་སུ་སྟེ་ཕྱི་ལོ་ ༡༩༨༢ ལོ་ནས་སླར་ཡང་སྨན་རྩིས་ཁང་གི་ལས་སྒོར་ཞུགས་ཏེ་ཀ་ལོན་སྦུག་ཡན་ལག་ཁང་དུ་ཕྱི་ལོ་ ༡༩༨༥ ནས་ ༢༠༠༠ བར་འགན་འཛིན་སྨན་པའི་ལས་ཁུར་ཞུས་ཡོད། ཕྱི་ལོ་ ༢༠༠༠ ལོ་ནས་རྒན་ཡོལ་དུ་སོང་ཡོད་པ་བཅས་སོ།།

 

༢། ྋསྐུའི་བླ་ཞབས་སྨན་རམས་པ་སྤེན་པ་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་སྤེན་པ་ཚེ་རིང་ལགས་ནི་ཕྱི་ལོ་  ༡༩༦༩ རང་ལོ་བདུན་ཙམ་སོན་སྐབས་ཕ་མ་དང་མཉམ་དུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། ཕྱིས་སུ་འབྲུག་ཡུལ་དུ་ཟླ་དྲུག་ཙམ་བསྡད། དེ་རྗེས་རྡོ་རྗེ་གླིང་སོ་ནཱ་ངྷ་གཞིས་ཆགས་སུ་ལོ་གཅིག་དང་ཕྱེད་ཙམ་བསྡད་རིང་བོད་ཡིག་ཐོག་མར་སྦྱངས་མགོ་བརྩམས། དེ་ནས་མེ་སོར་བྷེལ་ཀོབ་གཞིས་ཆགས་སུ་བཏང་བར་བརྟེན་གཞིས་ཆགས་ཉིན་སློབ་ཏུ་བསྐྱོད་དེ་ཕྱི་ལོ་ ༡༩༨༡ ལོར་འཛིན་རིམ་བཅུ་གཉིས་ཐོན། སྐབས་དེར་དྷ་ས་སྨན་རྩིས་ཁང་དུ་སྨན་སློབ་སྐབས་ལྔ་བའི་སློབ་མ་བསྡུ་སྐོང་གི་གསལ་བསྒྲགས་ཕེབས་དོན་ལྟར་ཕྱི་ལོ་ ༡༩༨༢ ལོར་སྨན་རྩིས་མཐོ་སློབ་ཁང་དུ་འཛུལ་ཞུགས་ཀྱིས་ ཕྱི་ལོ་ ༡༩༨༦ ལོར་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་གནང་བ་མ་ཟད་རྒྱུད་གསུམ་རྒྱུགས་འབུལ་ཞུས།

ཕྱི་ལོ་ ༡༩༨༧ ལོར་སྨན་སྦྱོར་སྡེ་ཚན་དུ་ལས་འགན་བཀོད་སྒྲིག་གནང་བས་ལོ་བདུན་ཙམ་རིང་སྨན་སྦྱོར་སྡེ་ཚན་དུ་ལས་འཁུར་ཞུས་ཡུན་རིང་སྨན་སྦྱོར་འགན་འཛིན་གཞོན་པའི་ལས་ཁུར་ཞུས་པ་དང་། ལོ་ཡུན་དེ་དག་ནང་བླ་སྨན་སྐུ་བགྲེས་དམ་པ་བསྟན་འཛིན་ཆོས་གྲགས་མཆོག་དང་།  སྨན་རམས་པ་སྐུ་གཤེགས་བསྟན་འཛིན་རྣམ་རྒྱལ་མཆོག སྨན་རམས་པ་རྣམ་རྒྱལ་ཚེ་རིང་མཆོག་བཅས་ཀྱི་དྲུང་ནས་དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་དང་།  རིན་ཆེན་རིལ་བུ་ཁག་གི་ལག་ལེན། སྨན་རྫས་ཁག་གི་ངོས་འཛིན་དང་དུག་འདོན་གཡའ་ཕྱིས། སྨན་དཀྱུས་ཁག་གི་སྦྱོར་སྡེབ་ལག་ལེན་བཅས་ཆ་ལག་ཡོངས་རྫོགས་སྦྱངས་པ་མཐར་ཕྱིན་གནང་། གཞན་ཡང་སྨན་སྦྱོར་སྡེ་ཚན་གྱི་ལས་དོན་དང་འབྲེལ་བའི་སྔོ་སྨན་འཐུ་སྒྲུབ་ཆེད་ཕྱི་ལོ་ ༡༩༨༧ ལོར་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་མཆོག་དང་ལྷན་དུ་འབྲས་ལྗོངས་ཀྱི་ས་ཁུལ་ལ་ཆེན་ལ་ཆུང་དང་ལྷོ་ནག ར་ཝང་ལ་གཞིས་ཆགས་བཅས་སུ་བསྐྱོད་དེ་ཟླ་གསུམ་ལྷག་རིང་ཡུལ་མི་རྣམས་ལ་སྔོ་སྨན་ངོ་སྤྲོད་དང་མངགས་ཉོའི་གོང་ཚད་གཏན་འབེབས་ཞུས་ཏེ་ཕན་རླབས་རྒྱ་ཆེ་བྱུང་ཡོད། དེ་རྗེས་སླར་ཡང་ཕྱི་ལོ་ ༡༩༨༩ ལོར་ཁོང་རང་གིས་རྒྱུས་སྟོན་བྱས་ཏེ་རོགས་པ་གསུམ་དང་ལྷན་དུ་ལ་ཆེན་ལ་ཆུང་དང་ལྷོ་ནག་བཅས་པར་ཟླ་གསུམ་ལྷག་གི་རིང་བསྐྱོད་དེ་སྔོ་སྨན་ཕོན་ཆེ་འཐུ་སྒྲུབ་ཞུ་ཐུབ་པ་བྱུང་། དེ་བཞིན་སྔོ་སྨན་འཐུ་སྒྲུབ་ཆེད་ལ་དྭགས་བྱང་ཐང་དང་། མ་ནཱ་ལི། གར་ཤ་སོགས་ལ་བསྐྱོད་དེ་སྔོ་སྨན་འཐུ་སྒྲུབ་ཀྱི་ཞབས་ཞུ་མི་དམན་པ་ཞུས། ཕྱི་ལོ་ ༡༩༩༤ ལོར་ཁོང་གཟུགས་ཁམས་བདེ་མིན་གྱི་རྐྱེན་པས་སྨན་སྦྱོར་སྡེ་ཚན་ནས་གནས་སྤོ་ཞུ་དགོས་བྱུང་སྟེ་སྨན་རྩིས་རིག་གཞུང་ལྷན་ཚོགས་ནང་ཟླ་ཤས་ལ་ལས་ཁུར་ཞུ་སྐབས་སྨན་རྩིས་མཐོ་སློབ་ཁང་གི་སློབ་དགེར་བསྐོ་བཞག་གནང་བའི་རིང་སླར་ཡང་གཟུགས་ཁམས་མི་བདེ་བའི་གཀའ་ངལ་གྱིས་ཕྱི་ལོ་ ༡༩༩༦ ལོར་གནས་ཚུལ་ཕྱོགས་སྒྲིག་དང་དཔར་སྐྲུན་སྡེ་ཚན་༼གསོ་རིག་ཞིབ་འཇུག་སྡེ་ཚན༽དུ་གནས་སྤོ་ཞུས་ཏེ་སྡེ་ཚན་དེའི་ནང་དཔེ་ཐོག་ཞིབ་འཇུག་དང་དཔར་སྐྲུན་གྱི་ལས་ཁུར་ཞུས་པ་དང་ཆབས་ཅིག་སྨན་རྩིས་མཐོ་སློབ་ཁང་གི་སློབ་ཚན་གྱི་སྒྲོམ་གཞི་བསྐྱར་སྒྲིག་གི་འགན་ཁུར་ཡང་ཞུས།

ཕྱི་ལོ་ ༡༩༩༩ ལོར་སྨན་རམས་པ་ཆུང་བའི་ཡིག་རྒྱུགས་ནང་ཞུགས་ཏེ་ཨང་དང་པོའི་ལག་འཁྱེར་ཐོབ། དེ་བཞིན་སྨན་རྩིས་ཁང་གི་བཀའ་འབྲེལ་ལྟར་གཏམ་བཤད་དང་། ནད་པར་བརྟག་དཔྱད། འགྲེམས་སྟོན་སོགས་ཀྱི་ཆེད་ཕྱི་རྒྱལ་ཡུལ་གྲུ་ཧོ་ལནཌ་དང་། པོ་ལནཌ། ཧངྒ་རི། སུད་སི། ཨི་ཊ་ལི། ཉི་ཧོང་བཅས་སུ་བསྐྱོད་པ་དང་། གཞན་ཡང་རྒྱ་གར་གྱི་ཡུལ་གྲུ་ཁག་ཏུའང་དེ་ལྟར་ཕྱོགས་བསྐྱོད་ཞུས། ཁོང་སྨན་རྩིས་ཁང་དུ་ལས་རྒྱུན་སྐབས་འཛིན་སྐྱོང་གི་བཀའ་འབྲེལ་ལྟར་ཞོར་དུ་ཚོགས་ཆུང་ཁག་གི་ནང་ལས་ཁུར་ཞུས་ཡོད་པ་ནི། བོད་ཡིག་སྨན་རྩིས་དུས་དེབ་ཀྱི་རྩོམ་སྒྲིག་གཙོ་བོའི་ལས་ཁུར་ལོ་བཅུ་གཅིག་ཙམ་ཞུས། དེ་དང་ཕྱོགས་མཚུངས་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་དྲུང་དང་ཚོགས་མི། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མི། ས་ཁང་ཚོགས་ཆུང་གི་ཚོགས་མི། སྨན་རྩིས་ཁང་གི་ལས་བྱེད་བཀོད་སྒྲིག་ཚོགས་ཆུང་གི་སྒྲིག་གཞི་བཟོ་འགོད་དང་བླང་དོར་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་ ༢༠༠༣ ལོར་དྲུང་ཆེ་འོས་འདེམས་ཚོགས་ཆུང་གི་ཚོགས་གཙོའི་ལས་ཁུར། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་རྩ་འཛིན་འཆར་ཟིན་བཟོ་འགོད་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་ ༢༠༠༤ ལོར་ངེས་སྟོན་པ་དང་ངེས་སྟོན་པ་གཞོན་པའི་འོས་འདེམས་སྐབས་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་ ༢༠༠༦ ལོར་ངེས་སྟོན་པ་གཞོན་པ་འོས་འདེབས་སྐབས་སླར་ཡང་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི། བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དེང་རབས་རིག་ཚན་སྣ་ཚོགས་ཀྱི་ཐ་སྙད་དང་བརྡ་ཆད་རྣམས་བོད་སྐད་དུ་གཏན་འབེབས་བྱ་ཕྱོགས་ཀྱི་ལས་འཆར་ཆེད་སྨན་རྩིས་ཁང་གི་སྐུ་ཚབ་ཚོགས་མི། ལ་དྭགས་མཚན་ཉིད་སློབ་གྲྭའི་གསོ་རིག་སྡེ་ཚན་དང་ཝཱ་ཎ་མཐོ་སློབ་ཁང་གི་གསོ་རིག་སྡེ་ཚན་དེབ་སྐྱེལ་ཆེད་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི། དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་སྐབས་དང་པོའི་སྨན་རྩིས་ཁང་གི་སྐུ་ཚབ་ཚོགས་མི་ལོ་གསུམ་རིང་ཞུས་ཡོད་པ་བཅས་ཀྱི་ལས་ཁུར་གང་མང་ཞུས།

གཞན་ཡང་ཧཱ་ཎ་དང་། ལ་དྭགས། དྷ་ས་དབུས་སྨན་རྩིས་ཁང་བཅས་སུ་གསོ་རིག་ཟབ་སྦྱོང་ཚོགས་ཆེན་སྐབས་བོད་ལུགས་སྨན་སྦྱོར་རིག་པའི་ཐོག་ཟབ་སྦྱོང་སྤྲད་པ་དང་ཆབས་ཅིག་རྩོམ་ཡིག་དཔར་འགྲེམས་ཞུས། དེ་བཞིན་མི་མང་གི་འཕྲོད་བསྟེན་ལ་དགོས་མཁོའི་ཆེད་རྒྱུན་མཁོའི་བོད་སྨན་གྱི་ཕན་ཡོན་ལག་དེབ་ཅེས་པ་དང་། ཡང་སྨན་པ་དང་སྨན་སློབ་རྣམས་ཀྱི་དགོས་མཁོའི་ཆེད་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་འབྱུང་གནས་ཞེས་པ་རྩོམ་སྒྲིག་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༡ ནས་བཟུང་རྒས་ཡོལ་སྔ་སྣུར་ཞུས་ཏེ་བོད་ལུགས་སྨན་སྦྱོར་རིག་པར་ཞིབ་འཇུག་དང་སྒེར་གྱི་སྨན་གཉེར་བཞིན་པའི་སྨན་པ་ཁག་གི་དགོས་མཁོར་དམིགས་ཏེ་བོད་སྨན་བཟོ་སྐྲུན་བྱ་རྒྱུའི་ལས་མགོ་བཙུགས་རྗེས་ད་ལྟ་བོད་སྨན་གྱི་ཐོན་སྐྱེད་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢ ཉིན་སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་ཕེབས་གསལ་ནང་།  ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་སྨན་ཞབས་ཞུ་བའི་ཁོངས་སུ་བསྐོ་བཞག་གནང་བ་ལྟར་ད་ལྟ་མུ་མཐུད་ཞབས་ཞུ་སྒྲུབ་བཞིན་ཡོད། གཞན་ཡང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལས་འཆར་ལྟར་སྨན་པ་བསྡུས་ར་བའི་སློབ་ཚན་སྒྲོམ་གཞི་འཆར་ཟིན་གྱི་ཚོགས་ཆུང་ནང་ལས་ཁུར་ཞུས་པ་དང་། དེ་བཞིན་སྨན་པ་དཀའ་བཅུ་པ་དང་།  སྨན་པ་རབ་འབྱམས་པ། སྨན་པ་འབུམ་རམས་པ་བཅས་ཀྱི་སློབ་ཚན་སྒྲོམ་གཞི་འཆར་ཟིན་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར། སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དེབ་སྐྱེལ་ཞུ་སྐབས་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར་ཞུས་པ་སོགས་སྨན་པའི་ལྷན་ཚོགས་ནས་རེ་འདུན་གནང་བའི་ཞུ་སྒོ་ཁག་གང་ཐུབ་ཞབས་འདེགས་ཞུས་པ་བཅས་ཀྱིས་ད་བར་གསོ་རིག་བསྟན་པར་ཞབས་ཞུ་གང་ལེགས་གནང་བཞིན་པ་བཅས་སོ།།  

༣། ྋསྐུའི་བླ་ཞབས་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་མཆོག་ནི་ཕྱི་ལོ་ ༡༩༦༤ ལོར་ཕ་དམ་པ་སྨན་རྩིས་མཁས་དབང་ལྷ་ས་སྨན་རྩིས་ཁང་གི་སྨན་དགེ་དཔལ་ལྡན་རྒྱལ་མཚན་མཆོག་དང་མ་གངས་ལྗོངས་མདོ་ཁམས་གོ་འཇོ་ལྕང་མདའ་ཚང་གི་སྐྱེད་མ་སངས་རྒྱས་སྒྲོལ་མ་གཉིས་ཀྱི་སྲས་མོར་རྒྱ་གར་འཕགས་པའི་ཡུལ་དུ་འཁྲུངས། ཕྱི་ལོ་ ༡༩༧༠ ནས་ ༡༩༧༧ བར་སྦས་ཡུལ་འབྲས་ལྗོངས་ཨེན་ཆེན་སློབ་གྲྭ་དང་ལྷོ་གཞིའི་སློབ་གྲྭ་བཅས་ཁག་གཉིས་སུ་གཞི་རིམ་གྱི་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༧༩ ལོར་སྨན་རྩིས་མཐོ་སློབ་ཁང་གི་སྐབས་བཞི་བའི་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་གནང་ཡོད་ཅིང་། སྨན་སློབ་སྐབས་བཞི་པ་དེ་བཞིན་ཁ་འཐོར་དུ་སོང་བའི་དབང་གིས་ཁོང་སྐབས་ལྔ་བའི་སྨན་སློབ་ཁོངས་སུ་ཞུགས་ཏེ་ཕྱི་ལོ་ ༡༩༨༧ ལོར་སྨན་གཞུང་རྒྱུད་གསུམ་ཆ་ལག་དང་བཅས་པ་བློ་འཛིན་རྒྱུགས་འབུལ་ཐོག་ལོ་ལྔའི་ཐོན་རྒྱུགས་ཕུལ་རྗེས་སྨན་པ་དཀའ་བཅུ་པ་རབ་ཀྱི་ཕྱག་འཁྱེར་ཐོབ། ཕྱི་ལོ ༡༩༩༦ ལོར་སྨན་རམས་པ་ཆུང་བའི་ཟབ་སྦྱོང་རྒྱུགས་འབུལ་གྱིས་སྨན་རམས་པ་ཆུང་བ་རབ་ཀྱི་ཕྱག་འཁྱེར་ཐོབ།

ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༡ ནས་ ༢༠༠༡ ཟླ་ ༧ ཚེས་ ༣༠ བར་ལོ་ངོ་བཅུ་བཞིའི་རིང་མ་ནཱ་ལིའི་ཡན་ལག་སྨན་ཁང་དུ་འགན་འཛིན་སྨན་པའི་ལས་འགན་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༡ ནས་ ༢༠༠༤ ཟླ་ ༧ ཚེས་ ༣༠ བར་ལོ་གཉིས་རིིང་དིལླི་གསར་བའི་རང་གཞུང་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པའི་ལས་འགན་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༣ ཉིན་དཔལ་ལྡན་ྋསྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་ཕེབས་དོན་བཞིན་བོད་ལུགས་ྋསྐུ་བཅར་བླ་སྨན་ཞབས་གྲས་སུ་བསྐོ་བཞག་གནང་དོན་བཞིན་ད་ལྟ་ཡང་ལས་འགན་ཞུ་བཞིན་ཡོད། ༢༠༠༩ ཟླ ༡༢ ཚེས ༡ ནས་ད་བར་འདི་ག་བོད་གཞུང་དབུས་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་ལྟར་ལས་འགན་ཞུས། ཕྱི་ལོ་ ༢༠༡༡་ཟླ ༡༠ ཙམ་ནས་དྷ་སྟེང་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པར་བསྐོ་བཞག་སོང་། གཞན་ཡང་དེ་སྔོན་ ༡༩༩༤ དང་ ༡༩༩༦ བཅས་སུ་ཕྱི་རྒྱལ་ཡུལ་གྲུ Norway, Sweden, France, Japan, Switzerland རྣམས་སུ་གཞུང་དོན་སྨན་སྐོར་དང་འགྲེམས་སྟོན་གཏམ་བཤད་སོགས་ཀྱིི་ཆེད་དུ་བསྐྱོད། ༢༠༠༨ ལོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་དང་ཧུན་སུར་གཞིས་ཁོངས་དགོན་སྡེ་དང་སློབ་གྲྭ་ཁག་ལ་ཆིབས་ཞབས་དང་སྨན་སྐོར་དུ་ཕེབས་ཏེ་འཕྲོད་བསྟེན་གཏམ་བཤད་བཅས་ཞུས། ཕྱི་ལོ་ ༢༠༠༨ ཟླ་ ༤ པའི་ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག ཝ་ཤིན་ཀྲན། སི་ཡ་ཀྲལ། མི་ཤི་གྷན། རོ་ཇན་ས་ཀྲར། མི་ནི་སོ་ཊ་བཅས་ས་གནས་ཁག་དྲུག་ཙམ་ལ་གཞུང་འབྲེལ་ཆིབས་ཞབས་དང་སྨན་སྐོར་ལས་འགན་ཞུས་པ་བཅས་ཀྱི་ཞབས་ཞུ་གང་ལེགས་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

༤། ྋསྐུའི་བླ་ཞབས་ཟུར་བ་སྨན་རམས་པ་ཟླ་བ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་ཟླ་བ་མཆོག་ནི་ཕྱི་ལོ་ ༡༩༧༡ ལོར་ལྷ་ས་སྨན་རྩིས་ཁང་གི་སྨན་སློབ་སྐབས་གཉིས་པར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༧༥ ལོར་སློབ་མཐར་ཕྱིན། དེ་ནས་བཟུང་ཕྱི་ལོ་ ༡༩༨༨ ཟླ་ ༧ པ་ཙམ་བར་ལྷ་ས་སྨན་རྩིས་ཁང་གི་ཁོག་ནད་སྡེ་ཚན་དང་། ཕྱི་བཅོས་སྡེ་ཚན། དཔྱད་བཅོས་སྡེ་ཚན། སྨན་སྦྱོར་སྡེ་ཚན། ཉམས་ཞིབ་སྡེ་ཚན་བཅས་སུ་ལས་འཁུར་བྱས། ཕྱི་ལོ་ ༡༩༨༨ ཟླ་ ༧ ཚེས་ ༢༧ ཉིན་ཆབ་སྲིད་དོན་རྐྱེན་གྱིས་གསང་སྟབས་ངང་བྱེས་སུ་བྲོས་བྱོལ་དུ་འབྱོར་ཏེ་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གསེར་ཞལ་འཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ། དེ་སྐབས་རང་གི་སྦྱང་འབྲས་དང་། དམིགས་ཡུལ་རྣམས་གསེར་སྙན་སྒྲོན་པར་ཐུགས་དགྱེས་ཀྱིས་སྨན་རྩིས་ཁང་དུ་བཀོད་སྒྲིག་དང་། ལས་དོན་རྣམས་བསྒྲུབ་པའི་མཐུན་རྐྱེན་སྨན་རྩིས་ཁང་ནས་བསྐྲུན་དགོས་ཕེབས། དེའི་སྐོར་ཞིབ་ཆ་སྨན་རམས་པ་ཟླ་བ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་ཕྲེང་དང་པོར་གསལ།

དེ་ནས་བཟུང་ཕྱི་ལོ་ ༡༩༨༨ ཟླ་ ༩ པ་ནས་དྷ་ས་བོད་གཞུང་སྨན་རྩིས་ཁང་དུ་གསར་ཞུགས་བྱས་ཏེ། ཉམས་ཞིབ་སྡེ་ཚན་ཁོངས་སུ་ལས་བཀོད་གནང་བ་དང་།  དེ་ནས་བཟུང་སྔོ་སྨན་གྱི་དེབ་འབྲི་རྒྱུའི་ཆེད་དཔེ་རིས་ཐོག་མར་ཤོག་ཐོག་ཏུ་བྲིས་མགོ་བཙུགས་ཏེ་རི་མོ་ཐོག་མར་དེ་སྐུའི་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་ལགས་བརྒྱུད་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུ་བའི་གོ་སྐབས་བྱུང་བར་ྋགོང་ས་མཆོག་ནས་ཤོག་ཐོག་ཏུ་བྲིས་ན་དེབ་དཔར་བསྐྲུན་ཁོ་ན་ལས་རྒྱུན་རིང་ཉར་ཚགས་དང་། མ་འོངས་བེད་སྤྱོད་གཞན་བྱེད་རྒྱུར་ཕན་ཐོག་ཆུང་བས་དེ་བས་རས་གཞིའི་ཐོག་འབྲི་ཐུབ་ན་མི་ཐོག་ནས་མི་ཐོག་བར་ཉར་ཚགས་ཐུབ་རྒྱུར་དགེ་ཕན་ཆེ་བ་ཕེབས་དོན་བཞིན། དེ་ནས་བཟུང་རས་གཞིའི་ཐོག་འབྲི་མགོ་བཙུགས་ཏེ་ངལ་བ་ཁྱད་བསད་ཀྱིས་འབད་བརྩོན་ཞུས་པར་དེབ་ཕྲེང་དང་པོ་འབྲི་རྩོམ་གནང་སྟེ་ཕྱི་ལོ་ ༡༩༩༤ ལོར་འདོན་སྤེལ་ཞུས་པའི་པར་ཕུད་ྋགོང་ས་ྋསྐྱབས་མགོན་ཆོན་པོ་མཆོག་གི་སྤྱན་འབུལ་ཞུས་པར། ྋགོང་ས་མཆོག་ཐུགས་དགྱེས་མཉེས་ཆེན་པོས་བསྐུལ་མ་དང་སྦྲགས། (བོད་ནས་གསར་འབྱོར་དེ་སྔ་ལྷ་ས་སྨན་རྩིས་ཁང་ནས་ཡིན་པ་ལྷག་བསམ་ཅན་སྨན་རམས་པ་ཟླ་བ་ནས་བར་ལམ་འདི་ག་བྱེས་ཀྱི་བོད་དབུས་སྨན་རྩིས་ཁང་ནང་ལས་འཁུར་བླངས་ཏེ་ད་ལམ་དཔེ་དེབ་འདི་འདོན་སྤེལ་ཐུབ་པ་བྱས་འབྲས་བཟང་པོར་ཡི་རངས་ཤིང་དགའ་སྤྲོ་ཆེ། སླད་ཀྱང་གངས་ཅན་བོད་ཀྱི་བསྟན་འགྲོའི་ཞབས་འདེབས་ཆ་གང་ས་ནས་སྔར་བཞིན་ལྷག་བསམ་འབད་བརྩོན་རྒྱུན་འཁྱོངས་ལྷོད་མེད་བྱེད། དུས་ཀུན་དགེ་བའི་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ། ༩༤།༢།༡༥) ཞེས་ཕྱག་བྲིས་ཕྱག་བསྟར་མ་གསོལ་བསྩལ་གནང་བ་དང་།  ཆབས་ཅིག་སྨན་པ་ཟླ་བར་དགེ་ཕྲུག་གསོ་སྐྱོང་དགོས་པའི་བཀའ་བཟང་སྤྱི་བོར་ཕེབས། དེ་ཐད་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བཀྲིས་མཆོག་ནས་དམ་དོན་གྱིས་རི་མོར་དོ་སྣང་ཡོད་པའི་སྨན་པ་གཉིས་དང་། ཆེད་གཉེར་རི་མོ་བ་གཉིས་འདེམས་བསྐོ་གནང་།  (སྨན་པ་ཚེ་རིང་ནོར་བུ། སྨན་པ་ཚེ་རིང་རྡོ་རྗེ། ཚེ་རིང་མགོན་པོ། བློ་གྲོས་རྣམ་རྒྱལ།) ཁོང་རྣམས་ལ་ལོ་གཅིག་དང་ཕྱེད་ཙམ་རིང་དེང་དུས་རི་མོའི་རྨང་གཞི་དང་ཚོན་མདངས་སོགས་ཀྱི་འགྲོ་ལུགས་སློབ་ཁྲིད་སྦྱོང་བརྡར་བྱས་མཐར་གྲུབ་འབྲས་ལེགས་ཐོན་གྱིས་གྲུབ་འབྲས་རྣམས་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུ་བའི་སྐལ་བཟང་གི་གོ་སྐབས་ཐོབ། དེ་ནས་བཟུང་ཁོང་རྣམས་ཀྱིས་སྔོ་སྨན་དེབ་ཕྲེང་འཕྲོས་རྣམས་ཀྱི་རི་མོ་འབྲི་རྒྱུ་མགོ་བཙུགས་བྱས་དེབ་ཕྲེང་གཉིས་པ་ལེགས་གྲུབ་ཟིན་རྗེས་དེབ་ཕྲེང་གསུམ་པ་རྩོམ་སྒྲིག་བྱེད་མུས་ཡིན།

ཕྱི་ལོ་ ༡༩༩༤ ལོར་སྨན་རྫས་ཉམས་ཞིབ་སྡེ་ཚན་ལོགས་སུ་གསར་འཛུགས་བྱས་ཏེ་ཕྱི་ལོ་ ༡༩༩༨ བར་སྡེ་ཚན་འགན་འཛིན་གཞོན་པར་བསྐོ་བཞག་དང་།  ཕྱི་ལོ་ ༡༩༩༨ ལོར་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གིས་ཕྱི་ལོ་ ༢༠༠༣ བར་ལས་འཁུར་ཞུས། མི་ལོ་ ༡༥ ལྷག་ཙམ་རིང་སྡེ་ཚན་གྱི་ལས་ཀའི་ངོ་བོ་དང་། དམིགས་ཡུལ་བཞིན་འཆར་གཞི་བཟོ་བཀོད་དང་། སྨན་ལས་རྣམས་ལ་ལས་དོན་བཀོད་སྒྲིག་དང་ལམ་སྟོན། སྨན་རྫས་ངོ་སྤྲོད། མུ་མཐུད་སྔོ་སྨན་གྱི་དེབ་འཕྲོས་རྣམས་རྩོམ་སྒྲིག་དང་།  དབྱར་དུས་འཆར་ཅན་སྨན་ངོ་འཐུ་སྒྲུབ་ཀྱི་ཆེད་ཧི་མ་ལ་ཡའི་རི་བརྒྱུད་ས་ཁུལ་ལ་དྭགས་དང་།  མོན་རྟ་དབང་།  བལ་ཡུལ། སྒང་ཏོག རྡོ་རྗེ་གླིང་།  ཀ་ལོན་སྦུག གར་ཤ སྤི་ཏི། ཧ་ནམཀོན་ཌ། རི་ཤི་ཀི་ཤི རྒྱ་གར་ལྷོ་ཕྱོགས་མེ་སོར། བྷེེལ་ཀོབ། ཀེ་ར་ལ། ཅི་ན་ཡེ། ཌེ་རཱ་ཌུན། བེངྒ་ལོར་སོགས་ས་གནས་མང་པོར་བསྐྱོད་དེ་སྨན་ངོ་འཚོལ་སྒྲུབ་ཏུ་བསྐྱོད། སྨན་ངོ་འཚོལ་སྒྲུབ་ཏུ་བསྐྱོད་རིམ་བཞིན་རང་ཁོངས་སྡེ་ཚན་གྱི་སྨན་པ་གཞོན་སྐྱེས་རྣམས་དང་།  འབྲེལ་ཡོད་སྨན་སྦྱོར་སྡེ་ཚན་གྱི་སྨན་པ་རེ་བཅས་འཆར་ཅན་མཉམ་ཁྲིད་ཀྱིས་སྨན་ངོ་ངོ་སྤྲོད་བྱས་དང་བྱེད་མུས་ཡིན།

སྐབས་བདུན་པ་ནས་སྐབས་བཅུ་བཞི་པའི་བར་གྱི་སྨན་སློབ་རྣམས་ལ་སྨན་ངོ་ངོ་སྤྲོད་དང་སྔོ་སྨན་རྒྱུགས་སྤྲོད་ཆེད་ས་གནས་ས་ཐོག་ཏུ་བསྐྱོད། མཐོ་སློབ་ཀྱི་རེ་སྐུལ་ལྟར་སྨན་སློབ་སྐབས་བདུན་པ་ནས་བཟུང་རིམ་པར་སེ་ལའི་ཀྲེའི་ (slide) ཐོག་ནས་སྔོ་སྨན་ངོ་སྤྲོད་ཐེངས་མང་ཞུས་པ་དང་།  མཁྱེན་རབ་ནོར་བུས་མཛད་པའི་<<སྔོའི་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་སྙེ་མ་>>དང་། <<ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོད་འཇོའི་འབུམ་བཟང་>>གཉིས་སྨན་དགེ་དང་སྨན་སློབ་རྣམས་དང་། དབུས་དང་ཕྱོགས་མཐའི་སྨན་པ་ལྷན་འཛོམས་སྐབས་ངོ་སྤྲོད་དང་དཔེ་ཁྲིད་ཐེངས་དྲུག་ཙམ་ཞུས། གཞན་ཡང་སྨན་སྦྱོར་ཁང་གི་སྨན་རྒྱུ་ཉོ་སྒྲུབ་དང་། སྨན་རྒྱུའི་སྤུས་ཚད་བརྟག་ཞིབ་ཚོགས་ཆུང་ནང་ཞུགས་ཏེ་ཞིབ་ཚགས་དོ་ནན་གྱིས་སྨན་རྒྱུའི་སྤུས་ཚད་ལེགས་ཉེས་དང་།  ངོ་རྫུན་དབྱེ་བ་ཕྱེ་ཐབས་སོགས་ཀྱི་ཐད་ད་བར་གང་ནུས་ཀྱི་ལམ་སྟོན་བྱས་དང་བྱེད་མུས་ཡིན།

ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ལ་སྐུ་སྒེར་ཡིག་ཚང་གི་བཀའ་ཕེབས་ལྟར་ཕྱི་ལོ་ ༢༠༠༢ ཙམ་ནས་ཕྱི་ལོ་ ༢༠༠༨ བར་ྋསྐུའི་འཕྲོད་བཞེས་ཐད་ཞབས་ཞུ་ཞུས།་སྨན་རྫས་སྡེ་ཚན་ལོགས་སུ་གསར་འཛུགས་ཞུས་པ་ནས་བཟུང་སྨན་རྫས་རིག་པའི་ཐོག་ཕྱི་ནང་གི་ཉམས་ཞིབ་ལས་དོན་བྱེད་རྒྱུའི་ལས་གཞི་རིམ་པ་བཞིན་མང་དུ་སོང་ཞིང་། དེ་ཡང་ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་བོད་གཞུང་དང་ཨོ་སི་ཀྲི་རི་ཡ་གཞུང་གཉིས་བར་གཞུང་ཀྱི་ངོ་བོའི་ཐོག་ནས་བོད་ཀྱི་སྔོ་སྨན་ལ་ཉམས་ཞིབ་བྱེད་པའི་ལས་འཆར་ཐོག་མ་དེ་ཡིན་པ་དང་། དེའི་ལས་འགན་བོད་གཞུང་དབུས་སྨན་རྩིས་ཁང་དུ་གནང་བ་དང་།  ཨསྟྲིཡའི་སྨན་སྦྱོར་དང་སྨན་རྫས་འབྲེལ་བའི་གཙུག་ལག་སློབ་ཆེན་གཉིས་དང་མཉམ་བཟུང་འབྲེལ་ཉམས་ཞིབ་ལོ་གསུམ་རིང་བྱས་ཤིང་། དེའི་འགྲོ་གྲོན་ཡོངས་རྫོགས་ཨོ་སི་ཀྲེ་རི་ཡ་གཞུང་ནས་གནང་། དེ་ལྟར་ཆོད་གན་བཞིན་སྨན་པ་ཟླ་བས་སྨན་རྫས་དང་།  དེ་དག་གིས་ཁྱད་ནུས་སོགས་ངོ་སྤྲོད་བྱེད་མཁན་ལ་བསྐོ་བཞག་གནང་།  ལོ་གསུམ་ཙམ་རིང་ལས་དོན་སྤེལ་ནས་མཐར་མཉམ་འདེབས་ཐོག་བོད་ལུགས་དང་དེང་དུས་ཚན་རིག་བཟུང་འབྲེལ་གྱིས་དབྱིན་ཡིག་ཐོག་<<Tibetan medicinal plants>> ཞེས་པ་ཚན་རིག་ཉམས་ཞིབ་ཀྱི་དེབ་འདོན་སྤེལ་ཐུབ་པ་བྱུང་ཡོད། 

ཕྱི་ལོ་ ༢༠༠༢ ཟླ་ ༧ ནས་ ༢༠༠༣ ཟླ་ ༧ བར་ལོ་གཅིག་ཙམ་རིང་ཉི་ཧོང་གཞུང་ཐོ་ཡ་མ་སྨན་གྱི་གཙུག་ལག་སློབ་གྲྭའི་གདན་ཞུས་ལྟར་དེ་ག་སློབ་གྲྭས་ལོ་མང་རིང་བོད་དང་།  རྒྱ་གར། བལ་ཡུལ། འབྲུག སོག་པོ་སོགས་བོད་སྨན་དར་ཁྱབ་ཡོད་པའི་རྒྱལ་ཁབ་དང་ཡུལ་ལུང་ཁག་ནས་འཚོལ་སྒྲུབ་བྱས་པའི་ཁྲོག་སྨན་དང་སྔོ་སྨན་གྱི་དཔེ་མཚོན་སྨན་ངོ་འབོར་ཆེན་ཞིག་ཡོད་པ་རྣམས་ཉམས་ཞིབ་ཀྱིས་ངོས་འཛིན་གཏན་འབེབས་ཆེད་བསྐྱོད་པ་དང་།  དེ་ལས་གཞུང་བཞིན་སྨན་སྣེ་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་ངོས་འཛིན་གཏན་འབེབས་ཐུབ་པ་དང་། དེ་དག་གི་རོ་ནུས་ཡོན་ཏན་སོགས་གཞུང་བཞིན་འགྲེལ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡༨ ཉིན་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་གནང་བ་ནས་བཟུང་སྨན་རྩིས་ཁང་གི་ལས་དོན་གང་ཐད་ཐུགས་སྣང་ཆེན་པོ་དང་དུས་བསྟུན་ཐག་གཅོད་ཡག་པོ་བྱུང་ཡོད། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ནང་ ༢༠ ཉིན་སྨན་རྩིས་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱུང་བ་ནས་བཟུང་། དབུ་འཛིན་ཟུར་པ་པདྨ་དགྲ་འདུལ་ལགས་ཀྱི་སྐབས་ཉོས་པའི་བདེ་སྐྱིད་གླིང་འབྲི་གུང་དགོན་གྱི་ཉེ་འཁྲིས་ས་ཆ་ཨེ་ཀར་བཞི་ཙམ་ཡོད་པ་དེར་རྟོགས་ཞིབ་དང་།  དེ་རྗེས་གང་སར་གོ་བསྡུར་ལམ་སྟོན་ཞུས་པའི་མཐའ་མར་མཐོ་སློབ་ཚད་ལྡན་འཛུགས་སྐྲུན་གྱི་འཆར་གཞི་ལྟར་ཐབས་འཚོལ་སྣ་ཚོགས་གནང་ཡང་དོན་འབྲས་མ་བྱུང་སྟབས་མཐའ་མར་ཕྱི་ལོ་ ༢༠༠༥ ནང་སྦིར་ཅོན་ཏ་རའི་སྡེ་དགེ་གཞིས་ཆགས་ཁོངས་ས་ཆ་ཚོང་བསྒྱུར་བྱ་རྒྱུ་ཡིག་ངག་གཉིས་ལས་བྱུང་དོན་བཞིན། སྨན་རྩིས་མཐོ་སློབ་དང་། སྨན་སྦྱོར་ཁང་། རྒས་གསོ་ཁང་བཅས་ཀྱི་ཆེད་ཁྱོན་བསྡོམས་ས་ཆ་ཨེ་ཀར་ ༤༣ ལྷག་ཙམ་ཞིག་ཉོ་ཐུབ་པ་བྱུང་བ་དང་ཚོགས་པ་གཉིས་བར་ཁྲིམས་མཐུན་གན་འཇོག་དང་སྔ་འདོན་དངུལ། དེ་བཞིན་རྒྱ་གར་གཞུང་ནས་ས་ཆ་མིང་བསྒྱུར་གྱི་བཀའ་འཁྲོལ་ལས་གཞི་ཁྲིམས་མཐུན་བཞིན་འགྲོ་ལུགས་གཉེར་མགོ་བཙུགས་ཏེ་ལས་གཞི་དེའི་ཐད་འབད་བརྩོན་གང་ཐུབ་གནང་ཡོད།

 སྨན་རྩིས་ཁང་གི་ལས་ཀར་བསྐོ་བཞག་ཇི་བྱས།

༡། ཕྱི་ལོ་ ༡༩༩༤ ལོར་སྨན་རྫས་ཉམས་ཞིབ་སྡེ་ཚན་ཟུར་དུ་གསར་འཛུགས་དང་འབྲེལ་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་བཞག་དང་། མཚན་གནས་རྗེས་འབྲེལ་གྱིས་ཆེས་མཐོའི་མཁས་པའི་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་བྱས།

༢། ཕྱི་ལོ་ ༡༩༩༤ ལོར་ཟླ་ ༧ ཚེས་ ༡༤ ཉིན་དབུས་སྨན་རྩིས་ཁང་དཔེ་མཛོད་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་།

༣། ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༦ ནང་སྨན་རམས་པ་ཆུང་བ་ནས་འབྲིང་བར་གནས་སྤར་གྱིས་ཡིག་རྒྱུགས་ལ་ཞུགས་ནས་ཨང་རིམ་དང་པོའི་ཕྱག་འཁྱེར་ཐོབ་པ་དང་།  ཟླ་ ༡༠ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བྱས།

༤། ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༡ ཚེས་ ༡༣ ཉིན་བཀའ་ཤག་ནས་ཕེབས་དགོངས་བཞིན་བཙན་བྱོལ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་། སྨན་སྦྱོར་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༤ ཚེས་ ༢ བསྐོ་བཞག་གནང་།།

༥། ཕྱི་ལོ་ ༢༠༠༡ ལོའི་ལོ་འཁོར་ཚོགས་ཆེན་སྐབས་ཚོགས་ཐོག་ཏུ་ཕུན་ཚོགས་ཁང་གསར་གྱི་ཨར་ལས་འཛུགས་སྐྲུན་སྐྱོན་གནས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག

༦། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༨ ཚེས་ ༢༢ ལ་ས་ཁང་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་བྱས།

༧། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ལ་སྐུ་སྒེར་ཡིག་ཚང་གི་བཀའ་ཕེབས་ལྟར་སྨན་རྩིས་ཁང་གི་ནང་ཁུལ་ཡོངས་ཁྱབ་གསལ་བསྒྲགས་ཐོག་སྐུའི་བླ་སྨན་དམ་པ་བློ་བཟང་དབང་རྒྱལ་མཆོག་མཉམ་ཞབས་ཞུ་བའི་སྨན་པ་མི་འགྲོ་བཞིའི་ཁོངས་བསྐོ་བཞག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཙམ་བར་ཞབས་ཞུ་ཞུས།

༨། ཕྱི་ལོ་ ༢༠༠༣ ཟླ་༨ ཚེས་ ༡༨ ཉིན་སྨན་རྩིས་ཁང་ལས་བྱེད་ཡོངས་ནས་འོས་བསྡུའི་ལམ་ནས་འོས་འཕེན་ ༣༥༡ ནས་འོས་གྲངས་༡༨༦ ཐོབ་པར་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཚོགས་ཐེངས་སོ་གཅིག་པའི་ཐོག་དྲུང་ཆེར་བསྐོ་བཞག་གནང་། (ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡༨ ནས་ ༢༠༠༤ ཟླ་ ༡༢ ཚེས་ ༢༠ བར།) ཆབས་ཅིག་མཚན་གནས་རྗེས་འབྲེལ་ཐོག་ནས་ས་ཁང་ཚོགས་ཆུང་དང་། ལས་ཤག་གོ་སྒྲིག་ཚོགས་ཆུང་། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་གནང་།

༩། ཕྱི་ལོ་ ༢༠༠༤ ལོའི་ཟླ་ཚེས་ལ་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དགོངས་དོན་འོག་གསར་འཛུགས་ཞུས་པའི་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་འོས་འདེམས་ཀྱི་ལམ་ནས་བསྐོ་བཞག་བྱུང་།

༡༠། ཕྱི་ལོ་ ༢༠༠༤ ནས་ ༢༠༡༠ བར་སྐབས་ལྔ་པ་དང་དྲུག་པའི་སྨན་རམས་པ་ཆུང་བ་རྣམས་སྨན་རམས་པ་འབྲིང་བར་གནས་སྤར་དང་། སྐབས་ ༧ ནས་ ༡༠།བར་གྱི་སྨན་པ་བཀའ་བཅུ་རྣམས་སྨན་རམས་པ་འབྲིང་བར་གནས་སྤར་སྨན་པ་ཚོར་ཟབ་ཁྲིད་དང་རྒྱུགས་ལེན་པར་བསྐོ་བཞག་གནང་།

༡༡། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢༠ ཉིན་སྨན་རྩིས་ཁང་གི་འགན་འཛིན་འོས་དམིགས་ཚོགས་ཆུང་གི་འདེམས་ཐོན་འོས་དམིགས་ཁོངས་ནས་འགན་འཛིན་ལྷན་ཚོགས་ཀྱིས་སྨན་རྩིས་ཁང་གི་ངེས་སྟོན་པར་བསྐོ་བཞག་གནང་།  (༢༠༠༤ ཟླ་ ༡༢ ཚེས་ ༢༠ ནས་ ༢༠༡༠ ཟླ་ ༣ ཚེས་ ༣༠ བར།)

༡༢། ཕྱི་ལོ་ ༢༠༡༠ ཟླ་ ༤ ལ་སྨན་རྩིས་ཁང་གི་སྨན་རྫས་ཉམས་ཞིབ་སྡེ་ཚན་དང་།  སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ཚན་རིག་བརྟག་དཔྱད་ཚན་པ་བཅས་ཀྱི་སློབ་སྟོན་པར་བསྐོ་བཞག་གནང་།

༡༣། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ཉིན་སྒྲིག་གསལ་དགོངས་དོན་བཞིན་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་གཙོས་སྨན་རྩིས་ཁང་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་གནང་།

༡༤། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༩ ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་བོད་ལུགས་དང་ཕྱི་ལུགས་སྨན་བཅོས་ཟུང་འབྲེལ་གྱི་ཐོག་ནས་བཅོས་ཐབས་སྐོར་ལྷན་ཚོགས་ཤིག་གསར་འཛུགས་ཐོག་སློབ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་བ་སོགས་ལས་དོན་སྣེ་མང་གནང་ཡོད་པ་མ་ཟད། སྨན་རམས་པ་ཟླ་བ་མཆོག་སྨན་རྩིས་ཁང་དུ་ཞུགས་པ་ནས་བཟུང་རྒྱ་གར་དང་། བལ་ཡུལ། ལ་དྭགས་བཅས་ཀྱི་ས་ཁུལ་ཁག་ཅིག་དང་།  ཕྱི་རྒྱལ་ཡུལ་ཁག་ཨ་རི་དང་། ཨིིན་ཇི། ཕི་རཱན་སི། ཇར་མ་ནི། སུད་སི། སྭི་ཌེན། ནོར་ཝེ། ཧོ་ལནཌ། ཨི་ཊ་ལི། སོག་པོ། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་མི་ཉུང་བ་ཞིག་ལ་སྨན་རྩིས་འགྲེམས་སྟོན་དང་སྦྲགས་ནད་པར་བརྟག་དཔྱད་དང་སྨན་བཅོས་ཞུས་ཡོད་པ་མ་ཟད། བོད་ཀྱི་གསོ་དཔྱད་སྨན་ལ་མཁྱེན་པ་མཆོག་ཏུ་ཡངས་པར་བརྟེན་ཕྱི་ནང་གི་དུས་དེབ་ཁག་ཏུ་བོད་ཀྱི་གསོ་རིག་སོགས་བརྗོད་གཞི་འདྲ་མིན་སྟེང་དཔྱད་རྩོམ་སོགས་སྣེ་མང་སྤེལ་བ་སོགས་བོད་ཀྱི་རིག་གཞུང་ཐད་མཛད་རྗེས་གང་ལེགས་བཞག་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནས་རྒན་ཡོལ་སྔ་བསྣུར་གྱིས་གསོ་རིག་བསྟན་པ་སྐྱོང་མུས་སུ་བཞུགས་ཡོད་པ་བཅས་སོ།།

༥༽སྨན་རམས་པ་ཆུང་བ་ཐུབ་བསྟན་རྒྱལ་མཚན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་ནི། ཕྱི་ལོ་ ༡༩༧༩ ལོར་དབུས་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ལོ་གཅིག་རིང་ལས་ཀ་བྱས་རྗེས་སྨན་རྩིས་མཐོ་སློབ་ཁོངས་སུ་ཞུགས་ནས་རྒན་བར་ཞི་ཕུན་ཚོགས་དབང་རྒྱལ་གི་ཞབས་དྲུང་དུ་ལོ་གསུམ་རིང་སློབ་སྦྱོང་བྱས། དེའི་རྗེས་སྐབས་དེའི་སློབ་མ་རྣམས་འཐོར་སོང་བའི་རྐྱེན་གྱིས་སྨན་སློབ་སྐབས་ལྔ་པ་དང་མཉམ་དུ་སློབ་ཐོན་བྱུང་།  ཕྱི་ལོ་ ༡༩༨༧ ལོར་ཀོལླི་གལ་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ལོ་ཤས་རིང་ས་གནས་དེ་རུ་སྨན་པའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༡ ལོར་བཀའ་འབྲེལ་ལྟར་བྷེེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། ཕྱི་ལོ་ ༡༩༩༦ ལོར་མོན་གྷོ་གཞིས་སྒར་གསུམ་པར་སྨན་ཁང་གསར་འཛུགས་གནང་བ་ནས་དེ་རུ་སྨན་པའི་ཐུགས་ཁུར་བཞེས། སྐབས་དེར་དབུས་ནས་སྨན་རམས་པ་ཆུང་བའི་ཡིག་ཚད་གཏོང་དགོས་པའི་ཕྱག་བྲིས་འབྱོར་བ་ལྟར་ཡིག་ཚད་བཏང་སྟེ་སྨན་རམས་པ་ཆུང་བའི་ལག་འཁྱེར་བླངས། ཕྱི་ལོ ༡༩༩༩ ལོར་མོན་གྷོ་གཞིས་སྒར་དྲུག་པར་གནས་སྤོས་བྱས་ཏེ་ད་ལྟའི་བར་ས་གནས་དེའི་འགན་འཛིན་སྨན་པའི་ཐུགས་ཁུར་ཆེ་བཞེས་ཀྱིས་ནད་པ་མང་པོར་ཕན་ཐོགས་རྒྱ་ཆེར་ཡོད་མུས་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༦༽སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།  

སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཆུང་དུས་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འཛུགས་སློབ་ཆུང་གསུམ་པ་དང་སློབ་འབྲིང་བར་སློབ་སྦྱོང་གནང་སྟེ། ཕྱི་ལོ་ ༡༩༨༠ ལོར་བཙན་བྱོལ་དུ་ཕེབས་ཤིང་། ཕྱི་ལོ་ ༡༩༨༢ ལོར་སྨན་སློབ་སྐབས་ལྔ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་རྒྱུད་ཆེན་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པར་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༦ ལོར་སློབ་མཐར་ཕྱིན། དེ་ནས་ཅ་སྤེལ་ཡན་ལག་སྨན་ཁང་དུ་ཟླ་ཤས་བཞུགས་རྗེས་བཞུགས་སྒར་ངྷ་སར་ཕྱིར་ཕེབས་ཏེ་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེར་བསྐོ་བཞག་སྩལ། དུས་དེ་ནས་བཟུང་ད་ལྟའི་བར་སྨན་དགེའི་ཐུགས་ཁུར་ཆེ་བཞེས་ཐོག་ཕྱི་ལོ ༡༩༩༢ ནས་ཕྱི་ལོ་ ༡༩༩༤ བར་སློབ་སྤྱི་དང་། ཕྱི་ལོ་ ༡༩༩༤ ནས་ ༢༠༠༨ བར་སློབ་སྤྱི་གཞོན་པའི་ཐུགས་ཁུར་ཡང་བླངས། ཕྱི་ལོ་ ༢༠༠༨ ནས་སློབ་སྤྱི་དང་སྨན་དགེའི་འགན་ཁུར་ཞུས། ཕྱི་ལོ་ ༡༩༩༦ ལོར་སྨན་རམས་པ་ཆུང་ངུ་དང་། ཕྱི་ལོ་ ༢༠༠༦ ལོར་སྨན་རམས་པ་འབྲིང་གི་ཡིག་རྒྱུགས་སྤྲད་དེ་ལག་འཁྱེར་ཐོབ། དུས་ཡུན་དེ་དག་གི་རིང་ཁོང་གིས་མཐོ་སློབ་ཡིག་ཚང་གི་ཡིག་ཆ་ཉར་ཚགས་བྱེད་ཕྱོགས་དང་།  སློབ་མ་གསར་བསྡུའི་འགེངས་ཤོག་བཟོ་འགོད། སློབ་ཁྲིད་རྩ་འཛིན་བསྐྱར་བཅོས་དང་གཏན་འབེབས་གནང་བ། བོད་ཕྱི་ནང་གཉིས་ཀྱི་སྨན་རྩིས་དང་ནང་ཆོས་སོགས་ཀྱི་དཔེ་དེབ་འདྲ་མིན་ཐབས་འཚོལ་གྱིས་ད་ལྟའི་དཔེ་མཛོད་ཁང་འདིའི་རྨང་རྩ་བརྟན་པོར་བཙུགས་པ་སོགས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་སྨན་པའི་ལས་དོན་གང་མང་བསྒྲུབས་ཡོད་པ་མ་ཟད། དཔེ་རྒྱུན་དཀོན་རིགས་མེས་པོའི་ཞལ་ལུང་སྟོད་སྨད་གཉིས་དང་།  གསོ་རིག་སློབ་དེབ་སོགས་ཐབས་འཚོལ་གྱིས་དཔར་བསྐྲུན་ཞུས་ཏེ་སློབ་ཕྲུག་ཚོའི་དགོས་མཁོ་བསྐངས་པ་དང་ཆབས་ཅིག་སྨན་པ་མི་ཉུང་བ་ཞིག་ནས་བླུ་ཡོན་ཞུས་པས་དཔར་འབྱོར་ཐད་ལའང་ཕན་ཐོགས་གང་ལེགས་བྱུང་འདུག དེ་སྔ་རྒྱུད་གསུམ་སྟེང་མན་ངག་རྒྱུད་ལས་གཉན་རིམས་ལེའུ་བཅོ་བརྒྱད་ལས་མན་ངག་རྒྱུད་ཁྲིད་མྱོང་མེད་ཀྱང་ཁོང་སློབ་སྤྱིར་བསྐོས་རྗེས་བླ་སྨན་པ་རྣམ་པས་གཙོས་གོང་རིམ་ལ་སྙན་གསེང་ཞུས་ཏེ་མན་ངག་རྒྱུད་ཁྲིད་མགོ་བཙུགས་པ་ནས་ད་ལྟའི་བར་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པ་སློབ་ཁྲིད་འགྲོ་བཞིན་ཡོད་པ་རེད། ཁོང་སྨན་དགེ་དང་སློབ་སྤྱི་བགྲེས་གཞོན་གནང་བའི་རིང་སྨན་བཏོག་ཆོག་མཆན་ཞུས་པ་སོགས་ཀྱི་ལས་སྒོ་སྤྱི་དང་ལྷག་པར་སྨན་བཏོག་ལ་ཐེངས་བཅུ་བདུན་ཙམ་བསྐྱོད་དེ་སྨན་སློབ་རྣམས་ལ་སྨན་རྒྱུ་ངོ་སྤྲོད་གནང་བ་སོགས་ཀྱི་འགན་ཁུར་རྐང་ལེན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྨན་རམས་པ་ཆུང་འབྲིང་གི་ཟབ་སྦྱོང་སློབ་ཁྲིད་གནང་མུས་ཡོད། གཞན་ཡང་ཁོང་གིས་ྋསྐུའི་བླ་སྨན་ཟུར་བ་ཡེ་ཤེས་དོན་ལྡན་མཆོག་དང་། བློ་བཟང་རྣམ་གཉིས་ལ་དགེ་བསྐུལ་ཞུས་དོན་ལྟར་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་གི་སྐུ་རྟེན་གཙོ་བོ་སངས་རྒྱས་སྨན་བླའི་སྐུ་དང་།  རྒྱལ་མཆོག་ལྔ་པ་ཆེན་མོ་དང་བླ་སྨན་མཁྱེན་རབ་ནོར་བུའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ན་བཟའ་རང་འགྲིག་བཅས་ལ་ཧིན་སྒོར་འབུམ་ཞེ་ལྔའི་འགྲོ་གྲོན་བཏང་སྟེ་སྦྱིན་བདག་གནང་ཐུབ་པ་བྱུང་ཡོད། དུས་ཡུན་དེ་དག་གི་རིང་སྨན་རྩིས་དུས་དེབ་ཚོགས་ཆུང་གི་ཚོགས་མི་དང་།  སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་དྲུང་བཅས་ལས་ཁུར་གང་མང་ཞུས་དང་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།། 

 

༧༽སྨན་རམས་པ་ཟླ་བ་ཆོས་སྒྲོན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་ཟླ་བ་ཆོས་སྒྲོན་ལགས་ནི་ཕྱི་ལོ་ ༡༩༨༡ ལོར་ལྷོ་ཕྱོགས་མེ་སོར་བྷེེལ་ཀོབ་གཞིས་ཆགས་ཉིན་སློབ་ནས་གཞི་རིམ་སློ་གྲྭ་ཐོན་རྗེས། ༡༩༨༢ ལོར་དྷ་ས་དབུས་སྨན་རྩིས་ཁང་སྨན་སློབ་གསར་བསྡུའི་གསལ་བསྒྲགས་ཕེབས་དོན་བཞིན་སྐབས་ལྔ་པའི་སྨན་སློབ་ཚུད་རྒྱུགས་ཁོངས་འཛུལ་ཞུགས་ཀྱིས་སློབ་རྒྱུགས་འཕྲོད་དེ་མཐོ་སློབ་ཏུ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༧ ལོར་སློབ་མཐར་ཕྱིན་ཏེ་སྨན་པ་དཀའ་བཅུ་བའི་ལག་འཁྱེར་ཐོབ་པ་དང་། ལོ་དེར་ཉམས་ཞིབ་སྡེ་ཚན་དུ་ལས་ཁུར་གནང་། ༡༩༩༠ ལོ་ནས་བཟུང་གངས་སྐྱིད་བརྟག་དཔྱད་སྨན་ཁང་དུ་ལས་འཁུར་ཞུས་རིང་བླ་སྨན་དམ་པ་བློ་བཟང་དབང་རྒྱལ་མཆོག་གི་དྲུང་ནས་སྨན་བཅོས་ལག་ལེན་གྱི་མན་ངག་མང་པོ་ཞུ་རྒྱུའི་སྐལ་བཟང་ཐོབ་ཡོད་པ་རེད། སྐབས་དེར་སྨན་རྩིས་ཁང་དུ་སྨན་པ་ཉུང་བའི་ཉག་ཕྲའི་དུས་སྐབས་སུ་དིལླིི་ནི་ཛ་མུ་དིན་དང་། དིལླིི་བོད་སྒར། བྷུབ་ནེ་ཤཱར། ཀ་ཏ་ཡན་ལག་སྨན་ཁང་སོགས་སུ་སྨན་ཚབ་ཏུ་བསྐོ་གཏོང་ཡང་ཡང་གནང་བ་བཞིན་ཕེབས། དེ་སྐབས་རང་ཉིད་སྒེར་གྱི་དཀའ་ངལ་གང་ཡོད་ལ་གདོང་ལེན་ཧུར་ཐག་གནང་།

ཕྱི་ལོ་ ༡༩༩༩ ཟླ་ ༡༠ཚེས་ ༡ ནས་དབུས་གངས་སྐྱིད་ཡན་ལག་སྨན་ཁང་དང་ནད་གསོ་ཁང་བཅས་ཀྱི་འགན་འཛིན་སྨན་པར་བསྐོ་བཞག་གནང་བ་བཞིན་ལས་ཁུར་ཞུས་པ་མ་ཟད། ཕྱི་རྒྱལ་ཁག་དང་མུམ་བཻ་སོགས་སུ་ྋསྐུའི་བླ་སྨན་རྣམ་པའི་གསུང་བསྒྱུར་དང་འགྲེམས་སྟོན་སྨན་སྐོར་སོགས་ཀྱི་ཆེད་ཡང་ཡང་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ནས་བཟུང་བདེ་ལེགས་སྨན་ཁང་གི་ཀྲི་སྦི་ནད་པ་རྣམས་ལ་ཕྱི་ལུགས་ཀྱི་བཅོས་དང་བོད་སྨན་ཟུང་འབྲེལ་ཆེད་རེས་གཟའ་ཕུར་བ་ནམ་ཡིན་ལ་བླ་སྨན་ཚེ་བརྟན་རྡོ་རྗེ་མཆོག་དང་ལྷན་དུ་བརྟག་དཔྱད་སྨན་བཅོས་ཞུ་མུས་དང་། གཞན་ཡང་སྨན་རྩིས་མཐོ་སློབ་ཀྱི་རེ་བསྐུལ་ཞུས་པ་བཞིན་ལོ་རིམ་བཞི་བའི་སྨན་སློབ་རྣམས་ལ་རྩ་ཆུ་བརྟག་ཐབས་ཀྱིས་གཙོས་པའི་ནད་ཐོག་ཉམས་མྱོང་གསོག་ཆེད་རེས་བསྐོར་གྱིས་གཏོང་བཞིན་པར་ལམ་སྟོན་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༨༽ སྨན་པ་སྐྱིད་འཛོམས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་སྐྱིད་འཛོམས་ལགས་ཕྱི་ལོ་ ༡༩༨༢ ཟླ་ ༦ པའི་ནང་དབུས་སྨན་རྩིས་ཁང་གི་མཐོ་སློབ་ཏུ་ཡིག་རྒྱུགས་ལེགས་འཕྲོད་བྱུང་བ་བཞིན་ལོ་ལྔ་སློབ་སྦྱོང་བྱས་ཏེ་ ཕྱི་ལོ་ ༡༩༨༧ ལོར་སློབ་མཐར་ཕྱིན་ཏེ་སྨན་པ་དཀའ་བཅུ་བའི་ལག་ཁྱེར་ཐོབ། ཕྱི་ལོ་ ༡༩༨༨ ལོ་ནས་ཕྱི་ལོ་ ༡༩༩༣ བར་སྔ་ཕྱིར་སིམ་ལ་སྨན་པ་དང་། ཧུན་སུར་ཡན་ལག་སྨན་ཁང་དུ་སྨན་པ་དང་འགན་འཛིན་གྱི་ཕྱག་ལས་གནང་བས་ས་གནས་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་། ཕྱི་ལོ་ ༡༩༩༣ ཟླ་ ༥ ནས་ཕྱི་ལོ་ ༢༠༠༠ ཟླ་ ༡༢ བར་མོན་གྷོར་ཕེབས་ཏེ་སྨན་པ་གནང་། དེ་རྗེས་ ༢༠༠༣ བར་དུ་བྷེལ་ཀོབ་གཞིས་གྲོང་དང་པོའི་ཡན་ལག་སྨན་ཁང་དུ་སྨན་པ་དང་འགན་འཛིན་གྱི་ལས་ཁུར་ཞུས་པ་དང་། ༢༠༠༣ ནས་ ༢༠༠༥ བར་དུ་ཀོལླི་གལ་ཡན་ལ་སྨན་ཁང་གི་སྨན་པ་དང་འགན་འཛིན་གནང་། ༢༠༠༥ ལོར་དབུས་ནས་མོན་གྷོ་གཞིས་སྒར་གསུམ་པའི་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་བ་བཞིན་སྨན་པ་དང་འགན་འཛིན་གྱི་ཕྱག་ལས་གནང་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །

༩༽ སྨན་རམས་པ་བསྟན་འཛིན་ནོར་བུ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བསྟན་འཛིན་ནོར་བུ་མཆོག་ནི། ཕྱི་ལོ་ ༡༩༧༩ ལོར་འཛིན་རིམ་བཅུ་བ་ཐོན་རྗེས་སྨན་རྩིས་ཁང་ཏུ་ལོ་གསུམ་ཙམ་ལ་ལས་ཀ་གནང་ཞིང་།  དེ་རྗེས་ྋསྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གིས་བསྟན་འཛིན་ནོར་བུ་ལོ་ན་ཆུང་བ་དང་སྨན་སློབ་འདོད་ཡོད་པར་དགོངས་པ་བཞེས་ཏེ་ཕྱི་ལོ་ ༡༩༨༢ ལོར་སྐབས་ལྔ་བའི་སློབ་ཕྲུག་ཁོངས་སུ་འདེམས་ཐོན་བྱུང་བ་ནས་སློབ་སྦྱོང་ཧུར་ཐག་གནང་སྟེ་ཕྱི་ལོ་ ༡༩༨༦ ལོར་སློབ་མཐར་ཕྱིན་ཏེ་སྨན་པ་དཀའ་བཅུ་བའི་ཕྱག་འཁྱེར་ཐོབ། སློབ་མཐར་ཕྱིན་རྗེས་དབུས་ཡིག་ཚང་དུ་ལོ་གཅིག་རིང་སྨན་པའི་ཞབས་ཞུ་གནང་། དེ་རྗེས་དབུས་ཀྱི་བཀའ་འབྲེལ་བཞིན་བོད་གཞུང་དམག་སྒར་གྱི་སྨན་པ་ལོ་བཅུ་གཅིག་ཙམ་གནང་བ་དང་། འབུམ་སྡེ་ལའི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ལོ་བདུན་ཙམ། ས་ལུ་སྒ་ར་ཡན་ལག་སྨན་ཁང་ནས་ལོ་གཅིག་རིང་བརྟག་དཔྱད་སྨན་པ། ཤིས་ལོང་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པ་ལོ་གསུམ། ཀ་ཏ་ཡན་ལག་སྨན་ཁང་དུ་ལོ་གཅིག་དང་ཟླ་བདུན། ལྷོ་ཕྱོགས་ཀོལླི་གལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ལོ་གསུམ་དང་། དེ་རྗེས་ ༢༠༠༢ ཟླ་ ༦ ནང་ས་ལུ་སྒ་ར་གནས་སྡོད་བྱུང་བ་ནས་ད་བར་གཞི་བརྟན་དུ་འགན་འཛིན་སྨན་པའི་ལས་ཁུར་གནང་མུས་ཡིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།། 

༡༠༽ སྨན་རམས་པ་འབྲིང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱི་་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་འབྲིང་བ་ཡེ་ཤེས་རྡོ་རྗེ་ནི་ཆུང་དུས་སློབ་གྲྭར་འགྲིམས་ཏེ་གཞི་རིམ་སློབ་གྲྭ་ཐོན་རྗེས་སོ་སོའི་འདོད་བློ་བཞིན་བོད་ཀྱི་ཐུན་མིན་གསོ་རིག་སྐོར་ལ་སློབ་སྦྱོང་བྱ་འདོད་ཡོད་པ་བཞིན་སྨན་སློབ་སྐབས་ལྔ་བའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༢ ནས་ ༡༩༨༧ བར་སློབ་སྦྱོང་དང་ཉམས་གསོག་གནང་སྟེ་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༨ ལོར་སྨན་པ་དཀའ་བཅུ་བའི་ལག་འཁྱེར་ཐོག་བྷན་དཱ་ར་ཡན་ལག་སྨན་ཁང་དུ་ལས་བགོས་བྱས། ༡༩༩༣ ལོར་མོན་གྷོ་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་སྨན་པའི་ཐུགས་ཁུར་བཞེས་རིང་རྒྱ་གར་བ་སོགས་ཉིན་རེ་བཞིན་ནད་པ་བརྒྱ་ཕྲག་མང་པོས་བསྟེན་གཏུགས་བྱས་པ་སོགས་མཛད་འཕྲིན་ཤིན་ཏུ་རྒྱས། ཕྱིས་སུ་དྷ་སར་གནས་སྤོས་བྱས། ༢༠༠༩ ལོར་སྨན་རམས་པ་འབྲིང་བའི་ལག་འཁྱེར་ཐོག་གནས་རིམ་གསུམ་པར་བཀོད། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་ལོ་༡༠ ཙམ་གྱི་རིང་དྷ་ས་མེག་ལོཌ་ཡན་ལག་སྨན་ཁང་དུ་འགན་འཛིན་སྨན་པའི་ཐུགས་ཁུར་དང་ནད་པ་མང་པོར་སྨན་བཅོས་གནང་བཞིན་པའི་ཁར་རང་གཞུང་ནས་ལས་དོན་གང་ལ་བསྐུལ་ཡང་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༡༡༽ སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས་ནས་བོད་ལྷ་སར་སློབ་ཆུང་ཨང་དང་པོ་ཞེས་པ་སློབ་སྦྱོང་མཐར་སོན་རྗེས་དམངས་བཙུགས་སློབ་གྲྭ་ཞེས་པར་ལོ་གཅིག་ཙམ་དང༌། དེའི་རྗེས་ཁྱིམ་དུ་ཕ་མའི་སར་བོད་ཡིག་སློབ་ཁྲིད་སྦྱོང་གནང་སྟེ་ལོ་གཉིས་ཙམ་བསྡད། དེའི་རྗེས་ལྷ་སའི་ས་གནས་མཉམ་ལས་ཁང་དུ་མཚོན་རྩི་གཏོང་བ་སོགས་ཀྱི་ལས་ཀ་བྱེད་བཞིན་ཕྱི་ལོ་ ༡༩༨༠ ལོ་མཇུག་ལྷ་ས་ནས་གཙང་པད་ནག་དང༌། གྲོ་མོ་ནས་འབྲུག་ཡུལ་བརྒྱུད་རྒྱ་གར་ཌེ་རཱ་ཌུན་གཞིས་གསར་བདེ་སྐྱིད་གླིང་དུ་གནས་སྡོད་བྱས།

ཕྱི་ལོ་ ༡༩༨༢ ལོ་དཀྱིལ་དུ་དབུས་སྨན་རྩིས་མཐོ་སློབ་ཁང་གི་སྐབས་ལྔ་པའི་སྨན་སློབ་ཁོངས་སུ་ཡིག་རྒྱུགས་བཏང་སྟེ་སློབ་ཞུགས་ཀྱིས་སློབ་སྦྱོང་བྱས་ཏེ། ཕྱི་ལོ་ ༡༩༨༧ ལོོར་སློབ་ཐོན་བྱུང་ཡོད་ཅིང་།  དེ་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ཉམས་གསོག་ལོ་གཅིག་དང་སྨན་ལས་ལོ་ཕྱེད་ཙམ་བྱས་རྗེས་དབུས་སྨན་རྩིས་ཁང་འཛིན་སྐྱོང་ནས་ལས་དོན་བཀོད་སྒྲིག་གནང་བ་བཞིན་བལ་ཡུལ་སྤོག་ར་ཡན་ལག་སྨན་ཁང་དུ་ཕྱི་ལོ་ ༡༩༨༨ ཟླ་ ༧ ཚེས་ ༡༨ ཉིན་སྨན་པའི་ལས་འགན་དང་ཆབས་ཅིག་རྩིས་པ་གཅིག་ལྕོགས་གནང་།  ས་གནས་མཐུན་རྐྱེན་ཞན་པའི་དཀའ་ངལ་ཅི་འདྲ་ཡོད་ནའང་ཕྱི་ལོ་ ༡༩༩༣ བར་དུས་ཡུན་དེའི་རིང་ས་གནས་ཡན་ལག་བཀྲིས་དཔལ་འཁྱིལ་གཞིས་ཆགས་ནས་གཞིས་ཆགས་ཆུང་བ་སྤོག་ར་བཀྲིས་གླིང་ཞེས་པར་བདུན་རེར་སྨན་བསྐོར་ཐེངས་གཉིས་རེ་སོང་།  ཕྱི་ལོ་ ༡༩༩༠ དང་ ༡༩༩༡ ལོའི་ཡས་མས་དུ་རྒྱ་གར་གཞུང་དང་བལ་ཡུལ་བར་མི་མཐུན་པའི་འགལ་རྐྱེན་འཕྲད་པ་དང་ཡང་བལ་ཡུལ་ནང་མང་གཙོའི་གྱེན་ལངས་བྱུང་སྟེ་འཁྲུགས་ཟིང་རྐྱེན་པས་བཟའ་བཅའ་ཉོ་རྒྱུ་སོགས་འགྲོ་སྐྱོད་དཀའ་ངལ་ཆེན་པོ་འཕྲད། དུས་རྒྱུན་གྱི་སྨན་བསྐོར་དུ་ཀི་ལོ་མི་ཀྲར་ ༡༥ ཙམ་ཡོད་པའི་སར་གོམ་འགྲོས་ཀྱིས་ཐེངས་མང་བསྐྱོད་དགོས་བྱུང་འདུག

དེ་བས་གཞིས་ཆགས་ནང་ད་ལྟ་བཞིན་ཆ་རྐྱེན་དང་དཔལ་འབྱོར་སོགས་ཡག་པོ་མེད་པའི་དཀའ་ངལ་ཡོད་པར་བརྟེན། དེའི་སྐབས་འཆམ་རིམས་ནད་དང་བཤལ་ནད་སོགས་ཡང་ཡང་ཕོག་སླ་བ་དང་། ནད་པ་ཛ་དྲག་ཁག་ཅིག་དང་གཞི་ལྕིི་ཅི་ཡིན་ནའང་བོད་པའི་སྨན་པར་སྔ་དགོང་མཚན་མོ་གུང་སེང་སོགས་ལ་སྐྱབས་འཇུག་ཞུས་པས་སྨན་པ་ཉིད་ལ་མཚོན་ན་ཁ་ལག་གི་དུས་ཚོད་དང༌། ཉལ་བའི་དུས་ཚོད་སོགས་ལ་ཡང་ནད་པར་བརྟག་དཔྱད་སྨན་བཅོས་ཞུས་པས་ཕན་བསྐྱེད་དང་གྲུབ་འབྲས་ཀྱང་གང་ལེགས་བྱུང་ཡོད་པ་དང་།  ཕྱི་ལོ་ ༡༩༩༡ ནང་ཡུལ་མི་ནད་པ་ཁག་ཅིག་ལ་གཞི་ལྗིའི་ནད་གཞི་ཕོག་ཏེ་ཤིང་གི་རིགས་སམ་ཞིང་ཁའི་ནང་ངམ་དུག་ཕོག་པ་ལྟ་བུའི་ལུས་ཡོངས་རྨ་ཡིས་ཁེབས་པའམ་རེ་ཟུང་རྐང་པ་བཙུགས་མི་ཐུབ་པ་བྱུང་སྟེ། རིམ་བཞིན་ཞ་བ་ལྟ་བུའི་རྐང་པ་གཉིས་ཀའི་ཤ་སྐམ་སྟེ། འགྲོ་བསྐྱོད་མི་ཐུབ་དེ་ཚོ་ལ་སྨན་བཅོས་ཧུར་བརྩོོན་བགྱིས་པས་ཟླ་བ་གཉིས་གསུམ་ནང་རྐང་པ་བཙུགས་ཐུབ་པ་ནས་རིམ་བཞིན་དྲག་སྐྱེད་གང་ལེགས་བྱུང་འདུག

ཕྱི་ལོ་ ༡༩༩༣ ཟླ་ ༡ ནང་སྤོག་ར་ཡན་ལག་སྨན་ཁང་ནས་བལ་ཡུལ་རྒྱལ་ས་ཀཐ་མན་ཀྲུ། ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་དུ་གནས་སྤོ་གནང་བ་ནས་ཕྱི་ལོ་ ༡༩༩༨ ཟླ་ ༥ བར་འགན་འཛིན་སྨན་པའི་ལས་འགན་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནང་ཀཐ་མན་ཀྲུ། ཅ་སྤེལ་ཡན་ལག་སྨན་ཁང་གསར་བཙུགས་གནང་སྟེ། ཆཱ་ཏ་པ་ཌི་ཡན་ལག་སྨན་ཁང་སྒོ་བརྒྱབ་སྟེེ་ཟླ་དྲུག་ཙམ་སོང་འདུག་པས། གཞི་ནས་སྨན་ཁང་དེ་གསར་བཙུགས་དྲྭ་བའི་ཁྱབ་བསྒྲགས་དང༌། སྒོ་བྱང་སོགས་གང་སར་བཀྲམས་དགོས་བྱུང་བ་དང༌། སྨན་ཁང་ནང་དུའང་དགོས་མཁོ་ཕལ་ཆེ་བ་གསར་བཟོ་དང་མཁོ་སྒྲུབ་བྱས། དེ་ནས་བཟུང་ད་ལྟའི་བར་སྨན་ཁང་དེ་ཉིད་ས་གནས་དེ་གའི་རྒྱུད་དུ་ཡར་རྒྱས་ངང་གནས་ཡོད། ཡན་ལག་སྨན་ཁང་འདི་ནས་འཆར་ཅན་ཟླ་རེའི་ནང་ཐེངས་རེ་སྨན་བསྐོར་ཡོངས་ལ་ཤོད་མཚམ་ཁང་ཁག་ཏུ་བསྐྱོད་པ་དང༌། ནད་པ་བསྟེན་བསྟུགས་བྱེད་མཁན་རྣམས་ལ་ཕན་སྐྱེད་ཆེན་པོ་བྱུང་ཡོད་པ་སྨོས་མེད་ཐོག་ལྷག་པར་ཕྱི་ལོ་ ༡༩༩༤ ནང་བལ་ཡུལ་ཉེན་རྟོག་པའི་དཔོན་པོ་མཐོ་ཤོས་དེ་པུས་གྲུམ་ན་ནས་ལས་ཁུངས་སུ་འགྲོ་བསྐྱོད་མི་ཐུབ་པར་སྨན་བཅོས་ཆེད་དུ་ཁོང་གི་ཁྱིམ་དུ་གདན་ཞུས་བརྟག་དཔྱད་སྨན་བཅོས་བྱས་ནས་དྲག་བསྐྱེད་ཡག་པོ་བྱུང་།  

ཆབས་ཅིག་སྤོག་ར་ཡན་ལག་སྨན་ཁང་དང༌། ཆཱ་ཏ་པ་ཌི་ཡན་ལག་ཏུ་སྡོད་རིང་སྨན་སྦྱོར་ཁང་དུ་དགོས་མཁོའི་སྨན་རྒྱུ་མཁོ་སྒྲུབ་གང་ཐུབ་ཅི་ཐུབ་ཞུས་པ་མ་ཟད། སྐབས་རེ་རང་ཉིད་ནས་སྨན་རྒྱུ་ཉོ་སྒྲུབ་ཞུས་ཏེ་དབུས་སྨན་སྦྱོར་ཁང་དུ་བཏང་ཡོད་པ་དང་།  ཕྱི་ལོ་ ༡༩༩༨ ཟླ་ ༦ བར་ཆཱ་ཏ་པ་ཌི་ཡན་ལག་ནས་སྤོག་ར་བཀྲིས་དཔལ་འཁྱིལ་ཡན་ལག་ཏུ་གནས་སྤོས་སྐབས་དེར་ཨ་རིའི་ San francisco གནས་སྡོད་སྨན་པ་ Timothy P. Trompeter. MD. FAAP, David Hershkovits, Editor/Publisher, Paper Magazine New York City སོགས་ནས་མགྲོན་ཤོག་གིས་དེའི་ཕྱི་ལོར་རང་ཉིད་ཀྱི་འཚོ་བའི་དཀའ་སེལ་ཆེད་ཕྱི་ལོ་ ༡༩༩༩ ཟླ་ ༨ ཚེས་ ༡༥ ནས་ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༣ བར་ལོ་གཅིག་དགོངས་ཞུས་བྱས་ཏེ་ཨ་རིར་བསྐྱོད། ཨ་རིར་སྡོད་རིང་ས་གནས་ནད་པ་གང་མང་ལ་བརྟག་དཔྱད་སྨན་བཅོས་གནང་ཡོད་པ་དང་།  དེ་རྗེས་བལ་ཡུལ་སྤོག་ར་ཡན་ལག་སྨན་ཁང་དུ་ཕྱིར་ལོག་བྱས། བཀྲིས་དཔལ་འཁྱིལ་ཡན་ལག་ཏུ་ཕྱི་ལོ་ ༡༩༩༨ ལོར་ལས་བཅར་ཞུས་སྐབས་དེ་སྔོན་གྱི་སྨན་བསྐོར་འགྲོ་ཡུལ་བཀྲིས་གླིང་གཞིས་ཆགས་དེ་རང་གཞུང་འཕྲོད་བསྟེན་གྱི་ཕྱི་ལུགས་སྨན་ཁང་དང་མཉམ་དུ་བོད་སྨན་བསྐོར་བསྐྱོད་སྨན་ཁང་དང་ནད་པ་སྒུག་སྡོད་ཆུང་དྲག་པའི་སྐྱོན་ཡོད་པ་བརྟེན། དེའི་སྐབས་བཟོ་གཞིས་མགོ་འཛིན་སྐལ་བཟང་དང་འཕྲོད་བསྟེན་ལས་ཁུངས་བཅས་སུ་རིམ་ཞུས་ཀྱིས་སྨན་བསྐོར་སྐྱོད་སྨན་ཁང་གསར་རྒྱག་གི་བརྟག་དཔྱད་ཁང་དང༌། སྨན་སྤྲོད་ཁང༌། ཁྲུས་ཁང་གསང་སྤྱོད་ནད་པ་སྒུག་སྡོད་བཅས་ཕྱི་ལོ་ ༢༠༠༠ ནང་ལེགས་གྲུབ་བྱུང་བ་དང༌། ཕྱི་ལོ་ ༡༩༩༨ ལོའི་ནང་སྨན་རམས་པ་ཆུང་པའི་ཟབ་སྦྱོང་དང་ཡིག་རྒྱུག་ལེགས་འགྲུབ་བྱུང་སྟེ་གནས་སྤར་གནང༌།

ཡང་ཕྱི་ལོ་ ༡༩༩༩ ཡི་སྔོན་དུ་སྤོག་ར་ཡན་ལག་སྨན་ཁང་བལ་ཡུལ་གཞུང་ལ་དེབ་སྐྱེལ་གང་ཡང་བྱུང་མེད་པར་བརྟེན། ཀཐ་མན་ཀྲུ ཅ་སྤེལ་ཡན་ལག་སྨན་ཁང་ཁོངས་སུ་དེབ་སྐྱེལ་ཆེད་རྫོང་སྡེ་ལས་ཁུངས་ Kaski Jila Pokhara དུ་སྙན་ཞུ་ཕུལ་ཏེ་ཕྱི་ལོ་ ༡༩༩༩ ཟླ་བ་ ༣ པར་དེབ་སྐྱེལ་གནང་ཐུབ་པ་བྱུང་ཡོད་པ་དང་། ལས་ཁུངས་ནས་ཁྲོམ་གཞུང་སོགས་སུ་སྨན་ཁང་གསར་པ་སྒོ་ཕྱེས་པ་དག་ལ་དེབ་སྐྱེལ་ངོ་སྤྲོད་ཀྱི་ཡི་གེ་སོགས་མེད་ནའང་དེ་ནས་བཟུང་སྤོག་ར་ཡན་ལག་སྨན་ཁང་གི་སྒོ་བྱང་དང༌། ནད་དེབ། སྨན་འཛིན་སོགས་ཚང་མར་ཅའ་སྦིལ་ཡན་ལག་སྨན་ཁང་གི་དེབ་སྐྱེལ་མིང་གཞི་བཟུང་ Kailash Medical Society ཞེས་འཁོད་དེ་བེད་སྤྱོད་བྱེད་བཞིན་ཡོད།

ལོ་མང་རིང་སྤོག་ར་བཀྲིས་དཔལ་འཁྱིལ་དང་བཀྲིས་གླིང་སྨན་ཁང་དུ་ལས་འཁུར་ཧུར་ཐག་ཞུས་པར་བརྟེན་དེ་ནས་གནས་སྤོའི་སྐབས་ས་གནས་མི་མང་དང་། གཞོན་ནུ་བུད་མེད་ཀྱིས་གཙོས་པའི་ཚོགས་པ་ཁག་དང༌། སློབ་གྲྭ་མགོ་འཛིན་བཅས་ཐུན་མོང་ནས་གསོལ་ཚིག་དང་མི་རེ་རེས་མཇལ་དར་དང་ཕྱག་རྟག་སོགས་གནང་སྟེ་ཕེབས་སྐྱེལ་གནང་ཡོད། ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༢༧ ཟླ་འཇུག་ཏུ་ཌེ་རཱ་ཌུན། རཱཇ་པུར་ཡན་ལག་སྨན་ཁང་དུ་གནས་སྤོར་གནང་བར་སྔར་རྒྱུན་བཞིན་བརྟག་དཔྱད་སྨན་བཅོས་དང་ཟླ་རེའི་ནང་མ་སུ་རི་སོགས་སུ་ཐེངས་གཉིས་རེ་བསྐྱོད་ཡོད་པ་དང་།  རྒྱལ་སྤྱིའི་འཕྲོད་བསྟེན་ཉིན་མོ་དང༌། རྒྱལ་སྤྱིའི་ཨེཌས AIDS ནད་གཞིའི་ཉིན་མོ་དེ་མིན་ས་གནས་སུ་འཕྲོད་བསྟེན་སློབ་གསོ་གང་མཁོའི་སྐབས་ས་གནས་བཟོ་མགོ་ལས་ཁུངས་དང་འབྲེལ་གཏུགས་ཀྱིས་འཕྲོད་བསྟེན་སློབ་གསོ་གང་མང་སྤེལ།

ཕྱི་ལོ་ ༢༠༠༥ ཟླ་ ༨ ནང་སྨན་རྩིས་ཁང་གཞུང་འབྲེལ་གྱིས་ Kazakhstan དུ་བདུན་གསུམ་རིང་སྨན་བསྐོར་ཕྱོགས་བསྐྱོད་གནང་བ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༡༡ པར་ཟླ་གཅིག་རིང་དབུས་སྨན་རྩིས་ཁང་ནས་སྨན་རམས་པ་འབྲིང་བའི་ཟབ་སྦྱོང་གནང་སྟེ་སྨན་རམས་པ་འབྲིང་བའི་ཡིག་ཚད་ལེགས་གྲུབ་བྱུང་།  ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༠ ཉིན་དབུས་སྨན་རྩིས་ཁང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་གནས་སྤོས་ལས་བཅར་ཞུས་པའི་གོང་ར་ཇི་པུར་ས་གནས་བེུད་མཉམ་ལས་ལས་ཁུང་དང་མི་མང༌། གཞོན་ནུ་བཅས་ནས་མཇལ་དར་དང༌། ཕྱག་རྟགས་མཐུན་ལམ་ཟབ་མོའི་རྣམ་འགྱུར་མངོན་ཞིང་བཀྲིས་བདེ་ལེགས་ཀྱིས་ཕེབས་སྐྱེལ་གནང༌། སྡེ་ཚན་འདིར་གནས་སྤོ་བྱས་པའི་ཟླ་ ༧ ཚེས་ ༡ ཉིན་སྡེ་ཚན་འགན་འཛིན་དུ་བསྐོ་བཞག་གནང་བ་དང༌། སྔོན་གྱི་སྨན་པ་ཀུན་བཟང་ལགས་དང༌། འགན་འཛིན་སྨན་པ་ཟླ་བ་ལགས་གཉིས་ཕྱི་ཟླ་ ༦ དང་ ༧ ནང་སྨན་རྩིས་ཁང་ནས་དགོངས་ཞུ་གནང་བ་དང༌། དེ་ནས་ད་ལྟའི་བར་རང་ནུས་གང་ཡོད་ཀྱིས་སྡེ་ཚན་ནང་མཐུན་རྐྱེན་གང་ཡོང་བསྐྲུན་ཐབས་དང་ཐོན་དངོས་རྣམས་སྔར་ལས་འགྲོ་རྒྱུག་ཆེ་རུ་འགྲོ་བའི་དུས་དང༌། གསར་བཟོའི་གོ་སྐབས་ཆེས་དཀོན་ནའང་གང་ཐུབ་ཀྱིས་འབད་བརྩོན་ཞུ་བཞིན་པ་བཅས་སོ།།

༡༢༽ སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་རྡོ་རྗེ་རབ་བརྟན་ནི་ཕྱི་ལོ་ ༡༩༨༢ ལོར་མ་སུ་རི་བོད་གཞུང་གཏན་འཇགས་སློབ་གྲྭར་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཐོན་གནང་རྗེས་དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ལྔ་བའི་སློབ་ཁོངས་སུའཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༦ ལོར་སྨན་པ་དཀའ་བཅུ་བའི་སློབ་ཐོན་བྱུང་བ་ནས་རིམ་པས་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་ས་གནས་བརྟག་དཔྱད་སྨན་པ་དང་འབྲས་ནད་ཉམས་ཞིབ་ཀྱི་དམིགས་བསལ་ལས་དོན་ཆེད་བསྐོ་གཏོང་གནང་།  ཕྱི་ལོ་ ༡༩༨༨ ནས་ ༡༩༨༩ བར་ལོ་གཉིས་རིང་སྨན་རམས་པ་ལྷ་དབང་ལགས་དང་བསོད་ནམས་དབང་འདུས་ལགས་གཉིས་ཀྱི་སར་སྨན་བཅོས་ཉམས་མྱོང་གི་གོ་སྐབས་ཐོབ།

༡༩༩༡ ལོར་སྦེང་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་གཏོང་གནང་། ༢༠༠༧ ནས་ ༢༠༠༩ བར་བཙན་བྱོལ་བོད་མིའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་ཞུས། གཞན་འབྲས་ནད་ཁན་སར་གྱི་ནད་བཅོས་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་དང་། གཅིན་སྙི་ནད་བཅོས་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི། རྩ་བཤད་གཉིས་དབྱིན་ཡིག་ཕབ་སྒྱུར་ཞུ་དག་ལས་རིམ་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ལས་འགན་ཁུར་ཏེ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ཞབས་འདེགས་གང་ལེགས་གནང་དང་གནང་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

༡༣༽ སྨན་རམས་པ་བསྟན་འཛིན་ཚེ་འཕེལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བསྟན་འཛིན་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༡༩༦༢ ཟླ་ ༦ ཚེས་ ༡༤ ཉིན་རྒྱ་གར་དུ་སྐྱེས་ཤིང་། གཞི་རིམ་འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་བྷེེལ་ཀོབ་གཏན་སློབ་དུ་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༡ ལོར་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༢ ལོར་སྨན་སློབ་སྐབས་ལྔ་པའི་སློབ་ཁོངས་སུ་ཚུད་རྒྱུགས་ཀྱི་ལམ་ནས་མཐོ་སློབ་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༦ ལོར་སློབ་མཐར་ཕྱིན་རྗེས་ལོ་གཅིག་རིང་དྷ་ས་དང་། མ་ན་ལི། སིམ་ལ་བཅས་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གསུམ་དུ་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་དང་། ལྕགས་པོ་རིའི་སྨན་པ་བློ་བཟང་ཚུལ་ཁྲིམས་ལགས། སྨན་རམས་པ་བསོད་ནམས་ལྷ་མོ་ལགས་བཅས་ཀྱི་དྲུང་ནས་ཉམས་གསོག་གནང་།

ཕྱི་ལོ་ ༡༩༨༨ ནས་ ༡༩༩༡ བར་པོན་ཊ་ཡན་ལག་སྨན་ཁང་གི་སྨན་པ་གནང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༢ བར་བྷེལ་ཀོབ་ཡན་ལག་སྨན་ཁང་དང་།  ཕྱི་ལོ་ ༡༩༩༢ ནས་ ༡༩༩༤ བར་ཀོལ་ཀ་ཊ་ཡན་ལག་སྨན་ཁང་།  ཕྱི་ལོ་ ༡༩༩༥ ནས་ ༢༠༠༠ བར་བྷེལ་ཀོབ་ཡན་ལག་སྨན་ཁང་།  ཕྱི་ལོ་ ༢༠༠༡ ནས་ ༢༠༠༣ བར་མོན་གྷོ་ཡན་ལག་སྨན་ཁང་། ཕྱི་ལོ་ ༢༠༠༤ ནས་༢༠༠༧ བར་བྷེེལ་ཀོབ་ཡན་ལག་སྨན་ཁང་དང་། ཕྱི་ལོ་ ༢༠༠༨ ལོར་བེངྒ་ལོར་ཡན་ལག་སྨན་ཁང་དང་ཕྱི་ལོ་ ༢༠༠༩ ལོར་བྷེལ་ཀོབ་ཡན་ལག་སྨན་ཁང་བཅས་ཀྱི་འགན་འཛིན་སྨན་པ་གནང་།  ཕྱི་ལོ་ ༢༠༠༠ ལོར་ཡིག་རྒྱུགས་ལམ་ནས་སྨན་རམས་པའི་མཚན་གནས་ཐོབ་ཡོད་པ་མ་ཟད། སྨན་རྩིས་ཁང་ནང་ཕྱག་ལས་གནང་ཡུན་རིང་གཞུང་འབྲེལ་ཐོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་རྒྱལ་ཁབ་ཁ་ཛཱཀ་སྤྱི་མཐུན་རྒྱལ་ཁབ་བཅས་སུ་སྐོར་སྐྱོད་དང་བོད་མི་འདུས་སྡོད་གཞིས་ཆགས་ཁག་ཏུ་ཡང་ཡང་ཕེབས་ཏེ། འཕྲོད་བསྟེན་དང་འབྲེལ་བའི་སྐོར་སོགས་ལ་གཏམ་བཤད་དང་འཕྲོད་བསྟེན་ལས་དོན་ཐད་ལས་ཀ་མང་པོ་གནང་། ཕྱི་ལོ་ ༢༠༡༡ ཟླ་བ་གཉིས་པའི་ནང་སྨན་རྩིས་ཁང་ནས་རྒན་ཡོལ་སྔ་བསྣུར་ཞུས་ཏེ་ཁེ་ན་ཌ་རུ་ནང་མིའི་ཟླ་སྒྲིལ་ཁོངས་སུ་སོང་བ་བཅས་སོ།།

༡༤༽ སྨན་རམས་པ་བསྟན་འཛིན་སྐྱིད་པ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་བསྟན་འཛིན་སྐྱིད་པ་ལགས་ནི་ཕྱི་ལོ་ ༡༩༦༣ ཟླ་ ༡༠ ཚེས་ ༢༨ ཉིན་རྒྱ་གར་དུ་སྐྱེས། གཞི་རིམ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་བྷེལ་ཀོབ་ CVP ཉིན་མོའི་སློབ་གྲྭ་དང་དེ་ནས་འཛིན་རིམ་བཅུ་པ་བྷེལ་ཀོབ་གཏན་འཇགས་སློབ་གྲྭ་ནས་སློབ་སྦྱོང་གནང་།

  ཕྱི་ལོ་ ༡༩༨༢ ལོར་སྨན་སློབ་སྐབས་ལྔ་བའི་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༦ སློབ་མཐར་ཕྱིན་ཏེ། ལོ་གཅིག་རིང་དྷ་ས་དང་།  མ་ནཱ་ལི། སིམ་ལ་བཅས་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གསུམ་དུ་བླ་སྨན་པ་བློ་བཟང་དབང་རྒྱལ་ལགས་དང་། ལྕགས་པོ་རིའི་སྨན་པ་བློ་བཟང་ཚུལ་ཁྲིམས་ལགས། སྨན་རམས་པ་བསོད་ནམས་ལྷ་མོ་ལགས་བཅས་ཀྱི་དྲུང་ནས་ཉམས་གསོག་གནང་། ཕྱི་ལོ་ ༡༩༨༨ ནས་ ༡༩༩༡ བར་པོན་ཊ་ཡན་ལག་སྨན་ཁང་གི་སྨན་པ་གནང་།  ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་བྷེལ་ཀོབ་ཡན་ལག་སྨན་ཁང་དང་།  ཕྱི་ལོ་ ༢༠༠༡ནས་ ༢༠༠༣ བར་མོན་གྷོ་ཡན་ལག་སྨན་ཁང་།  ཕྱི་ལོ་ ༢༠༠༤ ནས་ ༢༠༠༥ བར་བྷེེལ་ཀོབ་ཡན་ལག་སྨན་ཁང་།  ཕྱི་ལོ་ ༢༠༠༥ ཟླ་བ་བཅུ་པ་ནས་ཕྱི་ལོ་ ༢༠༠༧ ཟླ་བ་བརྒྱད་པ་སྟེ་ལོ་གཉིས་རིང་ཧོ་ལནཌ་དུ་ཡོད་པའི་ Dutch Foundation for Tibetan Medicine བཅས་ནང་ས་གནས་སྨན་པའི་ཐུགས་ཁུར་བཞེས། དེའི་རྗེས་སུ་རྒྱ་གར་དུ་ཕྱིར་ལོག་གིས་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་སྨན་པའི་ཕྱག་ལས་མུ་མཐུད་གནང་། ཕྱི་ལོ་ ༢༠༠༠ ལོར་ཡིག་རྒྱུགས་ལམ་ནས་སྨན་རམས་པའི་མཚན་གནས་ཐོབ་པ་དང་ཕྱི་ལོ་ ༢༠༠༥ ལོར་གཞུང་འབྲེལ་ཐོག་ཁ་ཛཀ་དུ་ཟླ་གཅིག་རིང་སྐོར་སྐྱོད་སྨན་སྐོར་ལ་ཕེབས། ཕྱི་ལོ་ ༢༠༠༨  ཟླ་བ་བཅུ་པའི་ནང་སྨན་རྩིས་ཁང་ནས་རྩ་དགོངས་ཞུས་ཏེ་ཁེ་ན་ཌ་རུ་གནས་སྤོས་གནང་། ད་ལྟའི་ཆར་ཁེ་ན་ཌ་དང་ཧོ་ལནཌ་གཉིས་སུ་ནད་པར་བརྟག་དཔྱད་སྨན་བཅོས་ཀྱི་ཕྱག་ལས་གནང་མུས་ཡིན་འདུག

༡༥༽ སྨན་རམས་པ་དཀར་ཚང་བསྟན་འཛིན་བདེ་བྱེད་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་དཀར་ཚང་བསྟན་འཛིན་བདེ་བྱེད་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་བོད་དུ་སྐུ་འཁྲུངས། ཁོང་གིས་སྨན་རྩིས་མཐོ་སློབ་ཁང་དུ་དགེ་བའི་བཤེས་གཉན་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་དང་། སྨན་པ་བློ་བཟང་ཆོས་འཕེལ་ལགས། སྨན་པ་ཨར་ཡ་པ་སངས་ཡོན་ཏན་ལགས་བཅས་ཀྱི་ཞབས་དྲུང་ནས་གསོ་བ་རིག་པར་ཐོས་བསམ་སློབ་གཉེར་གནང་སྟེ་ཕྱི་ལོ་ ༡༩༨༦ ལོར་སྨན་པ་བཀའ་བཅུ་པའི་སློབ་མཐར་ཕྱིན། དེའི་རྗེས་སུ་ལོ་ལྔ་རིང་སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་།  བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལགས། སྨན་སྦྱོར་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་བཅས་ཀྱི་དྲུང་ནས་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྤྱི་དང་ཁྱད་པར་དུ་དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་ཐོག་དམིགས་བསལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༩༨ ལོར་སྨན་རམས་པ་ཆུང་བ་དང་ཕྱི་ལོ་ ༢༠༠༩ ལོར་སྨན་རམས་པ་འབྲིང་བའི་མཚན་གནས་ཐོབ། ཕྱི་ལོ་ ༡༩༨༦ ནས་ད་ལྟའི་བར་སྨན་རྩིས་ཁང་ལ་ཕྱག་ལས་གནང་མུས་དང་ད་ལྟའི་ཆར་དིལླིི་གསར་པ་ནི་ཛ་མུ་དིིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་གནང་བཞིན་པ་དང་སྤྱི་ཡོངས་ཐོག་ཉིན་རེར་ནད་པ་ ༧༠ ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་བཞིན་ཡོད།

ཁོང་གི་སྨན་རྩིས་ཁང་ནང་ཕྱག་ལས་གནང་ཡུན་རིང་ན་ཚ་བྱེ་བྲག་པར་བོད་སྨན་གྱི་ཕན་ནུས་ཇི་ལྟར་ཡོད་མེད་ཀྱི་ཉམས་ཞིབ་གནང་ཡོད་པ་དང་། ཡུ་རོབ་ནང་གྲུམ་བུའི་ནད་གཞིའི་ Arthritis and Rheumatism སྐོར་ཉམས་ཞིབ་དང་སྦྲགས་ཡིག་ཆ་ཕྱོགས་བསྒྲིགས་བྱས་པ་མ་ཟད། འབྲས་ནད་ Cancer ཉམས་ཞིབ་ནང་འཛུལ་ཞུགས་བཅས་གནང་མྱོང་བ་དང་། ད་ལྟའི་ཆར་ནད་བཅོས་ཉམས་ཞིབ་ཀྱིས་ཟ་ཁུ་གཅིན་སྙིའི་ནད་གཞིེར་བོད་སྨན་གྱི་ཕན་ནུས་ཇི་ཡོད་སྐོར་རྒྱ་གར་རྒྱལ་ས་ལྡི་ལིར་ཉམས་ཞིབ་གནང་བཞིན་པ་དེའི་ས་གནས་རྟོག་ཞིབ་སྨན་པའི་འགན་འཁུར་བཞེས་བཞིན་ཡོད། 

ཕྱི་ལོ་ ༡༩༩༢ ནས་ ༡༩༩༦ བར་དིལླི་མཇ་ནུ་ཀྲི་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་གནང་བ་དང་། ཕྱི་ལོ་ ༡༩༩༦ ལོར་ཕྱི་ལོ་ ༡༩༩༩ བར་ཧོ་ལནཌ་དུ་ཡོད་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ Dutch Foundation for Tibetan Medicine ནང་ས་གནས་སྨན་པ་ཐོག་མའི་ལས་འགན་བཞེས། ཧོ་ལནཌ་དུ་བཞུགས་ཡུན་རིང་གྲུམ་བུའི་ནད་གཞིའི་ཐོག་ཉམས་ཞིབ་གནང་བ་དང་།  ཡོ་རོབ་རང་བཞིན་དཔྱད་ཀྱི་ལྷན་ཚོགས་ (VNT) ཀྱི་ཚོགས་མི་ཡང་གནང་། ཁོང་ལ་རྒྱ་གར་ས་ཞིང་གསར་འགོད་མཐུན་ཚོགས་ནས་ Indira Gandhi IFJA གཟེངས་བསྟོད་ལེགས་སྐྱེས་དང་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ནས་གསེར་གྱི་རྟགས་མ་བསྩལ།   ཁོང་ནས་ཕྱི་རྒྱལ་རྒྱལ་ཁབ་ཕི་རཱན་སི་དང་། ཇར་མ་ནི།  ཧོ་ལནཌ།  བེལ་ཇེཡམ།  ཨསྟྲིཡ།  སི་པན།  པོར་ཏུ་གྷལ།   སུ་ཛར་ལནཌ། ཨ་རི། ཨུ་རུ་སུ།  ཨུཛ་བེ་ཀིསྟཱན་བཅས་ལ་སྐོར་བསྐྱོད་སྨན་སྐོར་གནང་སྟེ་སྨན་བཅོས་གནང་ཡོད་པ་བཅས་སོ།།

༡༦༽ སྨན་པ་པདྨ་དབྱངས་ཅན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་པདྨ་དབྱངས་ཅན་ལགས་ནི་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་ཌེ་རཱ་ཌུན་དུ་ཡོད་པའི་ཨིན་ཇིའི་སློབ་གྲྭ་ St. Thomas High School དུ་སློབ་སྦྱོང་གནང་བ་དང་། དེའི་རྗེས་རྒྱ་གར་རྒྱལ་ས་དིལླིར་ Polytechnic for Women ནས་ལོ་གཉིས་རིང་དྲུང་ཡིག་གི་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༢ ཟླ་ ༦ ཚེས་ ༢ ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ལྔ་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ལོ་ལྔར་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་གནང་སྟེ་ཕྱི་ལོ་༡༩༨༦ ལོར་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༧ ཟླ་༡ ཚེས་༡ ནས་སྨན་རྩིས་ཁང་གི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་བླ་སྨན་དམ་པ་ནང་རོང་ཤག་ཀུན་དགའ་འགྱུར་མེད་མཆོག་གི་གསུང་སྒྱུར་དང་སྨན་སྤྲོད་གཅིག་ལྕོགས་ཀྱི་ཞབས་ཕྱི་ཞུས།

ཕྱི་ལོ་ ༡༩༨༧ ཟླ་དཀྱིལ་ཙམ་ནས་ ༡༩༨༩།༧།༡ བར་ཨོ་རི་ས་བྷུབ་ནེ་ཤྭར་ཡན་ལག་སྨན་ཁང་གསར་འཛུགས་ཀྱི་འགན་འཛིན་སྨན་པའི་ལས་འཁུར་ཞུས། དུས་ཡུན་དེའི་རིང་ཡུལ་མི་དང་དཔོན་རིགས་ཁག Governor Shri. B.N. Pandy, Chief minister Shri. Biju Patnaik, Chief secretary of Orrisa སོགས་ལ་བརྟག་དཔྱད་སྨན་བཅོས་གནང་ནས་ཞབས་ཞུ་གང་ལེགས་ཞུས་པ་སོགས་ལ་རྟེན་ཨོ་རི་ས་མངའ་སྡེའི་བློན་ཆེན་ནས་བསྔགས་བརྗོད་ཀྱི་ཕྱག་བྲིས་ཀྱང་ཕེབས། དེ་ཡང་སྨན་ལས་ཁོ་ན་ཙམ་མ་ཡིན་པར་ཨོ་རི་ས་གཞིས་ཆགས་བོད་མིའི་འཚོ་བའི་བདེ་སྡུག་ཆེད་དུ་དགུན་ཚོང་གི་ས་ཆ་གཏན་ཆགས་ཡོང་ཕྱིར་ཨུ་རི་ས་གཞུང་འཛིན་དྲུང་ཆེ་ལ་སྐྱབས་འཇུག་ཞུས་པ་བཞིན་གྲུབ་འབྲས་གང་ལེགས་ཐོན་པ་དང་།  གསུམ་བཅུའི་དུས་དྲན་སྐབས་བོད་དང་བོད་མིའི་གནད་དོན་སྐོར་ལ་ཨོ་རི་ཡ་དང་། ཨིན་ཇི། ཧིན་དྷིའི་གསར་ཤོག་ཁག་ནང་སྔར་མ་བྱུང་བའི་ཁྱབ་བསྒྲགས་གནང་བ་དང་། སྐབས་ཤིག་ལ་ས་གནས་དེའི་མཁའ་རླུང་དང་ཆུ་མི་འཕྲོད་པ་སོགས་ཀྱི་རྐྱེན་པས་ནད་དགོངས་ཞུས་པ་དང་ཆབས་ཅིག་འཛིན་སྐྱོང་ནས་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་།  ཕྱི་ལོ་ ༡༩༩༠ ནས་ ༡༩༩༢ བར་དིལླི་མ་ཡུར་ཝི་ཧར་ཡན་ལག་སྨན་ཁང་དུ་འགན་འཛིན་སྨན་པའི་ཕྱག་ལས་གནང་།

དེའི་རྗེས་ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༡ ནས་དིལླི་ནི་ཛ་མུ་དིིན་ཡན་ལག་སྨན་ཁང་དུ་སྨན་པའི་ཕྱག་ལས་གནང་བ་དང་ཕྱི་ལོ་ ༢༠༠༡།༨།༡ ནས་འདི་གའི་འགན་འཛིན་སྨན་པ་བླ་ཞབས་ཚེ་དབང་རྟ་མགྲིན་ལགས་དབུས་སུ་གནས་སྤོས་གནང་ཚབ་ཏུ་ས་གནས་འགན་འཛིན་སྨན་པར་བསྐོ་བཞག་གནང་།  ཡང་ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་དུ་གནས་སྤོས་བཏང་གནང་བ་བཞིན་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡ ནས་ནང་མི་བུ་ཕྲུག་དཀའ་ངལ་དངོས་ལ་གཟིགས་ནས་སླར་ཡང་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་ད་ལྟའི་བར་སྨན་པའི་ཞབས་ཕྱི་ཞུ་བཞིན་ཡོད་པ་བཅས་སོ།།

༡༧༽སྨན་རམས་པ་ཀུན་བཟང་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་ཀུན་བཟང་སྒྲོལ་མ་ནི་ཕྱི་ལོ་ ༡༩༨༣ ལོར་སྨན་སློབ་སྐབས་དྲུག་པའི་ཁོངས་སུ་གསར་ཞུགས་ཀྱིས་ལོ་ལྔའི་རིང་སློབ་སྦྱོབ་བྱས། ༡༩༨༧ ལོར་སྨན་པ་བཀའ་བཅུ་པ་སློབ་མཐར་ཕྱིན་ཏེ་ཉམས་གསོག་ཆེད་མོན་གྷོར་གཏོང་གནང་མཛད། ༡༩༩༡ ལོར་མེན་པཌ་ཡན་ལག་སྨན་ཁང་དུ་ལས་བགོས་ཞུས་ཏེ་དེ་གར་ལས་ཁུར་ཧུར་བརྩོན་ཐོག་རྒྱ་གར་གྲོང་ཁྱེར་ཆེ་ཁག་འགར་སྨན་སྐོར་དུའང་ཕེབས། ༡༩༩༨ ལོར་ཌལ་ཧོར་ཡན་ལག་སྨན་ཁང་དུ་གནས་སྤོས་བྱས་ཏེ་ས་གནས་དེ་རུ་ལོ་མང་རིང་འགན་འཛིན་སྨན་པའི་ལས་ཁུར་ཐོག་ནད་པ་རྣམས་ལ་སྨན་བཅོས་འབད་བརྩོན་ལྷོད་མེད་ཀྱིས་ལས་ཁུར་ཞུས་ཤིང་། ཉེ་ཆར་རྒྱ་གར་བྱང་ཕྱོགས་རཱཇ་པུར་ཡན་ལག་ཁང་དུ་བསྐོ་གཏོང་གནང་ཡོད་པ་བཅས་སོ།།

༡༨༽ སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་འབྲུག་དབང་འདུས་ཕོ་བྲང་དུ་ཕ་ཚེ་དབང་རྒྱལ་པོ་དང་མ་ཟླ་བ་ལྷ་འཛོགས་གཉིས་སུ་ ༡༩༦༣ ལོར་སྐྱེས་ཤིང་།  ཆུང་དུས་ནས་རྒན་སྲིད་ཐར་ལགས་དང་ལྷག་པ་ཚེ་རིང་ལགས་གཉིས་ཀྱི་དྲུང་དུ་བོད་ཡིག་འབྲི་ཀློག་སྦྱང་། རྗེས་སུ་ཁ་ས་ཁ་གཞིས་ཆགས་དུ་ཉིན་སློབ་གསར་འཛུགས་བྱུང་བ་དེར་བསྐྱོད་དེ་འཛིན་གྲྭ་བདུན་པ་བར་སྦྱང་བ་དང་དེེ་རྗེས་འབྲུག་ནང་དུ་དུས་ཟིང་གིས་རྐྱེན་པས་སློབ་གྲྭ་སྒོ་བརྒྱབ་རྗེས་རྒྱ་གར་དུ་ཡོང་ནས་ ༡༩༨༣ ལོར་སྨན་རྩིས་མཐོ་སློབ་ཁང་གི་སྐབས་དྲུག་པའི་སྨན་སློབ་ཁོངས་ཚུད་ནས་ ༡༩༨༧ ལོར་སྨན་པ་དཀའ་བཅུ་པ་ཐོན།

དེ་ནས་ལོ་གཅིག་རིང་རྗེས་སྨན་སྦྱོར་ཁང་དུ་ཉམས་གསོག་ལོ་གཅིག་ཞུས་རྗེས་སྨན་སྦྱོར་ཁང་དུ་རང་འཇགས་སྡོད་དགོས་པའི་བཀོད་ཁྱབ་འབྱོར་ནས་བཟུང་ལོ་ངོ་ཉེར་བཞི་ལ་ཉེ་བའི་རིང་སྨན་སྦྱོར་ཁང་རང་དུ་ལས་ཁུར་ཞུས་ཤིང་། སྨན་སྦྱོར་འགན་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་བརྒྱུད་སྨན་རྒྱུ་ངོས་འཛིན་དང་སྨན་རྒྱུ་འདུལ་སྦྱོང་སྨན་སྦྱོར་བཟོ་བྱ་རྒྱུ་གཟའ་བྱེད་ཁམས་བརྒྱད་དང་མཆིང་བྱེད་ལྕགས་བརྒྱད་ཀྱི་ལག་ལེན་ཆ་ཚང་ཐོབ་པ་མ་ཟད། སྒང་ཏོག་ཁུལ་དུ་སྨན་རྒྱུ་འཐུ་སྒྲུབ་དང་ཞོར་ལ་ལྷོ་ནག་འབྲོག་ཁུལ་དུ་ཡུལ་མིར་བརྟག་དཔྱད་དང་སྨན་བཅོས་སོགས་ཞུས། དེ་བཞིན་མ་ན་ལི་ཁུལ་དུ་སྨན་བཏོག་འགན་ཁུར་ཐོག་ཐེངས་བདུན་ཙམ་བསྐྱོད། བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་ལགས་བརྒྱུད་རིན་ཆེན་ཀུན་གྱི་རྨང་གཞི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་མན་ངག་དང་བཅས་པ་ཐོབ་ནས་བཙོ་ཐལ་ལག་ལེན་ཐེངས་བཞི་ཙམ་གནང་ཡོད་པ་དང་།  དེ་བཞིན་སྨན་རྩིས་ཁང་གི་དགོས་དམིགས་བཞིན་ཕྱི་ལུགས་ལྟར་སྨན་རྒྱུ་བརྟག་དཔྱད་བྱ་ཚུལ་དང་སྤུས་ཚད་དབྱེ་ཞིབ་བྱ་ཚུལ་སོགས་ཀྱི་ཆེད་ཉི་ཧོང་དུ་ཟླ་ངོ་གསུམ་རིང་གཟབ་སྦྱོང་ཞུས།

ཕྱི་ལོ་ ༢༠༠༠ ལོར་སྨན་རམས་པ་ཆུང་བ་རྒྱུགས་འབུལ་དང་། ཕྱི་ལོ ༢༠༠༩ ལོར་སྨན་རམས་པ་འབྲིང་གི་རྒྱུགས་འབུལ་ཞུས།     

དེ་བཞིན་སྨན་སྦྱོར་ཁང་ནང་སྨན་རྒྱུ་མཁོ་སྒྲུབ་སྨན་བཟོའི་འཕྲུལ་ཆས་མཁོ་སྒྲུབ་སྨན་རྒྱུ་འདུལ་སྦྱོང་དང་སྨན་སྦྱོར་བཟོའི་འགན་འཁུར་ཐོག་སྨན་སྦྱོར་འགན་གཞོན་དང་། སྨན་རྩིས་ཁང་གི་ལས་ཤག་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་གནས་རིམ་དང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ལས་འགན་འཁུར་བ་དང་།  ད་ལྟ་སྨན་སྦྱོར་འགན་འཛིན་གྱི་ལས་འགན་མུ་མཐུད་ཞུ་མུས་ཐོག་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡིན་པ་བཅས་སོ།།

༡༩༽ སྨན་རམས་པ་ཡེ་ཤེས་མཁའ་འགྲོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཕྱི་ལོ་ ༡༩༥༤ ལོར་བོད་མངའ་རིས་ར་དབང་ལ་སྐྱེས། བོད་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་སྐབས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་ཌལ་ཧོར་བོད་གཞུང་སྐྱབས་བཅོལ་སློབ་གྲྭར་ཚུད། དེ་གར་འཛིན་གྲྭ་བཅུ་གཅིག་བར་ཕྱི་ནང་གི་ཤེས་ཡོན་གང་ལེགས་ཐོབ། དེ་རྗེས་སློབ་ཞུགས་ཀྱི་ས་མིག་ཡོད་པ་ལྟར་ཕྱི་ལོ་ ༡༩༧༣ ལོར་དྷ་ས་བོད་གཞུང་སྨན་རྩིས་མཐོ་སློབ་ཏུ་སྐབས་གསུམ་པའི་སྨན་སློབ་ཏུ་ཚུད། ལོ་རིམ་གཉིས་པ་བར་སྨན་གྱི་སློབ་སྦྱོང་བྱས། དེ་མཚམས་འཛིན་སྐྱོང་དགོས་དབང་གིས་ཡིག་ཚང་ལས་བྱེད་ལ་བསྐོས་པས་སྨན་གྱི་སློབ་སྦྱོང་མུ་མཐུད་མ་ཐུབ་པར་སྨན་པ་པདྨ་རྡོ་རྗེ་ལགས་བལ་ཡུལ་དུ་གནས་སྤོས་སྐབས་བལ་ཡུལ་ཡན་ལག་སྨན་ཁང་ཁག་གི་སྤྱི་ཁྱབ་དངུས་རྩིས་པར་བསྐོ་གཞག་གནང༌།

སླར་བལ་ཡུལ་ནས་དྷ་སར་གནས་སྤོས་གནང་བ་ལྟར་དྷ་སྡེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༢ ལོར་དིལླིིར་བོད་ཁང་དུ་སྨན་རྩིས་ཁང་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང༌། ཕྱི་ལོ་ ༡༩༨༥ ལོར་སྨན་པ་པདྨ་རྡོ་རྗེ་ལགས་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནགར་དུ་ཡན་ལག་སྨན་ཁང་གསར་འཛུགས་ཀྱི་སླད་གནས་སྤོས་གནང༌སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐོན་མཇལ་ཞུ་བཅར་པའི་སྐབས་ཁོ་མོའི་ལོ་རྒྱུས་བཀའ་རྩད་གནང་བ་བཞིན་སྙན་སེང་ཞུས་པས། སྨན་གྱི་སློབ་སྦྱོང་གི་གཞི་རྩ་ཡོད་དུས་ཡར་རྒྱས་གཏོང་ཐུབ་ན་ཡག་པོ་ཡོད་པའི་བཀའ་སློབ་སྤྱིར་ཕེབས་སྙིང་བཅང་གིས་ཨི་ཊ་ན་གར་འབྱོར་འཕྲལ་དུས་གསེང་ནམ་བྱུང་ལ་སྨན་པ་པདྨ་རྡོ་རྗེ་ལགས་ཀྱི་དྲུང་ནས་སྨན་གྱི་རྒྱུད་གཞུང་དང༌། སློབ་ཚན་ཁག ནད་བཅོས་ཀྱི་ལག་ལེན། བརྟག་ཐབས་སོགས་སློབ་ཁྲིད་ཞུས་ཏེ་སྐབས་དྲུག་པའི་སློབ་མ་ཚོ་མཉམ་དུ་རྒྱུགས་འབུལ་ཞུས་འཕྲོད་ཀྱིས་ ༡༩༨༩ ལོར་དཀའ་བཅུ་པའི་ལག་འཁྱེར་ཐོབ། ཕྱི་ལོ་ ༡༠༨༨ ལོར་ཀ་ལི་ཀ་ཏ་ཡན་ལག་སྨན་ཁང་དུ་གསར་འཛུགས་ཀྱི་ཆེད་དུ་གནས་སྤོས་གནང་བས་དེའི་སྐབས་སྨན་པ་པདྨ་རྡོ་རྗེ་ལགས་ཀྱི་ལས་རོགས་སྨན་པར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༣ ལོར་ཀ་ཏ་ནས་ས་ལུ་སྒར་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་གནང་བ་བཞིན་སྨན་པ་པདྨ་རྡོ་རྗེ་ལགས་ཀྱི་ལས་རོགས་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༠ ལོར་སྨན་རམས་པ་ཆུང་བའི་རྒྱུགས་འབུལ་ཞུས་འཕྲོད་ཀྱི་ལག་འཁྱེར་ཐོབ། ལོ་དེར་ས་ལུ་སྒ་ར་ནས་དིལླིི་བོད་སྒར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་སྟེ་སྨན་ཁང་གི་འགན་འཛིན་དང་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༩ ལོར་སྨན་རམས་པ་འབྲིང་བའི་ཡིག་རྒྱུགས་འཕྲོད་ནས་ལག་འཁྱེར་ཐོབ། ཕྱི་ལོ་ ༢༠༠༡ ནས་དིལླིི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་གནང་། ད་ལྟ་འགན་འཛིན་སྨན་པའི་ལས་ཁུར་ཐོག་ནད་པ་མི་ཉུང་བ་ཞིག་ལ་ཉིན་ལྟར་སྨན་བཅོས་ཀྱི་ཞབས་འདེགས་ཞུས་དང་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

༢༠༽ རྩིས་རམས་པ་འབྲིང་པ་ཚེ་རིང་ཆོས་འཛོམས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

རྩིས་རམས་པ་འབྲིང་བ་ཚེ་རིང་ཆོས་འཛོམས་ནི་ཕྱི་ལོ་ ༡༩༨༣ ལོར་བོད་གཞུང་དབུས་སྨན་རྩིས་སྐབས་གསུམ་པའི་རྩིས་སློབ་ཁོངས་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩིས་སྐར་ནག་དབྱངས་གསུམ་གྱི་རིག་པར་སྦྱང་བརྩོན་གྱིས་ ༡༩༨༧ ལོར་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༨ ལོར་སྐར་དཔྱད་རྩིས་རིག་སྡེ་ཚན་ནང་ལོ་གཅིག་ལ་ཉམས་གསོག་ཞུས། ཕྱི་ལོ་ ༡༩༨༩ ལོར་རྩིས་པ་དཀའ་བཅུ་པའི་ལག་འཁྱེར་གསོལ་བསྩལ་གྱིས་གནས་ལྔ་པའི་ཐོག་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང་།  ༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་གནང་། ༡༩༩༩ ལོར་རྩིས་རམས་པ་ཆུང་བའི་གཞུང་ཚད་ཁག་ལ་རྒྱུགས་འབུལ་ཞུས། ༢༠༠༠ ལོར་རྩིས་རམས་པ་ཆུང་བའི་ལག་འཁྱེར་ཐོག་གནས་རིམ་བཞི་པར་བསྐོ་བཞག་གནང་། ༡༩༩༩ ལོར་སྨན་རྩིས་མཐོ་སློབ་ཁང་གི་རྩིས་དགེར་བསྐོ་བཞག་གནང་།  ༢༠༠༧ ལོར་ྋསྐུའི་དགུང་ཀེག་ཀེག་རྩིས་ཀྱི་ཞབས་ཞུ་བར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༨ ལོར་རྩིས་རམས་པ་འབྲིང་བའི་གཞུང་ཚད་ཁག་ལ་རྒྱུགས་འབུལ་ཞུས། ཕྱི་ལོ ༢༠༠༩ ལོར་རྩིས་རམས་པ་འབྲིང་གི་ལག་འཁྱེར་ཐོག་གནས་གསུམ་པར་བསྐོ་བཞག་གནང་། གཞན་ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་ནང་ལོགས་བཅས་སུ་སྨན་རྩིས་སྐོར་གྱི་འགྲེམས་སྟོན་དང་། གཏམ་བཤད། རྩིས་འབྲས་ཞུས་པ་བཅས་ཀྱི་ཞབས་འདེགས་གང་མང་ཞུས། ཕྱི་ལོ་ ༢༠༡༠ ལོར་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་བཞག་གནང་སྟེ་ད་ལྟ་དེ་གར་ལས་ཁུར་ཞུ་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༢༡༽ རྩིས་རམས་པ་འབྲིང་བ་རྡོ་རྗེ་དབང་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

རྩིས་རམས་པ་འབྲིང་བ་རྡོ་རྗེ་དབང་རྒྱལ་ནི་ཕྱི་ལོ་ ༡༩༨༣ ལོར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྐབས་གསུམ་པའི་རྩིས་སློབ་ཏུ་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་གྱི་རིག་པ་ལ་སྦྱང་བརྩོན་གྱིས་ ༡༩༨༧ ལོར་སློབ་མཐར་ཕྱིན། ༡༩༨༩ ལོར་རྩིས་པ་དཀའ་བཅུ་པའི་ལག་འཁྱེར་གསོལ་བསྩལ་གྱིས་གནས་རིམ་ལྔ་པའི་ཐོག་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང་།  ༡༩༩༩ ལོར་རྩིས་རམས་པ་ཆུང་བའི་གཞུང་ཚད་ཁག་ལ་རྒྱུགས་འབུལ་ཞུས། ཕྱི་ལོ་ ༢༠༠༠ ལོར་རྩིས་རམས་པ་ཆུང་བའི་ལག་འཁྱེར་ཐོག་གནས་བཞི་པར་བསྐོ་བཞག་གནང་། ༢༠༠༥ ལོར་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་། ༢༠༠༦ ལོར་ཉི་ཧོང་དུ་ཕེབས་ཏེ་རྩིས་རིག་པའི་སྐོར་གཏམ་བཤད་དང་རྩིས་འབྲས་བཤད། ༢༠༠༨ ལོར རྩིས་རམས་པ་འབྲིང་བའི་གཞུང་ཚད་ཁག་ལ་རྒྱུགས་འབུལ་ཞུས། ༢༠༠༩ ལོར་རྩིས་རམས་པ་འབྲིང་བའི་ལག་འཁྱེར་ཐོག་གནས་གསུམ་པར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༠ ལོར་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་གནང་བ་བཅས་སྨན་རྩིས་ཁང་ལ་ཞབས་འདེགས་ཞུ་མུས་ཡིན་པ་བཅས་སོ།།

༢༢༽ སྐར་རྩིས་པ་ལྷ་དབང་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ལྷ་དབང་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༦༡ ལོར་ལ་སྟོད་ཤེལ་དཀར་དུ་སྐྱེས་ཤིང་རང་ལོ་ ༡༣ ནས་སློབ་གྲྭར་བསྐྱོད་དེ་སློབ་ཆུང་ནས་སློབ་འབྲིང་བར་བསྐྱོད། ཕྱི་ལོ་ ༡༩༨༠ ལོར་བཙན་བྱོལ་དུ་འབྱོར། ༡༩༨༣ ཟླ་ ༣ ཚེས་ ༡༥ ཉིན་ནས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་སྐར་རྩིས་སློབ་ཁང་དུ་ལོ་ལྔའི་རིང་སྦྱང་པ་བྱས་ཏེ་མཐར་ཕྱིན་རྗེས། སྐར་རྩིས་སྡེ་ཚན་དུ་ལས་བགོས་གནང་བ་བཞིན་འགན་འཁུར་ཞུས་ཏེ། ཕྱི་ཚོགས་དགོས་མཁོ་དང་བསྟུན་ཚེ་རབས་ལས་རྩིས་ཀྱིས་གཙོས་བག་རྩིས་དང་། གཤིན་རྩིས། ནད་རྩིས་ལ་སོགས་པའི་རྩིས་འབྲས་འདོན་རྒྱུ་དང་།  དེའི་སྐབས་སུ་དེང་དུས་དང་མཐུན་པའི་གློག་ཀླད་སོགས་མེད་སྟབས་ལོ་ཐོ་རྒྱས་པ་དང་། ལོ་ཐོ་ཤོག་རྐྱང་མ། ལོ་ཐོ་བསྡུས་པ་བཅས་ལག་བྲིས་བྱ་རྒྱུ་དང་ལྡི་ལིར་དཔར་སྐྲུན་ཆེད་བསྐྱོད་པ་སོགས་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༡༩༩༧ ལོར་གནས་སྤར་གྱིས་དཔར་སྐྲུན་སྡེ་ཚན་དུ་གནས་སྤོས་གནང་སྟེ་རྩིས་དཔེ་དཀོན་རིགས་སོགས་འཚོལ་སྒྲུབ་དང་སྨན་རྩིས་སློབ་མའི་སློབ་དེབ་དཔར་སྐྲུན་སོགས་གནང་བ་མ་ཟད། སྐྱེས་བག་གཤིན་གསུམ་དང་འབྲེལ་བའི་རྩིས་འབྲས་འདོན་སྤེལ་ལོ་དྲུག་རིང་ཞུས།

ཕྱི་ལོ་ ༢༠༡༡ ཟླ་ལྔ་པར་སྨན་རྩིས་ཞིབ་འཇུག་ཏུ་གནས་སྤོས་ཐོག་རྩིས་དཔེ་དཀོན་རིགས་འཚོལ་སྒྲུབ་དང་དཔར་སྐྲུན་བྱ་རྒྱུ་སོགས་ཀྱི་ལས་ཁུར་མུ་མཐུད་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༢༣༽ རྩིས་རམས་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

རྩིས་རམས་པ་དཀོན་མཆོག་བསྟན་འཛིན་མཆོག་ནི། ཕྱི་ལོ་ ༡༩༦༢ ལོར་མ་ན་ལིར་སྐྱེས་ཤིང་། ཁམས་ཀ་ཐོག་གཞིས་ཆགས་སུ་བོད་གཞུང་ཤེས་རིག་ལས་ཁུངས་དང་རྒྱ་གར་དབུས་གཞུང་གཉིས་ཀྱི་འཛིན་སྐྱོང་འོག་ཡོད་པའི་གཏན་སློབ་ནང་སློབ་གཉེར་གནང་། ཕྱི་ལོ་ ༡༩༦༧ ལོར་དང་བླངས་སློབ་གྲྭར་སློབ་གཉེར་བྱས། ཕྱི་ལོ་ ༡༩༧༢ ལོར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་ཞུ་བར་བཅར་བ་དང་ཞོར་དུ་མ་སུ་རིར་བོད་ཀྱི་སྲོལ་རྒྱུན་རི་མོའི་སློབ་གཉེར་བྱས། ཕྱི་ལོ་ ༡༩༨༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་སྨན་རྩིས་ཁང་དུ་ཆེད་འགུགས་གནང་་སྐབས། ཁོང་ཡང་ྋསྐུའི་གཅེན་པོ་མཆོག་གིས་ཡང་དག་པའི་འཛིན་སྐྱོང་འོག་རྩིས་སློབ་སྐབས་གསུམ་པའི་ནང་ཞུགས་ཏེ་དགེ་ཆེ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་དང་དགེ་ཆེ་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་གི་བཀའ་དྲིན་འོག་ཕྱི་ལོ་ ༡༩༨༩ ལོར་སློབ་མཐར་ཕྱིན་ཏེ་རྩིས་པ་དཀའ་བཅུ་བའི་ལག་ཁྱེར་ཐོབ། ཕྱི་ལོ་ ༡༩༩༠ ལོ་ནས་དབུས་སྐར་དཔྱད་རྩིས་རིག་སྡེ་ཚན་དུ་སྲོལ་རྒྱུན་ལོ་ཐོ་ཞུ་དག་དང་ཕྱི་རྒྱལ་མི་རིགས་དང་བོད་མི་རྣམས་ལ་ཚེ་རབས་ལས་རྩིས་ལ་སོགས་ཀྱི་རྩིས་འབྲས་འདོན་པ་སོགས་ཞབས་ཞུ་ལོ་ངོ་བཅུ་གསུམ་ཙམ་ལ་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ ཉིན་ནས་དབུས་ཀྱི་བཀའ་འབྲེལ་བཞིན་མཐོ་སློབ་ཁང་དུ་སྐར་རྩིས་དགེ་རྒན་དང་རིག་གཞུང་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ལོ་རྒྱུས་མདོར་བསྡུས་སོ།།

 

༢༤༽ སྨན་རམས་པ་བཀྲ་ཤིས་དབང་འདུས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་བཀྲ་ཤིས་དབང་འདུས་ལགས་ནི་གཞི་རིམ་སློབ་གྲྭ་ཐོན་རྗེས་ཏེ་ཕྱི་ལོ་ ༡༩༨༢ ལོར་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ལྔ་བའི་ནང་དུ་ཡིག་རྒྱུགས་ལམ་ནས་འཛུལ་ཞུགས་ཀྱིས་ལོ་ལྔར་སྨན་པ་དཀའ་བཅུའི་གཞུང་ཚད་ལ་སྦྱོབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༦ ལོར་སློབ་མཐར་ཕྱིན་ཞིང་།  དེ་ནས་ལོ་གཅིག་ཉམས་གསོག་གྲུབ་རྗེ་ཕྱི་ལོ་ ༡༩༨༨ ནས་དབུས་འཛིན་སྐྱོང་གིས་བཀོད་མངགས་བཞིན་ཡན་ལག་སྨན་ཁག་གང་མང་ཞིག་གི་ནང་བརྟག་དཔྱད་སྨན་པའི་ལས་ཁུར་ཞུས་ཡོད།

 དེ་ཡང་ཕྱི་ལོ་ ༡༩༨༩།༧།༢ ནས་ ༡༩༩༢།༤།༢༩ བར་བྷུབ་ནེ་ཤྭར་ཡན་ལག་སྨན་ཁང་དང་། ཕྱི་ལོ་  ༡༩༩༣།༤།༡༥ ནས་ ༡༩༩༥།༣།༢༥ བར་ཅོག་ལམ་ས་སྨན་ཁང་།  ༡༩༩༥།༦།༡ ནས་ ༢༠༠༡།༨།༡༥ བར་ཀ་ཏ་ཡན་ལག་སྨན་ཁང་།  ཕྱི་ལོ ༢༠༠༡།༧།༧ - ༢༠༠༢།༡༠།༡ བར་སེ་ར་ཡན་ལག་སྨན་ཁང་། ཕྱི་ལོ་ ༢༠༠༤།༩།༡༥ ནས་ ༢༠༠༨།༤།༨ མུམ་བཻ་ཡན་ལག་སྨན་ཁང་བཅས་ཀྱི་བརྟག་དཔྱད་སྨན་ཁང་གི་འགན་འཛིན་སྨན་པའི་ལས་ཁུར་ཞུས་ཏེ་ཕྱི་ལོ་ ༢༠༠༩ ལོར་རྩ་དགོངས་ཞུས་ཏེ་ཨ་རིར་བསྐྱོད་ཡོད་པ་བཅས་སོ།།

༢༥༽ སྨན་པ་སྐྱིད་འཛོམས་བུ་ཁྲིད་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་སྐྱིད་འཛོམས་བུ་ཁྲིད་ལགས་ནི་རྡོ་རྗེ་གླིང་གཏན་སློབ་ནས་གཞི་རིམ་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༦༩ ལོར་སྨན་སློབ་སྐབས་གཉིས་པའི་ཁོངས་སུ་ཡིག་རྒྱུགས་ལམ་ནས་འཛུལ་ཞུགས་ཀྱི་ ༡༩༧༤ ལོར་སློབ་ཐོན་བྱུང་ཞིང་།  དེ་ནས་བཟུང་རྡོ་གླིང་ཡན་ལག་ཁང་གིས་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པའི་ལས་འགན་ཐོག་ལོ་མང་རིང་ནད་པ་མང་པོ་སྨན་བཅོས་གནང་སྟེ་ཕྱི་ལོ་ ༡༩༩༨ ལོར་རྩ་དགོངས་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

༢༦༽སྨན་པ་པདྨ་དབྱངས་འཛོམས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་པ་པདྨ་དབྱངས་འཛོམས་ལགས་ནི་ཕྱི་ལོ་ ༡༩༧༢ ལོར་སྨན་སློབ་སྐབས་གསུམ་པའི་ཁོངས་སུ་ཡིག་རྒྱུགས་ལམ་ནས་འཛུལ་ཞུགས་ཀྱིས་ལོ་ངོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༧༨ ལོར་སློབ་ཐོན་བྱུང་ཞིང་། དེ་ནས་རིམ་པས་ཌལ་ཧོར་དང་ཧུན་སུར། ཨོ་རི་ས། སྦིར་བཅས་ཡན་ལག་སྨན་ཁང་གང་མང་ཞིག་གི་ནང་དུ་བརྟག་དཔྱད་སྨན་པའི་འགན་འཛིན་གནང་སྟེ་ཕྱི་ལོ་ ༢༠༠༣ ལོར་འདས་གྲོངས་སུ་གྱུར་ཡོད་པ་བཅས་སོ།།

༢༧༽ ལས་བྱེད་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བདེ་སྐྱིད་སྒྲོལ་དཀར་ལགས་ནི་ཕྱི་ལོ་ ༡༩༨༨ ཟླ་ ༧ ནས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༠ ཟླ་ ༩ བར་ཨག་གླིང་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་ཁུར་ཞུས། སྐབས་དེ་དུས་སྨན་ཁང་གི་མཐུན་རྐྱེན་ཞན་པ་དང་དབྱར་དུས་ཆར་ཆུ་མི་ཚགས་པའི་དཀའ་ངལ་ཡོད་མོད། སྨན་ལས་རྣམས་དང་ལྷན་དུ་དཀའ་ངལ་གདོང་ལེན་བྱས་ཏེ་ཤིན་ཏུ་སྐྱོ་བའི་གནས་སྟངས་ཤིག་སྐྱེལ་དགོས་བྱུང་།  ཕྱི་ལོ་ ༡༩༩༠ ཟླ་ ༡༠ ནས་ ༡༩༩༣ བར་ཅོག་ལམ་སར་གནས་སྤོས་ཀྱིས་རྩིས་པའི་ལས་འགན་བླངས་པ་དང་། དེ་རྗེས་ཨག་གླིང་དུ་གནས་སྤོས་ཀྱིས་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ལས་ཀ་བྱས། དེ་རྗེས་ཅོག་ལམ་སར་དང་ཨག་གླིང་ཡན་ལག་སྨན་ཁང་གཉིས་ཟླ་སྒྲིལ་བཏང་རྗེས་ ༢༠༠༣ བར་རྩིས་པའི་འགན་ཁུར། ཕྱི་ལོ་ ༢༠༠༣ ལོ་ནས་བཟུང་ཅོག་ལམ་སར་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་ཞུས་ཤིང་ས་གནས་སུ་ལས་བྱེད་མེད་པའི་རྐྱེན་དཀའ་ངལ་མང་དག་ཅིག་འཕྲད་མོད། གུང་སེང་སོགས་ལ་ལས་ཀ་འཕར་མ་སོགས་བྱས་ཏེ་ད་ཆ་མུ་མཐུད་དུ་ལས་ཀ་ཞུ་མུས་ཡིན་པ་བཅས་སོ།།

༢༨༽ སྨན་སྦྱོར་ལས་བྱེད་དགྲ་འདུལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

སྨན་སྦྱོར་ལས་བྱེད་དགྲ་འདུལ་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་བོད་དབུས་གཙང་སྟོད་ཟུར་གཙང་ནས་ལུང་དུ་སྐྱེས་ཤིང་། རང་ལོ་ཉི་ཤུ་སོན་སྐབས་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༨༦ ལོར་དྷ་ས་དབུས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༦ ལོར་ཚོགས་པ་འདི་གའི་ཞབས་ལོ་ཉི་ཤུའི་ཕྱག་འཁྱེར་ཐོབ། ལོ་ངོ་དེ་དག་གི་རིང་གཙོ་ཚེར་སྨན་རྒྱུ་སྤུས་གཙང་འཕྲུལ་འཁོར་ནང་ཞིབ་པར་འཐག་རྒྱུ་དང་། ཞོར་དུ་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་གི་བུའི་ཉལ་ཁང་གི་ཕ་ཚབ་ལས་ཁུར་གནང་བཞིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༢༩༽ སྨན་སྦྱོར་ལས་བྱེད་དཔལ་འབྱོར་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད།

སྨན་སྦྱོར་ལས་བྱེད་དཔལ་འབྱོར་ལགས་ནི་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༧ ལ་ལས་བཅར་ཞུས་ནས་ཕྱི་ལོ་ ༡༩༩༠ ལོ་བར་རིལ་བུ་བཟོ་སྐྲུན་ཁང་དུ་བསྡད། དེ་ནས་ཕྱི་ལོ་ ༡༩༩༠ ཟླ་ ༤ ཚེས་ ༡ ནས་རིལ་བུ་གྲངས་བཤེར་ཁང་དུ་རིལ་བུ་གྲངས་བཤེར་དང་རས་ཁུག་འཚེམ་ལས་གཅིག་ལྕོགས་བྱས་པ་དང་།  ལས་བྱེད་བདེ་དོན་གྱི་ཚོགས་མི་ལོ་བདུན་ཙམ་བྱས། དེ་ནས་ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༢ ནས་སྤྱི་ཐབ་ཏུ་གཉེར་པ་གནང་སྟེ་ལས་འགན་དག་ཧུར་ཐག་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༡༥ ཉིན་སྨན་སྦྱོར་ཁང་དུ་གནས་སྤོས་བཏང་ནས་ད་ལྟ་སྨན་སྦྱོར་ཁང་དུ་འཛིན་ཆས་བདག་གཉེར་པ་བྱེད་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༣༠༽ སྨན་རྩིས་ཁང་གི་ལས་བྱེད་སྤེན་པ་ཆོས་འབྱོར་ལགས་ཀྱི་ལོ་རྒྱུས།

སྤེན་པ་ཆོས་འབྱོར་ལགས་ནས་དང་སློབ་དམག་སྒར་ནས་ལོ་ངོ་ ༡༢ ཙམ་ཞབས་ཞུ་ཞུས་རྗེས། ཕྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༡༩ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་པོན་ཊ་གཞིས་ཆགས་ས་གནས་སུ་ཡན་ལག་སྨན་ཁང་གསར་འཛུགས་གནང་བ་ནས་བཟུང་པོན་ཊ་སྨན་རྩིས་ཁང་གི་སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་གནང་དང་གནང་མུས་ཡིན། ཕྱི་ལོ་ ༡༩༩༡ ནས་ ༢༠༡༠ བར་སྐོར་སྐྱོད་ས་གནས་ཁག་བཞིར་བསྐྱོད་དེ་སྨན་སྤྲོད་དང་རྩིས་པའི་ལས་འགན་ཞུས་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༣༡༽ སྨན་རྩིས་ཁང་གི་ལས་བྱེད་མིག་དམར་ལྷ་མོ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

ལས་བྱེད་མིག་དམར་ལྷ་མོ་ལགས་ཕྱི་ལོ་ ༡༩༩༠ ཟླ་ ༤ པའི་ནང་སྨན་རྩིས་ཁང་དུ་ཡིག་རྒྱུགས་ཕུལ་ནས་སིམ་ལ་ཡན་ལག་སྨན་ཁང་དུ་སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་བྱས་པ་དང་། ༡༩༩༠ ལོར་དིལླི་ནི་ཛ་མུ་དིན་དུ་གནས་སྐབས་རིང་སྨན་སྤྲོད་པ་དང་དེ་རྗེས་མུ་མཐུད་སིམ་ལར་ལས་ཀ་བྱས། ཕྱི་ལོ་ ༡༩༩༣ ལོར་ྋགོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་སྨན་ཁང་ཁག་གཉིས་སྒོ་འབྱེད་བྱས་ཤིང་སྐབས་དེར་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༨ ཚེས་ ༢༢ ཉིན་དྷ་སར་གནས་སྤོས་གནང་སྟེ་སྨན་ཚོང་སྡེ་ཚན་གྱི་སྨན་སྤྲོད་པའི་ལས་ཁུར་ཞུས། སྐབས་དེར་ས་གནས་འདྲ་མིན་དུ་སྨན་སྐོར་དུ་བསྐྱོད་སྐབས་སྨན་སྤྲོད་དང་རྩིས་པ་སོགས་ཀྱི་ཕྱག་ལས་གནང་། ༢༠༠༣ ལོར་གངས་སྐྱིད་སྨན་ཁང་དུ་གནས་སྤོས་གནང་བ་ནས་ས་གནས་འདྲ་མིན་དུ་སྨན་སྐོར་དུ་བསྐྱོད་སྐབས་ཞབས་ཞུ་ཧུར་ཐག་གནང་བས་མཚོན་རང་ནུས་གང་ཡོད་ཀྱིས་སྨན་སྤྲོད་ལས་དོན་ཞུ་མུས་ཡིན་པ་བཅས་སོ།།

༣༢༽ ལས་བྱེད་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ལས་བྱེད་བསྟན་འཛིན་ཆོས་འཕེལ་ནི་ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དུ་སྐྱེས་ཤིང་།  དྷ་ས་ TCV བོད་ཁྱིམ་སློབ་གྲྭ་དང་སིམ་ལ་གཏན་སློབ་ཁང་།  དེ་བཞིན་རྒྱ་གར་སློབ་གྲྭ་སོགས་ཀྱི་ནང་སློབ་གཉེར་བྱས་རྗེས་ཏེ་ཕྱི་ལོ་ ༡༩༧༧ ལོར་དིལླིར་ལས་ཀ་བྱས། ཕྱི་ལོ་ ༡༩༨༢ ལོར་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་དམ་པ་བློ་བཟང་བསམ་གཏན་མཆོག་མཇལ་འཕྲད་བྱུང་བ་དང་། ཁོང་གིས་བོད་གཞུང་དང་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ལམ་སྟོན་གནང་བ་བཞིན་ཟླ་རེར་ཧིན་སྒོར་ ༦༥༠ ཙམ་ཟླ་ཕོགས་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་ཀ་བཞག་སྟེ། བོད་གཞུང་སྨན་རྩིས་ཁང་ལ་འཛུལ་ཞུགས་གནང་།  སྐབས་དེར་བོད་གཞུང་སྨན་རྩིས་ཁང་གི་གནས་སྟངས་གང་ཅིའི་ཐད་སྐྱོ་བོ་ཡིན་པར་སོང་། ཟླ་རེར་ཟླ་ཕོགས་ ༣༠༠ མ་གཏོགས་མེད་ཀྱང་སེམས་ཤུགས་ཆེན་པོས་ཕྱག་ལས་གནང་ཡོད་པ་རེད། སྨན་རྩིས་ཁང་དུ་འཛུལ་ཞུགས་གནང་རྗེས་བོད་སྨན་ཕྱིར་ཚོང་སྡེ་ཚན་ནང་བསྐོ་བཞག་གནང་བ་བཞིན་ཕྱག་ལས་གནང་བ་དང་། འགན་འཛིན་དོན་འགྲུབ་ལགས་དགོངས་ཞུ་གནང་རྗེས་ཕྱིར་ཚོང་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༦ ལོར་སྨན་མཛོད་སྡེ་ཚན་དུ་གཏོང་གནང་གིས་ལོ་ངོ་གཉིས་རིང་ལས་འཁུར་ཞུས་རྗེས་རྩིས་ཞིབ་སྡེ་ཚན་བསྐོ་བཞག་གིས་གྲོང་ཁྱེར་མུམ་སྦེ་དང་ཀ་ཏ། མེན་པཌ་སོགས་སུ་ཕྱོགས་བསྐྱོད་ཞུས། དེ་རྗེས་སྨན་རྩིས་ཁང་ཡན་ལག་སྡེ་ཚན་རྩིས་ཞིབ་སྡེ་ཚན་དུ་བསྐོ་གནང་དོན་ལྟར་བལ་ཡུལ་དང་རྒྱ་གར་གྱི་ས་གནས་ཁག་མང་པོར་རྩིས་ཞིབ་ཏུ་བསྐྱོད་ཡོད་པ་དང་།  ༡༩༩༠ ནས་ཡན་ལག་རྩིས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ལྟར་ཡན་ལག་སྨན་ཁང་གི་རྩིས་ཁྲ་ཞིབ་གཤེར་བྱ་རྒྱུའི་འགན་འཁུར་འཐུས་གཙང་ཞུས། ༡༩༩༤ ལོར་ཤི་ལོང་ཡན་ལག་སྨན་རྩིས་ཁང་དུ་གནས་སྤོས་གནང་།  ཕྱི་ལོ་ ༡༩༩༧ ལོར་བྷེེལ་ཀོབ་ཡན་ལག་སྨན་ཁང་དུ་རྩིས་པ་དང་ལས་དྲུང་གཅིག་ལྕོགས་ཀྱི་འགན་འཁུར་ཞུས། ཕྱི་ལོ་ ༡༩༩༩ ལོར་བེངྒ་ལོར་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༢ ལོར་སླར་ཡང་བྷེལ་ཀོབ་སེ་ར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བ་ལྟར་དེང་སྐབས་རྩིས་པའི་འགན་འཁུར་ཞུ་མུས་ཡིན་པ་དང་། ཕྱི་ལོ་ ༢༠༠༧ ལོར་བོད་གཞུང་འཕྲོད་བསྟེན་ལྷན་ཁང་ནས་མི་ལོ་ ༢༥ རིང་སྤྱི་ཚོགས་ཀྱི་ཞབས་ཞུ་ཞུས་པར་གཟེངས་བསྟོད་ཕྱག་འཁྱེར་བསྩལ་བ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༣༣༽ སྨན་རྩིས་ལས་བྱེད་བཀྲ་ཤིས་དབང་འདུས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་རྩིས་ལས་བྱེད་བཀྲ་ཤིས་དབང་འདུས་ནི་ཕྱི་ལོ་ ༡༩༥༩ ལོར་སྐྱེས། ཁོང་གི་ཕ་མ་གཉིས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་སྐབས་བོད་མི་སྐྱབས་བཅོལ་བ་སྤྱི་མཚུངས་ལྟར་གནས་སྟངས་ཉག་ཕྲ་བའི་སྐབས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བསྟེན་ནས་ཁོང་འཛིན་རིམ་བརྒྱད་པའི་བར་སློབ་གྲྭར་འགྲིམས་པའི་སྐལ་བཟང་ཐོབ། འཛིན་རིམ་བརྒྱད་པའི་སྐབས་ཁོང་གི་ཕ་མ་གཉིས་འདས་གྲོངས་ཕྱིན་སྟབས་ཕྱི་ལོ་ ༡༩༧༩ ནས་ ༡༩༨༩ བར་དྭང་སློབ་དམག་སྒར་དུ་ལོ་ངོ་བཅུའི་རིང་ལས་དྲུང་གི་ལས་ཁུར་ཞུས། ༡༩༨༩ ལོར་དམག་སྒར་སྒྲིག་གསལ་དགོངས་དོན་བཞིན་ཁོང་ལུས་གཅོང་དབང་གིས་དམག་སྒར་ནས་རྩ་དགོངས་བསྩལ། དམག་སྒར་ནས་ལས་ཡུལ་དང་འཚོ་བའི་མཐུན་རྐྱེན་གཞན་གང་ཡང་མེད་པར་བརྟེན་སྨན་རྩིས་ཁང་དུ་ཡིག་རྒྱུགས་ཀྱི་ལམ་ནས་ ༡༩༨༩ ཟླ་ ༡༢ ཟླ་མཇུག་ནས་འཛུལ་ཞུགས་ཀྱིས་ཐོག་མར་ཀ་ཏ་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་ཐོག་བསྐོ་བཞག་གནང་།

སྐབས་དེར་ཀ་ཏ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་པདྨ་རྡོ་རྗེ་ཡིན་ལ། ས་གནས་སུ་ཉིན་རེ་ནས་ཉིན་རེར་ནད་པ་ཇེ་མང་དུ་སོང་བ་ལ་བརྟེན་ཁོང་ལས་དྲུང་དུ་བསྐོ་བཞག་གནང་། དུས་ཡུན་དེའི་རིང་ས་གནས་ཡན་ལག་ནས Bokaro Steel Plant ལ་སྨན་སྐོར་དུ་ཐེངས་གཉིས་དང་། ཤི་ལོང་དུ་ཉིན་ལྔའི་རིང་སྨན་སྐོར་ཆེད་སྐྱོད་བྱས་ཏེ་གྲུབ་འབྲས་གང་ལེགས་བྱུང་བ་དང་།  ཀ་ཏ་རྒྱལ་སའི་ནང་སྨན་རྩིས་འགྲེམས་སྟོན་དང་། ཨོ་རི་ས་བྷུབ་ནེ་ཤྭར་ཡན་ལག་སྨན་ཁང་དུ་སྨན་རྩིས་འགྲེམས་སྟོན་གོ་སྒྲིག་ཞུས། སྐབས་དེར་སྨན་རྩིས་ཁང་ནས Tollygung  ས་ཁང་སྤུས་གཟིགས་གནང་བར་ཁོང་གིས་ཁྲིམས་མཐུན་གན་ཡིག་དགོས་མཁོའི་ཡིག་ཆ་སོགས་འཐུས་ཚང་ཞུ་ཐུབ་པ་བྱུང་།  ༡༩༩༤ ནས་ ༡༩༩༥ བར་ཁོང་གློ་གཅོང་གི་རྐྱེན་པས་སྨན་བཅོས་ཆེད་གནས་སྤོས་དང་སྦྲགས་དབུས་ཡན་ལག་སྤྱི་ཁྱབ་ལས་དྲུང་དུ་བསྐོ་བཞག་གནང་། ཡན་ལག་སྤྱི་ཁྱབ་ལས་དྲུང་ལས་ཁུར་ཞུ་མུས་ཐོག་སྨན་རྩིས་ཁང་ལས་བྱེད་བདེ་དོན་ཚོགས་ཆུང་སྐབས་དང་པོ་དང་གཉིས་པའི་ཚོགས་གཙོ་ལོ་བཞི་ལ་ཞུས། ད་ཡོད་ནཱག་པུར Tulak Nagar, Nagpur སྐོར་སྐྱོད་སྨན་ཁང་གི་ས་ཁུངས་དེ་དག་སྨན་པ་ཚེ་བརྟན་པའི་སྐབས་ནོར་རྒྱས་གླིང་གཞིས་སྒར་ས་གནས་བོད་རིགས་གཞོན་ནུ་མཐོ་སློབ་སློབ་མའི་ཆེད་སྐུ་ཞབས་ Khobragadge མཆོག་ནས་རིན་མེད་ཐོག་ཕུལ་ཡོད་ཀྱང་། ཡུན་རིང་པོར་རང་རེ་བོད་རིགས་མཐོ་སློབ་སློབ་མ་སྡོད་མཁན་མ་བྱུང་བར་བརྟེན། ས་གནས་གཞིས་མགོ་ཨ་མདོ་མགོན་པོ་བཀྲ་ཤིས་མཆོག་གིས་སྦྱིན་བདག་ལ་སྨན་རྩིས་ཁང་ནག་སྤུར་དུ་ཟླ་རེ་སྨན་སྐོར་སྐབས་ཁང་གླ་སྤྲོད་མི་དགོས་པའི་ཐུགས་ཕན་ཆེན་པོ་ཡོང་ངེས་ཀྱི་རེ་སྐུལ་ཞུས་འབྲས་སུ་སྦྱིན་བདག་གིས་ངོས་ལེན་གནང་བར་བརྟེན། དབུས་འཛིན་སྐྱོང་ནས་བཀྲ་ཤིས་དབང་འདུས་ལགས་ནཱག་པུར་ས་ཁང་མིང་སྒྱུར་ཆེད་གཏོང་གིས་སྦྱིན་བདག་དང་བྷནདཱ་ར་ནོར་གླིང་གཞིས་སྒར་མགོ་འཛིན་མཆོག་གི་ལམ་སྟོན་འོག་ནག་སྤུར་ས་ཁང་དེ་དག་དུས་ཚོད་ཐུང་ཐུང་ཞིག་གི་ནང་སྨན་རྩིས་ཁང་གི་མཚན་ཐོག་ཁྲིམས་མཐུན་མིང་བསྒྱུར་ཐུབ་པ་བྱུང་།
༢༠༠༢ ནས་ ༢༠༠༤ བར་མུམ་བཻ་གསར་པ་ཡན་ལག་སྨན་ཁང་དུ་ལས་དྲུང་གི་ལས་འགན་ཞུས། དིལླི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་བཞུགས་པའི་སྐབས་སུ་ནད་པ་མང་རྐྱེན་ལས་དྲུང་གི་ལས་ཞོར་དུ་སྣེ་ལེན། སྨན་སྤྲོད། རྩིས་པའི་ལས་ཚབ་ཞུ་མུས་ཐོག བལ་ཡུལ་ཡན་ལག་སྨན་ཁང་།  རྒྱ་གར་བྱང་ཤར་ཁུལ་ས་ལུ་སྒ་ར། ཇེ་གའོན། ཀ་རྡོར་སྒང་གསུམ་ཡན་ལག་སྨན་ཁང་ཁག་དང་། ལྷོ་གཞིས་ཁུལ། བེངྒ་ལོར། བྷེལ་ཀོབ་ཡན་ལག་གཉིས། ཧུན་སུར། ཀོལླི་གལ། མོན་གྷོ་ཡན་ལག་སྨན་ཁང་གཉིས་བཅས་ཀྱི་དགོས་མཁོ་གསོལ་སྨན་རྣམས་མེ་འཁོར་རམ་ཀྲག་འཁོར་བརྒྱུད་དེ་དུས་ཐོག་གཏོང་མུས་བྱེད་པ་བཅས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་པ་བཅས་སོ།།

༣༤༽ རྩིས་པ་བཤད་སྒྲུབ་སེང་གེ་ལགས་ལོ་རྒྱུས་སྙིང་བསྡུས།

རྩིས་པ་བཤད་སྒྲུབ་སེང་གེ་ནི་ཕྱི་ལོ་ ༡༩༧༢ ལོར་སྨན་སློབ་སྐབས་གསུམ་པའི་ནང་དུ་འཛུལ་ཞུགས་བྱས་ཏེ་ ༡༩༧༨ བར་སྨན་རྩིས་གཉིས་ལ་སློབ་སྦྱོང་བྱས་ཀྱང་ཐོན་རྒྱུགས་མ་ལོན་པའི་གནས་ཚུལ་བྱུང་བར་བརྟེན་ ༡༩༨༢ ལོར་སྦིར་ཡན་ལག་སྨན་ཁང་དུ་སྨན་སྤྲོད་དང་རྩིས་པ་ལས་དོན་ལ་ཞུགས་དགོས་བྱུང་།  ཕྱིས་སུ་སྦིར་ཡན་ལག་སྨན་ཁང་གི་སྨན་པའི་ཕྱག་རོགས་སྨན་པ་དང་རྩིས་པ་སྨན་སྤྲོད་པ་བཅས་ཞུས་ཤིང་། ད་ལྟ་རྩིས་པའི་ལས་ཁུར་ཞུ་བཞིན་པའི་ཐོག་ཉེ་ལམ་སྨན་རྩིས་ཁང་རིག་གཞུང་ལྷན་ཚོགས་ནས་སྨན་པའི་ལས་དོན་ལ་ཞུགས་ཆོག་པའི་ཆོག་མཆན་གནང་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༣༥༽ སྨན་རྩིས་ལས་བྱེད་སྒྲོལ་མ་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྒྲོལ་མ་ཚེ་རིང་ལགས་ཕྱི་ལོ་ ༡༩༦༠ ལོར་ཀ་སྦུག་ཏུ་སྐྱེས་པ་དང་། ༡༩༦༦ ལོ་ནས་མ་སུ་རི་གཏན་སློབ་དུ་འཛིན་རིམ་བཅུ་པ་བར་སློབ་སྦྱོང་བྱས། དེ་རྗེས་ཀ་ཏར་ Suffee Commercial college ནང་ལོ་གཉིས་རིང་སློབ་སྦྱོང་བྱས་རྗེས། ཡང་བསྐྱར་བེངྒ་ལོར་ Davar’s College ནང་ལོ་གཅིག་ལྷག་ཙམ་རིང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད། ཕྱི་ལོ་ ༡༩༨༢ ལོར་སྨན་རྩིས་ཁང་ལ་འཛུལ་ཞུགས་བྱས་ཏེ་ཨིིན་དྲུང་ཟུར་པར་དབྱིན་ཡིག་གནས་འབྲེལ་ཕྱག་རོགས་སུ་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༣ ལོར་གངས་སྐྱིད་དུ་སྨན་རྩིས་ཁང་གསར་རྒྱག་ཟིན་ཏེ་ཡིག་ཚང་སྤོ་བཤུད་གནང་སྐབས་ཁ་དཔར་དང་སྣེ་ལེན་འབྲེལ་མཐུད་པ། དེ་བཞིན་སྐར་རྩིས་སྡེ་ཚན་ནས་འདོན་བཞིན་པའི་ལོ་ཐོ་ཤོག་རྐྱང་མ་དང་། ལོ་ཐོ་རྒྱས་བསྡུས་སོགས་འགྲེམས་སྤེལ་སྟངས་འཛིན་དང་། སྨན་རྩིས་ཟླ་གསུམ་གསར་ཤོག་འགྲེམས་སྤེལ། ཕྱི་རྒྱལ་བར་ཚེ་རབས་ལས་རྩིས་བརྒྱབ་པ་དབྱིན་ཡིག་ཏུ་བསྒྱུར་རྒྱུ་བཅས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༥ ལོ་ནས་བཟུང་སྨན་རྩིས་ཁང་གི་སྨན་སློབ་དང་སྨན་ལས་ཕྲུ་གུ་ཚོར་སྦྱིན་བདག་ཐབས་འཚོལ་ཞུ་རྒྱུ་དང་། ཟླ་གསུམ་གསར་འགྲེམས་སྤེལ་བཅས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༦ ལོ་ནས་དངུལ་རྩིས་སྡེ་ཚན་ནང་དངུལ་གཉེར་ལ་སོགས་པའི་ལས་འཁུར་ལོ་མང་རིང་ཞུས། ཕྱི་ལོ་ ༢༠༠༦ ལོར་ཡང་བསྐྱར་སློབ་ཡོན་འབྲེལ་མཐུད་པ་དང་ལས་ཤག་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མི། སྨན་རྩིས་ཁང་གི་སྐུ་མགྲོན་རྣམས་ལ་སྣེ་ལེན་ཞུ་རྒྱུ། གཞན་ཡང་སྨན་རྩིས་ཁང་གི་ཚོགས་མིར་འབྲེལ་ལམ་དང་ཟླ་གསུམ་གསར་ཤོག་འགྲེམས་སྤེལ་བཅས་ཀྱི་ལས་སྣེར་བསྐོ་བཞག་གནང་སྟེ་ཞབས་ཞུ་ཧུར་ཐག་ཞུ་བཞིན་ཡོད་པ་དང་།  ༢༠༠༧ ལོར་བོད་གཞུང་འཕྲོད་བསྟེན་ལྷན་ཁང་གིས་མི་ལོ་ ༢༥ རིང་ཞབས་ཞུ་ཞུས་པའི་གཟེངས་བསྟོད་ཕྱག་འཁྱེར་གནང་བ་བཅས་སྔ་ཕྱི་བར་གསུམ་དུ་སྨན་རྩིས་ཁང་གི་ལས་དོན་ལ་འབད་འབུངས་ལྷོད་མེད་གནང་དང་གནང་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

༣༦༽ སྨན་རྩིས་ལས་བྱེད་ཐུབ་བསྟན་བྱམས་པ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཐུབ་བསྟན་བྱམས་པ་ལགས་ཀྱིས་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༢༥ ཉིན་སྨན་རྩིས་ཁང་དུ་སྨན་སྤྲོད་རྩིས་པའི་ཡིག་རྒྱུགས་ཕུལ་ཏེ་འཛུལ་ཞུགས་གནང་ཞིང་།  ལོ་དེའི་ཟླ་བདུན་པ་ནས་མ་ནཱ་ལི་སྨན་ཁང་དུ་སྨན་སྤྲོད་པའི་ལས་འགན་ཞུས། དེ་རྗེས་དབུས་སྨན་རྩིས་ཁང་གི་རྩིས་ཁང་སྡེ་ཚན་དུ་གནས་སྐབས་རིང་ཡན་ལག་སོ་སོའི་འཛིན་དག་གཤེར་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༡ ལོར་ཀ་ཏ་སྨན་ཁང་དུ་གནས་སྤོས་གནང་སྟེ་རྩིས་པའི་ལས་འགན་བླངས་། ༡༩༩༢ ལོར་སིམ་ལ་སྨན་ཁང་དུ་གནས་སྤོས་གནང་སྟེ་རྩིས་པའི་ལས་འགན་ཞུས། ཕྱི་ལོ་ ༡༩༩༦ ལོར་རྡ་སར་གནས་སྤོས་གནང་བ་དང་།  ཐོག་མར་སྦྲགས་ཁང་ཁག་གཉིས་ལ་ཆ་བགོས་ཀྱིས་ཕྱག་ལས་གནང་བ་དང་།  ༢༠༠༠ ལོར་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ཟོག་གཉེར་དང་།  ཐོན་དངོས་དོ་དམ་པར་གནས་སྤོས་གནང་བས། དེ་གའི་སྨན་རྒྱུ་ཁག་སྦྱོར་འདོན་བྱེད་རྒྱུ་སོགས་ཀྱིས་མཚོན་ལས་ཀ་གང་མང་འབད་འབུངས་ཀྱི་བསྒྲུབས་ཡོད། ༢༠༠༣ ཟླ་ ༥ ཚེས་ ༡༦ ནས་མཐོ་སློབ་ལས་དྲུང་དུ་གནས་སྤོས་གནང་། ༢༠༠༤ ལོར་དྷ་སྟེང་སྨན་ཁང་གི་ཕྱིར་ཆོང་ཅ་དངོས་ཚོང་གཉེར་གྱི་ལས་འགན་གནང་།

༢༠༠༥ ཟླ་ ༡༠ ཚེས་ ༢༠ ནས་དབུས་འཛིན་སྐྱོང་གི་སྤྱི་ཐབ་སྤྱི་གཉེར་དུ་གནས་སྤོས་གནང་། དེ་རྗེས་ ༢༠༠༦ ཟླ་ ༡༡ ཚེས་ ༡ ནས་བཟུང་ད་བར་སྨན་མཛོད་སྡེ་ཚན་གྱི་རིན་ཆེན་རིལ་བུའི་འགན་འཁུར་རྐང་ལེན་གནང་བཞིན་ཡོད་པ་བཅས་ལོ་རྒྱས་སྙིང་བསྡུས་སོ།།

༣༧༽ སྨན་རྩིས་ལས་བྱེད་བློ་ལྡན་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བློ་ལྡན་སྒྲོལ་མ་ལགས་ཕྱི་ལོ་ ༡༩༨༩ ལོར་བོད་གཞུང་སྨན་རྩིས་ཁང་གི་བཀོད་མངགས་ལྟར་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་སྒར་སྨན་ཁང་དུ་ཟླ་དྲུག་རིང་སྨན་སྤྲོད་པའི་ཕྱག་ལས་གནང་། དེ་རྗེས་བདེ་སྐྱིད་གླིང་གཞིས་ཆགས་སུ་གནས་སྤོས་གནང་བ་ནས་བཟུང་། ལོ་མང་པོར་སྐབས་རེར་སྨན་སྤྲོད་པ་དང་།  སྐབས་རེར་རྩིས་པ་སོགས་ཕྱག་ལས་སྣ་ཚོགས་འབད་འབུངས་ཆེར་བསྐྱེད་ཀྱིས་བསྒྲུབས་དང་སྒྲུབ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

༣༨༽ སྨན་སྦྱོར་ལས་བྱེད་དངོས་གྲུབ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

དངོས་གྲུབ་ལགས་ཕྱི་ལོ་ ༡༩༨༩ ཟླ་ ༡༠ ཚེས་ ༡ ནས་དབུས་སྤྱི་ཐབ་ཏུ་ལས་བཅར་ཞུས་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༣ ནས་སྨན་སྦྱོར་ཁང་དུ་གནས་སྤོས་ཀྱིས་ཕྱག་ལས་གནང་། ༢༠༠༥ ནས་མ་བྱན་དང་སྨན་བཟོ་སྐྲུན་གྱི་ཕྱག་ལས་གནང་།

 

༢༠༡༠ ཟླ་ ༡༠ པའི་ནང་སླར་ཡང་སྨན་སྦྱོར་ཁང་དང་དབུས་སྤྱི་ཐབ་བཅས་སུ་ལས་བཅར་གནང་སྟེ་སྨན་རྩིས་ཁང་དུ་ཞབས་ལོ་ཉི་ཤུ་ལྷག་གི་རིང་ཞབས་ཞུ་ཧུར་ཐག་གིས་གནང་བ་དང་། ད་དུང་མུ་མཐུད་དེ་ལས་ཀ་ཞུ་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༣༩༽ ལས་བྱེད་ལྷ་རྩེ་ཚེ་རིང་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ལྷ་རྩེ་ཚེ་རིང་རྡོ་རྗེ་ལགས་ཕྱི་ལོ་ ༡༩༨༣ ཟླ་ ༢ ཚེས་ ༡༨ ཉིན་སྨན་རྩིས་ཁང་ལ་འཛུལ་ཞུགས་ཀྱིས་ཡན་ལག་སྨན་ཁང་གི་འགན་འཛིན་གྱི་ལས་ཁུར་ཐོག་མ་ཞུས་ཤིང་། སྐབས་དེར་ས་གནས་ཡན་ལག་ཁག་གི་གནས་སྟངས་ཧ་ཅང་སྐྱོ་བར་སོང་། འགན་འཛིན་མཆོག་ས་གནས་ས་ཐོག་ཏུ་ཆེད་ཕེབས་གནང་སྟེ་ཡར་རྒྱས་གཏོང་རྒྱུའི་མཚོན་ལས་དོན་དག་ཧུར་ཐག་གིས་བསྒྲུབས་གནང་མཛད། ཕྱི་ལོ་ ༡༩༩༦ ལོར་དྲུང་ཆེའི་ལས་རོགས་བསྐོ་བཞག་བྱུང་ཡང་མི་རིང་བར་ཡན་ལག་སྤྱི་ཁྱབ་ཡིག་ཚང་དུ་སྔར་བཞིན་ཟུར་དུ་མེད་ཐབས་མེད་པའི་བསམ་འཆར་བྱུང་སྟེ་ཡན་ལག་འགན་འཛིན་སྨན་པ་དགོས་གལ་ཟེར་ནས་སྨན་པ་རྣམ་རྒྱལ་ཚེ་རིང་ནས་འགན་འཛིན་དང་ལྷ་རྩེ་བ་ཚེ་རིང་རྡོ་རྗེ་ལགས་འགན་འཛིན་གཞོན་པར་བསྐོ་བཞག་གནང་། དེ་རྗེས་སྨན་མཛོད་ཀྱི་འགན་འཛིན་ལས་དོན་གནང་ཡུན་རིང་ལས་དོན་དག་ཚགས་ཚུད་དང་ཧུར་ཐག་གནང་བ་སོགས་ལ་བརྟེན་ ༢༠༠༣ ལོ་སྨན་རྩིས་ཁང་གི་ཁྱོན་ཡོངས་ཀྱི་སྨན་སྦྱིན་རིན་སྒོར་འབུམ་བརྒྱད་བཅུ་གྱ་ལྔ་འགྲོ་བ་རྣམས་ཡོངས་རྫོགས་སྨན་མཛོད་སྡེ་ཚན་ནས་གསབ་ཐུབ་པ་བྱུང་བ་སོགས་བྱུང་ཡོད་ལ། ད་ལྟ་རྒན་ཡོལ་ལས་ཤག་ཏུ་བཞུགས་མུས་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༤༠༽ ལས་བྱེད་བསོད་ནམས་གཡང་སྒྲོན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བསོད་ནམས་གཡང་སྒྲོན་ནི་སྤྱི་ལོ་ ༡༩༦༦ ལོར་སྐྱེས་ཤིང་། མོན་གྷོ་ས་གནས་གཞིས་ཆགས་ནས་ཉིན་སློབ་ཏུ་འཛིན་གྲྭ་བཅུ་བ་བར་བསྐྱོད། ཕྱིས་སུ་དྭང་སློབ་ཏུ་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་ཞབས་ཞུ་དང་། ཕྱི་ལོ་ ༡༩༨༩ ལོར་དབུས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཀོལླི་གལ་ཡན་ལག་སྨན་ཁང་དུ་ལོ་གཉིས་རིང་སྨན་སྤྲོད་ཀྱི་ལས་ཀ་བྱས། ༡༩༩༡ ལོར་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་བྱས། དེ་རྗེས་མོན་གྷོ་གཞིས་སྒར་གསུམ་པའི་ཡན་ལག་སྨན་ཁང་དུ་གནས་སྤོས་བྱས། ༡༩༩༩ ལོར་མོན་གྷོ་གཞིས་སྒར་དྲུག་པའི་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་སྨན་སྤྲོད་ཀྱིས་ཞབས་ཞུ་ཞུས་དང་ཞུ་བཞིན་ཡོད།

༤༡༽ ཨིན་དྲུང་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཚེ་བརྟན་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༦༥ ཟླ་༨ ཚེས་ ༡༥ ཉིན་ཀ་སྦུག་ཏུ་སྐྱེས། གཞི་རིམ་འཛིན་གྲྭ་བཅུ་པ་བར་ཀ་ལན་སྦུག་ཡེ་ཤུའི་སློབ་གྲྭ་ (St. Augustine’s School) འགྲིམས་ཏེ་ཕྱི་ལོ་ ༡༩༨༠ ལོར་སློབ་མཐར་ཕྱིན་པ་དང་།  ཕྱི་ལོ་ ༡༩༨༤ ལོར་ St. Joseph མཐོ་རིམ་སློབ་གཉེར་ཁང་ནས་ཚོང་རིག་གཙུག་ལག་སློབ་ཐོན་བྱུང་། དེའི་རྗེས་ལོ་གཉིས་རིང་བལ་ཡུལ་ཤམ་བྷ་ལ་མགྲོན་ཁང་དུ་འགན་འཛིན་ལས་རོགས་ཀྱི་ཕྱག་ལས་དང་། ཕྱི་ལོ་ ༡༩༨༧ ལོར་བལ་ཡུལ་ཧི་མ་ལ་ཡའི་མྱུལ་ཞིབ་ཚོགས་པའི་ནང་ཕྱག་ལས་གནང་།  ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༡༠ ནས་དབུས་སྨན་རྩིས་ཁང་སྨན་ཁང་གི་སྨན་འཚོང་སྡེ་ཚན་དུ་ལས་བཅར་ཞུས་པ་དང་། ཕྱི་ལོ་ ༡༩༩༠ ཟླ་༡༡ ནས་ད་ལྟའི་བར་དབུས་སྨན་རྩིས་ཁང་འགན་འཛིན་གྱི་ཨིན་དྲུང་གི་ལས་གནས་ཐོག་ཕྱག་ལས་གནང་བཞིན་ཡོད། དེའི་ཞར་དུ་སྨན་རྩིས་ཁང་གི་གསར་འཕྲིན་གྱི་རྩོམ་སྒྲིག་པ་ཡང་གནང་མྱོང་ཡོད་པ་བཅས་སོ།།

༤༢༽ སྨན་སྦྱོར་ལས་བྱེད་སྤེན་པ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

སྨན་སྦྱོར་ལས་བྱེད་སྤེན་པ་ནི་ཕྱི་ལོ་ ༡༩༩༠ ལོར་སྨན་རྩིས་ཁང་གི་ལས་བྱེད་དུ་བསྐོ་བཞག་གིས་ ༡༩༩༢ བར་ལོ་གཅིག་ལྷག་ཙམ་རིང་གཙང་བཟོ་དང་ཟླ་དྲུག་རིང་འཕྲུལ་འཁོར་བཏང་། ཕྱི་ལོ་ ༡༩༩༢ ནས་ ༢༠༠༦ བར་ལོ་བཅོ་ལྔའི་རིང་སྨན་སྦྱོར་ཁང་གི་ཅ་དངོས་ཉོ་སྒྲུབ་དང་འཕྲུལ་འཁོར་བཟོ་བཅོས་ཁང་དུ་ལས་ཁུར་ཞུས། ༡༩༩༨ ནས་ ༢༠༠༡ བར་ལོ་ལྟར་ཟླ་གཅིག་ལྷག་ཙམ་རིང་ལ་དྭགས་རིག་གཞུང་བསྟི་གནས་ཁང་གི་གློག་གསར་དུ་འཁྲིད་རྒྱུའི་འགན་ཁུར་ཞུས། ༢༠༠༦ ནས་ལོ་གསུམ་རིང་གཙང་བཟོའི་བཅུ་དཔོན་དུ་བསྐོ་བཞག་གིས་ལས་ཁུར་ཞུས་པ་དང་། ༢༠༠༩ ནས་རིལ་སྒྲིལ་ཁང་གི་བཅུ་དཔོན་དུ་བསྐོ་བཞག་གིས་ད་ལྟ་ལས་ཁུར་ཞུ་མུས་ཡིན། གཞན་ཡང་སྨན་རྩིས་ཁང་ལས་བྱེད་བདེ་དོན་ཚོགས་ཆུང་སྐབས་དང་པོ་ནས་བདུན་པའི་བར་ཚོགས་གཙོ་ལོ་ལྔ་དང་ཚོགས་མི་ལོ་དྲུག་རིང་ལས་ཁུར་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

༤༣༽ ལས་བྱེད་ཡེ་ཤེས་ཆོས་སྒྲོན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཡེ་ཤེས་ཆོས་སྒྲོན་ནི་ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་མོན་གྷོ་ཡན་ལག་སྨན་རྩིས་ཁང་དུ་སྨན་སྤྲོད་དང་རྩིས་པའི་ལས་རོགས་དང་། མོན་གྷོ་གཞིས་གྲོང་གསུམ་པའི་སྨན་ཁང་རྒྱག་སྐབས་ཁང་བའི་ཨར་ལས་སོགས་ལའང་ལས་རོགས་ཞུས། དེ་རྗེས་རྦན་རྡ་ར་ཡན་ལག་སྨན་ཁང་གསར་པར་གནས་སྤོས་བཏང་སྟེ་ཕྱི་ལོ་ ༡༩༨༨ ནས་ ༡༩༩༣ བར་ལོ་ལྔའི་རིང་ས་གནས་དེ་རུ་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་ཞུས། ༡༩༩༣ ལོར་ཡང་བསྐྱར་མོན་གྷོ་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འགན་ཐོག་གནས་སྤོས་བཏང་སྟེ་རྩིས་པ་དང་ལས་དྲུང་གཅིག་ལྕོགས་གནང་བར་མ་ཟད། སྨན་ཁང་ལས་ཤག་གསར་བཟོའི་སྐབས་ཨར་ལས་ཆ་ཚང་གི་ལས་འགན་ཁུར། ༢༠༠༡ ལོར་གངས་སྐྱིད་ཡན་ལག་སྨན་ཁང་དུ་གནས་སྤོས་བྱས་ཏེ་སྨན་སྤྲོད་པའི་ལས་ཁུར་གནང་།  ༢༠༠༩ ལོར་ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཞབས་ལོ་ཉེར་ལྔའི་གསོལ་བསྩལ་གནང་།  ད་ལྟ་སྨན་མཛོད་ཁང་གི་སྨན་སྤྲོད་ལས་ཁུར་ཞུ་བཞིན་བཅས་ལོ་རྒྱུས་མདོར་བསྡུས་སོ།།

༤༤༽ ལས་བྱེད་ཟླ་སྒྲོན་ལགས་ཀྱིི་ལོ་རྒྱུས་སྙིང་བསྡུས།

ལས་བྱེད་ཟླ་སྒྲོན་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་ལྷ་སར་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་སུ་རྒྱ་མིའི་སློབ་གྲྭར་འགྲིམས་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ལྷ་ས་སྨན་རྩིས་མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་སྨན་པ་ཁྲོ་རུ་ཚེ་རྣམ་ལགས་སོགས་ཀྱི་སྐད་བསྒྱུར་ལས་ཀ་བྱས། ༡༩༨༨ ལོར་བཙན་བྱོལ་དུ་འབྱོར་ནས་ྋགོང་ས་མཆོག་གི་གསེར་ཞལ་མཇལ་བའི་གོ་སྐབས་ཐོབ་པར་བརྟེན་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་གཞུང་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ ༡༩༨༩ ནས་ ༢༠༠༩ བར་རིམ་བཞིན་དྷ་ས་སྨན་རྩིས་ཕྱིར་ཚོང་སྡེ་ཚན་དང་། གངས་སྐྱིད་སྨན་རྩིས་བརྟག་དཔྱད་ཁང་དུ་སྨན་སྤྲོད་པའི་ལས་ཀ་བྱས། ཕྱི་ལོ་ ༢༠༠༩ ལོར་ ༼ཐེ་ཝན༽ དུ་ཀྲུང་ལུགས་དང་། སྐམ་ཁབ། འཕུར་མཉེ་སོགས་སྦྱོང་བའི་གོ་སྐབས་ཐོབ། ༢༠༠༩ ལོར་སྒེར་གྱི་གནས་སྟངས་ལ་བརྟེན་ནས་བལ་ཡུལ་དུ་གནས་སྤོས་བྱས་ཏེ་ད་ལྟ་བལ་ཡུལ་ཡན་ལག་སྨན་ཁང་དུ་སྨན་སྤྲོད་ཀྱི་ལས་ཀ་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།།

༤༥༽ ལས་བྱེད་མགོན་པོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

མགོན་པོ་ནི་ཕྱི་ལོ་ ༡༩༨༧ ནས་ཐོག་མར་ལས་བཅར་ཞུས་ཏེ་ ༡༩༩༥ བར་རིམ་བཞིན་གསོལ་སྨན་རྩམ་འཐག་འཕྲུལ་འཁོར་ཁང་དང་རིལ་བུ་གྲངས་བཤེར་ཁང་བཅས་སུ་ལོ་བདུན་དང་ཕྱེད་ཀར་ལས་ཁུར་གནང་།  ༡༩༩༥ ལོ་ནས་གཟིམ་སྤོས་བཟོ་གྲྭར་གནས་སྤོས་དང་། ༢༠༠༣ ལོར་རྡ་རི་ཁུལ་དུ་སྨན་སྦྱོར་ཁང་གསར་འཛུགས་བྱས་པས་སྨན་མཛོད་དོ་དམ་པ་དང་ཟོག་གཉེར་གཅིག་ལྕོགས་ལས་ཁུར་ཞུས། ༢༠༠༥ ནས་རིན་ཆེན་རིལ་བུའི་དོ་དམ་དུ་བསྐོ་བཞག་གནང་བར་ཟླ་བདུན་ལ་ལས་ཁུར་དང་།  ད་ལྟ་རིལ་སྒྲིལ་ཁང་དུ་སློབ་སྟོན་གྱི་ལས་ཁུར་དང་ ༢༠༠༥ ནས་བཟུང་བདེ་དོན་ཚོགས་ཆུང་དུའང་ལས་ཁུར་ཞུ་བཞིན་ཡོད་པ་བཅས་སོ།།

 

༤༦༽ལས་བྱེད་རྒྱལ་པོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ལས་བྱེད་རྒྱལ་པོ་ལགས་ནི་ཐོག་མར་ཕྱི་ལོ་ ༡༩༨༣ ཟླ་ ༣ པའི་ནང་འདི་ག་བོད་གཞུང་སྨན་རྩིས་ཁང་དུ་འཛུལ་ཞུགས་གནང་ཡོད་ཅིང་། དེའི་སྐབས་སྤྱི་ཐབ་གསར་རྒྱག་གི་ལས་གཞི་འགྲོ་བཞིན་ཡོད་སྟབས། གནས་སྐབས་རིང་ནད་གསོ་ཁང་གི་མ་བྱན་ལས་རོགས་སུ་བསྐོས་བཞག་གནང་།  ལོ་དེའི་ཟླ་ ༧ ཚེས་ ༡ ཉིན་སྤྱི་ཐབ་གསར་རྒྱག་ལེགས་གྲུབ་ཟིན་རྗེས་ལོ་ལྔ་ཙམ་རིང་སྤྱི་ཐབ་ཀྱི་མ་བྱན་དང་། ཕྱི་ལོ་ ༡༩༨༧ ཟླ་ ༡༢ ནས་ལོ་ལྔ་རིང་དིལླིི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་མ་བྱན་གྱི་ལས་ཁུར་ཞུས། འོན་ཀྱང་གནམ་གཤིས་ཚ་དྲོད་ཆེ་བའི་རྐྱེན་གྱིས་གནས་སྤོས་ཡོང་བར་ཞུས་པ་བཞིན་ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡ ཉིན་སྨན་སྦྱོར་ཁང་དུ་སྨན་མཛོད་དོ་དམ་པའི་ལས་འགན་ཐོག་གནས་སྤོས་བྱས། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ནས་འཛིན་སྐྱོང་གི་དགོས་མཁོ་ལྟར་སྤྱི་ཐབ་ཏུ་མ་བྱན་ཆེན་མོའི་ལས་གནས་ཐོག་མུ་མཐུད་ལོ་བཅུ་གཉིས་རིང་ལས་ཁུར་ཞུས། མཐར་ཕྱི་ལོ་ ༢༠༠༥ ལོ་ནས་རྒས་ཡོལ་ངལ་གསོ་གནང་བཞིན་ཅོན་ཏ་རར་བཞུགས་པ་བཅས་སོ།།

༤༧༽ལས་བྱེད་ཚེ་བརྟན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ལས་བྱེད་ཚེ་བརྟན་རྣམ་རྒྱལ་ལགས་ནི་ཕྱི་ལོ་ ༡༩༣༧ ཟླ་ ༣ པའི་ནང་བོད་དབུས་གཞི་ཀ་རྩེ་རུ་སྐུ་འཁྲུངས། གཞི་རིམ་སློབ་སྦྱོང་ཆེད་བོད་ཀྱི་གཞི་ཀ་རྩེ་ཁྲ་འདུལ་སློབ་གྲྭ་དང་། སྤྱི་ཚོགས་སློབ་གྲྭ། རྒྱ་གར་རྡོ་རྗེ་གླིང་ (Mount Hermon) སློབ་གྲྭ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༥༩ ནས ༡༩༨༣ བར་རྒྱ་གཞུང་གིས་བཙོན་འཇུག་འོག་གནས་དགོས་བྱུང་འདུག་པ་མ་ཟད། ཕྱི་ལོ་ ༡༩༨༣ ལོར་ལྷ་སར་ཡོད་པའི་ཆོལ་གསུམ་རྒྱལ་གཅེས་ཚོགས་པའི་འབྲེལ་མཐུད་པ་ཡང་གནང་།

དེ་རྗེས་བཙན་འབྱོལ་བོད་གཞུང་བདེ་སྲུང་ལས་ཁུང་གི་བཀའ་འབྲེལ་ལྟར་རྒྱ་གར་དུ་འབྱོར་ནས་ཕྱིར་ལོག་བྱ་རྩིས་བྱས་ཀྱང་བདེ་སྲུང་དྲུང་ཆེ་བྱམས་པ་སྐལ་ལྡན་ལགས་ནས་བོད་དུ་ཕྱིར་ལོག་བྱས་ན་འཛིན་བཟུང་བྱ་ཉེན་ཡོད་ཅེས་ལམ་སྟོན་ལྟར་ཕྱི་ལོ་ ༡༩༨༤ ཟླ་ ༣ ཚེས་ ༢༠ ཉིན་སྨན་རྩིས་ཁང་དུ་འཛུལ་བཞུགས་ཀྱིས་ཐོག་མར་ལས་བྱེད་གནས་རིམ་ ༧ དང་།  རིན་ཆེན་སྨན་རྒྱུ་དང་རིན་ཆེན་རིལ་བུ་དང་གསོལ་སྨན་བདག་གཉེར་བར་བསྐོ་བཞག་གནང་། དེ་ནས་ལོ་གཉིས་འཁོར་རྗེས་གནས་རིམ་༤ ཐོག་གནས་སྤར་གནང་།

བགྲེས་ཡོལ་གཏོང་ཚེས་ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༡ ཡིན་ཡང་བགྲེས་ཡོལ་ཕྱིར་འགྱངས་ལོ་གཉིས་གནང་སྟེ་མི་ལོ་ཉི་ཤུ་ལྷག་སྨན་རྩིས་ཁང་ལ་ཞབས་འདེགས་ཞུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས།

༤༨༽ ལས་བྱེད་དོན་ལྡན་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

དོན་ལྡན་རྡོ་རྗེ་ནི་ཕྱི་ལོ ༡༩༩༠ ནས་དིལླིི་ཡན་ལག་སྨན་ཁང་དུ་ལས་བཅར་ཞུས་ཏེ་འགན་འཛིན་རིམ་པའི་འོག་ལས་དྲུང་དང་རྩིས་པ་དངུལ་གཉེར་བཅས་ཀྱི་ལས་ཁུར་གནང་སྟེ་ཞབས་ལོ་ཉེར་གཅིག་རིང་ལ་ས་གནས་དེར་ལྷག་བསམ་རྣམ་དག་དང་ངོ་ལྐོག་རྒྱབ་མདུན་མེད་པར་ཧུར་བརྩོན་བྱེད་བཞིན་ཡོད་པ་བཅས་སོ།།

༤༩༽ ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཕུར་བུ་སྒྲོལ་མ་ནི་གཞི་རིམ་སློབ་གྲྭར་འགྲིམས་ཏེ་འཛིན་རིམ་བཅུ་གཉིས་ཐོན་རྗེས་དྭང་སློབ་དམག་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ལྔའི་རིང་ཞབས་ཞུ་གནང་། ཕྱིས་བོད་གཞུང་སྨན་རྩིས་ཁང་གི་གསལ་བསྒྲགས་ནང་གསལ་ལྟར་རྒྱུགས་སྤྲོད་འབུལ་ལམ་ཞུས་ཏེ་ ༡༩༨༩ ལོར་སྨན་རྩིས་ལས་བྱེད་པར་བསྐོ་བཞག་གིས་ལྷོ་གཞིས་ཀོལླི་གལ་དོན་ལྡན་གླིང་ཡན་ལག་སྨན་ཁང་དུ་སྨན་སྤྲོད་དང་རྩིས་པའི་ལས་འགན་གནང་། དེ་རྗེས་བྷེེལ་ཀོབ་ལུགས་བདེ་གཉིས་ཀྱི་ཡན་ལག་སྨན་ཁང་དུ་སྨན་སྤྲོད་པ་དང་། རྩིས་པ་དྲུང་ཡིག་དངུལ་གཉེར་བཅས་ཀྱི་ལས་ཁུར་གནང་། ༢༠༡༡ ལོར་ཧུན་སོར་རབ་རྒྱས་གླིང་དུ་གནས་སྤོས་ཀྱིས་དེ་གར་རྩིས་པའི་ལས་ཁུར་ཞུ་མུས་ཡིན་པ་བཅས་སོ།།

༥༠༽ ལས་བྱེད་ཀུན་འཛོམས་བཟང་མོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཀུན་འཛོམས་བཟང་མོ་ནི་ཕྱི་ལོ་ ༡༩༨༦ ནས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་རྒྱ་གར་རྒྱལ་ས་དིལླི་ནི་ཛ་མུ་དིན་དང་། ཀོལླི་གལ། བྷེལ་ཀོབ། གངས་སྐྱིད་བཅས་ཀྱི་ཡན་ལག་སྨན་ཁང་དུ་སྨན་སྤྲོད་པའི་ལས་ཁུར་དང་། དབུས་སྨན་རྩིས་ཁང་སྨན་ཚོང་སྡེ་ཚན་དུ་སྨན་སྤྲོད་དང་སྨན་འགན་ཆ་ཚང་རྩིས་ལེན་བཅས་ཀྱི་ལས་འགན་ཞུས་པ་མ་ཟད། རྒྱ་གར་ས་གནས་སུ་སྐོར་སྐྱོད་ཞུ་སྐབས་སྨན་སྤྲོད་དང་རྩིས་པ། སྨན་རྫས་འགྲེམས་སྟོན་ཅ་དངོས་ཚོང་སྒྱུར་བཅས་ཀྱི་ལས་ཁུར་ཞུ་ཆེད་ཐེངས་དུ་མར་བསྐྱོད། ད་ལྟ་དྷ་སྟེང་ཡན་ལག་སྨན་ཁང་དུ་སྨན་སྤྲོད་པའི་ལས་ཀ་ཞུ་བཞིནཡོད་པ་བཅས་སོ།།

༥༡༽ ཁ་ལོ་བ་ཨེས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཨེས་ལགས་ནི་ཕྱི་ལོ་ ༡༩༨༥ ལོར་སྨན་རྩིས་ཁང་ཁ་ལོ་བའི་ལས་ཀའི་ཐོག་ལས་ཞུགས་གནང་ཡོད་ཅིང་། དེ་ཡང་ཐོག་མར་དམག་སྒར་དུ་སྡོད་རིང་མདའ་དཔོན་ཉི་བཟང་མཆོག་ལ་སྨན་རྩིས་ཁང་གི་དབུ་འཛིན་སྐུ་ངོ་བློ་བཟང་བསམ་གཏན་མཆོག་གིས་ཁ་ལོ་བ་ཡག་པོ་ཞིག་དགོས་སྐོར་གསུངས་པ་བཞིན་མདའ་དཔོན་ཉི་བཟང་མཆོག་ནས་ཨེས་ལ་ཆེད་གཏོང་གནང་ཡོད་པ་དང་།་དེ་ནས་བཟུང་སྨན་རྩིས་ཁང་དུ་ལོ་ངོ་ཉི་ཤུའི་རླངས་འཁོར་ཆེ་ཆུང་སྣ་ཚོགས་བཏང་སྟེ་ཞབས་ཞུ་ཞུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སོ།།

༥༢༽ ལས་བྱེད་ལྷུན་གྲུབ་སངས་རྒྱས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

ལྷུན་གྲུབ་སངས་རྒྱས་ནི་ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོར་གདན་དུ་དུས་འཁོར་དབང་ཆེན་སྐབས་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ། སྨན་སྦྱོར་ཁང་། འཕྲུལ་ཐག་ཁང་། རིལ་སྒྲིལ་ཁང་། བཙོ་སྲེག་ཁང་།  རིལ་ཐིམ་ཁང་སོགས་སུ་རང་ནུས་ཅི་ལྕོགས་ཀྱིས་ལས་ཀ་བྱས་པར་མ་ཟད། སྨན་སྐྱེལ་བ་དང་མ་བྱན། སྨན་རྒྱུ་འཐུ་སྒྲུབ་ཀྱི་ལས་ཀར་ཧུར་ཐག་གིས་ཞབས་ལོ་ཧྲིལ་བོ་བཅུ་དགུ་དང་རང་ལོ་དྲུག་བཅུ་སོན་པས་སྒྲིག་སྲོལ་ལྟར་རྒས་ཡོལ་འགྲོ་དགོས་ཀྱང་། བཙོ་སྲེག་སོགས་ཀྱི་ལག་ལེན་ཉམས་མྱོང་ཡོད་སྟབས་རྒས་ཡོལ་ཕྱིར་འགྱངས་ཀྱིས་ལོ་གཉིས་དང་གཅིག་ལ་རིམ་པས་ཞབས་གཡར་གནང་སྟེ་རང་ལོ་དྲུག་ཅུ་རེ་ལྔར་སོན་པ་ནས་སྨན་རྩིས་ཁང་གི་ལས་གའི་དགོས་མཁོར་དམིགས་ཏེ་གླ་བའི་ཐོག་ལས་བཅར་ཞུ་བཞིན་པ་བཅས་སོ།།

 

༥༣༽སྨན་སྦྱོར་ལས་བྱེད་པདྨ་ཚེ་དབང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

          པདྨ་ཚེ་དབང་ལགས་ནི་ཕྱི་ལོ་ ༡༩༨༥ ལོར་སྨན་རྩིས་ཁང་དུ་ལས་ཞུགས་བྱས་ཡོད་པ་དང་། དེ་ཡང་དང་པོ་ལས་ཀ་དམིགས་བསལ་མེད་པར་མཉམ་ལས་ལྟ་བུ་བྱས་ནས་བསྡད་ཡོད་ཅིང་། དེ་རྗེས་ལས་སྣོན་ལག་ལེན་གྱི་སྦྱོང་བརྡར་བྱས་པ་ཆབས་ཅིག་འཕྲུལ་འཁོར་ཁང་དུ་ལས་ཁུར་ཞུས་ཡོད། དེ་རྗེས་སྨན་མཛོད་ནང་ལས་ཁུར་ལོ་མང་ཞུས་པའི་ཞོར་དུ་རིལ་སྒྲིལ་སྦྱོང་བརྡར་དང་རིལ་ཚགས། གཞན་ཡང་རིལ་དཀྱུས་གྲངས་བཤེར་བཅས་ཀྱི་ལས་ཁུར་ཞུས་ཡོད་པ་མ་ཟད། སྤྱི་ཐབ་གཉེར་པ་སོགས་ཀྱི་ལས་དོན་བསྒྲུབས་ཡོད་པ་བཅས་སོ།།

 

༥༤༽སྨན་སྦྱོར་ལས་བྱེད་སྟོབས་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྶུས།

          སྟོབས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༨༩ ལོར་སྨན་རྩིས་ཁང་དུ་ལས་ཞུགས་གནང་སྟེ་ཐོག་མར་རིལ་བུ་བཟོ་སྐྲུན་ཁང་དུ་བསྡད། ཕྱི་ལོ ༡༩༩༠ ལོར་ལས་བྱེད་ངོ་མར་བསྐོ་བཞག་གནང་རྗེས་སྨན་མཛོད་དོ་དམ་པའི་ལས་རོགས་དང་སྨན་སྦྱོར་འཛིན་ཆས་དོ་དམ་པའི་འགན་ཁུར་ཞུས། ཕྱི་ལོ ༡༩༩༤ ལོ་ནས་སྨན་མཛོད་དོ་དམ་པར་བསྐོ་བཞག་གནང་བ་དང་ཆབས་ཅིག་སྨན་མཛོད་རྩིས་པའི་ལས་འགན་ཁུར་མུས་དང་། ཞོར་དུ་སྨན་རྒྱུ་གཙང་བཟོའི་འགན་ཁུར་དང་།  ལས་བྱེད་བདེ་དོན་ཚོགས་ཆུང་གི་དྲུང་ཡིག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ནས་མཐོ་སློབ་ཁང་གི་ཕ་ཚབ་ཀྱི་ལས་དོན་ཡང་ཞོར་དུ་ཞུ་མུས་བཅས་སོ།།

༥༥༽ལས་བྱེད་དབྱངས་འཛོམས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

དབྱངས་འཛོམས་ལགས་ནི་ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་ཁང་གི་ལས་བྱེད་ཁོངས་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༤ ཟླ་ ༨ བར་ལོ་བདུན་ལྷག་ཙམ་རིང་ནད་གསོ་ཁང་གི་ནད་གཡོག་དང་གཙང་བཟོ་བ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། དུས་ཡུན་དེའི་རིང་ནད་པར་ནད་གཡོག་དང་། སྨན་སྤྲོད་པ། བླ་སྨན་དམ་པ་དབང་རྒྱལ་ལགས་གཙོ་བོར་གྱུར་བའི་སྨན་པ་འགའ་ཡིས་སློབ་ཁྲིད་གནང་བ་བཞིན་ནད་པར་སྨན་ལུམས་ཀྱི་ཞབས་ཞུ་དང་། བརྟག་དཔྱད་ཁང་གཙང་མ་བཟོ་བ་བཅས་ཀྱི་ལས་ཁུར་ཞུས་འདུག་པ་མ་ཟད། སྐབས་རེ་འགར་གངས་སྐྱིད་བརྟག་དཔྱད་ཁང་དུ་སྨན་སྤྲོད་ལས་ཚབ་ཀྱང་ཞུས་ཡོད།

ཕྱི་ལོ་ ༡༩༩༤ ལོར་ནད་གསོ་ཁང་ནས་སྨན་སྦྱོར་ཁང་དུ་གནས་སྤོས་ཀྱིས་རིལ་བུ་གྲངས་བཤེར་དང་སྨན་རྩིས་ཁང་གི་མགྲོན་ཁང་གཙང་བཟོ་བྱ་རྒྱུ། སྨན་སྦྱོར་ཁང་གི་རིལ་བུ་གྲངས་བཤེར་དང་།  སྨན་ཕྱེ་འཐུམ་རྒྱག་འཕྲུལ་འཁོར་སྟངས་འཛིན་སོགས་ཀྱི་ལས་ཁུར་རིམ་ཞུས་ཡོད་པ་བཅས་སོ།།

༥༦༽ལས་བྱེད་ཟླ་བ་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཟླ་བ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༦༣ ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་དུ་སྐྱེས། ཕྱི་ལོ་ ༡༩༨༣ ཟླ་བ་བཞི་པའི་ནང་ཐོག་མར་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༧ ཟླ་བ་བཅུ་གཉིས་བར་དབུས་སྨན་རྩིས་ཁང་དུ་སྨན་སྤྲོད་ཀྱི་ཕྱག་ལས་གནང་། དེའི་རྗེས་སུ་དིལླི་མཇ་ནུ་ཀྲི་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་དང་། ཕྱི་ལོ་ ༡༩༨༩ ལོར་དིལླི་ཡན་ལག་སྨན་ཁང་གི་རྩིས་པར་བསྐོ་བཞག་གནང་སྟེ་ཕྱི་ལོ་ ༡༩༩༣ ཟླ་བ་བཞི་བར་ལས་གནས་འདིའི་ཐོག་ཕྱག་ལས་གནང་། དེའི་རྗེས་སུ་ལོ་གཅིག་རིང་བྷུབ་ནེ་ཤྭར་དང་།  ཕྱི་ལོ་ ༡༩༩༤ ཟླ་བ་གསུམ་པ་ནས་ཕྱི་ལོ་ ༢༠༠༠ ཟླ་བ་དགུ་པ་བར་དུ་རཱཇ་པུར་ཡན་ལག་སྨན་ཁང་། དེ་ནས་ལོ་གཉིས་རིང་སིམ་ལ། དེའི་རྗེས་ལོ་གཉིས་རིང་མུམ་བྷེ་ཡན་ལག་སྨན་ཁང་བཅས་སུ་རྩིས་པའི་ཕྱག་ལས་གནང་། དེ་ནས་མེག་ལོཌ་དུ་གནས་སྤོས་ཀྱིས་ལོ་ ༢༠༠༤ ཟླ་བ་བདུན་པ་ནས་ཕྱི་ལོ་ ༢༠༠༥ བར་རྩིས་པའི་འགན་འཁུར་བཞེས། ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ བར་སྔོ་སྦྱོར་སྡེ་ཚན་གྱི་ཐོན་རྫས་མཁོ་སྤྲོད་གནང་མཁན་གྱི་འགན་འཁུར་ཞུས། མི་ལོ་ཉི་ཤུ་རྩ་ལྔའི་རིང་སྨན་རྩིས་ཁང་ལ་ཞབས་ཕྱི་ཞུས་ཏེ་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༦ ཉིན་སྨན་རྩིས་ཁང་ནས་རྩ་དགོངས་ཀྱིས་ཁེ་ན་ཌ་རུ་ནང་མི་ཟླ་སྒྲིལ་ཁོངས་སོང་བ་བཅས་སོ།།

༥༧༽ ལས་བྱེད་བསོད་ནམས་སྒྲོལ་དཀར་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བསོད་ནམས་སྒྲོལ་དཀར་ནི་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ནས་སྨན་རྩིས་ཁང་དུ་ལས་ཞུགས་བྱས་ཤིང་། དང་པོ་མ་བྱན་དང་གད་པའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ནས་ཕྱི་ལོ་ ༡༩༩༥ བར་ལོ་གཅིག་རིང་ས་གནས་སྨན་རྩིས་ཁང་གི་མཚན་སྲུང་ཞུས། ༡༩༩༦ ནས་ ༡༩༩༧ བར་ས་གནས་སྨན་ཁང་གི་གད་པ་དང་མ་བྱན། ཡིག་སྐྱེལ་ཞུས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་ཅོག་ལམ་སར་སྨན་ཁང་གསར་བཟོའི་དོ་དམ་པ་དང་། ༢༠༠༡ ནས་ ༢༠༠༢ བར་ལ་དྭགས་རིག་གཞུང་བསྟི་གནས་སུ་སྨན་རྩ་མཁོ་སྒྲུབ་ཀྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༣ ནས་ད་ལྟའི་བར་གད་པ་དང་ཡིག་སྐྱེལ། དེ་བཞིན་སྨན་རྩིས་ཁང་གི་ཕྱིའི་ཡིག་ཆ་མཁོ་སྒྲུབ་དང་བཟོ་སྐྲུན་སོགས་ལས་སྣེ་གང་མང་བྱེད་བཞིན་ཡོད་པ་བཅས་སོ།།

༥༨༽ ལས་བྱེད་ཉི་མ་མཚམས་གཅོད་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཉི་མ་མཚམས་གཅོད་ལགས་ནི། ཕྱི་ལོ་ ༡༩༩༠ ལོར་དིལླི་ནི་ཛ་མུ་དིིན་ཡན་ལག་སྨན་ཁང་དུ་རྩིས་པའི་ལས་འཁུར་ཐོག་ལས་ཞུགས་ཞུས་ཀྱང་བུ་ཕྲུག་ཆུང་ཆུང་ཡོད་པའི་དཀའ་ངལ་ལ་གཞིགས་ཏེ་ལོ་དེའི་ཟླ་བ་བརྒྱད་པའི་ནང་དིལླི་མ་ཡུར་ཝི་ཧར་ཡན་ལག་སྨན་ཁང་གི་རྩིས་པ་དང་། སྨན་སྤྲོད། གད་པ། མཚན་སྲུང་བཅས་གཅིག་ལྕོགས་ཀྱི་ལས་གནས་ཐོག་གནས་སྤོས་གནང་། ཕྱི་ལོ་ ༡༩༩༡ ཟླ་ ༡༠ ནས་ ཟླ་ ༡༡ བར་དིལླི་བོད་སྒར་དུ་སྨན་སྤྲོད་ཀྱི་ལས་འགན་དང་། ཕྱི་ལོ་ ༡༩༩༡ ཟླ་ ༡༢ ནས་ཕྱི་ལོ་༡༩༩༢ ཟླ་ ༢ བར་བེངྒ་ལོར་ཡན་ལག་སྨན་ཁང་དུ་སྨན་སྤྲོད། དེའི་རྗེས་ཕྱི་ལོ་ ༡༩༩༥ ཟླ་ ༦ བར་རྩིས་པའི་ལས་འགན་ཞུས། དེ་རྗེས་ཕྱི་ལོ་ ༡༩༩༥ ཟླ་ ༧ ནས་ཕྱི་ལོ་ ༢༠༠༢ ཟླ་ ༦ བར་བྷེལ་སྐོབ་ཡན་ལག་སྨན་ཁང་དང་། ཕྱི་ལོ་ ༢༠༠༢ ཟླ་ ༧ ནས་ཕྱི་ལོ་ ༢༠༠༣ ཟླ་ ༦ བར་ཀོལླི་གལ་ཡན་ལག་སྨན་ཁང་བཅས་སུ་རྩིས་པའི་ལས་ཁུར་ཞུས། ད་ལྟ་མོན་གྷོ་ཡན་ལག་སྨན་ཁང་གི་སྨན་སྤྲོད་གནང་བཞིན་པ་བཅས་སོ།།

༥༩༽ ལས་བྱེད་བཀྲ་ཤིས་མཚོ་མོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བཀྲ་ཤིས་མཚོ་མོ་ལགས་ནི། ཕྱི་ལོ་ ༡༩༩༡ ཟླ་ ༧ ཚེས་༡ ནས་སྨན་རྩིས་ཁང་ལྕོག་ལམ་སར་ཡན་ལག་སྨན་ཁང་དུ་གད་པ་དང་མ་བྱན་གཅིག་ལྕོགས་ཀྱི་ལས་གནས་ཐོག་འཛུལ་ཞུགས་བྱས། སྐབས་དེ་དུས་སྨན་ཁང་ནས་སྦྲག་ཁང་བར་ཀི་ལོ་མི་ཊར་གཅིག་དང་ཕྱེད་ཀའི་བར་ཐག་ཡོད་ཀྱང་གོམ་པ་བརྒྱབ་ནས་སྨན་གྱི་དོ་བོ་སྐྱེལ་འདྲེན་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༠༣ ནས་ད་ལྟའི་བར་ཡན་ལག་སྨན་ཁང་དེ་རང་དུ་གད་པ་དང་མ་བྱན། ཡིག་སྐྱེལ་བཅས་གཅིག་ལྕོགས་བྱེད་བཞིན་ཡོད་པ་མ་ཟད། དེ་མིན་ཅོོག་ལམ་སར་ཡན་ལག་སྨན་ཁང་དུ་ལས་ཀ་རྩག་རྩིག་གང་བཀོལ་མངགས་བཅོལ་གནང་ཡང་ལས་འགན་ཞུ་མུས་ཡིན་པ་བཅས་སོ།།

༦༠༽ ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བསྟན་འཛིན་སྒྲོལ་དཀར་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་ལ་དྭགས་སུ་སྐྱེས། ཆུང་དུས་ནད་མནར་གྱི་རྐྱེན་པས་རང་ལོ་ ༩ བར་སློབ་གྲྭར་བསྐྱོད་མ་ཐུབ་ཀྱང་རང་ལོ་ ༩ ནས་གཞི་རིམ་འཛིན་གྲྭ་བདུན་པ་བར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། དེའི་རྗེས་སྲོག་རླུང་གི་ནད་གཞིའི་རྐྱེན་པས་ལོ་ ༦ ཧྲིལ་པོར་སློབ་གྲྭར་བསྐྱོད་མ་ཐུབ་པས་སློབ་གྲྭ་ནས་རང་བཞིན་གྱིས་བུད་དགོས་བྱུང་འདུག ཕྱིས་སུ་སྲོག་རླུང་གི་ནད་གཞི་དེར་བོད་སྨན་བཏང་བས་ཕན་འབྲས་ཧ་ལས་པ་བྱུང་བར་བརྟེན། ཕྱི་ལོ་ ༡༩༩༡ ཟླ་ ༤ བའི་ནང་ཡིག་རྒྱུགས་ལམ་ནས་ཨག་གླིང་ཡན་ལག་སྨན་ཁང་དུ་སྨན་སྤྲོད་ཀྱི་ལས་གནས་ཐོག་ལས་ཞུགས་བྱས། ཕྱི་ལོ་ ༡༩༩༢ ཟླ་ ༤ ནས་ཕྱི་ལོ་ ༡༩༩༣ ཟླ་ ༣ བར་རྩིས་པའི་ལས་འགན། ཕྱི་ལོ་ ༡༩༩༣ ཟླ་ ༤ ནས་ཟླ་ ༩ བར་སྨན་སྤྲོད་རྩིས་པ་གཅིག་ཅོག་ཀྱི་ལས་གནས་ཁུར། ཕྱི་ལོ་ ༡༩༩༣ ཟླ་ ༩ ནས་ཅོག་ལམ་སར་ཡན་ལག་སྨན་ཁང་དུ་སྨན་སྤྲོད་ཀྱི་ལས་འགན་ཐོག་གནས་སྤོས་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༢ ནང་དབུས་དྷ་ས་སྨན་རྩིས་ཁང་དུ་སྨན་སྤྲོད་ཀྱི་ཟབ་སྦྱོང་ཉིན་ ༢༠ གནང་བའི་སྐབས་འཛུལ་ཞུགས་ཞུས་འདུག་པ་དང་།  ཕྱི་ལོ་ ༡༩༩༦ ཟླ་ ༩ བར་ཅོག་ལམ་སར་སྨན་སྤྲོད་དང་། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ནས་ཕྱི་ལོ་ ༢༠༠༣ ཟླ་ ༤ བར་ཅོག་ལམ་སར་ཡན་ལག་སྨན་ཁང་གསར་རྒྱག་གནང་བ་དེའི་ནང་སྨན་སྤྲོད་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༥ ནས་གླེ་རིག་བསྟི་སྨན་ཁང་དུ་གནས་སྤོས་ཀྱིས་ཐོག་མར་སྨན་སྤྲོད་རྩིས་པ་གཅིག་ལྕོགས་དང་ཕྱི་ལོ་ ༢༠༠༥ ཟླ་ ༩ ནས་ད་ལྟའི་བར་སྨན་སྤྲོད་ཀྱི་ལས་གནས་ཐོག་ལས་ཁུར་ཞུ་མུས་བཅས་སོ།།

ད་ལམ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་འདི་ག་སྨན་རྩིས་ཁང་དུ་ཡུན་རིང་ཕྱག་ལས་གནང་བའི་ཞབས་ལོ་སུམ་ཅུ་དང་ཉི་ཤུ་འཁོར་མཁན་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་རེ་བཀོད་པའི་དམིགས་ཡུལ་ནི། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་རང་ནུས་གང་ཡོད་ཀྱི་སྒོ་ནས་མི་ཚེ་ཧྲིལ་པོ་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་ལེགས་སྐྱེས་ཕུལ་བར་ངོས་འཛིན་ཡོང་ཕྱིར་འགོད་འབུལ་ཞུས་པ་ལས་ཆེས་རླབས་ཆེན་གྱི་མཛད་རྗེས་ཆེ་བ་གཅིག་པུས་མ་ཡིན་ཏེ། ཞབས་ལོ་ཉི་ཤུ་མ་ལོན་པར་བཅུ་བཅོ་ལྔའི་རིང་སྨན་རྩིས་ལས་དོན་ལ་མཛད་རྗེས་མངོན་པར་བསྟོད་འོས་ཅན་གང་མང་མེད་པ་མ་ཡིན་ནོ། གཞན་ཡང་ཞབས་ལོ་ཉི་ཤུ་ལོན་ཡོད་ཀྱང་འདས་ཆོས་སུ་གྱུར་པ་དང་ཕྱི་རྒྱལ་ཁག་ཏུ་གནས་སྤོས་སོང་བས་འབྲེལ་གཏུག་མ་ཐུབ་པ། གསལ་བརྡ་ཕུལ་ཀྱང་ཡིག་ལན་མ་གནང་བ་བཅས་ལ་བརྟེན་ཁག་ཅིག་ཡོད་པ་གཤམ་གསལ་རྣམས་ཡིན།

༡། བྱམས་པ་རྒྱལ་མཚན་ལགས། ༡༩༦༧ ནས་ ༡༩༩༧ བར་ཏེ་ཞབས་ལོ་སུམ་ཅུའི་རིང་ཞབས་ཞུ་ཞུས་འདུག

༢། འགྱུར་མེད་ནོར་བུ་ལགས་ཕྱི་ལོ་ ༡༩༧༢ ནས་ ༡༩༩༨ བར་ཞབས་ལོ་ཉི་ཤུ་ལྷག་སོང་འདུག།

༣། པ་སངས་ཚེ་རིང་ལགས་ནས་ཕྱི་ལོ་ ༡༩༧༢ ནས་ ༡༩༩༥ བར་ཞབས་ཞུས་ཡོད།

༤། བློ་བཟང་ཚེ་དབང་ལགས་ནས་ཕྱི་ལོ་ ༡༩༨༢ ནས་ ༢༠༠༣ བར་ཞབས་ཞུ་ཞུས།

༥། བཀྲ་ཤིས་རྡོ་རྗེ་ལགས་ནས་ཕྱི་ལོ་ ༡༩༨༣ ནས་ ༢༠༡༠ བར་ཞབས་ཞུ་ཞུས།

༦། རིག་འཛིན་སྒྲིག་པ་ལགས་ནས་ཕྱི་ལོ་ ༡༩༨༢ ནས་ ༢༠༠༣ བར་ཞབས་ཞུ་ཞུས་ཡོད།

༧། བློ་བཟང་ཡོན་ཏན་ལགས་ནས་ཕྱི་ལོ་ ༡༩༨༤ ནས་ ༢༠༠༥ བར་ཞབས་ཞུ་ཞུས་འདུག

༨། བསོད་ནམས་བསྟན་འཛིན་ལགས་ནས་ཕྱི་ལོ་ ༡༩༨༤ ནས་ ༢༠༠༥ བར་ཞབས་ཞུ་ཞུས།

༩། བསོད་ནམས་དགའ་སྐྱིད་ལགས་ནས་ ༡༩༨༩ ནས་ ༢༠༠༩ བར་ཞབས་ཞུ་ཞུས་ཡོད་པ་བཅས་སོ།།

 

          གོང་གསལ་སྐུའི་བླ་སྨན་པ་རྣམ་པ་ཕུད་དེ་མིན་ཞབས་ལོ་སུམ་ཅུ་དང་ཉི་ཤུ་ལོན་པའི་སྨན་རྩིས་ལས་བྱེད་རྣམས་ཀྱི་ལོ་རྒྱུས་དེ་བཞིན་ཕལ་ཆེ་བ་དོ་བདག་གིས་གང་བྲིས་པ་གཞི་རྩར་བཞག་སྟེ་ཚིག་བསྡུས་གང་ཐུབ་བྱས་ཡོད་པ་མ་ཟད། བང་རིམ་ཡང་སྨན་རྩིས་ཁང་གི་ལས་སྒོར་འཛུལ་ཞུགས་སྔ་རྟིིང་གཞི་ལ་བཞག་ཡོད་པས་དེ་དོན་ཐུགས་འཇགས་ཡོང་བ་ཞུ་རྒྱུ་ཡིན།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།