སྨན་རྩིས་དྲ་བ། - སྣ་ཚོགས།

རྒྱུད་བཞིའི་པར་རྩ་ཁག་གི་པར་བྱང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.05.2019
སྣ་ཚོགས། >>

དཔལ་ལྡན་རྒྱུད་བཞིའི་པར་རྩ་ཁག་གི་པར་བྱང་།

གྲྭ་ཐང་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ།།

བཤད་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །ཤུ་བྷཾ།།

མན་ངག་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་རྒྱུད་ཆེན་འདི་ཉིད་ལ་ལས་གོ་སླ་བར་བཟུང་། འགའ་ཞིག་གིས་རྟོགས་དཀའ་བར་མཐོང་། ཕལ་ཆེར་གྱིས་ཞིབ་ཏུ་མ་དཔྱད། ཁ་ཅིག་ནི་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་བར་སྣང་ཞིང་། རྒྱུ་དེས་སྔོན་ཆད་འགྲེལ་པ་མཛད་པོའང་ཆེར་མ་བྱུང་འདུག་པས། ཡིད་ཆེས་སུ་རུང་བ་ནི་གཡུ་ཐོག་པའི་མཆན་བུ་སྟེ། དེ་ལའང་གསེར་མཆན་ཟོག་མཆན་ཞེས་སྨར་ཟོང་གི་དབང་དུ་བྱས་པར་གྲགས་ཀྱང་། དིང་སང་ཕལ་ཆེར་ཕན་ཚུན་འདྲེས་ཤིང་མི་འདྲ་བ་ཁོ་ན་མ་གཏོགས་ཡིད་ཆེས་སུ་རུང་བ་དམིགས་ཀྱིས་བསལ་རྒྱུ་ཆེར་མི་སྣང་བས། སྔར་གྱི་ཡིག་རྙིང་རྣམས་སོར་བཞག་ནས། སྙིང་པོ་བསྡུས་པའི་རྩ་འགྲེལ། ཛི་ན་མི་ཏྲའི་གཞུང་ཆེན། སྟོང་ཐུན་ཆེན་མོའི་སྐོར། གཅེས་ཕྲེང་། དྲང་སྲོང་གི་སྒོས་བཅོས། ཀླུའི་རྒྱུད་བཞི་མན་ངག་དང་བཅས་པ། མིའི་ཁོག་པ་སྟོད་སྨད། དམར་བྱང་དང་ཐེམ་བྱང་། ཤེལ་གྱི་མེ་ལོང་། སྐེ་རགས་དཀར་པོ། མེ་ལྕེ་ཕྲེང་བ། གསོ་བ་ལམ་སྒྲོན། བདུད་རྩི་ལྗོན་ཤིང་སོགས་རྩ་བའི་ཁུངས་གང་རྙེད་རྣམས་དང་སྒོ་བསྟུན་ནས་འབད་པས་དག་པར་བསྒྲུབས་པ་ཡིན་ལ། དེ་ལས་མཐའ་དག་ནི་ཧ་ཅང་མང་ཆེས་ཤིང་མི་དགོས་ཀ་མེད་དུའང་མི་སྣང་བས་གཞུང་མི་མཛེས་པར་དོགས་ནས་མ་བཀོད། སྒྲུབ་བྱེད་ཨ་གར་དྲུག་སྦྱར་ཞེས་སོགས་མཆན་བུ་མ་གཏོགས་གཞན་མས་དཔྱད་དཀའ་བའི་རིགས་རྣམས་མ་ཆད་པ་བྱས། དེའང་ཡིག་ཕྲེང་གི་སྲུབས་ལ་བྲིས་ན་ཁུལ་དོག་པོར་འགྲོ་ཞིང་འདྲེན་འཚེག་ལྟ་བུས་གཞུང་འཐོར་བར་དོགས་པ་དང་། ཀ་ཐོ་བསྒྲིགས་ན་རྟོགས་དཀའ་བར་སྣང་བས་ན་འཇུག་མཚམས་ཇི་ལྟ་བར་ཚིག་སྣ་ཅུང་ཟད་བསྟུངས་ཏེ་དཀྱུས་ཁོ་ནར་ཆེ་ཆུང་དང་མཚམས་ཀྱང་ཕྱེད་པར་བཀོད་པ་འདིས་ཀྱང་མན་ངག་རྒྱུད་འདི་ཉིད་ཡོངས་སུ་དར་བའི་རྒྱུར་གྱུར་ཅིག །ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུ་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །ཤུབྷཾ་མསྟུ་སརྦ་ཛ་ཀ་ཏཱཾ།།

ཕྱི་མ་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ཞེས་ཞེས་བྱ་བ་འདི་ཉིད་མཐའ་བཞིའི་སྨན་པ་རྣམས་དང་མཁས་པ་མི་དགུ་ལ་སོགས་པས་སྲོལ་ཕྱེ་ཞིང་དར་རྒྱས་སུ་མཛད་པའི་གཞུང་འགྲེལ་ཆེ་ཆུང་བར་མ་དང་བཅས་པ་ཀུན་གྱི་ནང་ནས་མིག་གི་འབྲས་བུ་ལྟར་གཅེས་ཤིང་རྒྱལ་མཚན་གྱི་ཏོག་བཞིན་མཐོ་ལ། ཁྱད་པར་དུ་གངས་ཅན་པ་རྣམས་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པ་འདི་ཉིད་ཀྱི་སྙན་གྲགས་དང་ཕྲིན་ལས་ཕན་བདེའི་རྩ་ལག་རྨད་དུ་བྱུང་བའི་ཚུལ་དང་བཀའ་དྲིན་དག་ནི་སུས་ཀྱང་གཞལ་བར་མི་ནུས་པ་ལྐོག་ན་མོས་མ་སྒྲིབ་པ་འདི་ལགས་མོད། འོན་ཏེ་ཟིན་ཀྱང་སྨན་པ་སྔགས་བོན་ཏོག་ཅོ་པ་རྣམས་ནི་རང་བཟོ་ཁོ་ན་ལ་མཁས་ཤིང་གསུང་རབ་ལ་དབང་ཟ་བས། ལོ་ཚིགས་དང་གང་ཟག་འགའ་ཞིག་གིས་ཚོང་དུས་ཀྱི་འོ་མ་བཞིན་རྣམ་པར་བསླད་ཅིང་པ་དྲོ་མོན་གྱི་ཞུས་དག་འབའ་ཞིག་ལ་ཡིད་རྟོན་ལ། རྒྱུ་དེས་དོན་དང་དོན་མ་ཡིན་པ་རྣམ་པར་མ་ཕྱེད་ཅིང་སྤངས་བླང་འཇུག་ལྡོག་འཁྲུལ་བས། དང་པོར་མཁས་པའི་སློབ་དཔོན་མི་བསྟེན། བར་དུ་ཐོས་བསམ་མཐར་མི་སྐྱེལ། མཐར་ཕྲིན་ལས་དབང་ཐང་ལ་རེ་བའི་སྨན་པ་ཤ་སྟག་ཏུ་གྱུར་པ་མཐོང་ན་ས་རི་ཁྲོད་དུ་སྡོད་མ་ནུས་ཤིང་གྲྭ་སར་ཡོན་ཏན་མ་གོས་པ་འགའ་ཞིག་གིས་ཡིག་སྣ་ཕྲན་བུ་མཐོང་བ་དང་། སྨན་ངོ་འགའ་རེ་ཤེས་པ་དང་། ལག་ལེན་གཅིག་གཉིས་མཐོང་བ་ཙམ་ལ་བརྟེན་ནས་སྨན་པ་བྱས་པས། དེང་སང་གི་དུས་ན་ཆུ་འདྲེན་པ་དང་མགོ་མཁན། རྡེའུ་འདོན་དང་མིག་འབྱེད་པ། རྐང་ནད་པ་དང་སྔགས་མཁན་ཞེས་སོགས་ནད་སྣ་རེ་རེ་སེལ་བ་ལ་སྨན་པ་ཟུར་བ་རེ་འཚོལ་དགོས་ཤིང་། བཅོས་ལུགས་དེ་དག་རྣམས་ཀྱང་གཞུང་ཆེ་བ་རྣམས་ནས་འབྱུང་བ་རྣམས་ནི་ནམ་ཡང་མི་ཟབ་ལ། ཁྱད་པར་དུ་ངེད་ཀྱི་ཕའམ་མེས་པོ་སོགས་ལ་མཁའ་འགྲོ་མས་ལུང་བསྟན་བྱུང་བའི་མན་ངག་ཆིག་བརྒྱུད་མ་གཏོགས་སྤེལ་མ་མྱོང་བ་འདི་འདྲ་བ་རྣམས་ཟབ་པོ་ཞེས་སྒྲོག་པ་དག་གིས་ནོར་འཛིན་གང་སྟེ། ལུས་ཅན་རྣམས་ཉམ་ཐག་ཅིང་སྨན་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ཡང་ཤིང་རྟ་འདམ་དུ་བྱིང་བ་ལྟར་སོང་སྣང་བས་ཡིད་ལྷག་པར་བྱུང་ནའང་། བསྟན་པ་དང་སེམས་ཅན་ལ་ཕན་བདེ་སྐྱེད་པར་བྱེད་པ་ནི་ཁོ་བོ་ཅག་འདྲ་བའི་གནས་མ་ཡིན་ཞིང་རྔོ་ཐོགས་པར་ཡང་ལྟ་ག་ལ་ཞིག དེ་ལྟ་ནའང་ལྷག་བསམ་དང་རྒྱལ་བའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པས་བྱི་བ་དང་གླང་ཆེན་གྱི་དཔེ་ལྟར་བསམ་སྟེ། གཞུང་ལུགས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཉིད་སྦྱང་བ་རྣམ་པ་གསུམ་ལ་སོགས་པས་བྱི་དོར་ལེགས་པར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་བཀོད་པ་ལྟར་ཀུན་གྱི་སྤྱོད་ཡུལ་དུ་རུང་བ་བྱས་ན། བློ་དང་ལྡན་པ་རྣམས་སྤྲོ་བ་འཕེལ་ཏེ་ཕན་བདེའི་རྩ་ལག་ཏུ་འགྱུར་བའང་སྲིད་དོ་སྙམ་པ་དང་། ངེས་ཤེས་འདྲེན་བྱེད་ནས་འབྱུང་བའི་ལུང་བསྟན་ཀྱང་དུས་ལ་བབ་པོ་ཞེས་ཡིད་ལ་བརྣགས་ནས། གཙོ་བོར་གཡུ་ཐོག་པ་ཡབ་སྲས་ཀྱི་ཕྱག་དཔེ་དངོས་སོགས་སྔ་རབས་པའི་དཔེ་དག་པོར་བྱེད་པ་འགའ་ཟུང་རྙེད་པ་དཔང་དུ་གཙུགས། ཟུར་མཁར་བའི་རྒྱུད་བཞི་རྣམ་དག་ཡིན་ངོ་ཤེས་པ་ལའང་གཏུགས། བྱེ་བྲག་ཏུ་རྩ་བཤད་ཕྱི་གསུམ་ལ་འགྲེལ་བ་སྔ་ཕྱིར་བྱུང་བ་ཇི་སྙེད་ཅིག་དང་། མན་ངག་རྒྱུད་ལ་ཁུངས་ཐུབ་་ཀྱི་འགྲེལ་བ་མི་སྣང་བ་གཡུ་ཐོག་པའི་གསེར་མཆན་དང་། ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་སྐོར་ཚོམས་བཅུ་གཅིག་དམར་ཁྲིད་ཡིག་ཆུང་། གབ་པ་བཅོ་བརྒྱད་སོགས་དང་ཕན་ཚུན་སྒོ་བསྟུན། སླར་ཡང་སོ་མ་རཱ་ཛ་ཆེ་ཆུང་། གསང་ཏིག་སྒྲོན་མ། ཇ་ལོག་དང་ཡང་ལོག མེ་ཆུ་གོ་ལྡོག རིན་ཆེན་སྤུངས་པ། བླ་དཔྱད་པོ་ཏི། ཤ་མོ་ལས་དཀྱུས་སོགས་རྒྱ་ནག་ནས་སྔ་འགྱུར་དུ་བྱོན་པ་རྣམས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་བ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་ཕྱིས་རྒྱ་གར་ནས་འགྱུར་བ་རྣམས་དང་། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ་ཆ་ལག་དང་བཅས་པ་སོགས་བོད་དུ་སྔ་ཕྱིར་བྱུང་བའི་གཞུང་ལུགས་ཆེ་ཆུང་རྣམས་དང་། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་ལུང་། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་གསང་སྔགས་རྙིང་མ་ལ་གྲགས་པའི་སྨན་དཔྱད་སོགས་ཏེ། མདོར་ན་གངས་ཅན་གྱི་ལྗོངས་འདིར་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ་རིན་པོ་ཆེ་འགྲེལ་བ་དང་བཅས་པ་རྣམས་དང་། གསེར་འོད་དམ་པ་དང་དཀོན་མཆོག་བརྩེགས་པ་སོགས་མདོ་སྡེ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པའི་བསྟན་བཅོས་དང་མཛོད་རྩ་འགྲེལ་སོགས་མངོན་པ་སྟེ་ནང་དོན་རིག་པ་རྣམས་དང་ཡང་མི་འགལ་བའི་གཞིག་པ་བཏང་། སྒྲ་སྙན་ངག མིང་གི་མངོན་བརྗོད། ལུགས་ཀྱི་བསྟན་བཅོས། རྩིས་དཀར་ནག རྟོག་གེའི་ཚིག་དོན། རིག་བྱེད་ཡན་ལག་དང་བཅས་པ། བརྡའི་བསྟན་བཅོས་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་དང་སྒོ་མི་བསྟུན་དུ་མི་རུང་བ་རྣམས་ལའང་ཞིབ་ཏུ་དཔྱད། གཞུང་འདི་ཉིད་ཀྱང་ཕན་ཚུན་སྦོལ་ཏེ་ཁུངས་དང་རྒྱུ་མཚན་རྣམ་དག་དང་འབྲེལ་བའི་དཔྱད་པ་གསུམ་དང་རྟོན་པ་བཞིའི་སྒོ་ནས་ལན་ཅིག་ཙམ་མ་ཡིན་པར་ལེགས་པར་ཞུས་ཤིང་། གཏན་ལ་ཕབ་པ་ཡིན་པས། མཁས་བླུན་བར་མ་དང་བཅས་པ་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་མཛད་འོས་པ་ཡོད་མོད། འོན་ཏེ་སྨན་པ་ཕལ་ཆེར་ནི་བརྡ་དང་ཐ་སྙད་ལས་ལོགས་སུ་གོལ་ཞིང་། མཁས་པ་གཞན་རྣམས་ནི་གསོ་བའི་ཕྱོགས་ལ་གཟིགས་པ་ལྷོད་པས། བརྡ་དོན་འཕྲོད་པའི་གྲོགས་ཀྱིས་རིང་དུ་བསྐལ་ཏེ་ཚིག་ཞུས་ཁོ་ནའི་བྱེད་པས་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དབང་དུ་གྱུར་པ་འགའ་ཟུང་སྲིད་ན་ཁོ་བོ་ཅག་གི་ནོངས་པར་ཟད་ཀྱི། རིག་གནས་ལ་དཔྱོད་པའི་བློ་ཆུང་ཞིང་ལུང་རིགས་ལྟར་སྣང་གི་རྗེས་སུ་འབྲངས་ཏེ་ལུགས་ངན་དུག་ཅན་གྱི་རིགས་ལ་བརྟེན་པ་རྣམས་ཀྱི་གཞུང་དང་མ་མཐུན་ནོ་ཞེས་སངས་མཐོན་པོར་སྒྲོག་པ་རྣམས་ནི་གཞན་གྱི་ཉེས་པར་གོར་མ་ཆག་པས། ཕྱོགས་རེ་ཙམ་མ་ཡིན་པར་གཟིགས་པ་ཟབ་པ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་ཚར་བཅད་པ་དང་རྗེས་སུ་བཟུང་བར་མཛད་དུ་གསོལ། ཞེས་ཡུལ་མཐའ་འཁོབ་དྭགས་པོའི་ཆ་ལས་ལ་ཐོག་ཟུར་མཁར་དུ་བྱུང་བའི་སྨན་པ་ཨ་བོ་ཆོས་རྗེ་ཞེས་བྱ་བའི་རིགས་རུས་ཆོ་འབྲང་དང་ཆོས་ལུགས་མཐའ་དག་གིས་བྱིན་གྱིས་བརླབས་ཤིང་། གཙུག་ལག་ཀུན་ལ་མི་ཕྱེད་པའི་མོས་བློ་ཐོབ་པས་ཕྱོགས་ཙམ་མཐོང་ནས་དང་དུ་ལེན་པ་ཟུར་མཁར་བ་ཨ་བོ་ཆོས་རྗེ་གཉིས་པའམ་བློ་གྲོས་རྒྱལ་པོ། མིང་གཞན་ལེགས་བཤད་འཚོལ་ཞེས་བྱ་བས་རིང་མོ་ཞིག་ནས་བསམ་པའི་དོན་ཆེན་པོ་འདི་ཉིད་ལེགས་པར་གྲུབ་པ་ཡིན་ནོ་ཞེས་ཞུས་དག་ལས་བརྩམས་ནས་གླེང་བའོ། །སླར་ཡང་སྨྲས་པ། ཆོས་ཀུན་མ་འདྲེས་ཐུགས་ཆུད་ཅིང་། །དུག་གསུམ་རྒྱུ་དང་འབྲས་བུའི་ནད། །རབ་སེལ་འགྲོ་བའི་གཉེན་གཅིག་པུ། །སྔོན་མེད་སྨན་པ་དེས་ཁྱེད་སྲུངས། །འདི་ན་བྱང་ཆུབ་སྤྱོད་པ་ལ། །དང་པོར་འཇུག་པའི་ལམ་པོ་ཆེ། །གསོ་བ་རིག་པ་ཞེས་བྱ་བ། །སྐྱེ་དགུ་ཀུན་གྱི་བདུད་རྩིར་གྱུར། །གཞན་དོན་བསྒྲུབས་པས་རང་གི་དོན། །སྡེ་བཞི་ཅིག་ཅར་འགྲུབ་ནུས་པའི། །ལུགས་བཟང་གསེར་གྱི་ཤིང་རྟ་ཞིག །དྲང་སྲོང་ཆེན་པོས་ལེགས་པར་དྲངས། །འོན་ཏེ་ཚུལ་མིན་འདམ་རྫབ་ཀྱིས། །བྱིང་གྱུར་སླར་ཡང་འདྲེན་ནུས་པའི། །ཁྱུ་མཆོག་ཁ་ལོ་བར་བཅས་པ། །དེང་འདིར་ལྷགས་སོ་གྲོགས་དག་ཀྭ། །ཐར་པ་ཆོས་ནོར་འདོད་པ་སྲོག་ཤིང་དྲང་པོ་ལ། །སརྒ་བརྒྱ་དང་ལྔ་བཅུ་དྲུག་གི་རྩིབས་བཀྲ་ཞིང་། །དུམ་བུ་བཞི་ཡི་མུ་ཁྱུད་རབ་མཉམ་འཁོར་ལོ་ཅན། །ཡན་ལག་བརྒྱད་ལྡན་ཤིང་རྟ་ཆེ་ཁྱོད་ད་ལོངས་ཤིག །སྔོན་ཚེ་བགྲོད་པའི་ལམ་བཟང་ངང་གིས་ནུབ། །སྒྲོས་ངན་གྱ་གྱུའི་གཏམ་གྱི་ནགས་ཚལ་རྒྱས། །མི་ཤེས་འདམ་གྱིས་ཕྱོགས་ཀུན་གང་གྱུར་ཏེ། །ཆ་ཙམ་མིན་པར་ནུབ་འདི་སུ་ཡིས་བཟོད། །འཛེགས་ན་མཐོན་པོའི་ཁྲི་ལ་ངལ་འཚོ་ཞིང་། །བསྐྱོད་ན་ཇི་ལྟར་འདོད་པའི་གནས་སུ་སྐྱེལ། །ལུགས་གཉིས་ནོར་འཛིན་ཡངས་པོར་སྤྱོད་པ་འདི། །གངས་རིའི་ཁྲོད་ཀྱི་ཤིང་རྟ་གཅིག་པུ་ལགས། །བསྟན་པའི་ཁུར་གྱིས་གདུང་བར་མི་ནུས་སྙིང་སྟོབས་ཀྱིས། །ལྷུན་པོ་དག་ཀྱང་འདྲེན་པར་རྩོམ་ཞིང་ཡན་ལག་ཚང་། །ཁྲིམས་གཉིས་གོམ་སྟབས་ཡངས་པོར་སྤྱོད་འདི་ཐུ་མིའི་རིགས། །མི་ཡི་ཁྱུ་མཆོག་ཡར་རྒྱབ་ཆོས་རྒྱས་ཡུམ་སྲས་ལགས། །འདི་ཡི་རྣམ་དཀར་མཛད་པའི་ཆ་ཙམ་ཡང་། །ཁོང་དུ་ཤོང་བ་འདི་ན་སུ་ཞིག་བགྲང་། །དེས་ན་གཞན་གྱི་ཁུར་དུ་མ་གྱུར་པའི། །དོན་ཆེན་འདི་ནི་དེ་ཡི་ཞོར་ལས་སོ། །ཀུན་ལ་ཐུན་མོང་ཁ་ཟད་ལྟ་བུ་ཡི། །གླེགས་བམ་འདི་དག་མི་ཟད་ནམ་མཁའི་མཛོད། །གསར་དུ་བསྩལ་ཏོ་དེས་ན་མི་དབང་འདི། །འགྲོ་བ་ཀུན་གྱི་བདེ་བའི་བྱེད་པོ་ལགས། །དེ་ལྟའི་ཤིང་རྟ་ཆེན་པོ་ནི། །འདྲེན་བྱེད་ཁྱུ་མཆོག་དང་བཅས་པའི། །ལམ་བཟང་འབྱེད་པའི་ཁ་ལོ་པ། །ལུས་སྟོབས་རྫོགས་ལྡན་ཟུར་མཁར་བ། །ཚིག་དོན་གཉིས་ཀའིི་གཟུགས་ཀྱི་ཆ། །མ་དག་དྲི་མས་སྦགས་རྣམས་ཀྱང་། །ཁྲུད་བྱེད་ཡན་ལག་བརྒྱད་ལྡན་གྱིས། །ཡིད་འོང་བྱེད་པོའང་གཞན་ཡོད་མིན། །སྔོན་ཆད་འདི་ལྟར་བགྱིད་དོ་ཞེས། །དུ་མས་ངལ་བརྒྱ་ལྷུར་བླངས་ཀྱང་། །བྱ་རོག་ལྔ་པར་གྱུར་པ་བཞིན། །ཀུན་གྱི་དཔལ་དུ་མ་གྱུར་ཏོ། །དམ་པའི་འདུན་ས་རབ་ཡངས་པ། །རྒྱལ་པོའི་ཁབ་བཞིན་ཆོས་སྐྱོང་བའི། །རྒྱལ་ཆེན་གླིང་དུ་བསྒྲུབས་འདི་དག །ཕྱོགས་ཀྱི་མགྲོན་པོའི་རྣ་རྒྱན་གྱུར། །གང་ཞིག་བྱང་ཆུབ་སྤྱོད་པ་ཡིས། །རྒྱལ་བ་མཉེས་པར་བྱེད་འདོད་རྣམས། །མགྱོགས་འགྲོ་བཞོན་པའི་མཆོག་འདི་ལ། །ལེགས་པར་འཛེགས་ཤིག་ཐར་འདོད་ཀུན། །དེ་ཡི་རྗེས་སུ་ཡི་གེ་པ། །དགེ་འདུན་རྣམ་རྒྱལ་ཞེས་བྱ་སྟེ། །མལ་ལུགས་མཆོག་གི་རྩེར་ཕྱིན་པས། །སྒོ་གསུམ་ཉེ་བར་བཏུད་དེ་བྲིས། །གསེག་གཅོད་འཛིན་པ་ཐམས་ཅད་ཀྱི། །ཟུར་ཕུད་རང་གྲོལ་དཔལ་འབར་སོགས། །མཆེད་བཅས་དྲུག་གི་དག་པའི་བློས། །ཕྱི་མ་ཇི་བཞིན་ལེགས་པར་བརྐོས། །གཞན་ཡང་ལུས་ངག་ཡིད་གསུམ་དང་། །ཟང་ཟིང་རྣམས་ཀྱིས་ཕན་བཏགས་པ། །ཀུན་ཀྱང་བྲོ་ནད་མ་མཆིས་ཤིང་། །སྨན་པ་ཆེ་མཆོག་བརྙེས་གྱུར་ཅིག །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །དེ་སྲིད་རྒྱུད་འདི་རབ་གནས་ནས། །བསྟན་པ་རིན་ཆེན་རྒྱས་པ་དང་། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །གང་ཡང་འདི་ན་དབང་ཕྱུག་རྨོངས་པའི་གཉིད་ཀྱིས་མྱོས་པ་དུ་མ་དང་། །ཕལ་ཆེར་ཁྱབ་འཇུག་སྨྱོན་པའི་སྤྱོད་ཚུལ་གསལ་པོར་སྟོན་པ་མང་ཞིག་སྣང་། །ཀུན་གྱི་རྒྱུད་ལ་བསླབ་པ་སྟེར་བའི་བྱེད་པོ་གཅིག་པུ་ལྷགས་ཡོད་ཀྱི། །རི་མོར་བྱས་པའི་སྣང་བརྙན་བཞིན་དུ་ད་ནི་བག་ཡོད་གནས་པར་གྱིས། །དེ་ལྟར་བསམ་དོན་ཡིད་བཞིན་གྲུབ་འདི་བདག་འདྲའི་སྤྱོད་ཡུལ་མ་ཡིན་ཀྱང་། །གསོ་རིག་བསྟན་པ་ནུབ་པར་ཕངས་ཞིང་ཉམ་ཐག་རྣམས་ལ་བྱམས་པའི་བློ། །ལེགས་པར་གཟིགས་པའི་རྒྱལ་བ་སྲས་བཅས་ཐུགས་རྗེ་ལགས་མོད་ད་དུང་ཡང་། །ཁྱོད་དང་ལྷག་བསམ་སྲོག་བཞིན་འཛིན་ཏོ་བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ། །འདི་ཡི་ལྗོན་ཤིང་སྨྱུག་ལ་བ། །བྱག་ཁ་རྒྱལ་གྲོང་རྫོང་སོགས་ནས། །གསོ་རིག་བསྟན་ལ་ཆེར་དགོངས་ཏེ། །སློང་བ་ཡང་དག་ཚིམ་པར་མཛད། །ཅེས་བྱ་བ་ཡང་ལ་ཐོག་ཟུར་མཁར་བ་ལེགས་བཤད་འཚོལ་གྱིས་སོ། །རྒྱལ་བ་སྨན་མཛད་སྟོན་པ་གང་དེ་ཡི། །བསྟན་པ་རྒྱས་པར་བྱེད་པའི་བདུད་རྩི་མཆོག །སྐྱེ་དགུའི་ཡི་གར་བདེ་བར་རབ་འབྱོར་ཏེ། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཉིད་རྒྱུད་བཞིའི་པར་སྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་གནས་སྐབས་དང་མཐར་ཐུག་གི་བསམ་དོན་གྲུབ་པར་བྱ་བའི་ཕྱིར། རྒྱལ་དབང་ཀརྨ་པས་བཀའ་དྲིན་དུ་སྩལ་པ་བདེན་པའི་ཚིག་ཏུ་བྱོན་པ་ལགས་པས། སླད་ནས་ཀྱང་སྨན་པ་རྣམས་ཀྱིས་ཁ་ཏོན་དུ་མཛད་པར་ཞུ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་(ཏུ་ཏེ)ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཤུ་བྷ་མསྟུ་སརྦ་ཛ་གཏཾ། སླར་ཡང་ཞུས་དག།

 

སྒམ་པོའི་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

རྒྱ་གར་གྱི་པཎྜི་ཏ་ཁ་ཆེ་ཟླ་བ་མངོན་དགའ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཏད་དོ། །རྒྱལ་པོས་བསམ་ཡས་དབུ་རྩེའི་པར་ཁང་ཀ་བའི་ནང་དུ་སྦས། དེ་ནས་གྲྭ་པ་མངོན་ཤེས་ཀྱིས་གཏེར་ནས་གདན་དྲངས་པའོ།།

སྨན་གྱི་རྒྱུད་སྡེ་རིན་ཆེན་གཏེར། །འཁྱོག་པོ་བློ་ཡི་རྒྱུན་འཛིན་ཆུས། །གཞུང་ལུགས་རྙོགས་པའི་བ་ཚ་ཅན། །དག་བྱེད་རྩ་རྒྱུད་ནོར་བུའི་འཕྲེང་། །ཁུངས་བཙུན་འགྲེལ་བཤད་རོལ་མཚོ་ནས། །རྣམ་དཔྱོད་སྦྲང་རྩི་བུ་ཡིས་བླངས། །ཕན་བདེའི་འཕྲུལ་མཆོག་གྲུབ་མདའ་པས། །བསྒྲུབས་ཏེ་རི་བོ་ཤཱནྟིར་བཞུགས། །ཤུ[བྷ]མྨསྟུ་སརྦ་ཛ་ག་ཏཾ།།

བཤད་རྒྱུད་པར་བྱང་།

བཤད་པའི་རྒྱུད་རྒྱལ་སྐབས་གསུམ་ལམ། །མཁས་མང་འགྲེལ་བའི་ཉིན་བྱེད་མཆོག །རྣམ་དཔྱོད་རྟ་བདུན་གྱིས་དྲངས་པས། །འཁྲུལ་བའི་མུན་པ་དྲུངས་ནས་ཕྱུང་། །སྐྱེ་དགུའི་བསོད་ནམས་བསྐྲུན་པའི་སླད། །མཚོ་སྣ་རས་པས་བསྐུལ་བའི་མཐུས། །པར་འདིའི་འཕྲུལ་མཆོག་གྲུམ་མདར་བསྒྲུབས། །སྒམ་པོའི་གནས་སུ་འཕྲིན་ལས་སྤེལ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ཝཱ་(ཏེ་)ཥཱ་ནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། མངྒ་ལཾ་བྷ་ཝནྟུ།

མན་ངག་རྒྱུད་པར་བྱང་།

རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་རྒྱས་པ་བློ་དམན་གྱི་དོན་དུ་གསུངས་པའི་མན་ངག་རྒྱུད་ཆེན་འདི་ཉིད་ལའང་། དཔེ་གསར་རྙིང་མི་འདྲ་བ་མང་དུ་མཐོང་བ་དང་། ཐེ་ཚོམ་གྱིད་བང་གིས་དཔྱད་གཞིར་གྱུར་པ་མཐའ་དག་ཀྱང་། སྔོན་གྱི་དཔེ་རྙིང་དག་པོར་བྱེད་པ་འགའ་དང་། ཟུར་མཁར་བའི་ཕྱག་དཔེ་དངོས་ལ་གཏུགས་ཤིང་། སློབ་དཔོན་ནས་སློབ་མའི་རིམ་པར་བརྒྱུད་པ་འཆད་ཉན་ཟམ་མ་ཆད་པའི་བླ་མ་དག་གི་གསུངས་ལས་ཐེ་ཚོམ་བཀྲོལ་ཏེ་ཞུས་ཤིང་དག་པར་བྱས་ལ། མཆན་བུའི་སྐོར་སྨན་པའི་བློ་ལ་འཛིན་པར་མི་བདེ་ཞིང་སྨན་གྱི་སྦྱོར་སྡེ་དཔེ་ལ་ལུས་ནས། ནད་པ་གསོ་ཚེ་ཕན་མ་ཐོགས་པ་མང་དུ་མཐོང་བས། ཀུན་གྱི་བློ་ལ་བཟུང་སླ་བའི་ཕྱིར་ཟུར་དུ་བཀོད་པ་གོ་བདེ་བར་ཡོད། དེས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །རྒྱུད་རྒྱལ་ཡོད་བཞིན་ནོར་ཆེན་པོ། །འགྲོ་ལ་ཕན་བདེའི་འབྲས་སྩོལ་ཕྱིར། །ཆོས་ཀྱི་སྦྱིན་པའི་འཕྲུལ་འདི་དག །གྲུམ་མདར་བསྒྲུབས་ཏེ་སྒམ་པོར་བཞུགས། །ཨོཾ་ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱ་ནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེསྭཱ་ཧཱ། ཤུབྷམྨསྟུ་སརྦྦ་ཛཱ་ག་ཏཱཾ། མངྒ་ལཾ།།

ཕྱི་མ་རྒྱུད་པར་བྱང་།

པར་བྱང་མི་སྣང་།

 

རྟག་བརྟན་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ཐུགས་རྗེའི་ཤུགས། །རབ་འབྱམས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །མ་ལུས་དགོས་འདོད་སྩོལ་བའི་འཁྲུལ་འཁོར་ལས། །རྒྱུད་འདི་འགྲོ་བ་ཡོངས་ཀྱི་དཔལ་དུ་བཀོད།།

བཤད་རྒྱུད་པར་བྱང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ཐུགས་རྗེའི་ཤུགས། །རབ་འབྱམས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །མ་ལུས་དགོས་འདོད་སྩོལ་བའི་འཁྲུལ་འཁོར་ལས། །རྒྱུད་འདི་འགྲི་བ་ཡོངས་ཀྱི་དཔལ་དུ་བཀོད། །ཞུས་དག མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ཐུགས་རྗེའི་ཤུགས། །རབ་འབྱམས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །མ་ལུས་དགོས་འདོད་སྩོལ་བའི་འཁྲུལ་འཁོར་ལས། །རྒྱུད་འདི་འགྲི་བ་ཡོངས་ཀྱི་དཔལ་དུ་བཀོད། དགེ་ལེགས་འཕེལ།།

ཕྱི་མ་རྒྱུད་པར་བྱང་།

ཨོཾ་སྭ་སྟི། རབ་འབྱམས་དཀྱིལ་འཁོར་མ་ལུས་ཀུན་གྱི་བདག །མཐའ་ཡས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་མཛོད། །ལྷ་དང་བཅས་པའི་སྲིད་གསུམ་འགྲོ་བའི་མགོན། །རྗེ་བཙུན་ཏཱ་ར་ནཱ་ཐས་རྟག་ཏུ་སྐྱོངས། །མཐའ་དག་འགྲོ་བའི་ཅོད་པན་གསེར་གྱི་ཁྲིར། །མངོན་མཐོ་མཚན་དཔེ་རིན་ཆེན་བྱེ་བ་ཡིས། །ལེགས་བརྒྱན་ཆོས་ཀྱི་རྒྱལ་པོ་ཤཱཀྱའི་ཏོག །གུས་པས་མཆོད་དོ་སྲིད་ཞིའི་དགེ་ལེགས་སྩོལ། །གང་གི་མཚན་ཙམ་ཐོས་དང་དྲན་པའི་མོད། །ཁམས་གསུམ་ལུས་ཅན་ཡོངས་ཀྱི་དུག་གསུམ་ནད། །མ་ལུས་དྲུངས་ནས་འབྱིན་མཛད་སྨན་གྱི་བླ། །འོད་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་བགྱི་འོ། །ཟབ་དང་རྒྱ་ཆེ་ལེགས་བཤད་ཀུན་གྱི་གཏེར། །མ་ལུས་དགོས་འདོད་མཐའ་དག་འབྱུང་བའི་གཞི། །འགྲོ་བ་ཡོངས་ཀྱི་སྤྱི་ནོར་ཐར་པའི་ལམ། །གསོ་རིག་རྒྱུད་ཀྱི་རྒྱལ་པོ་ཕྱག་གི་གནས། །གཞུང་འདིའི་ཚིག་དོན་ཀུན་གྱི་བྱེད་པོ་ནི། །མཁས་དང་གྲུབ་པའི་ཚོགས་ཀྱིས་མགྲིན་གཅིག་ཏུ། །དབང་བསྐུར་ལན་བརྒྱར་བསྔགས་པའི་དགའ་སྟོན་ཅན། །ཀུན་མཁྱེན་མི་ཡི་ཉི་མ་དེ་ལ་འདུད། །ཅེས་མཆོད་པར་བརྗོད་ནས། འདིར་སྐྱ་རྒུ་མཐའ་དག་གི་སྤྱི་ནོར་དུ་གྱུར་པ་གསོ་བ་རིག་པའི་གཞུང་།  རྒྱུད་་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་འབྱུང་གནས། མཁས་པ་ཀུན་གྱི་གཙུག་གི་ནོར་བུའམ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འདི་ཉིད་པར་དུ་ཇི་ལྟར་གྲུབ་པའི་ཚུལ་ནི། རྩོད་པའི་དུས་འདིར་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེས་ཡོངས་སུ་བསྐུལ་ཞིང་། འགྲོ་བ་སྤྱི་མཐུན་བསོད་ནམས་ཀྱི་རྒྱ་མཚོ་ཆེན་པོའི་དཔལ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བདེ་ཆེན་འཁོར་ལོ་སྡོམ་པའི་ཟློས་གར་རམ། རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱས་མཚན་དཔལ་བཟང་པོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་འཇིག་རྟེན་དུ་བྱོན། མཁྱེན་པ་དང་། བརྩེ་བ་དང་། ནུས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་རྫོགས་ལྡན་ལྟར་གསལ་པར་མཛད་པ་དང་། སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་མཛད་པ་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་མཐའ་དག་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་པ་དཔྱོད་ལྡན་ཀུན་གྱིས་ཀྱང་བསྐལ་བརྒྱའི་བར་དུ་ཕྱོགས་ཙམ་བརྗོད་པར་མི་ནུས་མོད། འདིར་མཛད་པ་ཆ་ཤས་སམ་ཟེགས་མ་ལྟ་བུ་ལས། དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་སྡེ་ཆེན་པོ་འདི་ཉིད་དུ། ཆོས་ཀྱི་སྒོ་མཐའ་དག་ཕྱོགས་ཀུན་དུ་ཡུད་ཙམ་ལ་གསལ་བར་སྟོན་པའི་པར་གྱི་འཁྲུལ་འཁོར་ཆེན་པོ་བསྒྲུབས་པའི་ཚུལ། དཔལ་དུས་ཀྱི་འཁོར་ལོ། བདེ་ཀྱཻ་གསང་གསུམ། སྒྲོལ་མ་འབྱུང་བའི་རྒྱུད་སོགས་རྒྱུད་སྡེ་འགངས་ཆེ་བའི་རིགས། སྙིང་པོ་མདོ་ལྡ་དང་གསེར་འོད་དམ་པ་སོགས་ངེས་དོན་མདོ་ཉི་ཤུ། མཚན་བརྒྱ་དང་མདོ་ཕྲན་གྱི་རིགས་ཇི་སྙེད་པ་ལ་སོགས་པ་རྒྱལ་བའི་བཀའ་དང་། དགོངས་འགྲེལ་བྱམས་ཆོས་སྡེ་ལྔ། སེམས་འགྲེལ་སྐོར་གསུམ། གཞན་ཡང་ཐོགས་མེད་སྐུ་མཆེད། ཀླུ་སྒྲུབ་ཡབ་སྲས། ཙནྡྲ་གོ་མི། སློབ་དཔོན་དཔའ་བོ། གྲུབ་པའི་ཁྱུ་མཆོག སྤྱོད་འཆང་དབང་པོ་སོགས་རྒྱལ་བས་ལུང་བསྟན་པའི་འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་མདོ་སྔགས་ཀྱི་གཞུང་དང་བསྟོད་ཚོགས། ངེས་དོན་བསྟན་པའི་གསལ་བྱེད་ཀུན་མཁྱེན་དོལ་པོ་པ་ཆེན་པོའི་གསུང་སྤྱི་དང་བྱེ་བྲག རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་ཀྱིས་མཛད་པའི་བཀའ་འབུམ་པོད་ཚད་བཞི་བཅུ་སྐོར། གངས་ཅན་དུ་ཚད་མར་གྱུར་པའི་སྐྱེས་བུ་རྣམས་ཀྱི་གསུང་ཅི་རིགས་པ་འཁོད་པ་སོགས། པར་གྱི་བཞུགས་ཚུལ་བསམ་གྱིས་མི་ཁྱབ་ཅིང་བགྲང་བ་ལས་འདས་པ་ཕྱོགས་མཚོན་ཙམ་སྤྱིར་སྨོས་ནས། ཁྱད་པར་གསོ་བ་རིག་པའི་རྒྱུད་རྣམ་པ་བཞི་ཡང་། རྗེ་བཙུན་ཉིད་ཀྱི་དགོངས་པ་གཏད་པའི་འཕྲོས་སྐྱོང་དུ། རྭ་ལོ་ཙཱ་བ་ཆེན་པོའི་གདུང་། རྗེ་བཙུན་དེ་ཉིད་ཀྱི་སྐུའི་དབོན་བྱམས་པ་དང་བརྩེ་བའི་བདག་ཉིད་ཅན། ལེགས་བྱས་དཔལ་ཡོན་གྱི་ཁྲི་ལ་མངོན་པར་མཐོ་ཞིང་། ལུགས་ཟུང་བསྟན་པའི་བྱ་བ་ལ་བཀའི་འཁོར་ལོ་སྒྱུར་བ་པོ། ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་པར་དཀར་བའི་མཛད་བཟང་ལྷུན་གྱིས་གྲུབ་པའི་རང་འགྲོས་ཀྱི་ཤུགས་སམ། ཞལ་ལས་སུ་གནང་བར་བཞེད་པའི་ཞབས་འཇུག་སྐུལ་བ་པོ། འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་བ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་སྨན་པར་དབང་བསྐུར་བ། གནང་བ་རིགས་ཀྱི་ཆེ་བའི་སྨན་པ་དགུའི་ཡ་གྱལ། གཉའ་པའི་བརྒྱུད་འཛིན་གཞུང་ལུགས་འདི་ཉིད་ལ་མི་ཕྱེད་པའི་དང་བ་རབ་ཏུ་རྒྱས་ཤིང་། ཐོས་བསམ་གྱི་བྱ་བ་ཅུང་ཟད་བགྱིས་པ། བྱང་ལྷུན་གྲུབ་ལྡིངས་ཀྱིས་འཚོ་བྱེད་གཞོན་ནུ་གསོས་སམ། མིང་གཞན་བདུད་རྩི་འགྱུར་མེད་ཅེས་བྱ་བས། མཁས་གྲགས་ཆེ་བའི་སར་བཞུགས་པའི་རྒྱུད་དཔེ་དག་པར་འཛིན་པ་གང་རྙེད་དང་། གླེགས་བམ་ཁྲ་མོར་གྲགས་པ་ལའང་ཞིབ་ཏུ་གཏུགས། གཞུང་ལུགས་འདི་དང་འབྲེལ་ཆེ་བར་འདུག་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་པ་ཡང་བལྟས་ཤིང་སྒོ་བསྟུན། རྒྱུད་ཤེལ་གྱི་མེ་ལོང་། གསེར་འོད་དམ་པ། ལུང་བཞི་སོགས་བཀའ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ལྔ་དང་གཞུང་བཅུའི་ནང་གསེས་གང་རྙེད། བརྒྱད་པ། ཟླ་ཟེར། རྒྱུད་ཆུང་བདུད་རྩིའི་སྙིང་པོ་སོགས་རྒྱ་གཞུང་གི་རིགས་དང་། བདུད་རྩི་བུམ་པ། བཻ་རོའི་མིང་དོན་བརྡའ་སྤྲོད། གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད། བི་ཇིའི་པོ་ཏི་ཁ་སེར་སོགས་ལ་བརྟག་གཞིག་བྱས། ཁྱད་པར་རྩ་བཤད་ཕྱི་མ་སོགས་ལ་ལྷོ་བྱང་སྟོད་སྨད་ཀྱི་མཁས་པ་སོ་སོས། རྒྱུད་འགྲེལ་སྔ་ཕྱིར་མཛད་པ་རྣམས་ལ་ཞིབ་དུ་དཔྱད། ཟུར་མཁར་བས་དག་ཆ་མཛད་པའི་ཡར་རྒྱབ་ཀྱི་པར་འདི་དཔེ་གཞན་ལས་དག་པར་མངོན་ཞིང་ཡི་གེའི་བརྡ་དག་སོགས་བླང་བྱར་བྱུང་ཡང་། འདི་ལའང་ཚིག་དོན་དཔྱད་གཞི་འགངས་ཆེ་བའི་སྐབས་འགར་གོ་བ་ལོག་པ་ཤར་བ་དང་། ས་བཅད་འཁྲུགས་པ་དང་། གཞུང་ཚིག་ཆད་པ་དང་། ཚིག་ཟུར་མ་དག་པ་དང་། ཉེ་བར་མཁོ་བའི་གནས་འགར་མཆན་བུ་མ་ཐེབས་པ་སོགས་མངོན་སུམ་གྱིས་གྲུབ་པ་མང་བའི་ཕྱིར་བཅོས་མི་དགོས་པའི་ཕྱི་མོར་མ་གྱུར་པས། འདིར་གཙོ་བོར་སྙན་བརྒྱུད་འགྲེལ་ཆེན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པའི་སྒོ་ནས། གཞུང་ལུགས་འདི་ཉིད་ཀྱི་ཚོག་དོན་ཕྱག་བཞེས་མཐའ་དག་གི་བྱེད་པོར་གྱུར་པ། ཀུན་མཁྱེན་མཁས་པའི་དབང་པོ་བྱང་པ་འཚོ་བྱེད་དྲང་སྲོང་མིའི་ཉི་མའམ། མཐོང་བ་དོན་ལྡན་གྱི་དགོངས་བཞེད་མ་འཁྲུལ་བ་ཇི་ལྟ་བ་བཞིན་དུ། རྗེ་ཉིད་དངོས་དང་སྲས་ཀྱི་གསུང་རྣམས་དང་བཅས་པར་ཞིབ་ཏུ་གཏུགས་ཏེ། ས་བཅད་འཁྲུགས་པའི་རིགས་གཞུང་ཇི་ལྟ་བ་བཞིན་བསྡེབས། ལོག་རྟོག་བློ་བཟོའི་ཚིག་རིགས་རྣམས་སྤངས། གཞུང་ཚིག་ཆད་པ་རྣམས་རང་བཟོ་མ་ཡིན་པས་ཁ་བཀང་། དཔྱད་དོན་རྣམས་ཀྱི་ལེགས་ཚ་ཆང་བར་བླངས། མཆན་བུ་ཡང་རྒྱུད་འདི་བཀའ་གཉན་པས་དཀའ་བའི་གནས་འགའ་ཞིག་དང་། སྨན་མིང་སྣ་རེ་ཙམ་གསལ་བར་མ་བཀོད། གཞན་མ་དགོས་ཤིང་གལ་ཆེ་བ་དང་ཉེ་བར་མཁོ་བའི་རིགས་རྣམས་ཕལ་ཆེར་ཞིག་མ་ཚང་བ་མེད་པར་ཞིབ་ཏུ་བཀོད་དེ། ལྕགས་ཕོ་འབྲུག་གི་ལོ་འབྲུ་བཅུད་ཐམས་ཅད་ཡོངས་སུ་སྨིན་པའི་དུས། སྟོན་ཟླ་འབྲིང་པོའི་དཀར་ཕྱོགས་ཀྱི་དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཟང་པོ་ལ། གདན་ས་ཆེན་པོ་དཔལ་རྟག་བརྟན་གྱི་སྨན་ཁང་བདུད་རྩི་འཁྱིལ་པར་ཞུས་ཤིང་དག་པར་བགྱིས་ནས། པར་རྐོས་གྱི་སྒྱུ་འཕྲུལ་དུ་ཡང་དག་པར་བསྒྲུབས་པ་ལགས་པས། གང་ན་གཟུ་བོར་འཚོ་ཞིང་གཞེས་པའི་དཔྱོད་ལྡན་ཐམས་ཅད་ཀྱིས་ཐུགས་ཡིད་ཆེས་ཀྱི་གནས་སུ་མཛད་འཚལ་ལོ། །དེ་ལྟའི་རྣམ་པར་དཀར་བའི་དགེ་ཚོགས་ཀྱིས། །སངས་རྒྱས་བསྟན་པ་སྤྱི་དང་གཞུང་ལུགས་འདི། །ཆུ་འཛིན་བྲལ་བའི་མཁའ་ལ་ཉིན་བྱེད་བཞིན། །ཕྱོགས་ཀུན་མ་ལུས་སྣང་བས་ཁྱབ་གྱུར་ཅིག །ཇི་བཞིན་རིང་ལུགས་འཛིན་པ་བསྟན་པའི་སྲོལ། །འབྱེད་མཁས་གྲུབ་པའི་ས་ལ་མངོན་མཐོ་བ། །རིས་མེད་འགྲོ་བའི་མགོན་དུ་གྱུར་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་འཚོ་ཞིང་གཞེས་གྱུར་ཅིག །ཚུལ་འདི་ལེགས་པར་སྒྲུབ་བྱེད་རྭ་ལོའི་གདུང་། །སྲིད་གསུམ་འགྲོ་བའི་འདྲེན་པ་གཅིག་པུའི་དབོན། །གང་དེའི་སྐུ་ཚེ་ལྷུན་པོ་ལྟར་བརྟན་ཅིང་། །ཆོས་སྲིད་དབྱར་མཚོ་བཞིན་དུ་རྒྱས་གྱུར་ཅིག །དེ་ཡི་རྣམ་པར་དཀར་བ་སྟོབས་ཀྱི་ཤུགས། །བསྐུལ་ནས་རྒྱུད་འདི་ཚུལ་བཞིན་དག་བྱེད་མཁན། །ཚེ་རིང་ནད་མེད་དགའ་བདེ་རྒྱས་པའི་ལུས། །རབ་དགའི་ཡེ་ཤེས་ས་ལ་བགྲོད་གྱུར་ཅིག །གཞན་ཡང་རྣམ་དཀར་འདི་ལ་ལེགས་འབྲེལ་བའི། །ཡི་གེ་འབྲུ་དང་པར་གྱི་འདུ་བྱེད་སོགས། །འགྲོ་ཀུན་ཕན་བདེའི་ལོ་ཏོག་རྒྱས་བཞིན་དུ། །བླ་མེད་སངས་རྒྱས་འབྲས་བུ་ཐོབ་གྱུར་ཅིག །མངྒ་ལཾ། དགེ་ལེགས་འཕེལ། ཞུས་དག །ཤུ་བྷཾ།།

 

དགའ་ལྡན་ཕུན་ཚོགས་གླིང་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་བཟད་ཆོས་ཀྱི་ཆར་བ་འདི་བབ་པོ།།

སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཚོན་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏ་ལ་ནས་སྤེལ།།

བཤད་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་པའི་ལྕག་གི་རི་བོ་ཡོངས་སྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི། །མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་རྒྱུད་ཆེན་འདི་ཉིད་ལ་ལས་གོ་སླ་བར་བཟུང་། འགའ་ཞིག་གིས་རྟོགས་དཀའ་བར་མཐོང་། ཕལ་ཆེར་གྱིས་ཞིབ་ཏུ་མ་དཔྱད། ཁ་ཅིག་ནི་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་བར་སྣང་ཞིང་། རྒྱུ་དེས་སྔོན་ཆད་འགྲེལ་པ་མཛད་པོའང་ཆེར་མ་བྱུང་འདུག་པས། ཡིད་ཆེས་སུ་རུང་བ་ནི་གཡུ་ཐོག་པའི་མཆན་བུ་སྟེ། དེ་ལའང་གསེར་མཆན་ཟོག་མཆན་ཞེས་སྨར་ཟོང་གི་དབང་དུ་བྱས་པར་གྲགས་ཀྱང་། དེང་སང་ཕལ་ཆེར་ཕན་ཚུན་འདྲེས་ཤིང་མི་འདྲ་བ་ཁོ་ན་མ་གཏོགས་ཡིད་ཆེས་སུ་རུང་བ་དམིགས་ཀྱིས་བསལ་རྒྱུ་ཆེར་མི་སྣང་བས། སྔར་གྱི་ཡིག་རྙིང་རྣམས་སོར་བཞག་ནས། སྙིང་པོ་བསྡུས་པའི་རྩ་འགྲེལ། ཛི་ན་མི་ཏྲའི་གཞུང་ཆེན། སྟོང་ཐུན་ཆེན་མོའི་སྐོར། གཅེས་ཕྲེང་། དྲང་སྲོང་གི་སྒོས་བཅོས། ཀླུའི་རྒྱུད་བཞི་མན་ངག་དང་བཅས་པ། མིའི་ཁོག་པ་སྟོད་སྨད། དམར་བྱང་དང་ཐེམ་བྱང་། ཤེལ་གྱི་མེ་ལོང་། སྐེ་རགས་དཀར་པོ། མེ་ལྕེ་ཕྲེང་བ། གསོ་བ་ལམ་སྒྲོན། བདུད་རྩི་ལྗོན་ཤིང་སོགས་རྩ་བའི་ཁུངས་གང་རྙེད་རྣམས་དང་སྒོ་བསྟུན་ནས་འབད་པས་དག་པར་བསྒྲུབས་པ་ཡིན་ལ། དེ་ལས་མཐའ་དག་ནི་ཧ་ཅང་མང་ཆེས་ཤིང་མི་དགོས་ཀ་མེད་དུའང་མི་སྣང་བས་གཞུང་མི་མཛེས་པར་དོགས་ནས་མ་བཀོད། སྒྲུབ་བྱེད་ཨ་གར་དྲུག་སྦྱར་ཞེས་སོགས་མཆན་བུ་མ་གཏོགས་གཞན་མས་དཔྱད་དཀའ་བའི་རིགས་རྣམས་མ་ཆད་པ་བྱས། དེའང་ཡིག་ཕྲེང་གི་སྲུབས་ལ་བྲིས་ན་ཁུལ་དོག་པོར་འགྲོ་ཞིང་འདྲེན་འཚེག་ལྟ་བུས་གཞུང་འཐོར་བར་དོགས་པ་དང་། ཀ་ཐོ་བསྒྲིགས་ན་རྟོགས་དཀའ་བར་སྣང་བས་ན་འཇུག་མཚམས་ཇི་ལྟ་བར་ཚིག་སྣ་ཅུང་ཟད་བསྟུངས་ཏེ་དཀྱུས་ཁོ་ནར་ཆེ་ཆུང་དང་མཚམས་ཀྱང་ཕྱེད་པར་བཀོད་པ་འདིས་ཀྱང་མན་ངག་རྒྱུད་འདི་ཉིད་ཡོངས་སུ་དར་བའི་རྒྱུར་གྱུར་ཅིག །ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུ་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །ཚེ་ཡི་རིགས་བྱེད་དྲན་ཤེས་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ། །ཤུབྷཾ་མསྟུ་སརྦ་ཛ་ཀ་ཏཱཾ།།

ཕྱི་མ་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ཞེས་ཞེས་བྱ་བ་འདི་ཉིད་མཐའ་བཞིའི་སྨན་པ་རྣམས་དང་མཁས་པ་མི་དགུ་ལ་སོགས་པས་སྲོལ་ཕྱེ་ཞིང་དར་རྒྱས་སུ་མཛད་པའི་གཞུང་འགྲེལ་ཆེ་ཆུང་བར་མ་དང་བཅས་པ་ཀུན་གྱི་ནང་ནས་མིག་གི་འབྲས་བུ་ལྟར་གཅེས་ཤིང་རྒྱལ་མཚན་གྱི་ཏོག་བཞིན་མཐོ་ལ། ཁྱད་པར་དུ་གངས་ཅན་པ་རྣམས་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པ་འདི་ཉིད་ཀྱི་སྙན་གྲགས་དང་ཕྲིན་ལས་ཕན་བདེའི་རྩ་ལག་རྨད་དུ་བྱུང་བའི་ཚུལ་དང་བཀའ་དྲིན་དག་ནི་སུས་ཀྱང་གཞལ་བར་མི་ནུས་པ་ལྐོག་ན་མོས་མ་བསྒྲིབ་པ་འདི་ལགས་མོད། འོན་དུ་ཟིན་ཀྱང་སྨན་པ་སྔགས་བོན་ཏོག་ཅོ་པ་རྣམས་ནི་རང་བཟོ་ཁོ་ན་ལ་མཁས་ཤིང་གསུང་རབ་ལ་དབང་ཟ་བས། ལོ་ཚིགས་དང་གང་ཟག་འགའ་ཞིག་གིས་ཚོང་དུས་ཀྱི་འོ་མ་བཞིན་རྣམ་པར་བསླད་ཅིང་པ་དྲོ་མོན་གྱི་ཞུས་དག་འབའ་ཞིག་ལ་ཡིད་རྟོན་ལ། རྒྱུ་དེས་དོན་དང་དོན་མ་ཡིན་པ་རྣམ་པར་མ་ཕྱེད་ཅིང་སྤང་བླང་འཇུག་ལྡོག་འཁྲུལ་བས། དང་པོར་མཁས་པའི་སློབ་དཔོན་མི་བསྟེན། བར་དུ་ཐོས་བསམ་མཐར་མི་སྐྱེལ། མཐར་ཕྲིན་ལས་དབང་ཐང་ལ་རེ་བའི་སྨན་པ་ཤ་སྟག་ཏུ་གྱུར་པ་མཐོང་ནས་རི་ཁྲོད་དུ་སྡོད་མ་ནུས་ཤིང་གྲྭ་སར་ཡོན་ཏན་མ་གོས་པ་འགའ་ཞིག་གིས་ཡིག་སྣ་ཕྲན་བུ་མཐོང་བ་དང་། སྨན་ངོ་འགའ་རེ་ཤེས་པ་དང་། ལག་ལེན་གཅིག་གཉིས་མཐོང་བ་ཙམ་ལ་བརྟེན་ནས་སྨན་པ་བྱས་པས། དེང་སང་གི་དུས་ན་ཆུ་འདྲེན་པ་དང་མགོ་མཁན། རྡེའུ་འདོན་དང་མིག་འབྱེད་པ། རྐང་ནད་པ་དང་སྔགས་མཁན་ཞེས་སོགས་ནད་སྣ་རེ་རེ་སེལ་བ་ལ་སྨན་པ་ཟུར་བ་རེ་འཚོལ་དགོས་ཤིང་། བཅོས་ལུགས་དེ་དག་རྣམས་ཀྱང་གཞུང་ཆེ་བ་རྣམས་ནས་འབྱུང་བ་རྣམས་ནི་ནམ་ཡང་མི་ཟབ་ལ། ཁྱད་པར་དུ་ངེད་ཀྱི་ཕའམ་མེས་པོ་སོགས་ལ་མཁའ་འགྲོ་མས་ལུང་བསྟན་བྱུང་བའི་མན་ངག་ཆིག་བརྒྱུད་མ་གཏོགས་སྤེལ་མ་མྱོང་བ་འདི་འདྲ་བ་རྣམས་ཟབ་པོ་ཞེས་སྒྲོག་པ་དག་གིས་ནོར་འཛིན་གང་སྟེ། ལུས་ཅན་རྣམས་ཉམ་ཐག་ཅིང་སྨན་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ཡང་ཤིང་རྟ་འདམ་དུ་བྱིང་བ་ལྟར་སོང་སྣང་བས་ཡིད་ལྷག་པར་བྱུང་ནའང་། བསྟན་པ་དང་སེམས་ཅན་ལ་ཕན་བདེ་སྐྱེད་པར་བྱེད་པ་ནི་ཁོ་བོ་ཅག་འདྲ་བའི་གནས་མ་ཡིན་ཞིང་རྔོ་ཐོགས་པར་ཡང་ལྟ་ག་ལ་ཞིག དེ་ལྟ་ནའང་ལྷག་བསམ་དང་རྒྱལ་བའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པས་བྱི་བ་དང་གླང་ཆེན་གྱི་དཔེ་ལྟར་བསམས་ཏེ། གཞུང་ལུགས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཉིད་སྦྱང་བ་རྣམ་པ་གསུམ་ལ་སོགས་པས་བྱི་དོར་ལེགས་པར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་བཀོད་པ་ལྟར་ཀུན་གྱི་སྤྱོད་ཡུལ་དུ་རུང་བ་བྱས་ན། བློ་དང་ལྡན་པ་རྣམས་སྤྲོ་བ་འཕེལ་ཏེ་ཕན་བདེའི་རྩ་ལག་ཏུ་འགྱུར་བའང་སྲིད་དོ་སྙམ་པ་དང་། ངེས་ཤེས་འདྲེན་བྱེད་ནས་འབྱུང་བའི་ལུང་བསྟན་ཀྱང་དུས་ལ་བབ་པོ་ཞེས་ཡིད་ལ་བརྣགས་ནས། གཙོ་བོར་གཡུ་ཐོག་པ་ཡབ་སྲས་ཀྱི་ཕྱག་དཔེ་དངོས་སོགས་སྔ་རབས་པའི་དཔེ་དག་པོར་བྱེད་པ་འགའ་ཟུང་རྙེད་པ་དཔང་དུ་གཙུགས། ཟུར་མཁར་བའི་རྒྱུད་བཞི་རྣམ་དག་ཡིན་ངོ་ཤེས་པ་ལའང་གཏུགས། བྱེ་བྲག་ཏུ་རྩ་བཤད་ཕྱི་གསུམ་ལ་འགྲེལ་བ་སྔ་ཕྱིར་བྱུང་བ་ཇི་སྙེད་ཅིག་དང་། མན་ངག་རྒྱུད་ལ་ཁུངས་ཐུབ་་ཀྱི་འགྲེལ་བ་མི་སྣང་བ་གཡུ་ཐོག་པའི་གསེར་མཆན་དང་། ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་སྐོར་ཚོམས་བཅུ་གཅིག དམར་ཁྲིད་ཡིག་ཆུང་། གབ་པ་བཅོ་བརྒྱད་སོགས་དང་ཕན་ཚུན་སྒོ་བསྟུན། སླར་ཡང་སོ་མ་ར་ཛ་ཆེ་ཆུང་། གསང་ཏིག་སྒྲོན་མ། ཇ་ལོག་དང་ཡང་ལོག མེ་ཆུ་གོ་ལྡོག རིན་ཆེན་སྤུངས་པ། བླ་དཔྱད་པོ་ཏི། ཤ་མོ་ལས་དཀྱུས་སོགས་རྒྱ་ནག་ནས་སྔ་འགྱུར་དུ་བྱོན་པ་རྣམས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་བ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་ཕྱིས་རྒྱ་གར་ནས་འགྱུར་བ་རྣམས་དང་། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ་ཆ་ལག་དང་བཅས་པ་སོགས་བོད་དུ་སྔ་ཕྱིར་བྱུང་བའི་གཞུང་ལུགས་ཆེ་ཆུང་རྣམས་དང་། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་ལུང་། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་གསང་སྔགས་རྙིང་མ་ལ་གྲགས་པའི་སྨན་དཔྱད་སོགས་ཏེ། མདོར་ན་གངས་ཅན་གྱི་ལྗོངས་འདིར་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ་རིན་པོ་ཆེ་འགྲེལ་བ་དང་བཅས་པ་རྣམས་དང་། གསེར་འོད་དམ་པ་དང་དཀོན་མཆོག་བརྩེགས་པ་སོགས་མདོ་སྡེ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པའི་བསྟན་བཅོས་དང་མཛོད་རྩ་འགྲེལ་སོགས་མངོན་པ་སྟེ་ནང་དོན་རིག་པ་རྣམས་དང་ཡང་མི་འགལ་བའི་གཞིག་པ་བཏང་། སྒྲ་སྙན་ངག མིང་གི་མངོན་བརྗོད། ལུགས་ཀྱི་བསྟན་བཅོས། རྩིས་དཀར་ནག རྟོག་གེའི་ཚིག་དོན། རིག་བྱེད་ཡན་ལག་དང་བཅས་པ། བརྡའི་བསྟན་བཅོས་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་དང་སྒོ་མི་བསྟུན་དུ་མི་རུང་བ་རྣམས་ལའང་ཞིབ་ཏུ་དཔྱད། གཞུང་འདི་ཉིད་ཀྱང་ཕན་ཚུན་སྦོལ་ཏེ་ཁུངས་དང་རྒྱུ་མཚན་རྣམ་དག་དང་འབྲེལ་བའི་དཔྱད་པ་གསུམ་དང་རྟོན་པ་བཞིའི་སྒོ་ནས་ལན་ཅིག་ཙམ་མ་ཡིན་པར་ལེགས་པར་ཞུས་ཤིང་གཏན་ལ་ཕབ་པ་ཡིན་པས། མཁས་བླུན་བར་མ་དང་བཅས་པ་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་མཛད་འོས་པ་ཡོད་མོད། འོན་ཏེ་སྨན་པ་ཕལ་ཆེར་ནི་བརྡ་དང་ཐ་སྙད་ལས་ལོགས་སུ་གོལ་ཞིང་། མཁས་པ་གཞན་རྣམས་ནི་གསོ་བའི་ཕྱོགས་ལ་གཟིགས་པ་ལྷོད་པས། བརྡ་དོན་འཕྲོད་པའི་གྲོགས་ཀྱིས་རིང་དུ་བསྐལ་ཏེ་ཚིག་ཞུས་ཁོ་ནའི་བྱེད་པས་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དབང་དུ་གྱུར་པ་འགའ་ཟུང་སྲིད་ན་ཁོ་བོ་ཅག་གི་ནོངས་པར་ཟད་ཀྱི། རིག་གནས་ལ་དཔྱོད་པའི་བློ་ཆུང་ཞིང་ལུང་རིགས་ལྟར་སྣང་གི་རྗེས་སུ་འབྲངས་ཏེ་ལུགས་ངན་དུག་ཅན་གྱི་རིགས་ལ་བརྟེན་པ་རྣམས་ཀྱི་གཞུང་དང་མ་མཐུན་ནོ་ཞེས་སངས་མཐོན་པོར་སྒྲོག་པ་རྣམས་ནི་གཞན་གྱི་ཉེས་པར་གོར་མ་ཆག་པས། ཕྱོགས་རེ་ཙམ་མ་ཡིན་པར་གཟིགས་པ་ཟབ་པ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་ཚར་བཅད་པ་དང་རྗེས་སུ་བཟུང་བར་མཛད་དུ་གསོལ། ཞེས་ཡུལ་མཐའ་འཁོབ་དྭགས་པོའི་ཆ་ལས་ལ་ཐོག་ཟུར་མཁར་དུ་བྱུང་བའི་སྨན་པ་ཨ་བོ་ཆོས་རྗེ་ཞེས་བྱ་བའི་རིགས་རུས་ཆོ་འབྲང་དང་ཆོས་ལུགས་མཐའ་དག་གིས་བྱིན་གྱིས་བརླབས་ཤིང་། གཙུག་ལག་ཀུན་ལ་མི་ཕྱེད་པའི་མོས་བློ་ཐོབ་པས་ཕྱོགས་ཙམ་མཐོང་ནས་དང་དུ་ལེན་པ་ཟུར་མཁར་བ་ཨ་བོ་ཆོས་རྗེ་གཉིས་པའམ་བློ་གྲོས་རྒྱལ་པོ། མིང་གཞན་ལེགས་བཤད་འཚོལ་ཞེས་བྱ་བས་རིང་མོ་ཞིག་ནས་བསམ་པའི་དོན་ཆེན་པོ་འདི་ཉིད་ལེགས་པར་གྲུབ་པ་ཡིན་ནོ་ཞེས་ཞུས་དག་ལས་བརྩམས་ནས་གླེང་བའོ། །སླར་ཡང་སྨྲས་པ། ཆོས་ཀུན་མ་འདྲེས་ཐུགས་ཆུད་ཅིང་། །དུག་གསུམ་རྒྱུ་དང་འབྲས་བུའི་ནད། །རབ་སེལ་འགྲོ་བའི་གཉེན་གཅིག་པུ། །སྔོན་མེད་སྨན་པ་དེས་ཁྱེད་སྲུངས། །འདི་ན་བྱང་ཆུབ་སྤྱོད་པ་ལ། །དང་པོར་འཇུག་པའི་ལམ་པོ་ཆེ། །གསོ་བ་རིག་པ་ཞེས་བྱ་བ། །སྐྱེ་དགུ་ཀུན་གྱི་བདུད་རྩིར་གྱུར། །གཞན་དོན་བསྒྲུབས་པས་རང་གི་དོན། །སྡེ་བཞི་ཅིག་ཅར་འགྲུབ་ནུས་པའི། །ལུགས་བཟང་གསེར་གྱི་ཤིང་རྟ་ཞིག །དྲང་སྲོང་ཆེན་པོས་ལེགས་པར་དྲངས། །འོན་ཏེ་ཚུལ་མིན་འདམ་རྫབ་ཀྱིས། །བྱིང་གྱུར་སླར་ཡང་འདྲེན་ནུས་པའི། །ཁྱུ་མཆོག་ཁ་ལོ་བར་བཅས་པ། །དེང་འདིར་ལྷགས་སོ་གྲོགས་དག་ཀྭ། །ཐར་པ་ཆོས་ནོར་འདོད་པའི་སྲོག་ཤིང་དྲང་པོ་ལ། །སརྒ་བརྒྱ་དང་ལྔ་བཅུ་དྲུག་གི་རྩིབས་བཀྲ་ཞིང་། །དུམ་བུ་བཞི་ཡི་མུ་ཁྱུད་རབ་མཉམ་འཁོར་ལོ་ཅན། །ཡན་ལག་བརྒྱད་ལྡན་ཤིང་རྟ་ཆེ་ཁྱོད་ད་ལོངས་ཤིག །སྔོན་ཚེ་བགྲོད་པའི་ལམ་བཟང་ངང་གིས་ནུབ། །སྒྲོས་ངན་གྱ་གྱུའི་གཏམ་གྱི་ནགས་ཚལ་རྒྱས། །མི་ཤེས་འདམ་གྱིས་ཕྱོགས་ཀུན་གང་གྱུར་ཏེ། །ཆ་ཙམ་མིན་པར་ནུབ་འདི་སུ་ཡིས་བཟོད། །འཛེགས་ན་མཐོན་པོའི་ཁྲི་ལ་ངལ་འཚོ་ཞིང་། །བསྐྱོད་ན་ཇི་ལྟར་འདོད་པའི་གནས་སུ་སྐྱེལ། །ལུགས་གཉིས་ནོར་འཛིན་ཡངས་པོར་སྤྱོད་པ་འདི། །གངས་རིའི་ཁྲོད་ཀྱི་ཤིང་རྟ་གཅིག་པུ་ལགས། །བསྟན་པའི་ཁུར་གྱིས་གདུང་བར་མི་ནུས་སྙིང་སྟོབས་ཀྱིས། །ལྷུན་པོ་དག་ཀྱང་འདྲེན་པར་རྩོམ་ཞིང་ཡན་ལག་ཚང་། །ཁྲིམས་གཉིས་གོམ་སྟབས་ཡངས་པོར་སྤྱོད་འདི་ཐུ་མིའི་རིགས། །མི་ཡི་ཁྱུ་མཆོག་ཡར་རྒྱབ་ཆོས་རྒྱས་ཡུམ་སྲས་ལགས། །འདི་ཡི་རྣམ་དཀར་མཛད་པའི་ཆ་ཙམ་ཡང་། །ཁོང་དུ་ཤོང་བ་འདི་ན་སུ་ཞིག་བགྲང་། །དེས་ན་གཞན་གྱི་ཁུར་དུ་མ་གྱུར་པའི། །དོན་ཆེན་འདི་ནི་དེ་ཡི་ཞར་ལས་སོ། །ཀུན་ལ་ཐུན་མོང་ཁ་ཟད་ལྟ་བུ་ཡི། །གླེགས་བམ་འདི་དག་མི་ཟད་ནམ་མཁའི་མཛོད། །གསར་དུ་སྩལ་ཏོ་དེས་ན་མི་དབང་འདི། །འགྲོ་བ་ཀུན་གྱི་བདེ་བའི་བྱེད་པོ་ལགས། །དེ་ལྟའི་ཤིང་རྟ་ཆེན་པོ་ནི། །འདྲེན་བྱེད་ཁྱུ་མཆོག་དང་བཅས་པའི། །ལམ་བཟང་འབྱེད་པའི་ཁ་ལོ་པ། །ལུས་སྟོབས་རྫོགས་ལྡན་ཟུར་མཁར་བ། །ཚིག་དོན་གཉིས་ཀའི་གཟུགས་ཀྱི་ཆ། །མ་དག་དྲི་མས་སྦགས་རྣམས་ཀྱང་། །ཁྲུད་བྱེད་ཡན་ལག་བརྒྱད་ལྡན་གྱིས། །ཡིད་འོང་བྱེད་པོའང་གཞན་ཡོད་མིན། །སྔོན་ཆད་འདི་ལྟར་བགྱིད་དོ་ཞེས། །དུ་མས་ངལ་བརྒྱ་ལྷུར་བླངས་ཀྱང་། །བྱ་རོག་ལྔ་པར་གྱུར་པ་བཞིན། །ཀུན་གྱི་དཔལ་དུ་མ་གྱུར་ཏོ། །དམ་པའི་འདུན་ས་རབ་ཡངས་པ། །རྒྱལ་པོའི་ཁབ་བཞིན་ཆོས་སྐྱོང་བའི། །རྒྱལ་ཆེན་གླིང་དུ་བསྒྲུབས་འདི་དག །ཕྱོགས་ཀྱི་མགྲོན་པོའི་རྣ་རྒྱན་གྱུར། །གང་ཞིག་བྱང་ཆུབ་སྤྱོད་པ་ཡིས། །རྒྱལ་བ་མཉེས་པར་བྱེད་འདོད་རྣམས། །མགྱོགས་འགྲོ་བཞོན་པའི་མཆོག་འདི་ལ། །ལེགས་པར་འཛེགས་ཤིག་ཐར་འདོད་ཀུན། །དེ་ཡི་རྗེས་སུ་ཡི་གེ་པ། །དགེ་འདུན་རྣམ་རྒྱལ་ཞེས་བྱ་སྟེ། །མལ་ལུགས་མཆོག་གི་རྩེར་ཕྱིན་པས། །སྒོ་གསུམ་ཉེ་བར་བཏུད་དེ་བྲིས། །གསེག་གཅོད་འཛིན་པ་ཐམས་ཅད་ཀྱི། །ཟུར་ཕུད་རང་གྲོལ་དཔལ་འབར་སོགས། །མཆེད་བཅས་དྲུག་གི་དག་པའི་བློས། །ཕྱི་མ་ཇི་བཞིན་ལེགས་པར་བརྐོས། །གཞན་ཡང་ལུས་ངག་ཡིད་གསུམ་དང་། །ཟང་ཟིང་རྣམས་ཀྱིས་ཕན་བཏགས་པ། །ཀུན་ཀྱང་བྲོ་ནད་མ་མཆིས་ཤིང་། །སྨན་པ་ཆེ་མཆོག་བརྙེས་གྱུར་ཅིག །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །དེ་སྲིད་རྒྱུད་འདི་རབ་གནས་ནས། །བསྟན་པ་རིན་ཆེན་རྒྱས་པ་དང་། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །གང་ཡང་འདི་ན་དབང་ཕྱུག་རྨོངས་པའི་གཉིད་ཀྱིས་མྱོས་པ་དུ་མ་དང་། །ཕལ་ཆེར་ཁྱབ་འཇུག་སྨྱོན་པའི་སྤྱོད་ཚུལ་གསལ་པོར་སྟོན་པ་མང་ཞིག་སྣང་། །ཀུན་གྱི་རྒྱུད་ལ་བསླབ་པ་སྟེར་བའི་བྱེད་པོ་གཅིག་པུ་ལྷགས་ཡོད་ཀྱི། །རི་མོར་བྱས་པའི་སྣང་བརྙན་བཞིན་དུ་ད་ནི་བག་ཡོད་གནས་པར་གྱིས། །དེ་ལྟར་བསམ་དོན་ཡིད་བཞིན་གྲུབ་འདི་བདག་འདྲའི་སྤྱོད་ཡུལ་མ་ཡིན་ཡང་། །གསོ་རིག་བསྟན་པ་ནུབ་པར་ཕངས་ཞིང་ཉམ་ཐག་རྣམས་ལ་བྱམས་པའི་བློ། །ལེགས་པར་གཟིགས་པའི་རྒྱལ་བ་སྲས་བཅས་ཐུགས་རྗེ་ལགས་མོད་ད་དུང་ཡང་། །ཁྱོད་དང་ལྷག་བསམ་སྲོག་བཞིན་འཛིན་ཏོ་བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ། །འདི་ཡི་ལྗོན་ཤིང་སྨྱུག་ལ་བ། །བྱག་ཁ་རྒྱལ་གྲོང་རྫོང་སོགས་ནས། །གསོ་རིག་བསྟན་ལ་ཆེར་དགོངས་ཏེ། །སློང་བ་ཡང་དག་ཚིམ་པར་མཛད། །ཅེས་བྱ་བ་ཡང་ལ་ཐོག་ཟུར་མཁར་བ་ལེགས་བཤད་འཚོལ་གྱིས་སོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།།

ཡེ་ཤེས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །མཚན་བཟང་བཻ་ཌཱུར་ཞུན་མར་འཁྱིལ་བའི་ཁམས། །སྲིད་ཞིའི་ནད་ཀྱི་གདུང་སེལ་སྨན་གཅིག་པུར། །གྲུབ་པའི་དཔལ་གྱི་བླ་མ་མངོན་མཐོའི་མགོན།།

གང་གིས་ངོ་མཚར་བཀོད་པའི་ལྟ་ན་སྡུག །ཡིད་འཕྲོག་སྨན་གྱི་གྲོང་ཁྱེར་ཉམས་དགའ་བར། །སྤྲུལ་བའི་དྲང་སྲོང་གཉིས་ཀྱི་དྲིས་ལན་ལས། །བྱིན་རླབས་རོ་བརྒྱའི་བཀའ་ཡི་གཡང་ཞིག་ཆགས། །འཛད་མེད་བསྐལ་པར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོ་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་རྒུའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱར་རྒྱས་བཏབ་སྒོ་འབྱེད་པའི། །སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །དྲི་མེད་རིང་ལུགས་ཆད་མེད་གངྒཱའི་རྒྱུན། །ཐོས་བསམ་ཚངས་པའི་རལ་རླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོར་ངེས། །གང་དེའི་ལེགས་བཤད་མ་དྲོས་ཆུ་བོ་ལས། །འཆི་མེད་ལྷ་ཡི་རྗེ་བོ་དལ་འགྲོའི་རྒྱུན། །གངས་ཅན་འཛིན་མའི་ཁྱོན་ཀུན་མ་ལུས་པར། །བབས་པས་ཚངས་པ་ཨོཾ་ཡིག་ཟོལ་གྱིས་རྫུ། །འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱང་སྟེ། །འགྲོ་བའི་སྲོག་ལ་རྒོལ་བའི་གདུག་པའི་སྦྲུལ། །འཆི་བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང། །དེའི་ཚེ་བཻ་ཌཱུརྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པོའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །དེ་ཕྱིར་གནའ་བོའི་ལུགས་ཞེས་ཕྱོགས་འཛིན་གྱིས། །རིས་སུ་མ་བཅད་ལུས་ཅན་སྤྱི་ཡི་ནོར། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་དབང་གི་རྒྱལ། །བློ་གྲོས་རྒྱལ་པོས་གྲངས་པ་འདི་ཀོ་མཚར། །བོད་ཡུལ་ཚེ་ཡི་རིག་བྱེད་མཐོ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མི་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛ་ཧུ་ནས། །སླར་སྐྱུགས་གསོ་རིག་གངྒཱ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་གྲང་། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། །གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྗོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་བསྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེས་ཞུས་ཆེན་བགྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲིབ་མི་མཉམ་རྣོན་པོའི་ཚེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེངས་སོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་སྨིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིང་བའི། །རིང་པོར་འཚོ་བའི་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །འགྲོ་རྣམས་སྔོན་ལས་འཕྲལ་རྐྱེན་དུཿཁའི་ནད། །ཚོར་བ་དྲག་པོས་མནར་བའི་ཉམ་ཐག་ཀུན། །ཙན་དན་དྲིས་བགོས་ཚ་གདུང་མཐར་བྱས་བཞིན། །སིམ་པའི་བདེ་བ་ནམ་ཡང་གཏོང་མིན་ཤོག །རོ་ནུས་ཞུ་རྗེས་བསྡེབས་པའི་འཁྲུལ་འཁོར་གྱིས། །ནད་སེལ་སྲོག་གི་ཀ་བ་ལེགས་འཛུགས་པའི། །རིས་མེད་ཀུན་ལ་བརྩེ་བའི་གསོ་རིག་གི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །འཁོར་འདས་ཀུན་གྱི་འདུ་བ་འཁྲུགས་བྱེད་གཞི། །སྒྲིབ་གཉིས་ནད་ཀྱི་རྩ་བ་དྲུངས་འབྱིན་པའི། །བླ་མེད་བྱང་ཆུབ་མཆོག་གི་སྨན་ཆེན་པོར། །མཁའ་མཉམ་འགྲོ་བ་མ་ལུས་སྤྱོད་གྱུར་ཅིག །འདི་ལ་ཡོངས་འབད་བརྒྱ་བྱིན་གཙུག་གི་ནོར། །རིན་ཆེན་སེམས་ཀྱིས་ཟིན་པའི་སྤྱི་བོ་རུ། །རེག་པས་ལས་ཉོན་གྱིས་འཕངས་མི་ཡི་རྟེན། །སྒྲིབ་བྲལ་ལྷ་ཡི་ལུས་སུ་མངོན་གྱུར་ཤོག །བློ་གྲོས་རྒན་པོའི་རྩལ་འཆང་འཇམ་པའི་དབྱངས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཆོས་དཀར་འཕྲིན་ལས་གྲགས་པའི་སྒྲ་དབྱངས་སུ། །ལེན་པའི་པཀྵུའི་ཀླུང་དེ་རྟག་འབབ་ཤོག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་བར། །འཇིག་རྟེན་མེས་པོའི་དབང་ཐང་ཐོབ་གྱུར་ཅིག །རིང་པོའི་ཚེ་དང་ཕུན་ཚོགས་འབྱོར་བའི་དཔྱིད། །ལུས་སེམས་ཀུན་ལ་བདེ་སྐྱིད་རོ་བདའ་བའི། །རྣམ་སྨིན་དཀར་པོའི་འབྲས་བཟང་ཁོ་ན་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་རྒོད་གྱུར་ཅིག །དེ་ལྟར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན་གྱིས་ཀུན་མཁྱེན་བུ་རམ་ཤིང་བའི་ལུང་དང་རྟོགས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་སུ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཙུག་ལག་རྣམས། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་ཀུན་ལ་བསླབ་དགོས་པ་ཡིན་ཞིང་། དེར་མ་ཟད་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་ཆས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱིས་བྱེད་པོས་འདུ་བ་ཆ་མི་སྙོམས་པར་ནད་སྣ་ཚོགས་ཀྱིས་གཅེས་པར་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་ཀྱི་ལེའུར། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་བ་གཟའ་ལས་གྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པར་དགོངས་ཏེ་མཐའ་དབུས་ཀྱི་སྨན་པ་མཁས་པ་རྣམས་བསྡུས་ནས་གསོ་རིག་གི་གཞུང་འགྲེལ་མང་དུ་བསྒྱུར་བའི་ནང་ནས། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྟོན་པ་སྨན་གྱི་བླས་བྱིན་གྱིས་བརླབས་པའི་བཀའ་དྲི་མ་མེད་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད། ཇི་སྐད་དུ། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར་ཚིག་ཉུང་ལ་དོན་རྒྱས་པ་གསོ་རིག་ཀུན་གྱི་ཡང་རྩེར་སོན་པ་འདི་མ་འོངས་པ་ན་ལུས་ཅན་ཀུན་གྱི་སྲོག་འཚོའི་བཅུད་ལེན་དུ་འགྱུར་བ་དགོངས་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་ཟབ་མོའི་གཏེར་དུ་གསང་བའི་རྒྱས་བཏབ་པ་སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་གདན་དྲངས། རིགས་འདུས་སྨན་རྒྱལ་མིའི་གཟུགས་སུ་སྤྲུལ་བ་གཡུ་ཐོག་ཡོན་ཏན་མགོན་པོས་དར་རྒྱས་སུ་མཛད་དེ་ཕྱོགས་ཀུན་དུ་འཕེལ་རྒྱས་སུ་གྱུར་ནའང་། དུས་ཀྱི་དབང་གིས་གསོ་རིག་གཅིག་པོར་མ་ཟད་རིག་པའི་གནས་གང་ལའང་ཚུལ་བཞིན་དུ་སློབ་པ་ཆེས་ཉུང་ཞིང་། མི་ཆེ་གེ་མོ་དང་དུད་འགྲོ་ཆེ་གེ་མོའི་སྤྲུལ་བ་དང་སྐྱེ་བ་ཡིན་ནོ་ཞེས་པ་ཙམ་དང་། བླ་མ་ཆེ་གེ་མོ་དང་རྒྱལ་རིགས་ཆེ་གེ་མོ་དག་གི་རིགས་རུས་ལས་བྱུང་བ་ཡིན་ནོ་ཞེས་པ་ཙམ་གྱི་ཟོལ་ཟོག་ལ་བརྟེན་ནས་ཚེ་འདིའི་འབྱིད་ཐབས་ལྷུར་ལེན་པ་མང་ཞིང་། མཁས་པ་རློམ་པ་རྣམས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པ་ལྟར་མདོ་སྔགས་ཐ་སྙད་རིག་པའི་ནང་ཚན་སྣ་རེ་ཙམ་ཤེས་པ་ལ་ཐམས་ཅད་མཁྱེན་པ་དང་པཎྜི་ཏ་སོགས་མིང་སྙན་པོར་འབོད་པ་རྣམས་ཀྱི་ཕྱོགས་འདི་དག་སྤྱན་གྱིས་གཟིགས་དཀྱུས་ཐུང་ངུར་གྱུར་ཅིང་། ལུགས་སྲོལ་འདི་ལ་སྦྱངས་པའི་རྒན་པོ་ཁུར་ལྡན་རྣམས་ཀྱང་གཞུང་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲ་བར་ཚུད་དེ་གསོ་བ་རིག་པའི་གཙུག་ལག་གི་ཚུལ་དྲི་བཅས་སུ་གྱུར་པ་ལས་དུས་རིང་པོ་ཞིག་ནས། འཇམ་དབྱངས་ཐོན་མི་སམྦྷོ་ཊའི་གདུང་འཛིན་པ་ནང་སོ་ཡར་རྒྱབ་པས་མཐུན་པའི་རྐྱེན་སྦྱར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་བརྒྱུད་ཀྱི་དཔོན་པོ་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་ཞུས་ཆེན་མཛད་དེ་པར་དུ་བརྐོས་པའི་གྲྭ་ཐང་གི་རྒྱུད་བཞི་འདི་ཉིད་ཤིན་ཏུ་ཁུངས་བཙུན་པའི་གསོ་རིག་གི་བསྟན་པའི་སྲོག་ཤིང་དུ་འདུག་ནའང་འཕྲིན་ལས་ཧ་ཅང་ཆེས་པས་ཡི་གེའི་ཚོགས་མི་གསལ་བ་མང་དུ་འདུག་ཅིང་། དྭགས་པོ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱན་པས་གསར་བརྐོས་ཤིག་མཛད་པ་འདི་གའི་བུ་དཔེ་ཡིན་ཁུལ་དུ་འདུག་ཀྱང་། མཆན་བུ་རྣམས་ལོགས་སུ་བཀོལ་ཏེ་བྲིས་པས་རྩ་མཆན་ངོ་འཕྲོད་དཀའ་བའི་སྐྱོན་དང་། རྟག་བརྟན་སྤྲུལ་སྐུས་གསར་བརྐོས་གྲྭ་ཐང་རྒྱུད་བཞིའི་བུ་དཔེ་ཡིན་ཁུལ་དེ་ལ་ལུགས་སྲོལ་འདི་དང་མི་གཅིག་པའི་རིགས་ལྡན་ཆེན་པོ་སོགས་བྱང་སྨན་མཁས་པའི་ལུགས་དང་རྣམ་པར་བསྲེས་ཏེ་ལུགས་གཉིས་གང་དུ་ཡང་ངོས་བཟུང་དཀའ་བའི་རང་གི་མཛད་སྲོལ་མཉམ་མེད་དེ་ཀ་ཡོད་འདུག་པ་ནས། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བྱང་ངོས་པ་བསྟན་འཛིན་རྒྱལ་པོའི་རིགས་བརྒྱུད་འཛིན་པ་དཔོན་ཚང་ནང་སོ་དར་རྒྱས་ཀྱིས་ཟླ་གཞོན་ལྟ་བུར་དཀར་བའི་ལྷག་བསམ་གྱིས་གྲྭ་ཐང་གི་རྒྱུད་བཞི་འདི་ཀ་འབྲུ་ལེན་བྱས་པའི་བརྐོ་དགོས་ཚུལ་གྱིས་བསྐུལ་བ་དང་། སྙིགས་མར་སྤྱོད་པའི་དུས་ཀྱི་དབང་གིས་མདོ་རྒྱུད་ཐ་སྙད་ཀྱི་དོན་ལ་ཐོས་བསམ་བྱེད་རློམ་ཕལ་ཆེར་གཞུང་གི་སྟོད་ནས་ལེའུ་གྲངས་ཁ་ཤས་ལས་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་བསམ་བྱེད་པ་ཆེས་ཉུང་བས་ན། གསོ་དཔྱད་རྣམས་ཀྱང་རྩ་བཤད་ཕྱི་གསུམ་དང་མན་ངག་ཕྲན་བུ་ཙམ་ཐོས་པ་ལ་དྲང་སྲོང་ཆེན་པོར་རློམ་པའི་དུས་འདིར་མཁན་རྣམས་ཀྱོ་སོར་མོའི་འདུ་བྱེད་སྒྱུར་བ་ངལ་བའི་རྒྱུ་ཙམ་དུ་འདུག་ནའང་། རྒྱལ་བ་སྨན་གྱི་བླའི་ཐུགས་རྗེ་དང་འགྲོ་བའི་ལེགས་བྱས་ཀྱི་བྱེད་པོས་ལྷ་རྗེ་མིང་དང་དོན་མཐུན་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པ་འགའ་འབྱུང་སྲིད་སྙམ་སྟེ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་ཡིག་གི་སུམ་བྲྀཏ། དབུ་ལྷ་དང་རྒྱུད་སོ་སོའི་མཇུག་ཏུ་པར་བྱང་སྨོན་ལམ་དང་བཅས་པ་གསར་དུ་བསྒྲིགས་ཤིང་། དངོས་གཞི་གྲྭ་ཐང་གི་པར་རྙིང་སོར་བཞག་བཅོས་སླད་མེད་པའི་སྟ་གོན་བྱས་པ་བཞིན་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་གྱི་བཀོད་པས་ཁྱབ་པར་བྱས་ནས་ཞུས་དག་པ་སློབ་(མཚམས་འདི་ནས་མ་ཡོག་ལ་ཤོག་ངོས་གཅིག་ཙམ་མ་ཚང་བས་འགོད་མ་ཐུབ།)

 

རྩེ་ཞོལ་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་བཟད་ཆོས་ཀྱི་ཆར་བ་འདི་བབ་པོ།།

སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཚོན་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏ་ལ་ནས་སྤེལ།།

བཤད་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ།་།བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་པའི་ལྕག་གིས་རི་བོ་ཡོངས་སྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི། །མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་རྒྱུད་ཆེན་འདི་ཉིད་ལ་ལས་གོ་སླ་བར་བཟུང་། འགའ་ཞིག་གིས་རྟོགས་དཀའ་བར་མཐོང་། ཕལ་ཆེར་གྱིས་ཞིབ་ཏུ་མ་དཔྱད། ཁ་ཅིག་ནི་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་བར་སྣང་ཞིང་། རྒྱུ་དེས་སྔོན་ཆད་འགྲེལ་པ་མཛད་པོའང་ཆེར་མ་བྱུང་འདུག་པས། ཡིད་ཆེས་སུ་རུང་བ་ནི་གཡུ་ཐོག་པའི་མཆན་བུ་སྟེ། དེ་ལའང་གསེར་མཆན་ཟོག་མཆན་ཞེས་སྨར་ཟོང་གི་དབང་དུ་བྱས་པར་གྲགས་ཀྱང་། དེང་སང་ཕལ་ཆེར་ཕན་ཚུན་འདྲེས་ཤིང་མི་འདྲ་བ་ཁོ་ན་མ་གཏོགས་ཡིད་ཆེས་སུ་རུང་བ་དམིགས་ཀྱིས་བསལ་རྒྱུ་ཆེར་མི་སྣང་བས། སྔར་གྱི་ཡིག་རྙིང་རྣམས་སོར་བཞག་ནས། སྙིང་པོ་བསྡུས་པའི་རྩ་འགྲེལ། ཛི་ན་མི་ཏྲའི་གཞུང་ཆེན། སྟོང་ཐུན་ཆེན་མོའི་སྐོར། གཅེས་ཕྲེང་། དྲང་སྲོང་གི་སྒོས་བཅོས། ཀླུའི་རྒྱུད་བཞི་མན་ངག་དང་བཅས་པ། མིའི་ཁོག་པ་སྟོད་སྨད། དམར་བྱང་དང་ཐེམ་བྱང་། ཤེལ་གྱི་མེ་ལོང་། སྐེ་རགས་དཀར་པོ། མེ་ལྕེ་ཕྲེང་བ། གསོ་བ་ལམ་སྒྲོན། བདུད་རྩི་ལྗོན་ཤིང་སོགས་རྩ་བའི་ཁུངས་གང་རྙེད་རྣམས་དང་སྒོ་བསྟུན་ནས་འབད་པས་དག་པར་བསྒྲུབས་པ་ཡིན་ལ། དེ་ལས་མཐའ་དག་ནི་ཧ་ཅང་མང་ཆེས་ཤིང་མི་དགོས་ཀ་མེད་དུའང་མི་སྣང་བས་གཞུང་མི་མཛེས་པར་དོགས་ནས་མ་བཀོད། སྒྲུབ་བྱེད་ཨ་གར་དྲུག་སྦྱར་ཞེས་སོགས་མཆན་བུ་མ་གཏོགས་གཞན་མས་དཔྱད་དཀའ་བའི་རིགས་རྣམས་མ་ཆད་པ་བྱས། དེའང་ཡིག་ཕྲེང་གི་སྲུབས་ལ་བྲིས་ན་ཁུལ་དོག་པོར་འགྲོ་ཞིང་འདྲེན་འཚེག་ལྟ་བུས་གཞུང་འཐོར་བར་དོགས་པ་དང་། ཀ་ཐོ་བསྒྲིགས་ན་རྟོགས་དཀའ་བར་སྣང་བས་ན་འཇུག་མཚམས་ཇི་ལྟ་བར་ཚིག་སྣ་ཅུང་ཟད་བསྟུངས་ཏེ་དཀྱུས་ཁོ་ནར་ཆེ་ཆུང་དང་མཚམས་ཀྱང་ཕྱེད་པར་བཀོད་པ་འདིས་ཀྱང་མན་ངག་རྒྱུད་འདི་ཉིད་ཡོངས་སུ་དར་བའི་རྒྱུར་གྱུར་ཅིག །ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུ་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །ཚེ་ཡི་རིགས་བྱེད་དྲན་ཤེས་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ། །ཤུབྷཾ་མསྟུ་སརྦ་ཛ་ཀ་ཏཱཾ།།

ཕྱི་མ་རྒྱུད་པར་བྱང་།

ཨ་ཧོ་རྒྱལ་བ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་སྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་སྙིལ། །སྲིད་ཞིའི་འདྲེན་པ་ཕྱན་ན་པད་དཀར་འཆང་། །བྱམ་མགོན་སྤྲུལ་སྐུར་བྱོན་བར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །

ཡེ་ཤེས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །མཚན་བཟང་བཻ་ཌཱུར་ཞུན་མར་འཁྱིལ་བའི་ཁམས། །སྲིད་ཞིའི་ནད་ཀྱི་གདུང་སེལ་སྨན་གཅིག་པུར། །གྲུབ་པའི་དཔལ་གྱི་བླ་ན་མངོན་མཐོའི་མགོན།།

གང་གི་ངོ་མཚར་བཀོད་པའི་ལྟ་ན་སྡུག །ཡིད་འཕྲོག་སྨན་གྱི་གྲོང་ཁྱེར་ཉམས་དགའ་བར། །སྤྲུལ་བའི་དྲང་སྲོང་གཉིས་ཀྱི་དྲིས་ལན་ལས། །བྱིན་རླབས་རོ་བརྒྱའི་བཀའ་ཡི་གཡང་ཞིག་ཆགས། །འཛད་མེད་བསྐལ་པར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོ་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་རྒུའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱར་རྒྱས་བཏབ་སྒོ་འབྱེད་པའི། །སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །དྲི་མེད་རིང་ལུགས་ཆད་མེད་གངྒཱའི་རྒྱུན། །ཐོས་བསམ་ཚངས་པའི་རལ་རླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོར་ངེས། །གང་དེའི་ལེགས་བཤད་མ་དྲོས་ཆུ་བོ་ལས། །འཆི་མེད་ལྷ་ཡི་རྗེ་བོ་དལ་འགྲོའི་རྒྱུན། །གངས་ཅན་འཛིན་མའི་ཁྱོན་ཀུན་མ་ལུས་པར། །བབས་པས་ཚངས་པ་ཨོཾ་ཡིག་ཟོལ་གྱིས་རྫུ། །འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱང་སྟེ། །འགྲོ་བའི་སྲོག་ལ་རྒོལ་བའི་གདུག་པའི་སྦྲུལ། །འཆི་བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང། །དེའི་ཚེ་བཻ་ཌཱུརྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པོའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །དེ་ཕྱིར་གནའ་བོའི་ལུགས་ཞེས་ཕྱོགས་འཛིན་གྱིས། །རིས་སུ་མ་བཅད་ལུས་ཅན་སྤྱི་ཡི་ནོར། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་དབང་གི་རྒྱལ། །བློ་གྲོས་རྒྱལ་པོས་གྲངས་པ་འདི་ཀོ་མཚར། །བོད་ཡུལ་ཚེ་ཡི་རིག་བྱེད་མཐོ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མི་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛ་ཧུ་ནས། །སླར་སྐྱུགས་གསོ་རིག་གངྒཱ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་གྲང་། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། །གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྗོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་བསྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེས་ཞུས་ཆེན་བགྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲིབ་མི་མཉམ་རྣོན་པོའི་ཚེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེངས་གསོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་སྨིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིང་བའི། །རིང་པོར་འཚོ་བའི་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །འགྲོ་རྣམས་སྔོན་ལས་འཕྲལ་རྐྱེན་དུཿཁའི་ནད། །ཚོར་བ་དྲག་པོས་མནར་བའི་ཉམ་ཐག་ཀུན། །ཙན་དན་དྲིས་བགོས་ཚ་གདུང་མཐར་བྱས་བཞིན། །སིམ་པའི་བདེ་བ་ནམ་ཡང་གཏོང་མིན་ཤོག །རོ་ནུས་ཞུ་རྗེས་བསྡེབས་པའི་འཁྲུལ་འཁོར་གྱིས། །ནད་སེལ་སྲོག་གི་ཀ་བ་ལེགས་འཛུགས་པའི། །རིས་མེད་ཀུན་ལ་བརྩེ་བའི་གསོ་རིག་གི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །འཁོར་འདས་ཀུན་གྱི་འདུ་བ་འཁྲུགས་བྱེད་གཞི། །སྒྲིབ་གཉིས་ནད་ཀྱི་རྩ་བ་དྲུངས་འབྱིན་པའི། །བླ་མེད་བྱང་ཆུབ་མཆོག་གི་སྨན་ཆེན་པོར། །མཁའ་མཉམ་འགྲོ་བ་མ་ལུས་སྤྱོད་གྱུར་ཅིག །འདི་ལ་ཡོངས་འབད་བརྒྱ་བྱིན་གཙུག་གི་ནོར། །རིན་ཆེན་སེམས་ཀྱིས་ཟིན་པའི་སྤྱི་བོ་རུ། །རེག་པས་ལས་ཉོན་གྱིས་འཕངས་མི་ཡི་རྟེན། །སྒྲིབ་བྲལ་ལྷ་ཡི་ལུས་སུ་མངོན་གྱུར་ཤོག །བློ་གྲོས་རྒན་པོའི་རྩལ་འཆང་འཇམ་པའི་དབྱངས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཆོས་དཀར་འཕྲིན་ལ་གྲགས་པའི་སྒྲ་དབྱངས་སུ། །ལེན་པའི་པཀྵུའི་ཀླུང་དེ་རྟག་འབབ་ཤོག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་བར། །འཇིག་རྟེན་མེས་པོའི་དབང་ཐང་ཐོབ་གྱུར་ཅིག །རིང་པོའི་ཚེ་དང་ཕུན་ཚོགས་འབྱོར་བའི་དཔྱིད། །ལུས་སེམས་ཀུན་ལ་བདེ་སྐྱིད་རོ་བདའ་བའི། །རྣམ་སྨིན་དཀར་པོའི་འབྲས་བཟང་ཁོ་ན་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་རྒོད་གྱུར་ཅིག །དེ་ལྟར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན་གྱིས་ཀུན་མཁྱེན་བུ་རམ་ཤིང་བའི་ལུང་དང་རྟོགས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་སུ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཙུག་ལག་རྣམས། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་ཀུན་ལ་བསླབ་དགོས་པ་ཡིན་ཞིང་། དེར་མ་ཟད་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་ཆས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱིས་བྱེད་པོས་འདུ་བ་ཆ་མི་སྙོམས་པར་ནད་སྣ་ཚོགས་ཀྱིས་གཙེས་པའི་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་ཀྱི་ལེའུར། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་བ་གཟའ་ལས་གྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པར་དགོངས་ཏེ་མཐའ་དབུས་ཀྱི་སྨན་པ་མཁས་པ་རྣམས་བསྡུས་ནས་གསོ་རིག་གི་གཞུང་འགྲེལ་མང་དུ་བསྒྱུར་བའི་ནང་ནས། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྟོན་པ་སྨན་གྱི་བླས་བྱིན་གྱིས་བརླབས་པའི་བཀའ་དྲི་མ་མེད་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད། ཇི་སྐད་དུ། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར་ཚིག་ཉུང་ལ་དོན་རྒྱས་པ་གསོ་རིག་ཀུན་གྱི་ཡང་རྩེར་སོན་པ་འདི་མ་འོངས་པ་ན་ལུས་ཅན་ཀུན་གྱི་སྲོག་འཚོའི་བཅུད་ལེན་དུ་འགྱུར་བ་དགོངས་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་ཟབ་མོའི་གཏེར་དུ་གསང་བའི་རྒྱས་བཏབ་པ་སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་གདན་དྲངས། རིགས་འདུས་སྨན་རྒྱལ་མིའི་གཟུགས་སུ་སྤྲུལ་བ་གཡུ་ཐོག་ཡོན་ཏན་མགོན་པོས་དར་རྒྱས་མཛད་དེ་ཕྱོགས་ཀུན་དུ་འཕེལ་རྒྱས་སུ་གྱུར་ནའང་། དུས་ཀྱི་དབང་གིས་གསོ་རིག་གཅིག་པོར་མ་ཟད་རིག་པའི་གནས་གང་ལའང་ཚུལ་བཞིན་དུ་སློབ་པ་ཆེས་ཉུང་ཞིང་། མི་ཆེ་གེ་མོ་དང་དུད་འགྲོ་ཆེ་གེ་མོའི་སྤྲུལ་བ་དང་སྐྱེ་བ་ཡིན་ནོ་ཞེས་པ་ཙམ་དང་། བླ་མ་ཆེ་གེ་མོ་དང་རྒྱལ་རིགས་ཆེ་གེ་མོ་དག་གི་རིགས་རུས་ལས་བྱུང་བ་ཡིན་ནོ་ཞེས་པ་ཙམ་གྱི་ཟོལ་ཟོག་ལ་བརྟེན་ནས་ཚེ་འདིའི་འབྱིད་ཐབས་ལྷུར་ལེན་པ་མང་ཞིང་། མཁས་པ་རློམ་པ་རྣམས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པ་ལྟར་མདོ་སྔགས་ཐ་སྙད་རིག་པའི་ནང་ཚན་སྣ་རེ་ཙམ་ཤེས་པ་ལ་ཐམས་ཅད་མཁྱེན་པ་དང་པཎྜི་ཏ་སོགས་མིང་སྙན་པོར་འབོད་པ་རྣམས་ཀྱི་ཕྱོགས་འདི་དག་སྤྱན་གྱིས་གཟིགས་དཀྱུས་ཐུང་ངུར་གྱུར་ཅིང་། ལུགས་སྲོལ་འདི་ལ་སྦྱངས་པའི་རྒན་པོའི་ཁུར་ལྡན་རྣམས་ཀྱང་གཞུང་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲ་བར་ཚུད་དེ་གསོ་བ་རིག་པའི་གཙུག་ལག་གི་ཚུལ་དྲི་བཅས་སུ་གྱུར་པ་ལས་དུས་རིང་པོ་ཞིག་ནས། འཇམ་དབྱངས་ཐོན་མི་སམྦྷོ་ཊའི་གདུང་འཛིན་པ་ནང་སོ་ཡར་རྒྱབ་པས་མཐུན་པའི་རྐྱེན་སྦྱར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་བརྒྱུད་ཀྱི་དཔོན་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་ཞུས་ཆེན་མཛད་དེ་པར་དུ་བརྐོས་པའི་གྲྭ་ཐང་གི་རྒྱུད་བཞི་འདི་ཉིད་ཤིན་ཏུ་ཁུངས་བཙུན་པའི་གསོ་རིག་གི་བསྟན་པའི་སྲོག་ཤིང་དུ་འདུག་ནའང་འཕྲིན་ལས་ཧ་ཅང་ཆེས་པས་ཡི་གེའི་ཚོགས་མི་གསལ་བ་མང་དུ་འདུག་ཅིང་། དྭགས་པོ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱན་པས་གསར་བརྐོས་ཤིག་མཛད་པ་འདི་གའི་བུ་གའི་དཔེ་ཡིན་ཁུལ་དུ་འདུག་ཀྱང་། མཆན་བུ་རྣམས་ལོགས་སུ་བཀོལ་ཏེ་བྲིས་པས་རྩ་མཆན་ངོ་འཕྲོད་དཀའ་བའི་སྐྱོན་དང་། རྟག་བརྟན་སྤྲུལ་སྐུས་གསར་བརྐོས་གྲྭ་ཐང་རྒྱུད་བཞིའི་བུ་དཔེ་ཡིན་ཁུལ་དེ་ལ་ལུགས་སྲོལ་འདི་དང་མི་གཅིག་པའི་རིགས་ལྡན་ཆེན་པོ་སོགས་བྱང་སྨན་མཁས་པའི་ལུགས་དང་རྣམ་པར་བསྲེས་ཏེ་ལུགས་གཉིས་གང་དུ་ཡང་ངོས་བཟུང་དཀའ་བའི་རང་གི་མཛད་སྲོལ་ཉམས་མེད་དེ་ག་ཡོད་འདུག་པ་ནས། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བྱང་ངོས་པ་བསྟན་འཛིན་རྒྱལ་པོའི་རིགས་བརྒྱུད་འཛིན་པ་དཔོན་ཚང་ནང་སོ་དར་རྒྱས་ཀྱིས་ཟླ་གཞོན་ལྟ་བུར་དཀར་བའི་ལྷག་བསམ་གྱིས་གྲྭ་ཐང་གི་རྒྱུད་བཞི་འདི་ག་འབྲུ་ལེན་བྱས་པའི་བརྐོ་དགོས་ཚུལ་གྱིས་བསྐུལ་བ་དང་། སྙིགས་མར་སྤྱོད་པའི་དུས་ཀྱི་དབང་གིས་མདོ་རྒྱུད་ཐ་སྙད་ཀྱི་དོན་ལ་ཐོས་བསམ་བྱེད་རློམ་ཕལ་ཆེར་གཞུང་གི་སྟོད་ནས་ལེའུ་གྲངས་ཁ་ཤས་ལས་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་བསམ་བྱེད་པ་ཆེས་ཉུང་བས་ན། གསོ་དཔྱད་རྣམས་ཀྱང་རྩ་བཤད་ཕྱི་གསུམ་དང་མན་ངག་ཕྲན་བུ་ཙམ་ཐོས་པ་ལ་དྲང་སྲོང་ཆེན་པོར་རློམ་པའི་དུས་འདིར་པར་མཁན་རྣམས་ཀྱི་སོར་མོའི་འདུ་བྱེད་སྒྱུར་བ་ངལ་བའི་རྒྱུ་ཙམ་དུ་འདུག་ནའང་། རྒྱལ་བ་སྨན་གྱི་བླའི་ཐུགས་རྗེ་དང་འགྲོ་བའི་ལེགས་བྱས་ཀྱི་བྱེད་པོས་ལྷ་རྗེ་མིང་དང་དོན་མཐུན་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པ་འགའ་འབྱུང་སྲིད་སྙམ་སྟེ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་ཡིག་གི་སུམ་བྲྀཏ། དབུ་ལྷ་དང་རྒྱུད་སོ་སོའི་མཇུག་ཏུ་པར་བྱང་སྨོན་ལམ་དང་བཅས་པ་གསར་དུ་བསྒྲིགས་ཤིང་། དངོས་གཞི་གྲྭ་ཐང་གི་པར་རྙིང་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་བྱས་པ་བཞིན་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་གྱི་བཀོད་པས་ཁྱབ་པར་བྱས་ཤིང་། འདི་ལོར་པར་དུ་བརྐོ་སྐབས་ལས་བྱེད་ཐོག་འཕོས་པ་ནས་ངོ་ཐོག་གི་མིང་བྲིས་པར། ཞུས་དག་དང་དོ་དམ་གཉིས་ཀ་བྱེད་མི་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ། བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག །པར་ཡིག་པ་བློ་བཟང་དམ་ཆོས། ཐོགས་མེད་རྒྱ་མཚོ། གྲགས་པ་སྙན་གྲགས། ཆོས་ཀྱི་ཉི་མ། བཟང་པོ་རྒྱལ་མཚན། པར་རྐོ་པ། དབུ་མཛད་ཕུན་ཚོགས། དབུ་ཆུང་དོན་དབང་། བྱིངས་གྲ་ནམ་རབ། དཔལ་ཆེན། ཚེ་རིང་དར་རྒྱས། དཔལ་ཁང་པ། གྲགས་པ་ཚེ་འཕེལ། བླ་མ་དབང་པོ། འོམ་སྦུག་དཔལ་འབར། ཟངས་དཀར་པདྨ། དོན་གྲུབ། རྣམ་རྒྱལ། འཛིམ་དབང་། སྒྲོལ་དབང་། ཚེ་དབང་རྟ་མགྲིན། ཀུན་བཟང་། སྨོན་ཀུན། ནོར་བུ་ལྷ་སྐྱབས། བླ་མ་ཚེ་བརྟན། བདེ་ལེགས་སྙིང་པོ། དབང་ལྡན། བཀྲས་རབ། རྒྱལ་མཚན། ལྷུན་རྡོར། སྲུང་མོ་པདྨ། བླ་མ་རྒྱ་མཚོ། ནོར་བུ་ཚེ་བརྟན། ལྔ་དར། གསུམ་པ། རབ་རྒྱས། གསུམ་དར། ཤིང་བཟོ་དར་རྒྱས་རྣམས་དང་། ཕོགས་སོགས་དགོས་ཆ་སྤྲོད་མི་མདའ་ཐང་པ་ཚེ་བརྟན་རྡོ་རྗེ་དང་རྒྱ་ཡགས་པ་བློ་བཟང་རབ་བརྟན་གྱིས་བགྱིས་ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ཁྱི་ལོར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་གསར་དུ་བསྐྲུན་པ་འདི། གསོ་བ་རིག་པའི་རྒྱུད་ཆེན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ། བཻ་སྔོན་དང་ཁོག་འབུགས་སུ་དྲངས་པ་ལྟར་སྟོན་པ་ཐུབ་པའི་དབང་པོའི་བཀའ་དྲི་མ་མེད་པ་ལོ་ཆེན་བཻ་རོའི་འགྱུར་ལ་གངས་ཅན་ཡུལ་གྱི་དབང་པོ་དང་འཚམ་པར་རིགས་འདུས་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་གོ་བདེ་བ་དང་ཚིག་གསལ་མ་ཚང་བ་ཕྲན་བུའི་བསྣན་ཁ་གནང་བའི་དཔལ་ལྡན་རྒྱུད་བཞིར་གྲགས་པ་གསོ་རིག་ཀུན་གྱི་གཙོ་བོ་རྒྱལ་མཚན་གྱི་ཏོག་ལྟར་མཐོ་ཞིང་གཅེས་པ་ཞིག་སྣང་ཡང་། བྱང་ཟུར་མཁས་པའི་དབང་པོ་གཉིས་ཙམ་ལས་སྔ་རབས་པ་རྣམས་ཀྱིས་ཚོང་འདུས་གྱི་འོ་མ་བཞིན་བསླད་ཅིང་། ཅི་རིགས་སུ་གྱུར་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་པའི་གྲྭ་ཐང་རྒྱུད་བཞི་ཞེས་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བས་དར་རྒྱས་སུ་མཛད་ལ། ལྷ་དང་བཅས་པའི་སྐྱབས་མགོན་དམ་པ་ྋཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་འདིས་ཤེས་བྱ་ཇི་ལྟ་བ་དོན་དམ་པར་ལག་མཐིལ་སྐྱུ་རུ་ར་ལྟར་གསལ་ལེར་གཟིགས་ཤིང་མཁྱེན་པ་གཞིར་བཅས་ཀྱང་། བློ་དམན་ངོར་རྣམ་ཐར་རིན་པོ་ཆེར་གསལ་བ་ལྟར་གསོ་བ་རིག་པ་འདིའི་རྩ་བཤད་ཕྱི་གསུམ་ྋཐུགས་འཛིན་ལས་སྤྲོས་མི་མཁྱེན་པའི་ཚུལ་བསྟན་ཅིང་། གནང་རིགས་ཀྱི་སྨན་རྒྱལ་བྱང་ངོས་ནང་སོ་དར་རྒྱས་དེ་ཉིད་ཁོ་བོས་ཕྲད་དུས་ན་ཚོད་ཇེ་མཐོར་གྱུར་ཀྱང་རྒྱུད་ངེས་ཤིང་ཕྱག་ལེན་ཀྱང་རྒྱུད་ཀྱི་དགོངས་པ་གཙོར་བཏོན་ངོས་བརྟན་ཆ་ཆེ་བས་དུས་དབང་གི་སྨན་རྒྱལ་གཉིས་པར་སེམས་ཀྱང་འགྲེལ་བའི་རིགས་ཞིབ་མོ་ཆུག་གམ། རང་གི་ཕའི་གསོལ་ཞལ་དུ་སོང་བ་ཇི་ལྟར་རུང་། སློབ་འཁོར་སོགས་ལྷ་རྗེ་དཀྱུས་མ་གཞན་དང་མཐུན་པར་བྱང་ཟུར་གཉིས་བཞེད་པ་ཐ་དད་པ་ལྟ་བུ་དང་། གྲྭ་ཐང་རྒྱུད་བཞི་འདི་ག་ཆེས་ཁྱད་པར་དུ་འཕགས་ཚུལ་ཞུས་པ་སྣང་ངོ་དང་བསྟུན་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་གྲྭ་ཐང་སོར་བཞག་པར་དུ་བརྐོ་བ་གནང་བ་དང་། པར་བྱང་སོགས་སྩལ་ནའང་རབ་བྱུང་དེ་གའི་ལྕགས་ཁྱི་ལོར་པར་ཕུད་ཀྱི་ཐོ་ནས་ཁོ་བོས་རྒྱུད་ཆུང་བ་གསུམ་བློ་འཛིན་སྐབས་རྣམ་རྟོག་ཇི་སྙེད་ཅིག་ཤར་བ་ྋརྗེ་བླ་མ་ཉིད་ལ་ཡང་ཇོ་ནང་ཀུན་སྙིང་ལ་བཀའ་སྐྱོན་གནང་བའི་ཞོར་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ་ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་བབས་ཀྱི་ངོས་འཛིན་མི་འདྲ་བ་དང་། ལག་ལེན་གྱི་ཁྱད་པར་སྟོད་སྨད་ལུགས་ཕྲན་བུ་ལས་གཞུང་དོན་དུ་རིམ་པར་སྔ་མའི་ལམ་ལ་ཕྱི་མ་བརྟེན་པས་མི་འདྲ་བ་མི་འདུག་ཚུལ་དང་། གྲྭ་ཐང་རྒྱུད་འདི་ལ་ཡང་བཅོས་བསྒྱུར་གྱི་ས་བཅད་འཁྲུགས་པ་ཚིག་ཆད་པ་སོགས་ཧ་ཅང་ཆེ་བས་ཁུངས་དེ་ཙམ་གྱིས་ཆོད་པར་མ་སེམས་ཤིང་། ད་ལམ་གྱི་པར་བྱང་བཀའ་རྩོམ་འདི་ཡང་ཅུང་ཟད་ཐལ་ལུས་བྱུང་ཚུལ་སོགས་ཞིབ་པར་སྙན་དུ་ཕུལ་བས་དགྱེས་པའི་ཚུལ་དང་བཅས་ཏེ་བྱང་ངོས་ནས་སོགས་དེ་བཞིན་གསུངས་པས་དེ་ག་སོར་བཞག་དུ་བགྱིས་ནའང་། ད་ལམ་ཁྱོད་ཀྱི་ཇི་ལྟར་ཟེར་བ་བཞིན་ལྟས་ན་བདེན་འདུག་པ་སླར་བཅད་བརྡར་ཞིག་ཐུབ་ན་གྱིས་ཤིག་ཅེས་བཀའི་གནང་བའང་ཐོབ་རུང་དེ་འཕྲལ་དུ་གང་ཅི་ནས་ཞུས་དག་པར་མ་ཐུབ། ཕྱིས་རང་ཉིད་བཻ་སྔོན་རང་གི་གཤམ་དུ་བགྱིས་པ་ལྟར་མན་རྒྱུད་བློར་འཛིན་དང་ལག་ལེན་གྱིས་ནད་པ་སྐྱོང་བ་སོགས་མ་ཐུབ་ཅིང་དུས་དབང་གིས་སློབ་དཔོན་མཁས་པ་ཡང་མ་རྙེད་པས་ཚུལ་བཞིན་དཀའ་ནའང་། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་སྡོང་འགྲེམས་དང་རྩ་ཡུལ་གྱི་ཐིག་སྨན་ངོ་རྣམས་དྲི་བཅད་བགྱིས། གཞན་ཡང་སྨན་པའི་རིགས་གཞིས་བྱེས་ཀུན་ལ་གཞུང་དོན་དུ་ལེགས་བཤད་མི་སྣང་ཡང་འགྲེལ་པ་གྲུབ་ནས་དྲི་བ་བགྱིས་པ་སོགས་རྒྱུད་བཞི་གའི་འབྲུ་འགྲེལ་བཻ་ཌཱུར་སྔོན་པོ་བརྩམ་པ་དང་སྦྲགས་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་དཀོན་བརྩེགས་སོགས་མདོ་སྡེ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛེད་རྩ་འགྲེལ་སོགས་མངོན་པ། ཡན་ལ་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་བ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་རྒྱ་གར་ནས་འགྱུར་བའི་ཕྱོགས་འདིའི་དོན་གནས་པའི་བཀའ་བསྟན་གྱི་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་འགྱུར་བའི་རིགས། འཁོར་ལོ་རྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་འགྱུར་རིགས། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་གཞུང་ལུགས། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་ནས་གསུངས་རིགས། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཆ་ལག་བཅོ་བརྒྱད་དང་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས། རྩ་བཤད་ཕྱི་གསུམ་ལ་འགྲེལ་བའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན། མན་རྒྱུད་དུ་སྔ་ཕན་འབྲུ་འགྲེལ་ཚད་ལྡན་མཛད་མི་ཆེར་མ་བྱུང་འདུག་ཅིང་། གཡུ་ཐོག་པའི་གསེར་མཆན་དེ་ལ་ཡང་ཟོང་མཆན་སྨར་མཆན་གཉིས། བུ་དོན་མ། ཕྱག་དྲེག་མ། ཟུར་མཁར་རྙིང་བའི་རྒྱུད་བཞི་སྒམ་ནང་མ། བྱང་ལུགས་མཁས་པས་མཛད་པའི་དགོས་འདོད་ཀུན་འབྱུང་སོགས་དང་། རྒྱུད་རྙིང་རྫོང་ཁ། རྟག་བརྟན། བོ་དོང་བའི་རྒྱུད་སོགས་དང་། ལྕགས་སྨྱུག་གིས་བྲིས་པའི་རྒྱུད་རྙིང་ལེ་ཚན་འདྲ་དང་ཡང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། ཁྱད་པར་ཟུར་མཁར་རྙིང་བའི་རྒྱུད་སྒམ་ནང་མ་དང་ཕྱག་དྲེག་མ་གདན་དུ་བཏིང་། གྲྭ་ཐང་གི་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་བ་རྣམས་མཐུན་པར་འདུག་རིགས་རང་གི་རིགས་པས་ཀྱང་བརྟགས་ཏེ། དཔེར་ན་སྡོམ་ཚིག་ཏུ་བཤད་པ་ནང་གསེས་དུས་མ་ཚང་རིགས། ནད་རྟགས་བཤད་པར་བཅས་ཆད་པ། ས་བཅད་འཁྲུགས་པ་སོགས་དང་། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཅུང་ཟད་འཁྲུལ་རིགས་འོལ་སྤྱི་རྟོག་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་སྟེ་རང་ལོ་སོ་བརྒྱད་པ་ལྕགས་རྟ་ལོར་སཱ་རས་ཞུས་ལེགས་པར་དག་པ་འདིས་ཀྱང་གསོ་རིག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་འགྲོ་ཀུན་ནད་ཀྱི་ཟུག་རྔུ་ལས་ཐར་བར་གྱུར་ཅིག ཛཡནྟུ། མངྒ་ལཾ། །

 

ལྕགས་པོ་རིའི་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུས་ྋགོང་ནས་པར་བྱང་ལ་གནང་བ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏ་ལ་ནས་སྤེལ།།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་ྋམི་རྗེ་སཱ་རའི་སྐབས་བསྩལ་འདུག་པ་སོར་བཞག་ཐོག རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་པའི་པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། །སརྦ་མངྒ་ལཾ།།

བཤད་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་ྋགོང་ནས་གྲྭ་ཐང་སོར་བཞག་དུས་པར་བྱང་དུ་སྩལ་བ། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་པའི་ལྕག་གིས་རི་བོ་ཡོངས་སྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི།།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་བར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་ྋམི་རྗེ་སཱ་རའི་སྐབས་བསྩལ་འདུག་པ་སོར་བཞག་ཐོག  རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོས་ནས་པར་གཞི་གསར་བསྐྲུན་མཛད་པའི་པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། །སརྦ་མངྒ་ལཾ།

མན་ངག་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུསྋགོང་ནས་པར་བྱང་དུ་གནང་བ། ཚེ་ཡི་རིག་བྱེད་དྲན་ཤེས་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །ཞེས་(ཅེས་)པའི་པར་བྱང་སྨོན་ཚིག་འདི་ྋམི་རྗེ་སཱ་རའི་སྐབས་བསྩལ་འདུག་པ་སོར་བཞག་ཐོག  རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོས་ནས་པར་གཞི་གསར་བསྐྲུན་མཛད་པའི་པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། །སརྦམངྒ་ལཾ།

ཕྱི་མ་རྒྱུད་པར་བྱང་།

ཨ་ཧོ་རྒྱལ་བ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་སྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་སྙིལ། །སྲིད་ཞིའི་འདྲེན་པ་ཕྱན་ན་པད་དཀར་འཆང་། །བྱམ་མགོན་སྤྲུལ་སྐུར་བྱོན་བར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །

ཡེ་ཤེས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །མཚན་བཟང་བཻ་ཌཱུར་ཞུན་མར་འཁྱིལ་བའི་ཁམས། །སྲིད་ཞིའི་ནད་ཀྱི་གདུང་སེལ་སྨན་གཅིག་པུར། །གྲུབ་པའི་དཔལ་གྱི་བླ་ན་མངོན་མཐོའི་མགོན།།

གང་གི་ངོ་མཚར་བཀོད་པའི་ལྟ་ན་སྡུག །ཡིད་འཕྲོག་སྨན་གྱི་གྲོང་ཁྱེར་ཉམས་དགའ་བར། །སྤྲུལ་བའི་དྲང་སྲོང་གཉིས་ཀྱི་དྲིས་ལན་ལས། །བྱིན་རླབས་རོ་བརྒྱའི་བཀའ་ཡི་གཡང་ཞིག་ཆགས། །འཛད་མེད་བསྐལ་པར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོ་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་རྒུའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱར་རྒྱས་བཏབ་སྒོ་འབྱེད་པའི། །སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །དྲི་མེད་རིང་ལུགས་ཆད་མེད་གངྒཱའི་རྒྱུན། །ཐོས་བསམ་ཚངས་པའི་རལ་རླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོར་ངེས། །གང་དེའི་ལེགས་བཤད་མ་དྲོས་ཆུ་བོ་ལས། །འཆི་མེད་ལྷ་ཡི་རྗེ་བོ་དལ་འགྲོའི་རྒྱུན། །གངས་ཅན་འཛིན་མའི་ཁྱོན་ཀུན་མ་ལུས་པར། །བབས་པས་ཚངས་པ་ཨོཾ་ཡིག་ཟོལ་གྱིས་རྫུ། །འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱང་སྟེ། །འགྲོ་བའི་སྲོག་ལ་རྒོལ་བའི་གདུག་པའི་སྦྲུལ། །འཆི་བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང། །དེའི་ཚེ་བཻ་ཌཱུརྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པོའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །དེ་ཕྱིར་གནའ་བོའི་ལུགས་ཞེས་ཕྱོགས་འཛིན་གྱིས། །རིས་སུ་མ་བཅད་ལུས་ཅན་སྤྱི་ཡི་ནོར། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་དབང་གི་རྒྱལ། །བློ་གྲོས་རྒྱལ་པོས་གྲངས་པ་འདི་ཀོ་མཚར། །བོད་ཡུལ་ཚེ་ཡི་རིག་བྱེད་མཐོ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མི་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛ་ཧུ་ནས། །སླར་སྐྱུགས་གསོ་རིག་གངྒཱ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་གྲང་། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། །གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྗོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་བསྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེས་ཞུས་ཆེན་བགྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲིབ་མི་མཉམ་རྣོན་པོའི་ཚེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེངས་གསོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་སྨིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིང་བའི། །རིང་པོར་འཚོ་བའི་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །འགྲོ་རྣམས་སྔོན་ལས་འཕྲལ་རྐྱེན་དུཿཁའི་ནད། །ཚོར་བ་དྲག་པོས་མནར་བའི་ཉམ་ཐག་ཀུན། །ཙན་དན་དྲིས་བགོས་ཚ་གདུང་མཐར་བྱས་བཞིན། །སིམ་པའི་བདེ་བ་ནམ་ཡང་གཏོང་མིན་ཤོག །རོ་ནུས་ཞུ་རྗེས་བསྡེབས་པའི་འཁྲུལ་འཁོར་གྱིས། །ནད་སེལ་སྲོག་གི་ཀ་བ་ལེགས་འཛུགས་པའི། །རིས་མེད་ཀུན་ལ་བརྩེ་བའི་གསོ་རིག་གི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །འཁོར་འདས་ཀུན་གྱི་འདུ་བ་འཁྲུགས་བྱེད་གཞི། །སྒྲིབ་གཉིས་ནད་ཀྱི་རྩ་བ་དྲུངས་འབྱིན་པའི། །བླ་མེད་བྱང་ཆུབ་མཆོག་གི་སྨན་ཆེན་པོར། །མཁའ་མཉམ་འགྲོ་བ་མ་ལུས་སྤྱོད་གྱུར་ཅིག །འདི་ལ་ཡོངས་འབད་བརྒྱ་བྱིན་གཙུག་གི་ནོར། །རིན་ཆེན་སེམས་ཀྱིས་ཟིན་པའི་སྤྱི་བོ་རུ། །རེག་པས་ལས་ཉོན་གྱིས་འཕངས་མི་ཡི་རྟེན། །སྒྲིབ་བྲལ་ལྷ་ཡི་ལུས་སུ་མངོན་གྱུར་ཤོག །བློ་གྲོས་རྒན་པོའི་རྩལ་འཆང་འཇམ་པའི་དབྱངས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཆོས་དཀར་འཕྲིན་ལ་གྲགས་པའི་སྒྲ་དབྱངས་སུ། །ལེན་པའི་པཀྵུའི་ཀླུང་དེ་རྟག་འབབ་ཤོག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་བར། །འཇིག་རྟེན་མེས་པོའི་དབང་ཐང་ཐོབ་གྱུར་ཅིག །རིང་པོའི་ཚེ་དང་ཕུན་ཚོགས་འབྱོར་བའི་དཔྱིད། །ལུས་སེམས་ཀུན་ལ་བདེ་སྐྱིད་རོ་བདའ་བའི། །རྣམ་སྨིན་དཀར་པོའི་འབྲས་བཟང་ཁོ་ན་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་རྒོད་གྱུར་ཅིག །དེ་ལྟར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན་གྱིས་ཀུན་མཁྱེན་བུ་རམ་ཤིང་བའི་ལུང་དང་རྟོགས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་སུ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཙུག་ལག་རྣམས། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་ཀུན་ལ་བསླབ་དགོས་པ་ཡིན་ཞིང་། དེར་མ་ཟད་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་ཆས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱིས་བྱེད་པོས་འདུ་བ་ཆ་མི་སྙོམས་པར་ནད་སྣ་ཚོགས་ཀྱིས་གཙེས་པའི་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་ཀྱི་ལེའུར། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་བ་གཟའ་ལས་གྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པར་དགོངས་ཏེ་མཐའ་དབུས་ཀྱི་སྨན་པ་མཁས་པ་རྣམས་བསྡུས་ནས་གསོ་རིག་གི་གཞུང་འགྲེལ་མང་དུ་བསྒྱུར་བའི་ནང་ནས། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྟོན་པ་སྨན་གྱི་བླས་བྱིན་གྱིས་བརླབས་པའི་བཀའ་དྲི་མ་མེད་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད། ཇི་སྐད་དུ། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར་ཚིག་ཉུང་ལ་དོན་རྒྱས་པ་གསོ་རིག་ཀུན་གྱི་ཡང་རྩེར་སོན་པ་འདི་མ་འོངས་པ་ན་ལུས་ཅན་ཀུན་གྱི་སྲོག་འཚོའི་བཅུད་ལེན་དུ་འགྱུར་བ་དགོངས་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་ཟབ་མོའི་གཏེར་དུ་གསང་བའི་རྒྱས་བཏབ་པ་སྤྲུལ་བའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་གདན་དྲངས། རིགས་འདུས་སྨན་རྒྱལ་མིའི་གཟུགས་སུ་སྤྲུལ་བ་གཡུ་ཐོག་ཡོན་ཏན་མགོན་པོས་དར་རྒྱས་སུ་མཛད་དེ་ཕྱོགས་ཀུན་དུ་འཕེལ་རྒྱས་སུ་གྱུར་ནའང་། དུས་ཀྱི་དབང་གིས་གསོ་རིག་གཅིག་པོར་མ་ཟད་རིག་པའི་གནས་གང་ལའང་ཚུལ་བཞིན་དུ་སློབ་པ་ཆེས་ཉུང་ཞིང་། མི་ཆེ་གེ་མོ་དང་དུད་འགྲོ་ཆེ་གེ་མོའི་སྤྲུལ་བ་དང་སྐྱེ་བ་ཡིན་ནོ་ཞེས་པ་ཙམ་དང་། བླ་མ་ཆེ་གེ་མོ་དང་རྒྱལ་རིགས་ཆེ་གེ་མོ་དག་གི་རིགས་རུས་ལས་བྱུང་བ་ཡིན་ནོ་ཞེས་པ་ཙམ་གྱི་ཟོལ་ཟོག་ལ་བརྟེན་ནས་ཚེ་འདིའི་འབྱིད་ཐབས་ལྷུར་ལེན་པ་མང་ཞིང་། མཁས་པ་རློམ་པ་རྣམས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པ་ལྟར་མདོ་སྔགས་ཐ་སྙད་རིག་པའི་ནང་ཚན་སྣ་རེ་ཙམ་ཤེས་པ་ལ་ཐམས་ཅད་མཁྱེན་པ་དང་པཎྜི་ཏ་སོགས་མིང་སྙན་པོར་འབོད་པ་རྣམས་ཀྱི་ཕྱོགས་འདི་དག་སྤྱན་གྱིས་གཟིགས་དཀྱུས་ཐུང་ངུར་གྱུར་ཅིང་ལུགས་སྲོལ་འདི་ལ་སྦྱངས་པའི་རྒན་པོའི་ཁུར་ལྡན་རྣམས་ཀྱང་གཞུང་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲ་བར་ཚུད་དེ་གསོ་བ་རིག་པའི་གཙུག་ལག་གི་ཚུལ་དྲི་བཅས་སུ་གྱུར་པ་ལས་དུས་རིང་པོ་ཞིག་ནས། འཇམ་དབྱངས་ཐོན་མི་སམྦྷོ་ཊའི་གདུང་འཛིན་པ་ནང་སོ་ཡར་རྒྱབ་པས་མཐུན་པའི་རྐྱེན་སྦྱར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་བརྒྱུད་ཀྱི་དཔོན་པོ་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་ཞུས་ཆེན་མཛད་དེ་པར་དུ་བརྐོས་པའི་གྲྭ་ཐང་གི་རྒྱུད་བཞི་འདི་ཉིད་ཤིན་ཏུ་ཁུངས་བཙུན་པའི་གསོ་རིག་གི་བསྟན་པའི་སྲོག་ཤིང་དུ་འདུག་ནའང་འཕྲིན་ལས་ཧ་ཅང་ཆེས་པས་ཡི་གེའི་ཚོགས་མི་གསལ་བ་མང་དུ་འདུག་ཅིང་། དྭགས་པོ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱན་པས་གསར་བརྐོས་ཤིག་མཛད་པ་འདི་གའི་བུ་གའི་དཔེ་ཡིན་ཁུལ་དུ་འདུག་ཀྱང་། མཆན་བུ་རྣམས་ལོགས་སུ་བཀོལ་ཏེ་བྲིས་པས་རྩ་མཆན་ངོ་འཕྲོད་དཀའ་བའི་སྐྱོན་དང་། རྟག་བརྟན་སྤྲུལ་སྐུས་གསར་བརྐོས་གྲྭ་ཐང་རྒྱུད་བཞིའི་བུ་དཔེ་ཡིན་ཁུལ་དེ་ལ་ལུགས་སྲོལ་འདི་དང་མི་གཅིག་པའི་རིགས་ལྡན་ཆེན་པོ་སོགས་བྱང་སྨན་མཁས་པའི་ལུགས་དང་རྣམ་པར་བསྲེས་ཏེ་ལུགས་གཉིས་གང་དུ་ཡང་ངོས་བཟུང་དཀའ་བའི་རང་གི་མཛད་སྲོལ་ཉམས་མེད་དེ་ག་ཡོད་འདུག་པ་ནས། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བྱང་ངོས་པ་བསྟན་འཛིན་རྒྱལ་པོའི་རིགས་བརྒྱུད་འཛིན་པ་དཔོན་ཚང་ནང་སོ་དར་རྒྱས་ཀྱིས་ཟླ་གཞོན་ལྟ་བུར་དཀར་བའི་ལྷག་བསམ་གྱིས་གྲྭ་ཐང་གི་རྒྱུད་བཞི་འདི་ག་འབྲུ་ལེན་བྱས་པའི་བརྐོ་དགོས་ཚུལ་གྱིས་བསྐུལ་བ་དང་། སྙིགས་མར་སྤྱོད་པའི་དུས་ཀྱི་དབང་གིས་མདོ་རྒྱུད་ཐ་སྙད་ཀྱི་དོན་ལ་ཐོས་བསམ་བྱེད་རློམ་ཕལ་ཆེར་གཞུང་གི་སྟོད་ནས་ལེའུ་གྲངས་ཁ་ཤས་ལས་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་བསམ་བྱེད་པ་ཆེས་ཉུང་བས་ན། གསོ་དཔྱད་རྣམས་ཀྱང་རྩ་བཤད་ཕྱི་གསུམ་དང་མན་ངག་ཕྲན་བུ་ཙམ་ཐོས་པ་ལ་དྲང་སྲོང་ཆེན་པོར་རློམ་པའི་དུས་འདིར་པར་མཁན་རྣམས་ཀྱི་སོར་མོའི་འདུ་བྱེད་སྒྱུར་བ་ངལ་བའི་རྒྱུ་ཙམ་དུ་འདུག་ནའང་། རྒྱལ་བ་སྨན་གྱི་བླའི་ཐུགས་རྗེ་དང་འགྲོ་བའི་ལེགས་བྱས་ཀྱི་བྱེད་པོས་ལྷ་རྗེ་མིང་དང་དོན་མཐུན་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པ་འགའ་འབྱུང་སྲིད་སྙམ་སྟེ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་ཡིག་གི་སུམ་བྲྀཏ། དབུ་ལྷ་དང་རྒྱུད་སོ་སོའི་མཇུག་ཏུ་པར་བྱང་སྨོན་ལམ་དང་བཅས་པ་གསར་དུ་བསྒྲིགས་ཤིང་། དངོས་གཞི་གྲྭ་ཐང་གི་པར་རྙིང་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་བྱས་པ་བཞིན་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་གྱི་བཀོད་པས་ཁྱབ་པར་བྱས་ཤིང་། འདི་ལོ་པར་དུ་བརྐོ་སྐབས་ལས་བྱེད་ཐོག་འཕོས་པ་ནས་ངོ་ཐོག་གི་མིང་བྲིས་པར། ཞུས་དག་དང་དོ་དམ་གཉིས་ཀ་བྱེད་མི་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ། བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག པར་ཡིག་པ་བློ་བཟང་དམ་ཆོས། ཐོགས་མེད་རྒྱ་མཚོ། གྲགས་པ་སྙན་གྲགས། ཆོས་ཀྱི་ཉི་མ། བཟང་པོ་རྒྱལ་མཚན། པར་རྐོ་པ། དབུ་མཛད་ཕུན་ཚོགས། དབུ་ཆུང་དོན་དབང་། བྱིངས་གྲ་ནམ་རབ། དཔལ་ཆེན། ཚེ་རིང་དར་རྒྱས། དཔལ་ཁང་པ། གྲགས་པ་ཚེ་འཕེལ། བླ་མ་དབང་པོ། འོམ་སྦུག་དཔལ་འབར། ཟངས་དཀར་པདྨ། དོན་གྲུབ། རྣམ་རྒྱལ། འཛིམ་དབང་། སྒྲོལ་དབང་། ཚེ་དབང་རྟ་མགྲིན། ཀུན་བཟང་། སྨོན་ཀུན། ནོར་བུ་ལྷ་སྐྱབས། བླ་མ་ཚེ་བརྟན། བདེ་ལེགས་སྙིང་པོ། དབང་ལྡན། བཀྲས་རབ། རྒྱལ་མཚན། ལྷུན་རྡོར། སྲུང་མོ་པདྨ། བླ་མ་རྒྱ་མཚོ། ནོར་བུ་ཚེ་བརྟན། ལྔ་དར། གསུམ་པ། རབ་རྒྱས། གསུམ་དར། ཤིང་བཟོ་དར་རྒྱས་རྣམས་དང་། ཕོགས་སོགས་དགོས་ཆ་སྤྲོད་མི་མདའ་ཐང་པ་ཚེ་བརྟན་རྡོ་རྗེ་དང་རྒྱ་ཡགས་པ་བློ་བཟང་རབ་བརྟན་གྱིས་བགྱིས་ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་ཁྱི་ལོ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་གསར་དུ་བསྐྲུན་པ་འདི། གསོ་བ་རིག་པའི་རྒྱུད་ཆེན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ། བཻ་སྔོན་དང་ཁོག་འབུགས་སུ་དྲངས་པ་ལྟར་སྟོན་པ་ཐུབ་པའི་དབང་པོའི་བཀའ་དྲི་མ་མེད་པ་ལོ་ཆེན་བཻ་རོའི་འགྱུར་ལ་གངས་ཅན་ཡུལ་གྱི་དབང་པོ་དང་འཚམ་པར་རིགས་འདུས་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་གོ་བདེ་བ་དང་ཚིག་གསལ་མ་ཚང་བ་ཕྲན་བུའི་བསྣན་ཁ་གནང་བའི་དཔལ་ལྡན་རྒྱུད་བཞིར་གྲགས་པ་གསོ་རིག་ཀུན་གྱི་གཙོ་བོ་རྒྱལ་མཚན་གྱི་ཏོག་ལྟར་མཐོ་ཞིང་གཅེས་པ་ཞིག་སྣང་ཡང་། བྱང་ཟུར་མཁས་པའི་དབང་པོ་གཉིས་ཙམ་ལས་སྔ་རབས་པ་རྣམས་ཀྱིས་ཚོང་འདུས་གྱི་འོ་མ་བཞིན་བསླད་ཅིང་། ཅི་རིགས་སུ་གྱུར་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་པའི་གྲྭ་ཐང་རྒྱུད་བཞི་ཞེས་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བས་དར་རྒྱས་སུ་མཛད་ལ། ལྷ་དང་བཅས་པའི་སྐྱབས་མགོན་དམ་པ་ྋཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་འདིས་ཤེས་བྱ་ཇི་ལྟ་བ་དོན་དམ་པར་ལག་མཐིལ་སྐྱུ་རུ་ར་ལྟར་གསལ་ལེར་གཟིགས་ཤིང་མཁྱེན་པ་གཞིར་བཅས་ཀྱང་། བློ་དམན་ངོར་རྣམ་ཐར་རིན་པོ་ཆེར་གསལ་བ་ལྟར་གསོ་བ་རིག་པ་འདིའི་རྩ་བཤད་ཕྱི་གསུམ་ྋཐུགས་འཛིན་ལས་སྤྲོས་མི་མཁྱེན་པའི་ཚུལ་བསྟན་ཅིང་། གནང་རིགས་ཀྱི་སྨན་རྒྱལ་བྱང་ངོས་ནང་སོ་དར་རྒྱས་དེ་ཉིད་ཁོ་བོས་ཕྲད་དུས་ན་ཚོད་ཇེ་མཐོར་གྱུར་ཀྱང་རྒྱུད་ངེས་ཤིང་ཕྱག་ལེན་ཀྱང་རྒྱུད་ཀྱི་དགོངས་པ་གཙོར་བཏོན་ངོས་བརྟན་ཆ་ཆེ་བས་དུས་དབང་གི་སྨན་རྒྱལ་གཉིས་པར་སེམས་ཀྱང་འགྲེལ་བའི་རིགས་ཞིབ་མོ་ཆུག་གམ། རང་གི་ཕའི་གསོལ་ཞལ་དུ་སོང་བ་ཇི་ལྟར་རུང་། སློབ་འཁོར་སོགས་ལྷ་རྗེ་དཀྱུས་མ་གཞན་དང་མཐུན་པར་བྱང་ཟུར་གཉིས་བཞེད་པ་ཐ་དད་པ་ལྟ་བུ་དང་། གྲྭ་ཐང་རྒྱུད་བཞི་འདི་ག་ཆེས་ཁྱད་པར་དུ་འཕགས་ཚུལ་ཞུས་པ་སྣང་ངོ་དང་བསྟུན་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་གྲྭ་ཐང་སོར་བཞག་པར་དུ་བརྐོ་བ་གནང་བ་དང་། པར་བྱང་སོགས་སྩལ་ནའང་རབ་བྱུང་དེ་གའི་ལྕགས་ཁྱི་ལོར་པར་ཕུད་ཀྱི་ཐོ་ནས་ཁོ་བོས་རྒྱུད་ཆུང་བ་གསུམ་བློ་འཛིན་སྐབས་རྣམ་རྟོག་ཇི་སྙེད་ཅིག་ཤར་བ་ྋརྗེ་བླ་མ་ཉིད་ལ་ཡང་ཇོ་ནང་ཀུན་སྙིང་ལ་བཀའ་སྐྱོན་གནང་བའི་ཞོར་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ་ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་བབས་ཀྱི་ངོས་འཛིན་མི་འདྲ་བ་དང་། ལག་ལེན་གྱི་ཁྱད་པར་སྟོད་སྨད་ལུགས་ཕྲན་བུ་ལས་གཞུང་དོན་དུ་རིམ་པར་སྔ་མའི་ལམ་ལ་ཕྱི་མ་བརྟེན་པས་མི་འདྲ་བ་མི་འདུག་ཚུལ་དང་། གྲྭ་ཐང་རྒྱུད་འདི་ལ་ཡང་བཅོས་བསྒྱུར་གྱི་ས་བཅད་འཁྲུགས་པ་ཚིག་ཆད་པ་སོགས་ཧ་ཅང་ཆེ་བས་ཁུངས་དེ་ཙམ་གྱིས་ཆོད་པར་མ་སེམས་ཤིང་། ད་ལམ་གྱི་པར་བྱང་བཀའ་རྩོམ་འདི་ཡང་ཅུང་ཟད་ཐལ་ལུས་བྱུང་ཚུལ་སོགས་ཞིབ་པར་སྙན་དུ་ཕུལ་བས་དགྱེས་པའི་ཚུལ་དང་བཅས་ཏེ་བྱང་ངོས་ནས་སོགས་དེ་བཞིན་གསུངས་པས་དེ་ག་སོར་བཞག་དུ་བགྱིས་ནའང་། ད་ལམ་ཁྱོད་ཀྱི་ཇི་ལྟར་ཟེར་བ་བཞིན་ལྟས་ན་བདེན་འདུག་པ་སླར་བཅད་བརྡར་ཞིག་ཐུབ་ན་གྱིས་ཤིག་ཅེས་བཀའི་གནང་བའང་ཐོབ་རུང་དེ་འཕྲལ་དུ་གང་ཅི་ནས་ཞུས་དག་པར་མ་ཐུབ། ཕྱིས་རང་ཉིད་བཻ་སྔོན་རང་གི་གཤམ་དུ་བགྱིས་པ་ལྟར་མན་རྒྱུད་བློར་འཛིན་དང་ལག་ལེན་གྱིས་ནད་པ་སྐྱོང་བ་སོགས་མ་ཐུབ་ཅིང་དུས་དབང་གིས་སློབ་དཔོན་མཁས་པ་ཡང་མ་རྙེད་པས་ཚུལ་བཞིན་དཀའ་ནའང་། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་སྡོང་འགྲེམས་དང་རྩ་ཡུལ་གྱི་ཐིག་སྨན་ངོ་རྣམས་དྲི་བཅད་བགྱིས། གཞན་ཡང་སྨན་པའི་རིགས་གཞིས་བྱེས་ཀུན་ལ་གཞུང་དོན་དུ་ལེགས་བཤད་མི་སྣང་ཡང་འགྲེལ་པ་གྲུབ་ནས་དྲི་བ་བགྱིས་པ་སོགས་རྒྱུད་བཞི་གའི་འབྲུ་འགྲེལ་བཻ་ཌཱུར་སྔོན་པོ་བརྩམས་པ་དང་སྦྲགས་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་དཀོན་བརྩེགས་སོགས་མདོ་སྡེ། ལུང་གཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛེད་རྩ་འགྲེལ་སོགས་མངོན་པ། ཡན་ལ་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་བ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་རྒྱ་གར་ནས་འགྱུར་བའི་ཕྱོགས་འདིའི་དོན་གནས་པའི་བཀའ་བསྟན་གྱི་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་འགྱུར་བའི་རིགས། འཁོར་ལོ་རྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་འགྱུར་རིགས། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་གཞུང་ལུགས། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་ནས་གསུངས་རིགས། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཆ་ལག་བཅོ་བརྒྱད་དང་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས། རྩ་བཤད་ཕྱི་གསུམ་ལ་འགྲེལ་བའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན། མན་རྒྱུད་དུ་སྔ་ཕན་འབྲུ་འགྲེལ་ཚད་ལྡན་མཛད་མི་ཆེར་མ་བྱུང་འདུག་ཅིང་། གཡུ་ཐོག་པའི་གསེར་མཆན་དེ་ལ་ཡང་ཟོང་མཆན་སྨར་མཆན་གཉིས། བུ་དོན་མ། ཕྱག་དྲེག་མ། ཟུར་མཁར་རྙིང་བའི་རྒྱུད་བཞི་སྒམ་ནང་མ། བྱང་ལུགས་མཁས་པས་མཛད་པའི་དགོས་འདོད་ཀུན་འབྱུང་སོགས་དང་། རྒྱུད་རྙིང་རྫོང་ཁ། རྟག་བརྟན། བོ་དོང་བའི་རྒྱུད་སོགས་དང་། ལྕགས་སྨྱུག་གིས་བྲིས་པའི་རྒྱུད་རྙིང་ལེ་ཚན་འདྲ་དང་ཡང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་ཏུ་བརྟགས། ཁྱད་པར་ཟུར་མཁར་རྙིང་བའི་རྒྱུད་སྒམ་ནང་མ་དང་ཕྱག་དྲེག་མ་གདན་དུ་བཏིང་། གྲྭ་ཐང་གི་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་བ་རྣམས་མཐུན་པར་འདུག་རིགས་རང་གི་རིགས་པས་ཀྱང་བརྟགས་ཏེ། དཔེར་ན་སྡོམ་ཚིག་ཏུ་བཤད་པ་ནང་གསེས་དུས་མ་ཚང་རིགས། ནད་རྟགས་བཤད་པར་བཅས་ཆད་པ། ས་བཅད་འཁྲུགས་པ་སོགས་དང་། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཅུང་ཟད་འཁྲུལ་རིགས་འོལ་སྤྱི་རྟོག་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་སྟེ་རང་ལོ་སོ་བརྒྱད་པ་ལྕགས་རྟ་ལོར་སཱ་རས་ཞུས་ལེགས་པར་དག་པ་འདིས་ཀྱང་གསོ་རིག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་འགྲོ་ཀུན་ནད་ཀྱི་ཟུག་རྔུ་ལས་ཐར་བར་གྱུར་ཅིག །ཅེས་ྋམི་རྗེ་སཱ་རས་སོ་སོའི་སྨོན་ཚིག་དང་བཅས་སྩལ་བ་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་མཛད་པ་བཞིན་སླར་ཡང་རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་བགྱིད་སྐབས་ཀྱི་ལས་བྱེད་དོ་དམ་པ་མཁན་ཆུང་བློ་བཟང་བློ་ལྡན། ལས་བྱ་རྩེ་གཉེར་ངག་དབང་བློ་གསལ། ཞུས་དག་པ་གཞན་ཕན་འོད་ཟེར་དང་། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། པར་ཡིག་འབྲི་མི་སྙེ་མོ་ཡོན་བདག་བཀྲ་ཤིས་རབ་བརྟན་ཅན་དབུ་བྱིངས་མི་ལྔ། པར་བརྐོས་པ་དབུ་ཆུང་བུ་ཚེ་རིང་ཅན་དབུ་བྱིངས་མི་སུམ་ཅུ་སོ་ལྔ་ནས་སྒོ་གསུམ་དྭངས་པས་བསྐྲུན་པའི་སྨོན་ཚིག་ཏུ། ཨོཾ་སྭ་སྟི། གངས་རིའི་མགོན་པོ་ཕྱག་ན་པད་དཀར་འཆང་། །ཐུབ་བསྟན་རྒྱ་མཚོའི་ཐུགས་བསྐྱེད་མཁའ་དབྱིངས་སུ། །སྙིང་རྗེ་ཆུ་ཡི་ཁུར་གྱི་རླབས་ཕྲེང་འཛུམ། །སྐྱེ་དགུའི་གདུང་བ་སེལ་ལ་རིངས་པའི་ཆར། །གྲངས་མེད་རྒྱུན་གྱི་ཟློས་གར་འདི་བྱས་སོ། །འཕྲིན་ལས་རྣམ་བཞིའི་རྒྱུདཆེན་སེངྒེའི་སྒྲ། །གངས་ལྗོངས་རི་བོའི་སྤོ་ལ་མངའ་གསོལ་བ། །ཁྲི་སྲོང་རྣམ་རོལ་དེ་མོ་རྒྱལ་བས་བསྐྲུན། །ཕན་བདེའི་སྒོ་འཕར་འབྱེད་འདི་ཨེ་མ་ཧོ། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ། །སྤང་རྟོགས་རིན་ཆེན་གདེང་ཀ་དབྱིངས་སུ་འདེགས། །བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །གསལ་གསལ་ཡིད་མཚོར་འཆར་བའི་མངོན་དགའི་ཞིང་། །བཟང་བཟང་མཚན་དཔེ་བཀྲ་བའི་བསིལ་ཟེར་ཅན། །ཡང་ཡང་དྲན་པས་ཐུགས་རྗེ་ལྕག་ཀྱུའི་ཕྲེང་། །དུང་དུང་བརྩེ་བས་རྗེས་སུ་འཛིན་པར་ཤོག །

ཅེས་དེ་ལྟར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཁམས་གསུམ་ཟིལ་གནོན་མཆོད་ཡོན་གྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་སྨན་གྱི་རྒྱུད་བཞི་གྲྭ་ཐང་མར་གྲགས་པ་འདི་ཉིད་འཕྲིན་ལས་ཤིན་ཏུ་རྒྱས་པས་ཡི་གེའི་ཚོགས་མི་གསལ་བར་བརྟེན། རབ་ཚེས་ཀུན་འཛིན་ཞེས་པ་བྱི་བ་གསེར་གྱི་གོས་ཅན་གྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་སྐབས་མདོ་ཁམས་པ་ཆོས་ཀྱི་སཻངྒེས་སྨོན་ཚིགས་སུ་སྤེལ་བ་དགེ་ལེགས་འཕེལ། །  ༈ སླར་ཡང་། ཆུ་འབྲུག་ལོར་བཀའ་བསྒྱུར་དགོངས་དོན་ཉེ་ཆར་གསར་བརྐོས་སྨན་དཔེ་རྒྱུད་བཞི་རྩ་འགྲེལ་ལེ་ལག་དང་བཅས་པར་སྐབས་དེར་རྟོག་ཞིབ་ཆུང་སྐྱོན་གྱིས་ཤླཽ་ཀ་སོགས་ཆད་པ་དང་། ཚིག་འབྲུ་ནོར་སྐྱོན་ལྷག་ཆད་ཇི་སྙེད་ཅིག་འདུག་པར་བརྟེན་སྐྱེ་འགྲོའི་སྲོག་ཟུང་གི་རྩ་བར་སོང་གཤིས་དེ་ལམ་དུ་བཞག་པས་འཐུས་ཤིང་བསྐྱར་ཞུས་ནན་ཏན་དགོས་རྒྱུ་སྤྱི་ཕེབས་བཞིན་ཀུན་མཁྱེན་ྋརྒྱལ་བའི་དབང་པོ་ཕྱག་ན་པདྨོའི་བླ་སྨན་པ་ཨྱོན་བསྟན་འཛིན་རྒྱ་མཚོ་དང་། ལྕགས་རིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ནས་ཞུས་དག་ཞུ་སྐབས་ཤླཽ་ཀ་སོགས་ཆད་པ་པར་ཤིང་གསར་བརྗེས་དང་། ཚིག་འབྲུར་ལྷག་ཆད་ནོར་འཁྲུལ་ཡོད་རིགས་རྣམས་བཅོས་ཏེ་ཞུས་ལེགས་པར་དག་པས་སརྦ་ཛ་གཏཾ། དགེའོ། །དགེའོ། །པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས།

 

པེ་ཅིན་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུས་ྋགོང་ནས་པར་བྱང་ལ་གནང་བ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏ་ལ་ནས་སྤེལ།།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག  །སརྦ་མངྒ་ལཾ།།

བཤད་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་ྋགོང་ནས་གྲྭ་ཐང་སོར་བཞག་དུས་པར་བྱང་དུ་སྩལ་བ། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་པའི་ལྕག་གི་རི་བོ་ཡོངས་སྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི།།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་ཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །སརྦ་མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུསྋགོང་ནས་པར་བྱང་དུ་གནང་བ། ཚེ་ཡི་རིག་བྱེད་དྲན་ཤེས་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ།།

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅད་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག ཤུབྷཾ་མསྟུ་སརྦ་ཛ་ག་ཏཱཾ།

ཕྱི་མ་རྒྱུད་པར་བྱང་།

ཨོཾ་བདེ་ལེགས་སུ་གྱུར་ཅིག མཚན་ཙམ་ཐོས་པས་ལས་ཉོན་རྒུད་པའི་ནད། །མ་ལུས་དྲུངས་ནས་འབྱིན་པའི་མཐུ་མངའ་བ། །འགྲོ་བའི་སྐྱོབ་པ་མཚུངས་མེད་སྨན་གྱི་བླ། །བཻཌཱུརྱ་འོད་རྒྱལ་པོ་ལ་ཕྱག་འཚལ། །གཅིག་ཏུ་གཞན་ཕན་སྤྱོད་པས་རྣམ་རོལ་ཞིང་། །ཤེས་བྱའི་གནས་ལ་སྒྲིབ་མེད་སྤྱན་མངའ་བ། །ཀླུ་སྒྲུབ་ཞབས་དང་དཔལ་ལྡན་དཔའ་བོ་སོགས། །རྒྱས་སྲས་སྨན་པའི་རྒྱལ་པོ་རྣམས་ལ་འདུད། །གསོ་རིག་ཐོག་མའི་བྱེད་པོ་གསེར་མངལ་ཅན། །སྐྱེ་རྒུའི་བདག་དང་ཐ་སྐར་ལྷའི་དབང་པོ། །རྒྱུན་ཤེས་འཚོ་བྱེད་གཞོན་ནུས་གསོས་ལ་སོགས། །ཚེ་ཡི་རིག་བྱེད་སྨྲ་བ་རྣམས་ཀྱིས་སྐྱོངས། །འཕགས་ཡུལ་ཐོ་ཀར་ཧོར་དང་ཙི་ན་ཡི། །གསོ་རིག་མན་ངག་འཛིན་པའི་མཁས་རྣམས་དང་། །ཁྱད་པར་བོད་ཡུལ་ཚངས་པ་གཡུ་ཐོག་མགོན། །ཟུག་རྔུས་ཉེན་རྣམས་སྲོག་གི་སྐྱབས་འདི་ཡིན། །གསོ་རིག་མན་ངག་ཀུན་གྱི་སྙིང་པོའི་བཅུད། །གཅེས་བསྡུས་འཆི་མེད་བུམ་པ་རྒྱུད་བཞི་ཞེས། །གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བ་དེའི། །གླེགས་བམ་དེང་དུས་འགྲོ་བའི་སྲོག་གི་གསོས། །ཚུལ་འདིའི་ཆོས་སྦྱིན་ཟད་མི་ཤེས་པའི་རྒྱུན། །སྤེལ་འདོད་ལྷག་བསམ་སྟོན་ཟླ་ལྟར་དཀར་བ། །སློབ་དཔོན་ཡེ་ཤེས་དཔལ་འབྱོར་ཞེས་བྱ་བས། །གླེགས་བམ་མཆོག་འདི་བཀོད་ལེགས་པར་དུ་བཞེངས། །འདིར་འབད་དགེ་བ་དྲི་མ་མེད་པ་དེས། །རྒྱལ་བསྟན་དར་ཞིང་སྐྱེ་རྒུ་བདེ་ལ་རོལ། །བསྟན་འཛིན་མཆོག་རྣམས་ཞབས་ཟུང་རྟག་ཏུ་བརྟན། །སྨན་དང་སྔགས་རྣམས་མཐུ་དང་ལྡན་པར་ཤོག །ཚུལ་འདིར་བསམ་དང་སྦྱོར་བས་རབ་འབད་ཅིང་། །མཐུན་རྐྱེན་སྦྱོར་བའི་སྐྱེ་བོ་དེ་དག་ཀུན། །རྒུད་པ་ཀུན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །ཆོས་མཐུན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཁྱད་པར་བལྟ་རེག་དྲི་བའི་ངོས་འཛིན་དང་། །སྨན་དང་ཟས་སྤྱོད་དཔྱད་ཀྱི་གསོ་ཐབས་རྣམས། །གེགས་དབང་མི་འགྲོ་གནད་སུ་ཐེངས་པ་ཡིས། །ལུས་ཅན་ཟུག་རྔུ་དྲུངས་ནས་འབྱིན་པར་ཤོག །གཞན་ཕན་སྤྱོད་པ་མཆོག་དེར་རབ་གཞོལ་བས། །བསོད་ནམས་ཚོགས་ཆེན་ཡོངས་དུ་སྨིན་གྱུར་ཏེ། །རིང་པོར་མི་ཐོགས་སྲིད་པའི་ནད་བརྒྱ་ལས། །འགྲོ་ཀུན་སྒྲོལ་མཛད་སངས་རྒྱས་ཐོབ་པར་ཤོག ། ཅེས་གསོ་བ་རིག་པའི་གཙུག་ལག་གི་སྙིང་པོ་སྨན་གྱི་རྒྱུད་བཞིའི་གསུང་རབ་ལ་ཞཱེ་ཧཱོ་ཞེས་པའི་ས་ཆར་རྒྱལ་པོའི་ལྷ་ཁང་ཕུ་ཉིང་ཟིའི་སྨན་གྲྭའི་ཏཱ་བླ་མ་སྨན་རམས་པ་ཡེ་ཤེས་དཔལ་འབྱོར་གྱིས་མཐུན་པའི་རྐྱེན་སྦྱར་ཏེ་པར་དུ་བཞེངས་པའི་ཚེ་ཁ་བྱང་སྨོན་ལམ་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཆོས་སྨྲ་བའི་བཙུན་པ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་བྱ་བས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །ཟུང་ཅུ་ཟེའི་བོད་སོག་ཆོས་ཀྱི་སྤར་ཁང་། ཕྱི་མ་རྒྱུད། རེ་ལྔ་བྱོན།

 

བླ་བྲང་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་བའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་པོ།།

བཤད་རྒྱུད་པར་བྱང་།

ཨོཾ་སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་བའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩི་གྲུ་ཆར་འདི་ཕབ་པོ།། མངྒལ་ལཾ།།

མན་ངག་རྒྱུད་པར་བྱང་།

པར་བྱང་མི་སྣང་།

ཕྱི་མ་རྒྱུད་པར་བྱང་།

སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །

ཨོཾ་སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་བའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་པོ། །

 

ལྷོ་འབྲུག་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

ཀུན་མཁྱེན་འབྲུག་པའི་བྱམས་པའི་དབྱར་རྔ་དེ། །འཚོ་བྱེད་དད་པའི་དུས་ཀྱིས་ལེགས་བསྐུལ་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་པ་འདི་ཕབ་པོ། །གསོ་རིག་ཤེས་བྱའི་ཆོས་རྣམས་རྒྱ་མཚོ་ལས། །གསོ་རིག་རྒྱུད་སྡེ་ཡིད་བཞིན་ནོར་གྱི་མཆོག །གསོ་རིག་རྒྱལ་མཚན་རྩེར་མཆོད་ཀུན་དགའི་ནོར། །གསོ་རིག་བསྟན་པ་ཕྱོགས་བཅུར་རྒྱས་རྒྱུར་ཅིག །འདི་ལྟར་བསྒྲུབས་པའི་དགེ་བས་འགྲོ་བ་རྣམས། །ལས་དང་རྐྱེན་གྱུར་སྡུག་བསྔལ་ཀུན་ཞི་ནས། །སྒོ་གསུམ་སྡིག་སྒྲིབ་མ་ལུས་དག་གྱུར་ཏེ། །སྨན་པའི་རྒྱལ་པོ་ཉིད་དུ་འགྱུར་བར་ཤོག །མངྒ་ལཾ།།

བཤད་རྒྱུད་པར་བྱང་།

མཐའ་ཡས་སྐྱེ་འགྲོའི་ཞིང་ཁམས་ཁྱོན་ཡངས་པར། །ཕུང་ཁམས་སྐྱེ་མཆེད་ཡུལ་གྲོང་ལྷུན་ཆགས་པ། །ལས་དང་རྐྱེན་གྱི་གཙོ་བོ་གཉིས་འདུས་ནས། །ནད་རིགས་དུཿཁའི་གཡུལ་གྱིས་གཞོམ་པར་བརྩམས། །དེ་གཟིགས་རྒྱལ་རྣམས་ཆོས་སྐུ་ཆེན་པོ་ལས། །སྨན་པའི་རྒྱལ་པོར་བཞེངས་ནས་དབུའི་གཙུག་དང་། །ལྗགས་དང་ཐུགས་ཀ་ལྟེ་བ་གསང་གནས་ནས། །ཕྱི་ནང་བློན་པོར་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་གཉིས་ལེགས་པར་སྤྲུལ་ནས་ནི། ནད་ཀྱི་གཡུལ་ངོ་ཟློག་པར་བཀའ་བསྒོས་པས། །དེ་གཉིས་བགྲོས་ཏེ་རྒྱུད་བཞིའི་དཔུང་བཏེག་ནས། །ནད་དང་དུས་མིན་འཆི་བའི་གཡུལ་ངོ་རླག །དེ་ལྟར་རྒྱུད་འདི་དར་ཕྱིར་འཚོ་བྱེད་པ། །མཆེད་བཅས་རྣམས་ཀྱིས་གསོལ་འདེབས་དཔྱིད་དུས་ཀྱིས། །དཔལ་ལྡན་དབྱར་རྔའི་མཚན་ཅན་ཐུགས་བསྐུལ་བས། །པར་གྱི་ཆར་གཡོས་ནོར་འཛིན་ཁྱོན་འགེངས་པའི་། །འདྲ་ཞུས་བྱེད་པའི་མུ་ལྟོ་རྒྱ་རས་པ། །འདུ་བྱེད་ཕུལ་ཕྱིན་བསྟན་འཛིན་རྒྱ་མཚོ་དང་། །རྐོས་མཁས་ངག་དབང་རྒྱ་མཚོ་མཆེད་བཅས་འཕྲུལ། །དགེ་བའི་སྤྲིན་གྱིས་ནད་རིགས་ཚད་གསུང་ཞི། །བདེ་སྐྱིད་དཔལ་གྱི་ལོ་ཐོག་རབ་རྒྱས་ནས། །བདག་གཞན་སྨན་བླའི་གོ་འཕང་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

དེ་ལྟར་གྲུབ་པའི་རྒྱུད་ཆེན་འདི་ཉིད་ལ་ལས་གོ་སླ་བར་བཟུང་། འགའ་ཞིག་གིས་རྟོགས་དཀའ་བར་མཐོང་། ཕལ་ཆེར་གྱིས་ཞིབ་ཏུ་མ་དཔྱད། ཁ་ཅིག་ནི་གླེགས་ཅམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་བར་སྣང་ཞིང་། རྒྱུ་དེས་སྔོན་ཆད་འགྲེལ་པ་མཛད་པོའང་ཆེར་མ་བྱུང་འདུག་པས། ཡིད་ཆེས་སུ་རུང་བ་ནི་གཡུ་ཐོག་པའི་མཆན་བུ་སྟེ། དེ་ལའང་གསེར་མཆན་ཟོག་མཆན་ཞེས་སྨར་ཟོང་གི་དབང་དུ་བྱས་པར་གྲགས་ཀྱང་། དེང་སང་ཕལ་ཆེར་ཕན་ཚུན་འདྲེས་ཤིང་མི་འདྲ་བ་ཁོ་ན་མ་གཏོགས་ཡིད་ཆེས་སུ་རུང་བ་དམིགས་ཀྱིས་བསལ་རྒྱུ་ཆེར་མི་སྣང་བས། སྔར་གྱི་ཡིག་རྙིང་རྣམས་སོར་བཞག་ནས། སྙིང་པོ་བསྡུས་པ་རྩ་འགྲེལ། ཛིན་མི་ཏྲའི་གཞུང་ཆེན། སྟོང་ཐུན་ཆེན་མོའི་སྐོར། གཅེས་ཕྲེང་། དྲང་སྲོང་གི་སྒོས་བཅོས། ཀླུའི་རྒྱུད་བཞི་མན་ངག་དང་བཅས་པ། མིའི་ཁོག་པ་སྟོད་སྨད། དམར་བྱང་དང་ཐེམ་བྱང་། ཤེལ་གྱི་མེ་ལོང་། སྐེ་རགས་དཀར་པོ། མེ་ལྕེ་ཕྲེང་བ། གསོ་བ་ལམ་སྒྲོན། བདུད་རྩི་ལྗོན་ཤིང་སོགས་རྩ་བའི་ཁུངས་གང་རྙེད་རྣམས་དང་སྒོ་བསྟུན་ནས་འབད་པས་དག་པར་བསྒྲུབས་པ་ཡིན་ལ། དེ་ལས་མཐའ་དག་ནི་ཧ་ཅང་མངས་ཆེས་ཤིང་མི་དགོས་ཀ་མེད་དུའང་མི་སྣང་བས་གཞུང་མི་མཛེས་པར་དོགས་ནས་མ་བཀོད། སྒྲུབ་བྱེད་ཨ་གར་དྲུག་སྦྱར་ཞེས་སོགས་མཆན་བུ་མ་གཏོགས་གཞན་མས་དཔྱད་དཀའ་བའི་རིགས་རྣམས་མ་ཆད་པ་བྱས། དེའང་ཡིག་ཕྲེང་གི་སྲུབས་ལ་བྲིས་ན་ཁུལ་དོག་པོར་འགྲོ་ཞིང་འདྲེན་འཚེག་ལྟ་བུས་གཞུང་འཐོར་བར་དོགས་པ་དང་། ཀ་ཐོ་བསྒྲིགས་ན་རྟོགས་དཀའ་བར་སྣང་བས་ན་མཇུག་མཚམས་ཇི་ལྟ་བ་ཚིག་སྣ་ཅུང་ཟད་བསྟུངས་ཏེ་དཀྱུས་ཁོ་ནར་ཆེ་ཆུང་དང་འཚམས་ཀྱང་ཕྱེད་པར་བཀོད་པ་འདིས་ཀྱང་མན་ངག་རྒྱུད་འདི་ཉིད་ཡོངས་སུ་དར་བའི་རྒྱུར་གྱུར་ཅིག །མཐའ་ཡས་ནད་ཀྱི་གཡུལ་ངོ་གཞོམ་བྱེད་པའི། །ཡན་ལག་བརྒྱད་ལྡན་རྒྱུད་ཀྱི་སྙིང་པོ་འདི། །ཨུ་རྒྱན་སྦས་ཡུལ་བུམ་ཐང་ཡུལ་གྱི་དབུས། །སྲིད་གསུམ་རྣམ་རྒྱལ་ཆོས་འཁོར་རབ་བརྟན་རྩེར། །གཞན་ལ་ཕན་ཕྱིར་པར་དུ་སྒྲུབ་པ་པོ། །དཀར་རྒྱུད་གཙུག་རྒྱན་ངག་གི་དབང་པོས་བགྱིས། །འདྲི་བྱེད་སྨྱུག་འཛིན་དབང་པོ་དངོས་གྲུབ་དང་། །རྐོས་མཁས་བཅུ་ཕྲག་གཅིག་དང་ཟུང་གིས་བསྒྲུབས། །འདི་ཡི་དགེ་ལེགས་འོད་དཀར་འབུམ་ཕྲག་གིས། །ནད་རིགས་མུན་པའི་ཚོགས་རྣམས་རབ་བཅོམ་ནས། །གསོ་རིག་རྒྱུད་སྡེའི་ཀུ་མུད་ཚལ་རྒྱས་ཏེ། །དོན་ལྡན་དྲི་བཟང་ཕྱོགས་ཀྱི་ཁོང་འགེངས་ཤོག། །།སརྦ་མངྒ་ལཾ།

ཕྱི་མ་རྒྱུད་པར་བྱང་།

སྭ་སྟི། ཟུར་མཁར་མཁས་པ་བློ་གྲོས་རྒྱལ་པོ་ཡིས། །གཞུང་ལུགས་ཡིད་བཞིན་ནོར་བུ་ལྟ་བུ་འདི། །སྦྱང་བ་རྣམ་གསུམ་བྱི་དོར་ལེགས་བྱས་ཏེ། །རྒྱལ་མཚན་རྩེར་བཀོད་ཀུན་གྱི་སྤྱོད་ཡུལ་དུ། །རུང་བར་བྱས་ན་བློ་དང་ལྡན་པ་རྣམས། །སྤྲོ་བ་འཕེལ་ཏེ་ཕན་བདེའི་རྩ་ལག་ཏུ། །ལེགས་པར་འགྱུར་བའང་སྲིད་དོ་སྙམ་པ་དང་། །ངེས་ཤེས་འདྲེན་བྱེད་ནས་བྱུང་ལུང་བསྟན་ཀྱང་། །དུས་ལ་བབ་པ་ཐུགས་ལ་འཁྲུངས་ནས་སུ། །ཀུན་གྱི་ནང་ནས་མིག་འབྲས་ལྟར་གཅེས་པའི། །གསོ་རིག་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་འདི། །གཡུ་ཐོག་ཡབ་སྲས་ཕྱག་དཔེ་དངོས་ལ་སོགས། །སྔོན་གྱི་དཔེ་རྙིང་རྙེད་པ་དཔང་དུ་བཙུགས། །ཟུར་མཁར་རྒྱུད་བཞི་རྣམ་དག་ལ་ཡང་གཏུགས། །རྩ་བཤད་ཕྱི་གསུམ་འགྲེལ་པ་སྔ་ཕྱི་དང་། །མན་ངག་རྒྱུད་ཀྱི་གཡུ་ཐོག་གསེར་མཆན་དང་། །བཅོ་བརྒྱད་ནང་ཚན་སྐོར་ཚོམས་བཅུ་གཅིག་དང་། །དམར་ཁྲིད་ཡིག་ཆུང་གབ་པ་བཅོ་བརྒྱད་སོགས། །གཞུང་འགྲེལ་ཆེ་ཆུང་ཕན་ཚུན་རྣམ་དང་བསྟུན། །སླར་ཡང་སོ་མ་ར་ཛ་ཆེ་ཆུང་དང་། །གསང་ཏིག་སྒྲོལ་མ་ཇ་ལོག་ཡང་ལོག་དང་། །མེ་ཆུ་གོ་ལྡོག་རིན་ཆེན་སྤུངས་པ་དང་། །བླ་དཔྱད་པོ་ཏི་ཤ་མོ་ལས་དཀྱུས་སོགས། །སྔ་འགྱུར་རྒྱ་ནག་ནས་བྱོན་དཔེ་རྣམས་དང་། །ཡན་ལག་བརྒྱད་སྙིང་དེ་ཡི་རང་འགྲེལ་དང་། །ཟླ་ཟེར་དང་ནི་སྦྱོར་བ་བརྒྱ་པ་དང་། །གཅེས་པ་གྲུབ་དང་འཚོ་བའི་མདོ་དང་ནི། །དངུལ་ཆུ་གྲུབ་པའི་བསྟན་བཅོས་ལ་སོགས་པ། །ཕྱིས་སུ་རྒྱ་གར་ནས་འགྱུར་དཔེ་རྣམས་དང་། །པཎ་ཆེན་བི་ཛིའི་པོ་ཏི་ཁ་སེར་དང་། །སྒྲོན་གསལ་བདུད་རྩི་སྙིང་པོ་ཆེ་ཆུང་དང་། །རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལ་སོགས་དང་། །ཡན་ལག་བཞི་པ་ཆ་ལག་དང་བཅས་པ། །བོད་དུ་སྔ་ཕྱིར་བྱུང་བའི་གཞུང་ལུགས་དང་། །བདུད་རྩི་བམ་བདུན་བདུད་རྩི་མཆོག་གི་ལུང་། །བདུད་རྩི་བུམ་པ་སྣང་གསལ་ཤེལ་བུམ་སོགས། །གསང་སྔགས་རྙིང་མར་གྲགས་པའི་སྨན་དཔྱད་དང་། །མདོར་ན་གངས་ཅན་ལྗོངས་འདིར་གྲགས་པ་ཡི། །སྨན་དཔྱད་ཕྲ་མོ་ཕལ་ཆེར་དང་བཅས་པ། །སླ་ཐབས་མ་ཡིན་སོ་སོར་ཞིབ་ཏུ་བརྟགས། །གཞན་ཡང་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །རྡོ་རྗེ་མཁའ་འགྲོ་ལ་སོགས་རང་འགྲེལ་བཅས། །གསེར་འོད་དམ་པ་དཀོན་བརྩེགས་སོགས་མདོ་སྡེ། །ལུང་བཞི་ཕྲན་ཚེགས་ལ་སོགས་འདུལ་བ་དང་། །གདགས་པའི་བསྟན་བཅོས་མཛོད་སོགས་མངོན་པ་སྟེ། །ནང་དོན་རིག་པ་རྣམས་ལའང་གཞིག་པ་བཏང་། །སྒྲ་དང་སྙན་དངགས་མིང་གི་མངོན་བརྗོད་དང་། །རྟོག་གེའི་ཚིག་དོན་རིག་བྱེད་ཡན་ལག་བཅས། །ལུགས་ཀྱི་བསྟན་བཅོས་དཀར་ནག་རྩིས་ཀྱི་གཞུང་། །བརྡ་ཡི་བསྟན་བཅོས་རྣམས་ལའང་ཞིབ་དཔྱད་པའི། །གཞུང་འདི་ཉིད་ཀྱང་ཕན་ཚུན་ལེགས་སྦོལ་ཏེ། །ཁུངས་དང་རྒྱུ་མཚན་རྣམ་དག་དང་འབྲེལ་བའི། །དཔྱད་པ་གསུམ་དང་རྟོན་པ་བཞིའི་སྒོ་ནས། །ལན་གཅིག་མ་ཡིན་ལེགས་པར་གཏན་ཕབ་པས། །མཁས་བླུན་བར་མ་ཀུན་གྱིས་ཡིད་ཆེས་གནས། །གྲ་པར་ཇི་བཞིན་ལྷག་ཆད་མེད་པ་འདི། །ལུགས་གཉིས་ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ཁབ། །འབྲུག་ལྟར་གྲགས་པའི་སྤུངས་ཐང་བདེ་ཆེན་དུ། །པད་དཀར་གསུམ་པ་ངག་གི་དབང་པོའི་སྡེའི། །བཀའ་ཡི་ཅོད་པན་ཕྱོགས་བཅུར་ངོམས་ནས་ནི། །ཕན་བདེའི་དཔུང་གིས་མི་མཐུན་ཚོགས་འཇོམས་ལ། །གསོ་བྱེད་རྣམས་ཀྱིས་ལེགས་པར་གསོལ་བཏབ་ངོར། །རྒྱུད་བཞིའི་ཆོས་ཆར་དུས་གཏན་འབེབས་པའི་ཕྱིར། །དབང་འདུས་ཕོ་བྲང་ཆོས་འཁོར་རབ་བརྟན་རྩེར། །པར་གྱི་རྒྱལ་མཆན་རྩེ་མོར་ལེགས་བཀོད་པའི། །ཕྱི་མོ་ཇི་ལྟའི་ཞུ་ཏིག་རྒྱས་རས་པ། །སྨྱུག་འཛིན་དབང་པོ་བསྟན་འཛིན་རྒྱ་མཚོ་དང་། །རྐོས་མཁས་དཱརྨཱ་སློབ་བཅས་ཀྱིས་བསྒྲུབས་པའི། །དགེ་བའི་དཀྱིལ་འཁོར་ཚ་ཟེར་རབ་འཕྲོ་བས། །གསོ་རིག་པདྨོའི་ཚལ་རྣམས་རབ་རྒྱས་ཤིང་། །རིགས་དྲུག་སྡུག་བསྔལ་སྨག་ཚོགས་གཏན་བརླག་ནས། །བདག་གཞན་སྨན་གྱི་བླ་དང་མྱུར་མཉམ་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག། །།ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝདཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མཧཱ་ཤྲ་མ་ཎཿསྭཱ་ཧཱ།།

 

རྫོང་དཀར་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

པར་བྱང་མི་སྣང་།

བཤད་རྒྱུད་པར་བྱང་།

དུག་གསུམ་ནད་སེལ་གསོ་བ་རིག་པའི་བསྟན་པ་མཆོག །མི་ཉམས་འཕེལ་ཕྱིར་རྒྱུད་སྡེ་བཞི་ཡི་སྤར་མཆོག་འདི། །བོད་རྗེའི་གདུང་གསོབ་ཁྲི་ལྡེ་བསོད་ནམས་དབང་ཕྱུག་གིས། །མངའ་རིས་རྫོང་དཀར་བསྒྲུབས་དགེས་འགྲོ་རྣམས་བདེ་གྱུར་ཅིག །མངྒ་ལཾ།།

མན་ངག་རྒྱུད་པར་བྱང་།

དུག་གསུམ་ནད་སེལ་རྒྱུད་བཞིའི་པར་མཆོག་འདི། །སྒོ་གསུམ་དད་པས་འབྱུང་བཞི་ཆ་མཉམ་གནས། །སྲིད་གསུམ་འགྲན་བྲལ་རྩ་བཞི་ཐོབ་ཕྱིར་དུ། །བཞི་གསུམ་ཕྲག་གཉིས་ཉེར་བཞིའི་ན་ཚོད་ལྡན།།

ཁྲི་ལྡེའི་གདུང་འཛིན་ཁྲི་ལྡེ་བསོད་ནམས་ཀྱིས། །མངའ་རིས་སྨད་ཆ་མངའ་འབངས་བསྲོག་འཛིན་ས། །ཁྱུང་ཆེན་བརྗིད་འདྲ་ཁྱུང་རྫོང་དཀར་པོ་རུ། །ལེགས་པར་སྒྲུབས་ལས་ལེགས་བྱུང་དགེ་བ་དེས། །གསོ་རིག་བསྟན་པ་ཕྱོགས་མཐར་རབ་རྒྱས་ཏེ། །མར་གྱུར་མཁའ་མཉམ་འགྲོ་བ་མ་ལུས་པ། །དུག་གསུམ་ལས་སྐྱེད་ནད་ཀུན་རབ་ཞི་ཞིང་། །བླ་མེད་རྫོགས་བྱང་མྱུར་དུ་ཐོབ་ཕྱིར་བསྔོ། མངྒ་ལཾ།།

ཕྱི་མ་རྒྱུད་པར་བྱང་།

ཨོཾ་སྭ་སྟི་སིདྡྷིཿ། ཆོས་སྐུའི་མཁའ་ལ་གཟུགས་སྐུ་ལེགས་པའི་རྟ་བདུན་རི་བོང་ཤར་རིའི་རྩེ་ལས་རབ་གསལ་བས། །མཁྱེན་བརྩེ་ནུས་པའི་འོད་སྟོང་དག་གིས་འགྲོ་བ་དུས་ཀྱི་མ་རིག་འཐིབས་བཅོམ་ཞིང་། །འདོད་དང་གཏི་མུག་ཁྲོ་བ་སེལ་མཛད་སྨན་པ་སྔོན་མེད་བཅོམ་ལྡན་སྨན་གྱི་བླའི། །ཞབས་པད་ཟེ་འབྲུ་དྲི་མེད་དག་ལ་སྒོ་གསུམ་བཏུད་དེ་དང་བས་ཕྱག་བགྱིའོ། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་པོས། །སྙིང་རྗེའི་སྣང་བརྙན་བོད་འབངས་ཡོངས་ཀྱི་རྗེ། །ཁྲི་ལྡེ་བསོད་ནམས་དབང་ཕྱུག་གྲགས་པའི་དཔལ། །གང་དེའི་ཞབས་ལ་གུས་པས་ཕྱག་བགྱི་འོ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །སྤྲུལ་བའི་སྟོན་པ་དྲང་སྲོང་ཆེན་པོ་ལྔ། །རྒྱུན་ཤེས་མེ་བཞིན་འཇུག་སོགས་དྲང་སྲོང་བརྒྱད། །ཀླུ་སྒྲུབ་དཔའ་བོ་འཕགས་ཡུལ་བྱོན་ལ་འདུད། །བཻ་རོ་ལོ་ཙཱ་ཁྲི་སྲོང་ལྡེ་བཙན་རྗེ། །མི་དགུ་ལ་སོགས་གངས་ཅན་ཁྲོད་བྱོན་པ། །བཀའ་དྲིན་མཉམ་མེད་དྲང་སྲོང་ཚོགས་རྣམས་ལ། །གུས་པས་འདུད་དོ་ཚེ་རབས་ཀུན་ཏུ་སྐྱོངས། །སྙིང་རྗེའི་སྤྲིན་ཕུང་མི་དམན་ཞིང་། །གཞུང་ལུགས་ཆུ་བོས་ཁུར་བོ་ལྕི། །སྐུལ་ཚིག་རླུང་གཞོན་གྱིས་བསྐྱོད་པས། །མི་ཟད་པར་མཆོག་ཆོས་ཆར་དབབ། །མངའ་རིས་ཆོས་ཀྱི་རྒྱལ་པོའི་དབྱར་སྐྱེས་རྔ། །འབྱུང་བ་དུས་ཀྱི་དགེ་སློང་འཚོ་བྱེད་ཀྱིས། །ལེགས་པར་སྐུལ་བས་གསོ་རིག་རྒྱུད་བཞི་འབྲུག །སྤར་མཆོག་སྙན་པའི་གླུ་འདི་ཕྱོགས་བརྒྱར་གཡོ། །མངའ་རིས་སྨད་ཆ་མང་ཡུལ་གུང་ཐང་ཞེས། །པདྨས་ལུང་བསྟན་ཁྱུང་རྫོང་དཀར་པོ་རུ། །གསོ་རིག་བཀའ་དང་བསྟན་བཅོས་གཞུང་ལུགས་ཀུན། །ཀུན་འདུས་ཀུན་ཚང་ཀུན་ལྷག་རྒྱས་བསྡུས་འཚམ། །རྩ་བ་ལྟ་བུའི་གླེང་གཞི་གླེང་སློང་དང་། །དཔག་བསམ་ཤིང་གི་དཔེ་ལ་གསོ་རིག་གིས། །དོན་ཀུན་ཚང་བ་རྩ་བ་ཐུགས་ཀྱི་རྒྱུད། །ཚིག་དོན་སྒྲིབ་མེད་རབ་གསལ་ཉིན་མོར་བྱེད། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་པོ་སྟེ་བཤད་པ་སྐུ་ཡི་རྒྱུད། །འགྲོ་མཆོག་གཙོ་བོར་གྱུར་པ་མི་ལུས་ཀྱི། །སྤྱི་གཙུག་རྐང་མཐིལ་ཡན་གྱི་བཅོས་ཐབས་ཀུན། །བཙོ་ལྔའི་སྐབས་བསྟན་མན་ངག་ཡོན་ཏན་རྒྱུད། །ལག་ལེན་དམར་ཁྲིད་གཅིག་པུར་ཁྲིགས་སྡེབས་པ། །འབིགས་བྱེད་རྡོ་རྗེ་ཕ་ལམ་ལྟ་བུ་སྟེ། །ནད་སྟེང་ཐོགས་མེད་ཕྱི་མ་འཕྲིན་ལས་རྒྱུད། །མཇུག་དོན་བསྡུ་བ་ཡོངས་སུ་གཏད་པའི་རྒྱུད། །རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་སྡེ་བཞི། །མི་ཟད་པར་དུ་བསྐྲུན་ལ་རབ་དཀའ་བ། །མང་བཀུར་རྒྱལ་པོའི་གདུང་འཛིན་འགྲོ་བའི་དཔལ། །མུ་ཁྲི་བཙན་པོའི་སྐྱེ་མཐའ་ཆོས་སྐྱོང་བ། །རྒྱལ་པོ་ཆེན་པོས་ཡོངས་རྫོགས་སྦྱིན་བདག་མཛད། །གཞན་ཡང་དེ་ལ་གསོལ་འདེབས་ཞབས་འདེགས་པ། །རིག་གནས་འདི་ལ་སྦྱངས་པ་མི་དམན་ཞིང་། །རབ་ཟབ་རྒྱུད་བཞིའི་ཐོས་བསམ་དོན་ལ་བརྩོན། །ལྡོང་སྨན་རཏྣའི་མིང་ཅན་ངེས་དོན་ལ། །རྩེ་གཅིག་གཞོལ་བས་འགྲོ་བའི་དུག་གསུམ་ནད། །སེལ་ཕྱིར་ལྷག་བསམ་སྦྱོར་བས་ལེགས་པར་བསྒྲུབས། །ཝེ་ལྷའི་རི་མོ་མཁས་བསོད་སྨན་ཐང་ལུགས། །ཡིག་མཁན་མཁས་པ་འཇམ་དབྱངས་ཐོན་མིའི་སྤྲུལ། །དཔོན་ཆེན་ནག་པ་ཚེ་བརྟན་དྲང་སྲོང་གསུམ། །ཝེ་ལྷའི་པར་རྐོས་རྩ་རྒྱུད་པར་ཡིག་མཁན། །སྔོན་སྦྱངས་ལག་པའི་འདུ་བྱེད་མཐར་སོན་པ། །བྱ་བཏང་མགོན་པོ་དཔལ་འབར་སོར་རྩེས་བསྐྲུན། །རྐོ་བྱེད་གཟོ་གནས་གཙང་བ་ཉི་ཤུ་དང་། །རྫོང་དཀར་གུང་སྟོད་གུང་སྨད་པར་མཁན་ལྔ། །ཞུ་དག་མགོ་ལུང་ཆེད་གཉེར་དོ་དམ་པ། །ས་དཀར་སྔགས་ཀྱི་པཎ་གྲུབ་འདུལ་བ་འཛིན། །མཚུངས་མེད་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དང་། །ཚད་མ་ལུང་རིགས་རབ་འབྱམས་ཆོས་སྡེ་དང་། །འ་བ་དགེ་སློང་བཀྲ་ཤིས་ཕྱག་མི་བ། །ཁོ་བོ་རང་དང་བཞི་ཡོད་ལེ་ལོ་སྤངས། །ཕྱི་ལོ་ཁུངས་ཐུབ་གོང་དཀར་བྱ་ཡུལ་པར། །སྔོན་གྱི་རྒྱུད་འཕེལ་གསར་རྙིང་དུ་མ་སོགས། །མཆན་བུ་རྒྱས་མིན་བསྡུས་མིན་འབྲིང་དུ་བྱས། །གཞུང་མཆན་ཆེ་ཆུང་ཕྱེ་ནས་དཀྱུས་མཚམས་བཅུག །པར་ཡིག་བཏབ་པར་པར་ཤིང་ལ་སོགས་ལ། །སྔ་ཞུས་ཕྱི་ཞུས་ཞུ་དག་ཐེངས་བཅུ་བྱས། །འདི་ཡི་དགེ་ལས་བྱུང་བའི་བསོད་ནམས་དེས། །སྤྱིར་ནི་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །གནས་སྐབས་དམིགས་ནས་བསྔོ་བའི་ཡུལ་བསྟན་པ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱང་སྐུ་ཚེ་རབ་བསྟན་ཞིང་། །ཁྱད་པར་གསོ་རིག་བསྟན་དང་བསྟན་འཛིན་རྣམས། །མི་ཉམས་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། །འགྲོ་ཀུན་རྒྱུ་འབྲས་ནད་ལས་རབ་གྲོལ་ནས། །བླ་མེད་སྨན་པའི་རྒྱལ་པོ་འགྲུབ་གྱུར་ཅིག །མཆོག་ཏུ་མངའ་རིས་གོང་མ་བསོད་ནམས་སྡེ། །སྐུ་ཚེ་རི་དབང་བཞིན་དུ་བརྟན་པ་དང་། །གདུང་བརྒྱུད་ཆུ་བོའི་རྒྱུན་ལྟར་རིང་བ་དང་། སྙན་གྲགས་ནམ་མཁའི་མཐའ་ལ་ཁྱབ་པ་དང་། །ཆབ་སྲིད་མངའ་ཐང་དཔལ་འབྱོར་རྒྱས་པ་དང་། །ནད་མཚོན་མུ་གེ་འཁྲུག་ལོང་རྒྱུན་ཆད་ནས། །རྒྱལ་སྲིད་ཆོས་སྤྱོད་དགེ་བཅུའི་ཁྲིམས་ལ་འགོད། །མཐར་ཐུག་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ། །ཁྱབ་བརྡལ་ཆེན་པོ་གཅིག་ཏུ་ཐམས་ཅད་བསྔོ། །གཞན་ཡང་བཅུ་ཚིགས་སྐབས་ཇ་སྐབས་ཆང་དང་། །འདི་ཡི་ཕྱིར་དུ་སྒོ་གསུམ་གང་འབད་དང་། །དཀར་ནག་ལས་ཀྱིས་འབྲེལ་བ་བགྱིད་ཡོད་པ། །བླ་མེད་རྣམ་མཁྱེན་སངས་རྒྱས་ས་རུ་བསྔོ། །བདག་སོགས་ཚེ་རིང་མད་མེད་ཆོས་སྤྱོད་ཅིང་། །ཚེ་འདི་བློས་ཐོངས་སྒྲུབ་ལ་རབ་བརྩོན་ཞིང་། །རང་དོན་ཆོས་སྐུ་མངོན་དུ་འགྱུར་བ་དང་། །གཞན་དོན་འཁོར་བ་དོང་སྤྲུགས་པར་ཤོག །སྨན་བླ་དྲང་སྲོང་རིག་འཛིན་བྱིན་གྱིས་རློབས། །ཡི་དམ་འཇམ་དབྱངས་ཕྱག་རྡོར་དངོས་གྲུབ་སྩོལ། །པར་བྱང་རྐོས་བྱེད་འ་བ་དཔལ་བཟང་ངོ་། །ཆོས་སྲུང་རྡོ་རྗེ་བདུད་འདུལ་གཏེར་བདག་སོགས། །བསྟན་འཛིན་(མཇུག་གི་ཤོག་ངོས་གཅིག་མ་ཚང་བས་རང་སོར་དུ་བཞག)

 

སྐུ་འབུམ་རྒྱུད་བཞི།

རྩ་རྒྱུད་པར་བྱང་།

པར་བྱང་མི་སྣང་།

བཤད་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་པའི་ལྕག་གིས་རི་བོ་ཡོངས་སྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི། །མངྒ་ལཾ།

དགེ་ལྡན་ཕྱོགས་ལས་རྣམ་རྒྱལ་སྐུ་འབུམ་གྱི། །ནང་ཚན་གསོ་བ་རིག་པའི་གྲྭ་ཚང་སྡེ། །ཁྲི་ཐོག་བཅུ་པ་ཟི་ན་ལྷ་རམས་པའི། །ལྷག་བསམ་དད་པའི་དཔར་འདི་བསྐྲུན་པར་མཛད། །འདི་ཡིས་མཐུ་ལས་ཚེ་རབས་ཀུན་ཏུ་བདག །ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག

མན་ངག་རྒྱུད་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའོ་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུ་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ། །ཚེ་ཡི་རིག་བྱེད་དྲན་ཤེས་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ། ཤུབྷཾ་མསྟུ་སརྦ་ཛ་ག་ཏཱཾ།།

ཨོཾ་ཨཱ་ཐཱ། བསོད་ནམས་དགེ་ལེགས་དཔག་ཡས་འབྱུང་བའི་སྒོ་གཅིག་པུ། །བསྟན་འཛིན་གདུལ་བྱ་སྨན་མཛད་སེར་བསམ་དགེ་བའི་བཤེས། །འཛད་མེད་ནོར་བུའི་གཏེར་ཆེན་མན་ངག་ཡོན་ཏན་རྒྱུད། །འདི་བཅས་རྒྱུད་བཞི་གཞན་དཔར་མང་བསྐྲུན་བཀའ་དྲིན་བསྩལ། །རྒྱལ་བ་གཉིས་པའི་བལྟམ་ཚལ་གདན་ས་སྐུ་འབུམ་སྡེའི། །ནང་ཚན་བསོད་ནམས་སྒར་ནས་ས་ཕོ་རྟའི་ལོར་འགྲུབ། །སུག་ཡིག་འདི་ན་དོད་པ་འཇམ་དབྱངས་གྲགས་པ་བྲིས། །དཔར་འདིའི་ཟློས་གར་སྔོན་བསགས་སྨོན་ལམ་མི་དམན་པ། །རིག་རྩལ་ལང་ཚོ་རབ་རྒྱས་བློ་བཟང་རྣམས་རྒྱལ་དང་། །ཟླ་བོ་ཀླུ་འབུམ་གཉིས་ཀྱིས་བརྐོས་འདིར་མཐར་ཕྱིན་བགྱིས། །འདིར་འབྲེལ་ཐོག་རྣམས་ཚེ་རབས་དམ་པས་རྗེས་བཟུང་མཐུས། །འབྲས་བུ་བླ་མེད་བྱང་ཆུབ་ཐོབ་ཕྱིར་ཡོངས་སུ་བསྔོའོ། །སརྦ་མངྒ་ལཾ།

ཕྱི་མ་རྒྱུད་པར་བྱང་།

དགེ་ལྡན་ཕྱོགས་ལས་རྣམ་རྒྱལ་སྐུའབུམ་གྱི། །ནང་ཚན་གསོ་བ་རིག་པའི་གྲྭ་ཚང་སྡེ། །ཁྲི་ཐོག་བཅུ་པ་ཟི་ན་ལྷ་རམས་པའི། །ལྷག་བསམ་དད་པས་པར་འདི་བསྐྲུན་པར་མཛད། །འདི་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་བདག །ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་། པར་ཡིག་པ་དགེ་སློང་བསྟན་པ་དར་རྒྱས་དང་། པར་རྐོང་པ་དགེ་སློང་བློ་བཟང་རྣམ་རྒྱལ། དགེ་ཚུལ་བློ་བཟང་ཡར་འཕེལ་རྣམས་ཀྱིས་མེ་འབྲུག་ལོར་ཆུ་སྟོད་ཟླ་བའི་ཚེས་དགེ་བར་བསྒྲུབས་པ་འདིས་ཀྱང་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག སརྦ་མངྒ་ལཾ། །

 

ལོར་རྒྱུད་བཞི།

རྩ་རྒྱུད་དང་། བཤད་རྒྱུད་པར་བྱང་།

དེ་གཉིས་ལ་པར་བྱང་མི་སྣང་།

མན་ངག་རྒྱུད་པར་བྱང་།

གསོ་བ་རིག་པའི་རྒྱུད་སྡེ་ཆེན་པོ་བཞི། །གསོ་རིག་བསྟན་པ་ཕྱོགས་མཐར་རྒྱས་པའི་ཕྱིར། །གསོ་རིག་བསྟན་ལ་དད་པའི་ཁུར་ཆེན་རྣམས། །གསོ་རིག་ཆོས་སྦྱིན་འཛད་མེད་གཏེར་ཆེན་འདི། །བདག་ཉིད་ཆེན་པོ་པདྨའི་ལུང་བསྟན་ལས། །ད་ལྟའི་སྦྱིན་བདག་གཡའ་ལྷག་ཁྲི་གཟའ་ཁྱོད། །བསམ་ཡས་ལྷོ་ཕྱོགས་ལོ་རོ་ཞེས་པ་རུ། །གྲགས་པའི་མིང་ཅན་སྟོབས་ཀྱི་དཔུང་ཅན་འབྱུང་། །དེ་ཡང་ཆབ་སྲིད་བསྟན་པ་མཐའ་རྒྱས་བྱེད། །ཞེས་པ་ཕ་བྱོ་ཞིང་སྐྱོང་གྲགས་པའོ། །དེ་ཡི་སྤྲུལ་བ་སླར་ཡང་དེ་ཉིད་དུ། །པདྨ་སྲས་ཀྱི་ལུང་བསྟན་དང་མཐུན་པར། །ལྔ་བཅུ་ཁ་རལ་དུས་ཀྱི་མཐའ་མ་ལ། །གྲགས་པའི་མིང་ཅན་ལྷོ་མོན་འདུལ་བའི་དུས། །ཞེས་བྱུང་ད་ལྟ་ཆོས་ཀྱི་རྒྱལ་པོ་ནི། །ལུགས་གཉིས་འདུན་སའི་ཕོ་བྲང་གང་དེ་ནས། །མི་ཡི་དབང་པོ་མེས་ཚབ་གྲགས་པས་གཙོས། །དད་ཅན་དུ་མས་ཡང་དག་རྩོལ་བ་མཛད། །ཞུ་ཞིང་གསོལ་བའི་ལས་ཀྱི་བྱེད་པོ་ནི། །ཟླ་བའི་དབང་པོ་ཡབ་སྲས་ཞབས་བསྟེན་ནས། །ཞལ་གྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ། །ལོན་པའི་འབོགས་ཀྱི་ཚེ་དབང་བསམ་འགྲུབ་ཡིན། །འདིར་སྨྲས་པ། རྒྱ་གར་རྒྱ་ནག་ཁ་ཆེ་ལི་དང་ནི། །སོག་པོ་ཞང་ཞུང་གངས་ཅན་ཀུན་དག་ན། །བཞུགས་པའི་མཁས་བླུན་བར་མའི་དྲང་སྲོང་རྣམས། །མ་ཡེངས་སྙན་གྱི་དབང་པོས་གསན་པར་ཞུ། །གང་ཞིག་འགྲོ་མཆོག་ཀུན་གྱི་དོན་སླད་དུ། །དང་པོར་ཡིག་ཚང་འབྲི་ཀློག་མཐར་ཕྱིན་སློབས། །བར་དུ་སློབ་དཔོན་མཚན་ཉིད་ལྡན་ལ་གཏུགས། །ཐ་མར་ལོ་བདུན་སློབ་དཔོན་ཐོད་བཞིན་བསྟེན། །ས་སྦྱང་འབྲུ་འགྲེལ་ལག་ལེན་མཛུབ་ཁྲིད་རྣམས། །མཁས་བྱང་མྱོང་བ་གདེང་དང་ལྡན་པར་བསླབ། །བླ་མ་སློབ་དཔོན་ཤིན་ཏུ་ཡུལ་གཉན་པས། །དམ་ཚིག་མ་ཉམས་ཅི་གསུང་དང་དུ་ལོངས། །དམ་ཉམས་ཚེ་འདིར་མི་དགེ་སྣ་ཚོགས་དང་། །ཕྱི་མར་མནར་མེད་གནས་སུ་ངེས་པར་ལྟུང་། །དམ་ཚིག་གཙང་ན་འགྲོ་དོན་ཤུགས་ལས་འབྱུང་། །དེ་ནས་འཛམ་གླིང་ཡོངས་ཀྱི་སྨན་མཆོག་རྣམས། །སྐྱེས་མཐོང་རྣ་ཐོས་འཛད་མེད་བསགས་བྱས་ནས། །ད་ནི་ནད་པའི་བྱ་བ་དོན་དུ་གཉེར། །དབྱར་དགུན་སྟོན་དཔྱིད་གྲང་དྲོ་ཉེ་རིང་དང་། །དགྲ་གཉེན་ཀུན་ལ་ཁྱད་པར་མ་ཕྱེ་བར། །བྱམས་པའི་སེམས་ཀྱིས་ནད་པ་སྐྱོང་བར་མཛད། །ཁོ་བོ་འབོགས་ཀྱི་སྨན་ཆུང་ཚེ་བསམ་ང་། །ལས་ཀྱི་རླུང་གིས་ཆོས་མེད་མུན་པའི་གླིང་། །མཐའ་འཁོབ་བློ་ཁ་ལོ་རོའི་ཡུལ་དུ་སྐྱེས། །ཕ་མ་བྱམས་དང་དྲིན་ཅན་ཡིན་ནའང་། །སྨན་ཕུང་དུག་ཕུང་ཇི་བཞིན་བདུད་དང་ནི། །མཉམ་དུ་བྱུང་བས་ཐར་བའི་གེགས་བྱས་ཀྱང་། །མ་ཚུགས་ད་ནི་དཀར་ཕྱོགས་རྒྱལ་བ་འདྲ། །ཆུང་ངུའི་དུས་ནས་འབྲི་ཀློག་བྱང་བར་བསླབས། །བཅུ་གསུམ་སྟེང་ནས་རྩ་ལྔའི་བར་དག་ཏུ། །སློབ་དཔོན་མཁས་མང་ཞབས་རྡུལ་སྤྱི་བོར་བླངས། །དམ་ཚིག་མ་ཉམས་ཀུན་གྱིས་གཅེས་པས་བསྐྱངས། །ལུས་ངག་ཡིད་གསུམ་གསོ་རིག་ལ་འབུངས་ཀྱང་། །བསླབས་ཤེས་མཁས་མངའ་ཁྲེལ་བ་ཁོ་ནར་ཟད། །ཁོ་བོའི་སློབ་དཔོན་ཟླ་བའི་དབང་པོ་དེ། །པད་འབྱུང་ལུང་ཟིན་གཡུ་ཐོག་གཉིས་པར་གྲགས། །དེ་ཡི་གདམས་པ་ནམ་མཁའི་སྐར་ཚོགས་ནས། ཁོ་བོས་ལོན་པ་རྒྱུ་སྐར་ཉེར་བརྒྱད་ཙམ། །ཁོ་བོའི་སློབ་དཔོན་འགྲོ་དོན་ལེགས་བཟང་དེ། །སར་གནས་བྱང་སེམས་སྤྲུལ་བར་ཡོངས་གྲགས་པའི། །དེ་ཡི་གདམས་པ་གངྒའི་བྱེ་མ་ནས། །ཁོ་བོས་ལོན་པ་ན་རའི་མཐིལ་གང་ཙམ། །ཁོ་བོའི་སློབ་དཔོན་བཀྲ་ཤིས་ལྷུན་གྲུབ་ལ། །གདམས་པ་དབྱར་གྱི་སྤང་ཁའི་རྩྭ་སྐྱེས་ནས། །ཁོ་བོས་ལོན་པ་གཡང་མོའི་ཁ་གང་ཙམ། །ཁོ་བོའི་སློབ་དཔོན་ཀུན་དགའ་རྒྱལ་མཚན་ལ། །གདམས་པ་ཆུ་ཟླའི་ཆར་གྱི་བགྲང་མ་ནུས། །ཁོ་བོས་ལོན་པ་རི་བྱའི་ཁྱོར་ཆུ་ཙམ། །ཁོ་བོས་སློབ་དཔོན་སློབ་དཔོན་ལས་སྟོད་རྡོ་རྗེ་ལ། །གདམས་པ་འབུམ་ཕྲག་དུ་མའི་ནང་ཤེད་ནས་། །ཁོ་བོས་ལོན་པ་བརྒྱ་ཕྲག་རེ་རེ་ཙམ། །ཁྱད་པར་གངས་ཅན་ཡོངས་ལ་གྲགས་པ་ཡི། །ཁོ་བོའི་སློབ་དཔོན་ལེགས་བཤད་ནོར་བུ་ལ། །གདམས་པ་རྒྱ་མཚོ་ཡོད་པའི་ནང་ཤེད་ནས། །ཁོ་བོས་ལོན་པ་རྫ་བུམ་ཆབ་གང་ཙམ། །གཞན་ཡང་ཕྱོགས་ཀྱི་མཆེད་གྲོགས་དུ་མ་ལ། །གདམས་པ་མགོ་ཡི་སྐྲ་ཡི་གྲངས་ཙམ་ནས། །ཁོ་བོས་ལོན་པ་མིག་གི་གཟི་མ་ཙམ། །དེ་ལ་སོགས་ཏེ་མཁས་གྲུབ་དུ་མ་ལ། །གདམས་པ་དཔག་ཏུ་མེད་པ་ཞུས་ནའང་། ད་དུང་རྒྱུད་འདིའི་ཆ་ཙམ་ཤེས་མ་གྱུར། །བདག་འདྲས་ནད་པ་གསོ་བ་ལ་བརྩམ་པ། མུན་པའི་ནགས་སུ་འོལ་ཚོད་རྒྱང་མདའ་འདྲ། །བརྒྱ་ཕྲག་དུ་མ་འཕངས་ཀྱང་སྟག་མི་གསོད། །མི་ཤེས་ཤེས་བརྫུས་གཞན་ལ་འཆད་བྱེད་པ། །ལོང་བས་ལོང་བ་ཁྲིད་པ་ཁོ་ནར་ཟད། །ཀྱེ་མ་ནད་པ་གསོ་འདོད་ལྷ་རྗེ་རྣམས། །དལ་འབྱོར་རིན་ཆེན་ཤིན་ཏུ་རྙེད་དཀའ་བས། །ལེགས་ཉེས་བཅོས་ནོར་མ་གཏོང་ཆང་མ་བཏུང་། །ཉིན་དང་མཚན་དུ་གཡེལ་མེད་དཔེ་ལ་གཟིགས། །ཟབ་དོན་གང་དགོས་རྒྱུད་ཆེན་འདི་ན་བཞུགས། །དཔེ་ཧྲུལ་རྫུན་གྱི་སྐད་ལ་དབུ་མ་འཁོར། །གསོ་རིག་རྒྱ་མཚོ་ཕ་མཐར་མ་བགྲོད་པར། །ཟབ་དོན་ཡིན་བཞིན་ནོར་བུ་ག་ལ་ལོན། །མོས་གུས་རྟེན་འགྲེལ་ལྷན་དུ་མ་འཛོམས་པར། །མཚན་ལྡན་བླ་མས་རྗེས་སུ་ག་ལ་འཛིན། །རྒྱུད་བཞི་ཕལ་ཆེར་ཁོང་དུ་མ་ཆུད་ན། །ནང་ནས་མངོན་ཤེས་ཕྲ་མོ་ཇི་ལྟར་འཆར། །ཕྱི་རོལ་རྟགས་ལ་ནད་ངོས་མ་ཟིན་ན། །ང་ཡིན་ཞེས་པའི་ཨ་ལན་སུ་ཡིས་མཇལ། །སྨན་དང་རྫས་སོགས་ལག་ཏུ་མ་འཛོམས་ན། །བཞི་བརྒྱ་རྩ་བཞིའི་ནད་རྣམས་གང་གིས་སེལ། །སློབ་དཔོན་མཚན་ཉིད་ལྡན་པ་མ་བསྟེན་ན། །གབ་སྦས་དཀྲུགས་སོགས་སུ་དང་གང་གིས་ཤེས། །གསོ་རིག་རང་ལ་མཆེད་དུ་མ་བསྟེན་ན། །འཇིག་རྟེན་ཚོ་དང་སྦྲགས་ན་སུ་ཡིས་སྐྱོབས། །དེས་ན་གདམས་པ་འདི་ལ་འབུངས་འཚལ་ལོ། །ད་ནི་ཁོ་བོས་བྱས་པའི་ལག་རིགས་བཤད། །ཐོག་མར་སྨན་ཁང་ཀ་བཞི་གདུང་དྲུག་ཞིག །བླ་མའི་བཀའ་བཞིན་ཞལ་བ་ལོགས་བྲིས་དང་། །ཤིང་རྩེ་སྒོ་ཤན་བད་དང་རྩི་དཀར་སོགས། །ཟླ་བ་དྲུག་ལ་གཙང་འབྲས་གྲུབ་པར་བཞེངས། །སྐུ་རྟེན་སྨན་རྒྱལ་ལྟུང་བཤགས་གནས་བཅུ་དང་། །བླ་མའི་སྐུ་འདྲ་ལ་སོགས་མང་པོ་ཞིག །རས་བྲིས་ལོ་རེ་བཞིན་དུ་དཀྱུས་མར་བཞེངས། །ཨུ་རྒྱན་སྐུ་དང་ཚེ་དཔག་མེད་པ་དང་། །རིགས་གསུམ་མགོན་པོ་རྡོ་རྗེ་གཞོན་ནུ་དང་། །སྨན་རྒྱལ་ཐུབ་དབང་ལ་སོགས་མང་པོ་ཞིག །སྦྱིན་པར་འབུལ་ཐོ་གྲངས་དང་རྩིས་ལས་འདས། །ཐུགས་རྟེན་མཆོད་རྟེན་རིགས་བརྒྱད་ལ་སོགས་པ། །བྱེ་བ་ས་ཡ་སྦྱིན་པར་བར་མ་བཞེངས། །གསུང་རྟེན་སྨན་དཔེ་ཁ་གྲངས་སྟོང་ཕྲག་གཅིག །རང་གི་ལག་གིས་སོར་མོས་བྲིས་པར་གྱུར། །དེ་མིན་ཆོས་དཔེ་བྲིས་པའང་ཐོ་རེ་ཡིན། །ཁྱད་པར་ནད་པའི་སྡུག་བསྔལ་མ་བཟོད་པར། །སྨན་རིན་ཆུ་ཕུལ་གང་ཡང་མེད་པ་རུ། །ཐོག་མར་ལོ་གསུམ་སྨན་གྱི་སྦྱིན་པ་བྱས། །དེ་རྗེས་རྒྱུད་བཞི་ཤིན་ཏུ་དཀོན་མཐོང་ཞིང་། །ཡར་རྒྱབ་ཆོས་ཀྱི་རྒྱལ་པོས་མཛད་པ་ཡི། །པར་མ་དེ་ཡང་ད་ནི་མི་གསལ་ཞིང་། །སྨན་པ་རྣམས་ཀྱི་དཔེ་ཡོད་དུ་མ་ཡང་། །སྦས་གསང་བྱེད་པ་ཕལ་ཆེར་མང་བར་འདུག །དེ་ལ་མ་བཟོད་བརྩེ་བས་གསོ་རིག་གི། །རྒྱུད་ཆེན་འདི་དག་འཛད་མེད་པར་དུ་བསྒྲུབས། །སྐོམ་འདོད་བ་ཚྭའི་ཁྲོན་པ་མ་བཏུང་བར། །ཡན་ལ་བརྒྱད་དང་ལྡན་པའི་ཆུ་དགོས་ན། །པར་ཆེན་འདི་ནས་གང་འདོད་ལེན་པར་རིགས། །ད་ནི་དད་པ་ཅན་གྱི་འབུལ་བ་ལ། །ཆོས་རྒྱལ་བྱ་རིགས་དཔོན་ས་ཡུམ་དྲུང་གིས། །པར་ཤིང་བཅུ་དང་དྲུག་གི་ཡོན་རྫོགས་གནང་། །མི་དབང་ཀུན་རྒྱལ་བཞི་བཅུའི་རྒྱགས་ཡོན་གནང་། །ཨ་བོ་དོན་ཡོད་པར་ཤིང་གསུམ་གྱི་བདག །གྲགས་པ་འཛམ་གླིང་སྲི་ཐར་ལྷོ་སྤྲིན་དང་། །ནོར་རྒྱལ་ལྷ་དབང་གྲགས་པ་ཆོས་སྐྱོང་དང་། །དཔལ་བཟང་དཔལ་འབྱོར་རྒྱལ་པོ་འཛོམ་རྒྱལ་དང་། །བདེ་པོ་ཚེ་འཕེལ་སོགས་ཀྱིས་ཕྱེད་ཕྱེད་དོ། །ཚེ་དབང་མགོན་པོ་ཕུན་ཚོགས་ཕན་བདེ་དང་། །ཆོས་དར་འབོ་བ་ཨ་བོ་ནོར་བུ་དང་། །ཨ་བོ་དར་རྒྱས་དབོན་པོ་ལྷ་སྦྱིན་དང་། །རྩ་རི་བསམ་འགྲུབ་མར་བ་བཟང་དཔལ་དང་། །རྫས་ཁང་དགོས་པ་རྣམས་ཀྱིས་པར་ཤིང་རེ། །དྲུང་ཡིག་ལྷུན་གྲུབ་དར་རྒྱས་པར་ཤིང་གསུམ། །ཉི་མ་ཐར་དང་སངས་རྒྱས་རྡོ་རྗེ་དང་། །ལྷ་རྒྱམ་གསུམ་གྱིས་རྒྱུ་སྦྱར་པར་ཤིང་བདུན། །ཞེ་པ་རྒྱལ་པོ་ཡགས་པ་སེམས་འཛིན་སོགས། །གདགས་སྲིབས་བསོད་ནམས་ལྡན་པ་དུ་མ་ཡིས། །པར་ཤིང་བདུན་གྱི་རྒྱགས་ཡོན་སྦྱར་བར་གྱུར། །ཚེ་རྡོར་བསམ་གྲུབ་རྡོ་རྗེ་པར་ཤིང་རེ། །དགོས་བཀྲས་པར་ཤིང་ཕྱེད་དང་གཉིས་ཀྱི་བདག །བསམ་འགྲུབ་དར་རྒྱས་དཔལ་འབྱོར་མགོན་པོ་དང་། །ལྷ་དར་ཀྲི་རྒྱལ་ཚེ་དབང་དར་རྒྱས་དང་། །ཞུར་འཛོམ་ཚེ་དབང་རྡོར་རྒྱལ་ཆོས་སྐྱོང་དང་། །སྲི་ཐར་དར་རྒྱས་ཨུ་རྒྱན་རྟ་མཆོག་དང་། །སངས་རྒྱས་སྲི་ཐར་འཛོམ་པ་ལྷུན་གྲུབ་དང་། །ཇོ་མཛེས་བསམ་འགྲུབ་བུར་དགའ་དར་བོ་དང་། །ཀྲང་དར་རྩ་རི་སོགས་ཀྱིས་པར་ཤིང་བཞི། །ནོར་བུ་དར་རྒྱས་དགོས་པ་ལ་སོགས་པ། །བརྟེན་མདའ་རྣམས་ཀྱི་པར་ཤིང་ཕྱེད་གཉིས་སོ། །སྐྱ་འོ་མཐོང་དགའ་ལ་སོགས་རྒྱ་འགྲོ་ནས། །དད་ལྡན་ཉི་ཤུ་དྲུག་གིས་པར་ཤིང་གཉིས། །བླ་མ་ངག་དབང་རྡོ་རྗེ་མེས་ཚབ་དང་། །ཉི་ཟླ་ཚེ་རིང་བཀྲ་ཤིས་རྒྱལ་པོ་དང་། །སངས་རྒྱས་ཐུབ་བསྟན་དངོས་གྲུབ་ཕྱག་རྡོར་དང་། །དགོས་དར་ལ་སོགས་དགུ་ཡིས་པར་ཤིང་གསུམ། །རྡོར་བསམ་སྲི་ཐར་བསམ་གྲུབ་མཚོ་རྒྱལ་དང་། །ཨ་འོ་དཔལ་སྐྱབས་དགོས་པ་འབྲུག་སྐྱིད་དང་། །ལྷུན་གྲུབ་དགོས་པ་སོགས་ཀྱིས་པར་ཤིང་གཉིས། །ཆོས་རྗེ་བསྟན་ཉི་གསོལ་དབོན་བསྟན་ཡེ་ཤེས། །ཆོས་རྗེ་ནོར་རིན་རྣམས་ཀྱིས་པ་ཤིང་རེ། །ཀྲང་དཀྲུགས་དཔལ་བཀྲས་བསྟན་དར་མགོན་པོ་དང་། །རྐང་པ་དོན་གྲུབབ་རྣམས་ཀྱིས་པར་ཤིང་གཅིག །སྔོན་སྦྱངས་ལས་འཕྲོ་བུན་ཕྱིན་སྤྲུལ་བ་ཡི། །བཟོ་བོས་པར་ཤིང་སུམ་ཅུའི་ཡོན་རྫོངས་གནང་། །དཔལ་འབྱོར་ཇོ་བོ་ཚེ་བརྟན་པར་ཤིང་གཅིག །དར་རྒྱས་ཚེ་དབང་གཉིས་ཀྱིས་པར་ཤིང་གཅིག །འཚོ་བྱེད་དཔལ་དར་འཚོ་བྱེད་བསམ་གོག་དང་། །འཚོ་བྱེད་དཔལ་འབྱོར་འཚོ་བྱེད་ནོར་བུ་ཡིས། །པར་ཤིང་ཕྱེད་དང་གཉིས་གཉིས་སྦྱིན་བདག་བགྱིས། །ལྷུན་གྲུབ་ཇོ་བོ་གྲང་པོ་རྡོར་དབང་བཞིས། །དངོས་ཁལ་གསུམ་གསུམ་གུས་རུ་དད་ལྡན་འགས། །པར་ཤིང་གཉིས་དང་ཞེ་འོ་དཔོན་ཁང་ནས། །པར་ཤིང་གཅིག་དང་འཚོ་བྱེད་རྣམ་རྒྱལ་གཉིས། །མང་ཚོ་འཚོ་བྱེད་བཟང་པོ་པར་ཤིང་གཅིག །མེ་ལོང་ལྷ་དར་འཚོ་བྱེད་སྲི་ཐར་གྱིས། །པར་ཤིང་རེ་རེ་ཚེ་འཕེལ་པར་ཤིང་ཕྱེད། །སྨྱོན་པ་ལས་གཉིས་དཔལ་འབྱོར་པར་ཤིང་ཕྱེད། །མཁར་སྟེང་དགེ་འདུན་ལས་ལྡན་ཉི་ཤུ་ཡིས། །པར་ཤིང་གསུམ་གྱི་ཡོན་རྫོངས་གནང་བར་གྱུར། །དགེ་གྲོགས་དཀར་མོ་བུ་ཁྲིད་ཆང་ཚོང་གྲོགས། །ཨ་འོ་བུ་ཁྲིད་ནམ་མཁའ་འཛོམ་འདེ་སྣང་། །འཕྲིན་ལས་ཆོས་སྒྲོན་དཀར་འཛོམ་བུ་ཁྲིད་སོགས། །དངོས་པོའི་འབྲེལ་བ་ཐོགས་པ་དེ་ཙམ་མོ། །གསོ་བ་རིག་པའི་རྒྱུད་སྡེ་རྒྱ་མཚོ་ལ། །ཀུན་གྱིས་དཔྱད་པ་ཞིབ་ཏུ་མ་སྦྱང་བས། །ཚུལ་བཞིན་རྟོགས་པ་ཉིན་མོའི་སྐར་མ་ཙམ། །ལ་ལས་གོ་ཡང་གཞན་ལ་སྟོན་པ་དཀོན། །མཆན་བུ་འོག་ཏུ་བཏགས་ན་གཞུང་མི་མཛེས། །ཟོང་མཆན་ཐམས་ཅད་བཅུག་ན་དཔེ་ཆང་ལང་། །གསོ་རིག་གསུང་རབ་དུ་མའི་དགོངས་པ་དང་། །མ་དཔེ་བརྒྱ་རྩ་མང་པོ་གོ་སྡུར་བྱས། །བརྡ་དག་གསར་རྙིང་མང་པོའི་གོ་བ་བླངས། །ནོར་འཁྲུལ་མེད་པའི་རྒྱུད་ཆེན་འདི་དག་ནི། །འཛམ་གླིང་ཡངས་པའི་གངས་ཅན་ལྗོངས་ཀྱི་ས། །ཁྱད་པར་བསམ་ཡས་གཞལ་བའི་ལྷོ་ཡི་ཕྱོགས། །མཁས་གྲུབ་དུ་མས་ཞབས་བཅགས་འཁྲུངས་སའི་ཡུལ། །ལུང་བསྟན་བཀའ་རྒྱ་མ་ནས་ལུང་ཟིན་པའི། །བྱར་གྱི་ཕྱོགས་སུ་བཟང་པོའོ་མིང་ཅན་འབྱུང་། །ཞེས་པ་ཆོས་རྒྱལ་དཔལ་བཟང་ཡིན་པར་མངོན། །དེ་ཡི་རྣམ་སྤྲུལ་ལོ་རོ་དཀར་པོའི་ཆ། །དེ་བ་ཕ་ལ་རཏྣའི་རིགས་ལས་བལྟམས། །ད་ལྟ་གངས་ཅན་མཁས་གྲུབ་ཀུན་གྱི་གཙོ། །འཇམ་དབྱངས་བསྟན་འཛིན་གྲགས་པ་ཞེས་བྱར་གྲགས། །མུན་ཁུང་སྒྲོན་མེ་ལྟ་བུའི་མཆོག་དེའི་དྲིན། །ད་ལྟ་རྡོ་རྗེ་གདན་དང་ཁྱད་པར་ཅི། །ཐོགས་མེད་དུས་ནས་སྨོན་ལམ་བཏབ་པའི་མཐུས། །ཞལ་གྱི་བདུད་རྩི་འཐུང་བར་བདག་ཀྱང་སྐྱེས། །གསང་སྔགས་ཆོས་རྣམས་ངོམས་པ་མེད་པར་ཐོབ། །འབྲེལ་ཚད་དོན་ལྡན་དེ་ཡི་ཐུགས་རྗེ་ཡིས། །ད་ནི་མཐོ་རིས་ཐར་བ་ཐོབ་བམ་བསམ། །དེ་ཡི་ཀུན་དགའ་ར་བའི་མཆོག་གྱུར་པ། །སྦྱོ་ར་ཐུབ་བསྟན་ཆོས་འཁོར་ལེགས་བཤད་ནི། །དར་རྒྱས་གླིང་གི་སྨན་ཁང་ཆེན་མོ་རུ། །མི་ཟད་ཆོས་སྦྱིན་སྤེལ་བའི་ཡི་གེ་བ། །བོད་སྙི་མཁར་གྱི་རིག་པའི་འབྱུང་གནས་ནས། །ཚེ་དབང་དར་རྒྱས་ཨུ་རྒྱན་ཚེ་དབང་གིས། །སོར་མོའི་ཟློས་གར་བསྒྱུར་མཁས་མཆོག་ཏུ་གྱུར། །རིང་ཆ་མ་ཐུང་ཐུང་ཆ་གོ་མ་ལྡོག །རི་བོང་ར་བཞིན་ལྷག་ཆད་མེད་པར་བྲིས། །གསག་གཅོད་བསྒྱུར་མཁས་བཟང་ཡུལ་ཀུན་དགའ་དང་། །ཇོ་བོ་བཀྲ་ཤིས་ཇོ་བོ་མགོན་པོ་དང་། །ཇོ་བོ་རྡོ་རྗེ་བཀྲ་ཤིས་བསམ་འགྲུབ་དང་། །ཀུན་དགའ་དར་དང་ཚེ་དབང་བསྟན་པ་དང་། །བསམ་འགྲུབ་དང་ནི་ནམ་མཁའ་བསམ་འགྲུབ་སོགས། །རིག་བྱེད་དུ་མས་ལེ་ལོ་སྤངས་ཏེ་བརྐོས། །འདི་ལྟར་བསྒྲུབས་པའི་རྣམ་དཀར་དགེ་བ་ཡིས། །འཛམ་གླིང་ཡོངས་ལ་ཆོས་འདིས་ཁྱབ་པ་དང་། །རིགས་དྲུག་སྡུག་བསྔལ་སོ་སོ་དང་བྲལ་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཁྱད་པར་ས་སྐྱོང་ཡབ་ཡུམ་སྐུ་མཆེད་དང་། །སྲས་བཅས་གདུང་རྒྱུད་རིམ་པར་བྱོན་པ་རྣམས། །གནས་སྐབས་སྐུ་ཚེ་ལྷུན་པོ་ལྟར་བརྟན་ཞིང་། །ཆབ་སྲིད་ནམ་མཁའི་མཐའ་ལྟར་རྒྱས་པ་དང་། །ཅི་བསམ་བཞེད་པའི་དོན་ཀུན་འགྲུབ་གྱུར་ནས། །མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པར་བསྔོ། །འདི་སྟེང་པར་ཤིང་ཞལ་བདག་མཛད་པོ་ནས། །བྲེ་གང་ཕུལ་རེའི་ཕན་ཐོགས་འབྲེལ་ཡོད་དང་། །མིས་ཁུར་རྟ་དྲེལ་མཛོ་གཡག་བོང་བུ་གླང་། །དེ་དག་ཀུན་གྱིས་སྐྱེལ་འདྲེན་བྱས་པ་དང་། །མདོར་ན་པར་ཆེན་འདི་དག་མཐོང་ཐོས་དང་། །དྲན་རེག་ཁ་ཕན་ཚིག་ཕན་བྱས་པ་དང་། །རྗེས་སུ་ཡི་རང་བགྱིད་པའི་སེམས་ཅན་དང་། །དངོས་དང་བརྒྱུད་ཀྱི་འབྲེལ་བ་ཡོད་པ་ཡི། །སེམས་ཅན་ཐམས་ཅད་ཚེ་རིང་ནད་མེད་ཅིང་། །དགོས་དགུ་ལོངས་སྤྱོད་ཅི་བསམ་འགྲུབ་གྱུར་ཅིང་། །སྒོ་གསུམ་སྡིག་སྒྲིབ་མ་ལུས་དག་གྱུར་ནས། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བསྔོ། །ཁ་གནོད་མཆུས་གནོད་ལོག་ལྟའི་ཚང་ཚང་སོགས། །མདོར་ན་འདི་ལ་གནོད་འཚེའི་བསམ་སྦྱོར་རྣམས། །ཞང་བློན་ཆེན་པོས་སྙིང་ཁྲག་བྷན་དྷར་གསོལ། །འདི་ལ་ཞབས་ཏོག་སུས་བྱས་མཐུན་རྐྱེན་བསྒྲུབས། །ཕྱག་འཚལ་མཆོད་འབུལ་བསྐོར་བ་སུས་བྱས་རྣམས། །མ་རིག་འཁྲུལ་བའི་ནས་དང་བྲལ་གྱུར་ནས། །སྔོན་བསགས་སྡིག་པ་ཐམས་ཅད་དག་གྱུར་ཅིང་། །གང་གི་བཤེས་གཉེན་དམ་པས་རྗེས་བཟུང་ནས། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་སྨོན། །མངྒ་ལཾ།།

ཡང་གཅིག་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས། །རྡོ་རྗེ་བདུད་འདུལ་མཐུན་རྐྱེན་མ་ལུས་བསྒྲུབས། །ཤན་པ་དམར་ནག་བཀའ་ཡི་བྱ་ར་མཛོད། །ཡིད་ལ་གང་བསམ་འབད་མེད་འགྲུབ་གྱུར་ཅིག །དབྱངས་ཅན་བཞད་པའི་ཞབས་པས་བརྟན་ཕྱིར་དང་། །སེམས་ཅན་ཐམས་ཅད་བདེ་དང་ལྡན་ཕྱིར་དང་། །ཞི་གཤེགས་ཟླ་དབང་དགོངས་པ་རྫོགས་ཕྱིར་དང་། །ཐུབ་བསྟན་རྣམ་རྒྱལ་ལྷ་མོ་མཆོག་ཅེས་པའི། །དྲིན་ལན་བསབ་པའི་འཁོད་ཀྱི། །སྦྱིན་བདག་རྣམས་ཀྱི་དོན་དུ་བསྐལ་བ་ནི། །མ་སྟོང་བར་དུ་དགེ་སློང་བཞི་གྲྭ་ཡིས། །སྨན་ལྷའི་སྒྲུབ་མཆོད་ནར་མར་པར་ཁང་དུ། །ཡོང་བའི་དགེ་རྩའི་མཐུན་རྐྱེན་ཁོ་བོས་སྦྱར། །ལོགས་བྲིས་སྨན་ལྷའི་བརྒྱུད་རིམ་གཙོ་བྱས་ནས། །ས་ཀར་སྙིང་གསུམ་བོ་དོང་འབྲུག་དགའ་ལྡན། །བླ་མ་བརྒྱུད་པའི་རི་མོ་ལེགས་པར་བྲིས། །བླ་བྲང་ཕར་ཚུར་གཞིས་ཀ་ཕར་ཚུར་དང་། །ཆོས་སྡེ་ཕར་ཚུར་རྣམས་ཀྱི་ཕྱག་དེབ་ཏུ། །ཞིབ་པར་ཁོད་བཞིན་དགེ་བ་རྒྱུན་ཆགས་སོ། །དགེ་བ་འདི་དང་དགེ་བ་གཞན་རྣམས་ཀུན། །མ་ལུས་གཅིག་ཏུ་སྡོམ་དང་འདུམ་འགྱུར་ནས། །སེམས་ཅན་ཀུན་གྱི་དོན་དུ་བདག་སོགས་རྣམས། །སྨན་པའི་རྒྱལ་པོ་ཉིད་དུ་འགྱུར་བར་ཤོག །མངྒ་ལཾ།།

ཕྱི་མ་རྒྱུད་པར་བྱང་།

གསོ་བ་རིག་པའི་རྒྱུད་སྡེ་ཆེན་པོ་བཞི། །གསོ་རིག་བསྟན་པ་ཕྱོགས་མཐར་རྒྱས་བྱའི་ཕྱིར། །བསྟན་པ་རིས་མེད་འདེགས་པའི་ཁུར་ཆེན་ཅན། །མི་ཡི་དབང་པོ་མེས་ཚབ་གྲགས་པ་གཙོས། །ཚོགས་གཉིས་བསགས་པའི་སྐྱེས་ཆེན་དུ་མ་ཡིས། །བཀའ་ཁྱབ་ཡང་དག་མཛད་དེ་པར་ཆེན་བསྒྲུབས། །ཞུ་ཞིང་གསོལ་བའི་ལས་ཀྱི་བྱེད་པོ་ནི། །སྙོམ་ཆུང་ཆོས་མེད་ཚེ་དབང་བསམ་འགྲུབ་ངས། །རྒྱུད་བཞི་བསྒྲུབ་ལ་བར་ཆད་མི་འབྱུང་ཕྱིར། །རྩ་བའི་བླ་མས་བཀའ་བསྐོ་འདི་བཞིན་གནང་། །སྣང་ཞིང་སྲིད་པའི་གདུག་རྩུབཅན་རྣམས་གསོན།།

བླ་མ་དང་དཀོན་མཆོག་གསུམ་གསུམ་གྱི་བདེན་པ་དང་། ཤཱཀྱའི་དགེ་སློང་ངག་གི་དབང་པོའི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ཡིས། འཇིག་རྟེན་ན་མི་བསྲུན་པའི་དྲེགས་པ་ཅན། ལྷ་སྲིན་སྡེ་བརྒྱད་རྣམས་ལ་གཏམ་དུ་བྱ་བ། རིག་བྱེད་ཀྱི་གནས་ལས་གསོ་བ་རིག་པའི་གནས་ལ་སྦྱངས་པའི་ཡོན་ཏན་ཕུལ་དུ་བྱུང་བ་ཅན། དེ་བ་སུ་མི་འདིས་ལྷག་པའི་བསམ་པ་རྣམ་པར་དག་པས་དགེ་བའི་ལས་ཇི་སྙེད་ཅིག་བསྒྲུབ་པ་ལ་དཀར་པོའི་ཕྱོགས་ཀྱིས་འཕྲིན་ལས་ཀྱི་འཇུག་པ་བདེ་བླག་ཏུ་སྒྲུབས། ནག་པོའི་ཕྱོགས་ཀྱིས་བར་དུ་གཅོད་པའི་གདུག་པའི་བསམ་པ་རབ་ཏུ་ཞི་བར་གྱིས་ལ། རྣམ་དཀར་གྱི་བགྱི་བ་མཐར་ཕྱིན་དུ་ཆུགས། གལ་ལ་བསྒོ་བའི་ངག་གི་ཁུར་ཆེན་པོ་ཕྲག་པར་མི་འཛིན་ན། གསང་སྔགས་རིགས་སྔགས་དྲག་པོའི་སྟོབས་ཀྱིས་སྒོ་གསུམ་ཐལ་བར་འགྱུར་ཏེ་གཞན་དུ་མིན་ནོ། །ཞེས་བདེན་པའི་གཏམ་དུ་སྨྲས་པ་དགེ་ལེགས་སུ་གྱུར་ཅིག

ཅེས་པ་པཎྜི་ཏ་དེའི་ཐུགས་རྗེ་ཡིས། །བར་ཆད་ཉེར་འཚེའི་དྲི་མས་མ་གོས་པར། །མྱུར་བ་ཉིད་དུ་གེགས་མེད་འགྲུབ་པར་གྱུར། །ཡང་གཅིག་ཁོ་བོས་ཕྱིན་པའི་ལོ་རྒྱུས་བཤད། །ཉེར་དྲུག་སྟེང་དུ་རོང་ཡུལ་ཕྱོགས་ལ་བསྡད། །རྡོ་ཡུལ་སྨན་རྣམས་འཁྲུལ་མེད་གཏན་ལ་ཕབ། །ཉེར་དགུའི་དུས་སུ་བལ་པོའི་ཡུལ་ལ་ཕྱིན། །འདོལ་ཁའི་སྨན་རྣམས་འཁྲུལ་མེད་ངོ་སྤྲོད་བྱས། །ཞེ་བཞིའི་དུས་སུ་མོན་ཡུལ་སྡིང་ལ་ཕྱིན། །ལྷོ་ཕྱོགས་སྨན་རྣམས་ཕལ་ཆེར་གཏན་ལ་ཕབ། །ལོ་ཙཱ་བསྒྱུར་བཅུག་དེ་འདྲ་ཁོ་བོས་བགྱིས། །ད་ལྟ་ལྷོ་རྒྱུད་སྨན་མོད་དེ་ལྟར་རོ། །པདྨ་འབྱུང་གནས་ཞབས་བཅགས་བསྒྲུབ་མཛད་པའི། །ཞབས་རྗེས་ཕྱག་རྗེས་དབུ་ཞྭ་ལ་སོགས་པའི། །རྗེས་ཡོད་ཅིག་གི་ཞིག་གསོས་ལེགས་པར་བྱས། །ཚེས་བཅུ་ཆག་མེད་ཨྱོན་པདྨའི་སྐུ། །ཞལ་རས་རྡུལ་མི་གཞེས་པ་ཞིག་ཀྱང་བཞེངས། །བྲག་སྐམ་མེ་ལོང་ལྟ་བུའི་ངོས་ཉིད་ནས། །མི་བརྒྱ་སོས་པའི་ཆུ་ཡང་དེ་དུས་བྱོན། །རང་ལ་བློ་སྐལ་སློབ་མ་དད་ལྡན་ལ། །གང་ཤེས་སྦ་སྲི་མེད་པར་མཆོད་འབུལ་བྱས། །འགྲོ་དོན་དཔག་མེད་གྲུབ་པའི་སྨོན་ལམ་བཏབ། །མདའ་རྡོ་གྲི་མདུང་རྭ་མཆེ་ལ་སོགས་པའི། །རྨ་བྱུང་བདུན་བརྒྱ་ལྷག་ཙམ་ཁོ་བོས་གསོས། །གཞན་གྱི་འཆི་བར་ཐག་བཅད་སུམ་བརྒྱ་གསོས། །གཅོང་ཆེན་སྡེ་བཞིས་ཟིན་པ་ཁྲི་ཚོ་ལྷག །དེ་རྣམས་ནད་ལས་ཐར་བ་བདག་གིས་བཅོས། །དབུས་གཙང་བལ་པོ་གཉལ་ལོར་བྱར་གསུམ་དང་། །ཡར་འབྲོག་ལྷོ་བྲག་མཚོ་སྣ་ཤ་འུག་དང་། །དྭགས་པོ་མོན་ཡུལ་སོགས་སུ་ནད་པ་ལ། །སྨན་གྱིས་འབྲེལ་བ་གྲངས་དང་རྩིས་ལས་འདས། །སྲོག་གཅོད་ནད་དགུས་ཐེབས་དང་ཐིམ་རིམས་ཤར། །ཅིས་ཀྱང་འཆི་བདག་ཁ་རུ་ཚུད་པ་ལ། །ཞག་གྲངས་ཉི་ཚོད་གསལ་པོར་ཁ་དམར་གདགས། །དམ་རྫས་ཁྱད་ཅན་མང་པོས་ཡར་འདྲེན་བྱས། །ཕྱི་མ་མཐོ་རིས་ཐར་བ་ཐོབ་པ་ཡི། །ངེས་འབྱུང་སྒོ་ནས་སྨོན་ལམ་དཔག་མེད་བཏབ། །ལར་ན་ཟབ་གསལ་ཟུང་འཇུག་མ་གོ་ན། །ཚེ་འདི་སྟོང་ལོག་བྱས་དང་ཁྱད་པར་ཅི། །སེམས་ཉིད་ཅིག་པོ་གཞི་རྩ་མ་ཆོད་ན། །ཉོན་མོངས་ནད་ཀྱི་ལོ་འདབ་ག་ལ་སྐམ། །སློབ་དཔོན་མཁས་པའི་ཞབས་ལ་མ་གཏུག་ན། །དཔེ་འཁྱར་ཕྲ་མོས་ནད་པ་ག་ལ་གསོས། །རང་རྒྱུད་དབེན་པའི་གནས་སུ་མ་བཏུལ་ན། །ཚོགས་གསེབ་སེར་གཟུགས་ངན་སོང་ལྟུང་བའི་རྒྱུ། །རྒྱུད་ཀྱི་དགོངས་པ་ཉམས་མྱོང་མ་ཁྲོལ་ན། །སྨན་རྐྱལ་ཐོགས་པ་ཕལ་ཆེར་བཤན་པ་ཡིན། །གནས་ལྔ་དག་གིས་རང་རྒྱུད་མ་ཁེངས་ན། །འཆད་རྩོད་རྩོམ་གསུམ་ལག་རྡུམ་བྲག་འཛེག་འདྲ། །ཡང་དག་དགོངས་དོན་མ་ལུས་དབྱེར་མེད་ལ། །ཆོས་ལ་ཕྱོགས་རིས་བྱི་བ་ཁྲུ་ནང་བཞིན། །ཅིར་ཡང་ད་ལམ་བཙན་ས་མ་ཟིན་ན། །འཁོར་བའི་འདམ་ལས་ཐར་དུས་ཨེ་འདུག་གཟིགས། །ད་ནི་ཁོ་བོའི་གང་བྱུང་དགེ་ལ་སྦྱར། །ཚེ་འདི་བློས་བཏང་ཕྱི་མ་དོན་དུ་གཉེར། །གར་སོང་ཆ་མེད་དབེན་པའི་རི་ཁྲོད་འགྲིམས། །མེ་ཏོག་འཇམ་དབྱངས་བསྟན་འཛིན་གྲགས་པས་ཐོར། །རབ་ཏུ་གནས་དུས་ཡ་མཚན་རྟགས་འགའ་བྱུང་། །ཆོས་རྗེ་ལོ་ཙཱ་ཚེ་དབང་དཔལ་འབྱོར་དང་། །རྡོ་རྗེ་དར་རྒྱས་ཚེ་བརྟན་བསམ་འགྲུབ་དང་། །ཝ་ལུའི་ཆོས་རྒྱལ་རྣམས་ཀྱི་པར་ཤིང་རེ། །བྱོ་བོ་མགོན་པོ་དཔལ་འབྱོར་ཕྱེད་ཕྱེད་དོ། །ཨ་ནེ་ཡེ་ཤེས་དཔལ་མོས་པར་ཤིང་གཅིག །ངག་དབང་རྡོ་རྗེ་བཀྲ་ཤིས་རྩ་རི་དང་། །འཛོམ་པ་དཔལ་བོ་རྣམས་ཀྱིས་པར་ཤིང་གཉིས། །ཨ་འོ་གཡུལ་རྒྱལ་བསྟན་འཛིན་པར་ཤིང་རེ། །ཡི་གེ་བ་དང་རྐོ་བྱེད་སྔར་ཁོར་ནས། །སླེ་མའི་བསམ་འགྲུབ་མངའ་རིགས་ལུང་བ་ནས། །རིག་བྱེད་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་དང་། །བསམ་འགྲུབ་སོས་རྒྱལ་རྩ་རི་བསམ་འགྲུབ་དང་། །དོན་གྲུབ་བཀྲ་ཤིས་རྣམས་ཀྱི་ལེགས་པར་བརྐོས། །གསོ་རིག་རྒྱུད་ཀྱི་པར་ཆེན་བཞི་པོ་འདི། །འཛམ་གླིང་བྱང་ཕྱོགས་ལོ་རོའི་ཡུལ་དབུས་ཀྱི། །དབྱང་ཅན་བཞད་པའི་བསྟི་གནས་དམ་པ་ནི། །སྦྱོ་ར་ཐུབ་བསྟན་ཆོས་འཁོར་འདི་རུ་བསྒྲུབས། །འབོགས་ཀྱི་དབོན་ཚང་བརྒྱུད་པ་ལས་སྐྱེས་པའི། །ཚེ་དབང་བསམ་འགྲུབ་གཞན་ཕན་ནོར་བུ་འམ། །གཞན་ཕན་ཟླ་བ་ཞེས་པ་མིང་གི་གྲངས། །ལྕགས་ཕོ་འབྲུག་དག་ལ་དབུ་བཙུག་ལྕགས་མོ་སྦྲུལ་ལོ། །ངལ་བ་མ་ཆེས་གཙང་འབྲས་གྲུབ་པར་གྱུར། །ལོ་ངོ་ཞེ་བཞི་ཡན་གྱི་སྒྲུབ་ཚུལ་ལོ། །འདི་ལྟར་བསྒྲུབས་པའི་དགེ་བ་བསམ་ཡས་ཀྱིས། །ནམ་མཁའི་མཐས་གཏུགས་ཆོས་འདིས་ཁྱབ་པ་དང་། །ཁམས་གསུམ་སེམས་ཅན་གཅིག་ཀྱང་མ་ལུས་པར། །རྫོགས་བྱང་མ་ཐོབ་བར་དུ་རྒྱུད་ཆེན་འདིས། །སེམས་ཅན་ཀུན་གྱི་འགྲོ་དོན་བྱེད་པ་དང། །འདི་ཡི་དགེ་བའི་མཐུ་དང་ནུས་པ་ཡིས། །འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །ཆར་ཆུ་དུས་འབེབས་ལོ་ཆུ་རྟག་ལེགས་ཤིང་། །མི་ནད་ཕྱུགས་ནད་མིང་ཡང་མི་གྲགས་ཤིང་། །འཐབ་རྩོད་དུས་མིན་འཁྲུག་སོགས་ཞི་བ་དང།  །ཚེ་ནོར་ཆོས་ལུགས་འདོད་དགེ་འབྱུང་བར་ཤོག །ཁྱད་པར་ས་སྤྱོད་ཆབ་སྲིད་བསྟན་པ་དང་། །སྐུ་ཚེ་རི་དབང་ལྟར་བརྟན་གདུང་བརྒྱུད་ནི། །ཆུ་བོའི་རྒྱུན་བཞིན་རྒྱུན་ཆད་མེད་པར་ཤོག །འདི་ལ་འབྲེལ་བ་སྣ་རེ་ཐོགས་པ་ཡིས། །སེམས་ཅན་ཀུན་ཀྱང་སྒོ་གསུམ་སྒྲིབ་དག་ནས། །ཕྱི་མ་དལ་འབྱོར་དོན་ལྡན་རྙེད་པར་ཤོག །འབོགས་ཀྱི་བན་ཆུང་ཚེ་དབང་བསམ་འགྲུབ་ང་། །མི་ཚེ་སྟོང་བའི་ངང་ལ་མི་གཏོང་བར། །གང་གི་རྩ་བའི་བླ་མས་རྗེས་བཟུང་ནས། །ལོ་བརྒྱའི་བར་དུ་ཚེ་སྲོག་བརྟན་པ་དང་། །དབེན་པའི་གནས་བསྟེན་ཆོས་ཉིད་བདེན་མཐོང་ཤོག །རང་དོན་ཆོས་སྐུ་འགྱུར་མེད་ཐོབ་ནས་ཀྱང་། །ཡང་སྤྲུལ་མང་པོས་འགྲོ་བ་འདྲེན་པར་ཤོག །ཆོས་འཁོར་འདི་ཡང་བསྐལ་བ་མ་སྟོང་བར། །ཞབས་བརྟན་དར་ཞིང་རྒྱས་པའི་རྒྱུར་འགྱུར་ཤོག །པར་ཆེན་འདི་ལ་གནོད་འཚེ་བསམ་སྦྱོར་རྣམས། །ཞང་བློན་ཆེན་པོས་སྙིང་ཁྲག་བྷན་དྷར་གསོལ། །འདི་ལ་ཞབས་ཏོག་སུས་བྱས་མཐུན་རྐྱེན་སྒྲུབ། །ཕྱག་འཚལ་མཆོད་འབུལ་སྐོར་བ་སུས་བྱས་རྣམས། །མ་རིག་འཁྲུལ་བའི་ནད་དང་བྲལ་གྱུར་ནས། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །

ཡང་གཅིག་བྱིན་རློབས་འཇམ་དབྱངས་བསྟན་འཛིན་གྲགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ་ཡི་ཚོགས། །བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་རྣམས། །ཡིད་ལ་གང་བསམ་འབད་མེད་འགྲུབ་གྱུར་ཅིག །ཆོས་སྦྱིན་འདི་སྟེང་དམར་དངོས་འདི་སོང་བཤད། །དབོན་ཡིག་ནས་བཟུང་རབ་སྟོན་མ་ཚར་བར། །ས་བོན་ནས་ཙམ་ནས་ཁལ་སྟོང་ཕྲག་ནི། །གཉིས་དང་བཞི་བརྒྱ་ལྷག་ཙམ་ས་ལ་ནི། །གསེར་དང་ནས་སྲན་ཞོ་ནི་བཞི་བཅུ་ལྷག །མར་ཚིལ་གསེར་ཞོ་ཉི་ཤུ་ལྷག་ཙམ་དང་། །ཚ་ལ་ཞོ་དྲུག་མར་ནག་ཞོ་དགུ་དང་། །ཇ་ལ་གསེར་ཞོ་བཅུ་བཞི་ལྷག་ཙམ་དང་། །སྟོད་ཇ་ཞོ་བཞི་རྒྱ་བོད་ཧོར་གསུམ་གྱིས། །ལྷ་ནི་ཆེ་ཆུང་དགུ་དང་མོན་གོས་དང་། །གན་དར་མཚོན་རྩི་འདི་དང་གོས་ཆེན་སོགས། །ཁ་ནི་ཉིས་བརྒྱ་ལྷག་ཙམ་དཀར་ཡོལ་ནི། །ཉི་ཤུ་རྩ་དྲུག་རྟ་གཡུ་ལྕགས་རས་གཅོད། །རྡོ་ཕུབ་ནབ་གྲི་ནམ་ཐང་ཕོ་གོས་དང་། །ཉ་ཁེབས་ལྕགས་ཁྲ་དོང་པ་རྒྱ་བཟན་དང་། །ཛ་ཏི་སྲེ་འུ་སྤེན་ཐོག་འབའ་དཀར་དང་། །ཁ་ཏི་བྱུས་ཁྲ་བ་དང་ཞྭ་མོ་དང་། །གཏེར་མ་ལྕམ་རྩ་སྣམ་བུ་ཐེར་མ་དང་། །རྟ་སྒ་བྱུ་རུ་ཇ་ཁྲ་མན་ཙེ་སོགས། །དངོས་ཁལ་སྟོང་ལ་ར་ཅན་ལྷག་ཙམ་སོང་། །སྦྱར་བའི་སྦྱིན་ལ་གཙོད་ཁལ་ཉི་ཤུ་དྲུག །འཁྲུང་ཤིང་ཞོ་དྲུག་ཇ་མར་ཞོ་བདུན་ལྷག །ཞིབ་པར་སྨོས་ན་ཡི་གེར་མི་ལང་མོད། །དེའདྲ་གསོལ་དོ་གསོ་རིག་དོན་གཉེར་རྣམས། །འདིར་སྨྲས་པ། ཐོག་མའི་དགྲ་བོ་སེམས་ཉིད་མ་ཐུལ་ན། །ཞེ་སྡང་དགྲ་བོས་ཚ་དམྱལ་གནས་སུ་གཏོང་། །བཀའ་དང་མདོ་རྒྱུད་དགོངས་དོན་མ་ལོན་ན། །འོལ་ཚོད་བླུན་སྒོམ་དུས་འགྲོ་མིན་པ་གང་། །རྒྱུ་དངོས་གང་ཡོད་དགེ་རྩར་མ་སྦྱར་ན། །སེར་སྣའི་སྒྲོག་བཅིངས་ཡི་དྭགས་མིན་པ་ཅི། །མཚན་ལྡན་ཕྱག་རྒྱ་ཐ་མལ་དབང་ཤོར་ན། །གྲང་དམྱལ་གནས་མིན་འགྲོ་ས་མ་མཆིས་སོ། །གསུམ་ལྡན་བླ་མས་གང་གསུངས་མ་སྒྲུབ་ན། །འདི་ཕྱིའི་འདུན་མ་དོར་དང་ཁྱད་པར་གང་། །བྱམས་དང་སྙིང་རྗེས་རང་རྒྱུད་མ་ཁེངས་ན། །བྱས་པ་དོན་མེད་ཨེ་ཡིན་མནོ་བསམ་ཐོངས། །དེ་ན་དུག་གསུམ་ཕ་མཐར་རྒྱང་བསྲིང་ནས། །ཐམས་ཅད་དཀར་པོའི་ཆོས་ལ་སོ་ནམ་མཛོད། །ད་ནི་འདི་དང་དགེ་བ་གཞན་རྣམས་དང་། །ཐམས་ཅད་དབྱེར་མེད་གཅིག་ཏུ་བསྡོམས་གྱུར་ནས། །དྲིན་ཅན་ཕ་མས་གཙོ་བྱས་ནམ་མཁའ་ཡི། །མཐའ་གཏུགས་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །འབོགས་ཀྱི་བན་ཆུང་ཚེ་དབང་བསམ་འགྲུབ་ང་། །ཚེ་སྲོག་ཉི་ཟླ་ལྟ་བུར་བརྟན་བྱས་ནས། །གདུལ་བྱ་གླིང་བཞིའི་དཔལ་དུ་ཤར་བ་ཤོག །གདོད་མའི་ཀ་དག་ཕྱག་ཆེན་རྟོགས་བྱས་ནས། །སེམས་ཅན་མ་ལུས་རྫོགས་བྱང་མ་ཐོབ་བར། སྐྱོ་ངལ་མེད་པར་འགྲོ་དོན་བྱེད་པར་ཤོག །སྙན་ངག་ཚིག་གིས་སྒྲིབ་པར་གྱུར་བྱས་ན། །མཁས་མིན་བླུན་པོས་གོ་བར་ག་ལ་འགྱུར། །འདིས་ཀྱང་ (མཚམས་འདི་ནས་མ་ཡོག་ལ་ཤོག་ངོས་གཅིག་ཙམ་མ་ཚང་བས་འགོད་མ་ཐུབ།)

 

སྡེ་དགེ་རྒྱུད་བཞི།

རྩ་རྒྱུད་དང་། བཤད་རྒྱུད་དང་། མན་ངག་རྒྱུད་པར་བྱང་།

དེ་གསུམ་ལ་པར་བྱང་མི་སྣང་།

ཕྱི་མ་རྒྱུད་པར་བྱང་།

སྭ་སྟི་པྲ་ཛཱ་བྷྱཿ སྲིད་པའི་རྒྱུ་འབྲས་དུཿཁ་དྲུངས་འབྱིན་པའི། །ཟླ་མེད་ཐུགས་རྗེ་ཆེན་པོའི་རང་གཟུགས་གང་། །བཻཌཱུརྱ་སྣང་ཞིང་དུ་རྣམ་རོལ་བའི། །སྨན་པའི་རྒྱལ་པོས་འགྲོ་འདི་དགེ་ལེགས་མཛོད། །དེ་ལ་འདིར་ཤེས་བྱ་རིག་པའི་གནས་ལྔའི་ནང་ཚན་ལས་གཞན་རྗེས་སུ་འཛིན་པ་ལ་ཕྱིའི་རིག་གནས་ཀྱི་གཙོ་བོར་གྱུར་པ་གསོ་བ་རིག་པ་འདི་ལ་འཕགས་བོད་རྒྱ་ནག་ལ་སོགས་པའི་ཡུལ་དུ་དྲང་སྲོང་དང་པཎྜི་ཏ་ལ་སོགས་པས་བརྩམས་པའི་བསྟན་བཅོས་མང་དུ་བྱུང་བ་ལས། རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ཁྱད་པར་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད། ཆོས་རྗེ་རང་བྱུང་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། སྟག་ཚད་ལོ་ཙཱ་བ་ཤེས་རབ་རིན་ཆེན། དུས་ཕྱིས་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས། གཡུ་ཐོག་པ་ཉིད་ཀྱིས། ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང་། སོ་མ་རཱ་ཛ་སོགས་རྒྱ་ནས་བསྒྱུར་བའི་གཞུང་དང་། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་བའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང་། འགའ་ཞིག་གིས། བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས། རྗེས་སུ་གནང་བའི་བཀའ་དངོས་སུ་བཞེད་པ་དང་། འགའ་ཞིག་གིས། བཀའ་དངོས་ཡིན་ཀྱང་། སྔོན་སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ་སོགས་སྣ་ཚོགས་ཡོད་པ་དོན་ལ་ཇི་ལྟར་ཡང་། སྙིགས་མའི་དུས་ཀྱི་མི་བཟད་པའི་ཟུག་རྔུ་དྲག་པོ་དུས་མིན་དུ་རྣམ་པར་ལྡང་བའི་གཉེན་པོར་གྱུར་པས། སྐྱེ་དགུའི་ལུས་སེམས་ལ་ཕན་བདེའི་བཅུད་ལེན་སྟེར་བར་བྱེད་པའི་ཚིག་དོན་གྱི་ཆ་ཆེས་ཕུན་སུམ་ཚོགས་པར། མཁས་པ་རྣམས་བཞེད་པ་མཐུན་པ་ལྟར། གངས་ཅན་གྱི་ལྗོངས་འདིར་གསོ་བ་རིག་པའི་ཁུར་འཛིན་ཐམས་ཅད་ཀྱིས་བསྟེན་བྱ་གཅིག་པུར་གྱུར་པ་ཡིན་མོད། འོན་ཀྱང་བར་སྐབས་དུས་དབང་གིས་སྨན་པ་རྣམས་ཁོ་ནར་མ་ཟད། རིག་གནས་གང་ལའང་ཚུལ་བཞིན་སློབ་པ་མི་འབྱུང་ཞིང་། བསླབ་ཀྱང་ཤེས་པ་ཉུང་བས། གཞུང་འདིའང་འཆད་ཉན་གྱི་སྲོལ་ཇི་ལྟ་བ་ནུབ་པ་ལ་ཕྱོགས་པའི་ཚེ། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་མཁས་དབང་བློ་གྲོས་རྒྱལ་པོས་འགྲེལ་བཤས་དང་། ཞུ་ཆེན་གྱིས་གཏན་ལ་ཕབ་པ་བཞིན། ནང་སོ་ཡར་རྒྱབ་པས་པར་དུ་བརྐོས་པ་དང་། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས། མི་དབང་སངས་རྒྱས་རྒྱ་མཚོའི་རྣམ་དཔྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི། ལྷ་ལྡན་པོ་ཏ་ལའི་པར་མ་འདི་ཉིད་ཀུན་གྱིས་ཡིད་རྟོན་པའི་གནས་སུ་རུང་བར་འདུག་པ་ལྟར། དེ་ཉིད་ལས་འབྲུ་ལེན་གྱི་ཕྱི་མོ་ཞུས་ཏེ། སྡེ་དགེ་བསྟན་པ་ཚེ་རིང་གི་ལྷག་བསམ་རྣམ་པར་དཀར་བས་སྐྱེ་དགུ་རྣམས་ཀྱི་ཕན་བདེ་དང་། གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་རྒྱ་ཆེར་སྤེལ་བའི་སླད་དུ། རབ་ཉི་ཆུ་གླང་ལོར་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་པར་དུ་བསྒྲུབས་པ་འདིའི་དགེ་བས། ལུས་ཅན་ཀུན་གྱི་འཁོར་བའི་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་མི་དགེ་བ་དང་། འབྲས་བུ་ཚོར་བ་སྡུག་བསྔལ་སྐྱེད་པའི་རྣམ་གྱུར་འཕེལ་ཟད་འཁྲུགས་པའི་རང་བཞིན་གྱི་གདུང་བ་མཐའ་དག་མྱུར་དུ་ཞི་ནས། སྨན་པའི་རྒྱལ་པོའི་གོ་འཕང་ལ་གནས་པར་གྱུར་ཅིག །མངྒ་ལཾ། །

 

མཐའ་མའི་འདོན་ཐེངས་།: 06.05.2019 ཉིན། 12:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།