སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་དང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

སྨན་རྩིས་གཉིས་ཟླ་སྒྲིལ་བཏང་བའི་འགན་འཛིན་སྐབས་དང་པོའི་སྐབས།

(1967-1972)


ཀ༽འགན་འཛིན་ངོ་སྤྲོད། 

རྩེ་དྲུང་ངག་དབང་རྣམ་རྒྱལ་ལགས་ཀྱི་སྐྱེས་ལོ་སྐྱེས་ཚེས་དང་འཁྲུངས་ཡུལ་དེ་བཞིན་རྒྱ་གར་དུ་ནམ་ཕེབས་ཀྱི་ལོ་རྒྱུས་རྙེད་སོན་མ་བྱུང་།  རྩེ་དྲུང་ཞེས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁོར་སེར་མོ་བའི་སྤྱི་མིང་ཡིན་པས་ཁོང་ཡང་བོད་དུ་བཞུགས་རིང་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཞིག་ཡིན་ཚོད་འདུག

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཟླ་སྒྲིལ་བཏང་བ་དང་མཉམ་དུ་རྩེ་དྲུང་ངག་དབང་རྣམ་རྒྱལ་ལགས་ནས་སྨན་རྩིས་འགྲོ་ཕན་གླིང་གི་ལས་འགན་རྩིས་བཞེས་གནང་།  འགན་འཛིན་འདིའི་ལས་ཡུན་རིང་སྨན་རྩིས་ཁང་གི་དྲུང་ཆེ་ནི་ཁྲོ་ཞབས་ཕུན་ཚོགས་ནོར་བུ་ཡིན་ཞིང་། དེ་དུས་དྲུང་ཆེ་ཞེས་མི་འབོད་པར་རྩིས་དྲུང་ཞེས་འབོད་ཀྱིན་ཡོད།  སྨན་རྩིས་གཉིས་ཟླ་བསྒྲིལ་བཏང་བའི་དུས་དེ་ནས་བཟུང་འགྲོ་ཕན་སྨན་རྩིས་ཁང་འདིའི་གཞི་རྐང་བརྟན་པོ་ཚུགས་ཤིང༌།  ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨན་གཙང་སྦྱོར་རྡུང་སྒྲིལ་གྱིས་འབུལ་ལམ་ཞུ་རྒྱུའི་ལས་དོན་གཙིགས་འཛིན་བྱ་རྒྱུ་རྩ་གནད་དུ་བཟུང་སྟེ་སྐྱེ་འགྲོ་ཀུན་གྱི་འཕྲོད་བསྟེན་བདེ་ཐང་གི་ཞབས་འདེགས་ཞུ་སའི་བསྟི་གནས་ཤིག་གི་ངོ་བོའི་སྟེང་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་འོག་ཏུ་སྨན་རྩིས་སློབ་ཁང་དང་སྨན་སྦྱོར་ཁང་།  རྩིས་ཁང་། བརྟག་དཔྱད་སྨན་ཁང་དང་ནད་གསོ་ཁང་བཅས་ཚན་པ་ལྔ་ཙམ་ཡོད།

 

དེ་སྔོན་ལོ་ལྟར་འཆར་ཅན་ཆོས་དོན་ལྷན་ཁང་ནས་འགྲོ་གྲོན་ཞུ་བཞིན་པ་དེ་ཡང་ཞུ་མ་དགོས་པར་རང་ཁ་རང་གསོ་ཐུབ་ཐབས་ཀྱི་ཕུགས་རེ་བཟུང་སྟེ་རང་ཁོངས་ནས་འགྲོ་གྲོན་ནར་གཏོང་ཐུབ་པའི་གྲ་སྒྲིག་བྱས་པ་མ་ཟད། ནང་ཁུལ་སྡེ་ཚན་ཆ་བགོས་ཀྱིས་འཛིན་སྐྱོང་ཡིག་ཚང་དང༌།  སྨན་སྦྱོར་ཁང༌། རྩིས་ཁང༌། སློབ་གྲྭ། བརྟག་དཔྱད་ཁང༌། ནད་གསོ་ཁང་བཅས་ཁུངས་སོ་སོར་འོས་བབ་ཀྱི་མི་སྣ་བསྐོ་བཞག་དང༌། འགན་དཀྲིས་གནང་རྗེས་སྨན་རྩིས་པ་དང་ལས་བྱེད་ཚང་མས་རང་འཁྲིའི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་ནུས་ཤུགས་མི་དམན་པ་འདོན་སྤེལ་བྱུང་བར་བརྟེན། དུས་ཡུན་ཐུང་ངུའི་ནང་སྔར་ལས་ལྷག་པའི་ཚགས་ཚུད་དང་འཕེལ་རྒྱས་གང་ལེགས་བྱུང༌། ༼འོན་ཀྱང་འགན་འཛིན་འདིའི་སྐབས་བསྟེན་གཏུག་བྱེད་མཁན་གྱི་ནད་པའི་ཁ་གྲངས་སོགས་གསལ་པའི་ཡིག་ཆ་ལག་སོན་མ་བྱུང་།༽

 

གཞན་ཡང་རྩིས་རིག་སྡེ་ཚན་ཁོངས་ནས་ཕྱི་ལོ་ ༡༩༦༩ ལོར་ཡེ་ཤེས་སྦྱིན་པ་དང༌། ཕྱི་ལོ་ ༡༩༧༠ ལོར་བྲག་མཐོན་བྱམས་པ་རྒྱལ་མཚན། ཕྱི་ལོ་ ༡༩༧༡ ལོར་བསྟན་འཛིན་འཕྲིན་ལས་བཅས་ཁོང་གི་དགེ་ཕྲུག་སོ་སོ་ནས་རང་རང་རྒྱུགས་འབུལ་དུ་ལོ་རེའི་ལོ་ཐོ་འདོན་སྤེལ་ཞུས་པ་མ་ཟད། ཚེ་རབས་ལས་རྩིས་དང༌། ནད་རྩིས།  བག་རྩིས།  གཤིན་རྩིས་སོགས་དང༌།  དགོན་སྡེ་ཁག་གི་ཟོར་འཕེན་ཚེས་ཆ་བཅས་རྣམ་ཀུན་རྒྱུན་ལྡན་གྱི་ཞུ་སྒོ་མཐའ་དག་འཐུས་ཚང་འགན་ལེན་ཞུས་ཐུབ་པ་བྱུང་ཞིང་།  དེ་ཡང་ཤིང་ཁང་གསར་པ་ཐོག་བརྩེགས་གསུམ་ཅན་དེའི་སྟེང་ཐོག་ཏུ་འཛིན་སྐྱོང་ཡིག་ཚང་དང༌། རྩིས་རིག་ཡིག་ཚང༌། བརྟག་དཔྱད་ཁང༌། སྨན་སྤྲོད་ཁང༌། ལས་ཤག  འཛིན་གྲྭ་ཚུགས་ས་བཅས་བཟོས་པ་དང༌། བར་ཐོག་ནང་སྨན་སྦྱོར་ཁང་བཟོས་ཏེ་སྨན་རྡུང་རྒྱུ་དང༌། རིལ་བུ་སྒྲིལ་རྒྱུའི་མཚོན་སྨན་སྦྱོར་གྱི་ཆོ་ག་ཕྱག་ལེན་ཡོངས་རྫོགས་དེ་གར་གནང་ཐུབ་པ་བྱུང༌། ཤིང་ཁང་ཐོག་རྩེགས་ཅན་དེའི་འོག་རིམ་དང་པོའི་ནང་སློབ་ཕྲུག་རྣམས་ཀྱི་སྡོད་ཤག་བཅས་ཡོད། ཕྱི་ལོ་ ༡༩༦༧ ཟླ་ ༨ ཚེས་ ༧ ཉིན་སྨན་རྩིས་གཉིས་ཟླ་བསྒྲིལ་བཏང་རྗེས་སྨན་རྩིས་ལས་བྱེད་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་བབས་ལྟར་ཟླ་རེའི་ཕོགས་ཐོབ་རྩ་འཛིན་ཁྲིམས་ཡིག་བཅས་གཏན་འབེབས་གནང་བ་འདི་ལྟར།

 

སྐབས་དེར་སྨན་དགེ་རེ་ལ་ཕོགས་དོད་སྒོར་ ༢༠༠།༠༠ སྨན་སྦྱོར་བ་ལ་ཟླ་རེར་སྒོར་ ༡༧༥།༠༠ སྨན་པ་བཞི་ལ་སྒོར་ ༡༠༠།༠༠ རེ། སྨན་ཁང་བལྟ་རྟོགས་པ་ལ་སྒོར་ ༡༠༠།༠༠ སྨན་སློབ་རེ་ལ་སྒོར ༥༠།༠༠ རེ། འཛིན་སྐྱོང་འགན་འཛིན་ལ་སྒོར་ ༡༥༠།༠༠ དྲུང་ཡིག་ལ་སྒོར་ ༡༠༠།༠༠ གཉེར་པ་ལ་སྒོར་ ༡༠༠།༠༠ མ་བྱན་ལ་ཕོགས་སྣོན་སྒོར་ ༤༠།༠༠ བཅས་ཡིན།

 

 ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ་ཐོག་མ།

ཕྱི་ལོ ༡༩༦༩ ལོར་དབུས་སྨན་རྩིས་ཁང་ནས་ཇི་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་གཞུང་སྨན་རྩིས་སློབ་གཉེར་ཁང་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཤིང་། ཆིབས་བསྒྱུར་དེ་ནི་སྨན་རྩིས་ཟླ་བསྒྲིལ་བཏང་བའི་རྗེས་ཀྱི་ཐོག་མ་ཡིན་པ་མ་ཟད་གསུང་བཤད་བཀའ་དྲིན་སྩལ་བ་ཡང་ཐོག་མ་ཡིན། དེ་ཡང་སྐབས་དེར་བཀའ་སློབ་བཀའ་དྲིན་བསྩལ་དོན། ༼ཐོག་མར་ད་ཕན་སློབ་གཉེར་ཇི་བྱས། དཔེ་ཁྲིད་ཇི་སོང་། དཔེ་ཆ་བློ་འཛིན་བྱ་རྒྱུར་དཀའ་ངལ་ཡོད་མེད་སོགས་བཀའ་འདྲི་གནང་།༽ང་རང་ཚོའི་བོད་ཡུལ་དུ་དཔེ་ཆ་བློ་འཛིན་བྱ་རྒྱུའི་གོམས་སྲོལ་དར་པོ་ཡོད། ལྷག་པར་མཚན་ཉིད་ལྟ་མཁན་ཚོ་ནི་དཔེ་ཆ་ཤིན་ཏུ་འབོར་ཆེན་བློ་འཛིན་བྱེད་དགོས། ཡང་འདོན་ཆོག་འགའ་ཞིག་བློ་འཛིན་བྱས་པའི་ཚིག་དོན་མ་ཤེས་ན་དགོས་པ་དེ་ཙམ་མེད་ཀྱང་དོན་དག་རྣམས་ལེགས་པོ་ཤེས་ན་ཡུན་རིང་པོའི་ཆ་ནས་ཕན་ཐོགས་ཡོད་པ་ཞིག་རེད། གཞུང་ཚིག་རྣམས་རང་གི་ཡིད་ཐོག་ཏུ་ཡོད་ན་དེའི་དོན་མི་བརྗེད་པ་དང་། ཚིག་གནད་ཕྲ་མོའི་སྤུ་རུས་འབྱེད་མཚམས་ཀྱི་ཞིབ་ཆ་བྱེད་པར་ཕན་ཁྱད་ཡོང་གི་རེད། ད་ལྟ་འདིར་མཐུན་རྐྱེན་མ་འཛོམས་པ་དང་། འཚོ་བའི་ཐོག་དཀའ་ངལ་ཡོད་ཤག་ཀྱང་དེ་ཚོ་རིམ་པས་སེལ་ཐུབ་ཀྱི་རེད། ཁྱེད་རང་ཚོ་རང་རང་འདོད་མོས་ཀྱིས་བོད་སྨན་སློབ་རྒྱུའི་ཆེད་དུ་འདི་གར་འབྱོར་ནས་སློབ་སྦྱོང་མགོ་འཛུགས་བྱེད་བཞིན་དུ་ཡོད་ཀྱང་། རྩ་བའི་སློབ་ཚན་གསར་པ་ཞིག་ལ་སློབ་སྦྱོང་སྤྲོད་སྟངས་ཀྱང་ད་ཕན་བོད་ནང་གི་ལུགས་སྲོལ་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད་ཤག དེ་གཅིག་བྱས་ན་ཁྱེད་རང་ཚོར་དཀའ་ངལ་དང་། བློ་སྦུག་དོག་སྣང་ཡོང་གི་མེད་དམ་བསམས་བྱུང་། ཁྱེད་རང་ཚོའི་སློབ་ཚན་འདི་ནི་རིག་གནས་ཆེ་བ་ལྔའི་ནང་གསེས་ཀྱི་གསོ་བ་རིག་པ་ཞེས་རང་རེ་བོད་ཀྱི་ཤེས་རིག་གལ་ཆེན་པོ་ཞིག་རེད། འདི་ནི་ཤེས་བྱའི་རྣམ་གྲངས་ཙམ་མ་ཡིན་པར་སེམས་ཅན་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ཅིང་།  བོད་སྨན་འདི་རྒྱ་ཆེ་གཏིང་ཟབ་ཅན་ཞིག་ཡིན་ཚོད་འདུག ནུབ་ཕྱོགས་པའི་སྨན་སྣས་མ་ཕན་པའི་ནད་རྙིང་འགའ་ཤས་བོད་སྨན་གྱིས་ཕན་པའི་ལོ་རྒྱུས་ཡོང་གི་འདུག་པ་དང་། ཕྱི་རྒྱལ་གྱི་སྨན་པ་མང་པོས་ཀྱང་དོ་སྣང་ལག་ལེན་བྱ་འདོད་བྱེད་ཀྱི་འདུག དེང་བོད་སྨན་གྱིས་རང་གཞན་མང་པོར་ཕན་ཐོགས་རྒྱ་ཆེན་ཡོང་ངེས་མ་ཟད། འདི་བརྒྱུད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལའང་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་རེད། ནང་པ་སངས་རྒྱས་པའི་ཆོས་ནས་བཤད་ན་སྨན་སྦྱིན་ནི་གཞན་ཕན་མཆོག་ཏུ་དགེ་བ་ཞིག་ཡིན་ཞིང་། ལྷག་པར་བྱང་ཆུབ་སེམས་དཔའི་བསླབ་བྱའི་ཁོངས་སུ་ཡོང་རྒྱུར་ཁྱེད་རང་ཚོས་བོད་སྨན་གྱི་ཐོག་ནས་རང་གཞན་གྱི་དོན་གཉིས་འགྲུབ་པའི་ཐབས་ཚུལ་ལ་གཞོལ་དགོས། བོད་སྨན་སློབ་སྦྱོང་བྱེད་སྐབས་ད་ཕན་རང་རེའི་གོམས་སྲོལ་ལ་སངས་རྒྱས་ཀྱི་གསུང་ལ་དད་པའི་རྗེས་འབྲངས་དང་ཡིད་ཆེས་ཀྱིས་རང་ངོས་ནས་རྒྱུ་མཚན་བརྟག་ཞིབ་ཞིབ་མོ་མི་བྱེད་པར་མཐོང་བ་བརྒྱུད་པའི་ལག་ལེན་བྱེད་སྲོལ་ཙམ་གྱིས་ཚིམས་ནས་བསྡད་པས་ནམ་ཞིག་རྒྱུ་མཚན་འགྲེལ་བཤད་རྒྱག་དགོས་སྐབས་སངས་རྒྱས་ཀྱི་གསུངས་ཚུལ་ཙམ་དང་། ལྷ་རྗེ་ན་རིམ་གྱི་མཐོང་བརྒྱུད་ཕྱག་བཞེས་རེད་ཟེར་རྒྱུ་ཙམ་མ་གཏོགས་མ་བྱུང་ན་མི་འགྲིག དེས་ན་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་སྐྱེ་ཚུལ་ཡང་རྒྱུ་མཚན་མཐོང་བའི་སྒོ་ནས་ངེས་པ་རྙེད་པའི་ཡིད་ཆེས་དགོས་པ་དང་། མཐོང་བརྒྱུད་ཕྱག་སྲོལ་གྱི་གནད་འགག་རྒྱུ་མཚན་ཤེས་པ་ཞིག་བྱས་ཏེ། དེ་ཡང་དངོས་ཡོད་གནས་ཚུལ་འགྲོ་སྟངས་དེང་དུས་ཚན་རིག་པས་བཤད་པ་རྣམས་དང་སྦྲེལ་ནས་རང་རེའི་སྨན་གཞུང་རབ་འབྱམས་ལ་དཔྱད་པ་དང་། རང་གཞན་གྱི་མཐོང་ཆོས་ཉམས་མྱོང་སོགས་སྒོ་མང་པོ་ནས་དཔྱད་བརྟག་ཞིབ་མོ་བྱེད་དགོས། དེ་འདྲ་བྱུང་ན་རྒྱུ་མཚན་འདི་ལ་དེ་བརྟེན་གྱི་སྒོ་ནས་འགྲེལ་བཤད་མཐའ་མ་དགག་པ་རྒྱག་ཐུབ་རྒྱུར་སངས་རྒྱས་བཅོམ་ལྡན་འདས་ཀུན་མཁྱེན་དུ་ཁས་ལེན་པ་དང་མི་ལེན་པ་སུ་འདྲ་ཞིག་ཡིན་རུང་ཡང་བོད་སྨན་གྱི་ཕན་ནུས་ཁུངས་སྐྱེལ་དག་འབུད་བྱེད་ཐུབ། དེ་མིན་དེང་དུས་ཀྱི་མི་རབས། ཚན་རིག་འཕྲུལ་ཐབས་ཡར་རྒྱས་གོང་མཐོར་སོང་སྟེ་ཟླ་བའི་སྒང་ལ་འགྲོ་བའི་སྐབས་ལ་དབང་རྟུལ་དད་པའི་རྗེས་འབྲང་གི་ཡིད་ཆེས་ཙམ་གྱིས་མི་ཆོག དཔེར་ན་འཛམ་བུ་གླིང་རིལ་བོ་ཡིན་པ་མཐོང་ཆོས་སུ་ཡོད་པར་མཛོད་ཀྱི་བཤད་ཚུལ་ལྟ་བུའི་འཛམ་གླིང་ལེབ་མོ་ཡིན་ལུགས་གཞུང་གསུངས་ཙམ་རྒྱུ་མཚན་དུ་བྱས་ཏེ་གླེན་པ་ཨུ་ཚུགས་བྱས་པས་མི་འགྲིག རིལ་བོ་དང་ལེབ་མོ་ཞེས་པའང་ལྟོས་ས་ལྟོས་འཇོག་གིས་བཞག་པས་ལྟོས་ས་སོ་སོ་ལ་བལྟོས་ཏེ་རིལ་པོ་དང་ལེབ་མོའི་རྣམ་བཞག་འབྱེད་ཐུབ་པ་སོགས་འགྲེལ་བཤད་རྒྱག་དགོས་པ་བཞིན་ཡིན།

ཡང་བོད་སྨན་རྩ་བཤད་སོགས་ཀྱི་གཞུང་ནས་གསལ་འཁོད་ཡོད་ཀྱང་བར་ལམ་ལག་ལེན་མེད་པའི་སྨན་བཅོས་གཤག་ལས་སོགས་ལག་ལེན་བྱེད་སྲོལ་མེད་པས་བསྐྱུར་རྐྱང་མིན་པར་ནུབ་ཕྱོགས་ཀྱི་གཤག་བཅོས་ལག་ལེན་དང་གོ་བསྟུན་ནས་སླར་ལག་ལེན་བསྒྲུབ་ཐབས་དང་། གཉན་ནད་གསར་ཐོན་རིགས་ཀྱི་སྨན་སྣ་བར་ལམ་ལག་ལེན་མེད་པ་གསར་སྦྱོར་བྱ་རྒྱུ་ཡོད་ངེས་པས་དེ་རིགས་དུས་བསྟུན་གསར་སྦྱོར་བྱེད་འོས་རིགས་ཀྱང་བསམ་གཞིགས་ནན་ཏན་བྱ་དགོས། རིམ་པས་མཐུན་རྐྱེན་དང་བསྟུན་རིལ་བུ་དང་ཐང་སོགས་སྨན་སྦྱོར་བྱེད་སྟངས་སྨན་རྒྱུའི་ཉིང་ཁུ་བཏོན་ཏེ་དྭངས་མ་བཟོ་འདོན་ཐུབ་པའི་ཐབས་ཤེས་བྱུང་ན་སྨན་ཐུན་ཆུང་ལ་ནུས་པ་མྱུར་བ། མིག་སྔར་མཛེས་པ་སོགས་ཕྱི་རྒྱལ་སྨན་ལྟར་སྨན་བྱང་དང་འབྲེལ་ཚོང་འགྲེམ་རྒྱ་ཆེ་ཐུབ་ཐབས་ཀྱང་བསམ་བློ་གཏོང་དགོས།  ཕྱོགས་མཚུངས་དེང་དུས་ནུབ་ཕྱོགས་པའི་སྨན་བཅོས་ཀྱང་ཤེས་ཐབས་ཀྱིས་བོད་སྨན་དང་ཟུང་འབྲེལ་ཕན་ཚུན་ལེགས་ཆ་སྣོན་སྤེལ་བྱེད་རྒྱུ་བྱུང་ན་ཧ་ཅང་ལེགས་པོ་ཡོང་རེ་དང་། རྒྱ་གར་གྱི་གནའ་བོའི་སྨན་བཅོས་རིགས་ཀྱང་དེང་སང་ཉམས་མེད་ཡོད་འདུག འདི་དང་བོད་སྨན་བུ་སྤུན་ལྟ་བུར་བརྟེན་ཕན་ཚུན་ལེགས་ཆ་ཕྱོགས་བསྡུས་བྱེད་རྒྱུ་ངེས་པར་ཡོང་རྒྱུར་ད་ལྟ་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཞུ་མུས་ལྟར་དང་རང་རེའི་སློབ་ཕྲུག་འགའ་རེ་ལེན་ཐུབ་ཐབས་བགྱིད་མུས་བཅས། འདིར་ཁྱེད་ཚོ་བསམ་བློ་གུ་ཡངས་པོའི་ཐོག་ནས་གཞན་ཕན་གསོ་བ་རིག་པའི་སྲོལ་བཟང་མི་ཉམས་གོང་འཕེལ་ཡོང་བ་ཅིས་ཀྱང་བྱེད་དགོས། བཀྲ་ཤིས་བདེ་ལེགས་ཞེས་བཀའ་བསྩལ།

 

ག༽གལ་ཆེའི་ལས་གཞི་ཅི་སྤེལ་སྐོར།

སྤྱི་ཚོགས་ཐོག་བོད་སྨན་གྱི་འཕྲིན་ལས་ཇེ་ཆེར་སོང་པའི་དུས་ཀྱི་འགྱུར་བ་དང་སྨན་ཁང་རྒྱ་བསྐྱེད་བྱུང་བ་བཅས་ཀྱི་དབང་གིས་བསྟེན་གཏུགས་བྱེད་མཁན་ནད་པ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་དེ་དག་ལ་གསོལ་སྨན་འདང་ངེས་མཁོ་སྤྲོད་ཐུབ་མིན་གྱི་དཀའ་ངལ་ཇེ་ཆེར་སོང་བར་བརྟེན། དེང་དུས་དང་མཐུན་པའི་སྨན་སྦྱོར་འཕྲུལ་ཆས་དགོས་མཁོར་གཟིགས་ནས་སྨན་སྦྱོར་འགན་འཛིན་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་དང་གསུང་བསྒྱུར་བཅས་ཧི་མཱ་ཅལ་མངའ་ཁོངས་ཇོ་གིནྡར་ནགར་དུ་རྒྱ་གར་གྱི་སྲོལ་རྒྱུན་ཚེའི་རིག་བྱེད་སྨན་གྱི་བཟོ་གྲྭ་ཞིག་ཡོད་པ་དེར་རྟོགས་དཔྱོད་དུ་ཕེབས་ཤིང༌། དེ་གར་གློག་ནུས་ལ་བརྟེན་པའི་སྨན་རྒྱུ་རྡུང་བྱེད་དང༌། ལག་སྐོར་རིལ་སྒྲིལ་འཕྲུལ་ཆས་གཟིགས་རྟོགས་བྱུང་ནས་དེའི་བཟོ་ཡུལ་བཟོ་གྲྭ་སོགས་རྩད་གཅོད་བྱུང་རྗེས། དེ་འཕྲལ་ཨམྲྀ་ཏི་སཱར་ཆེད་བསྐྱོད་ཀྱིས་དེ་དང་ཆ་འདྲ་བའི་འཕྲུལ་ཆས་མངགས་ཉོ་གནང་སྟེ་གང་མགྱོགས་གསར་འཛུགས་ཐུབ་པ་བྱུང༌འདུག །སྐབས་དེའི་འཕྲུལ་ཆས་རིགས་དེང་དུས་ཀྱི་ཐོན་གསར་འཕྲུལ་ཆས་བཞིན་དུ་སྤུས་ལེགས་དང་ལས་ཆོད་ཆེན་པོ་མེད་ཀྱང་སྐབས་དེར་མཚོན་ན་སྨན་སྦྱོར་ཐོན་སྐྱེད་ཐད་ཕོན་འབོར་ཆེ་ལ་སྤུས་ཚད་ལྡན་པ་དང༌། ལས་མིའི་ལུས་རྩོལ་ཇེ་ཉུང་དུ་སོང་བ་སོགས་དགེ་མཚན་ཆེན་པོ་བྱུང་བ་མ་ཟད། དུས་དེ་ནས་བཟུང་རིམ་པས་རང་རེའི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ནང་མིའི་ནུས་ཤུགས་ཁོ་ནར་བརྟེན་ནས་སྨན་སྦྱོར་བྱེད་པའི་ལེའུ་དེ་མཇུག་བསྒྲིལ་ཐུབ་པར་གྱུར། སྐབས་དེ་ནས་ད་ལྟའི་བར་་ཇོ་གིནྡར་ནགར་ཚེ་རིག་སྨན་བཟོ་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་འབྲེལ་བ་གནས་མུས་ཐོག་ཤེས་ཡོན་དང་ལེགས་བྱང་བརྗེ་རེས་ཀྱིས་ཕན་ཐོགས་གང་ལེགས་བྱུང་དང་འབྱུང་བཞིན་ཡོད།

 

༡༩༦༨ ལོར་རྩིས་དགེ་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ངྷ་སར་ས་ཆུ་མ་འཕྲོད་པར་སྐུ་ཁམས་བདེ་མིན་རྐྱེན་པས་ཞབས་ཞུ་མུ་མཐུད་མཛད་མ་ཐུབ་པར་སྨན་རྩིས་ཁང་ནས་རེ་ཞིག་དགོངས་པ་ཞུ་དགོས་བྱུང༌།

 

ཕྱི་ལོ་ ༡༩༦༥ ནས་ཐེངས་འགར་སློབ་བསྡུའི་གསལ་བསྒྲགས་གནང་བ་བཞིན་ ༡༩༦༨ ལོར་རྡོར་གླིང་བོད་གཞུང་གཏན་སློབ་ནས་སློབ་ཕྲུག་ཕོ་མོ་ ༡༡ དང་མ་སུ་རི་གཏན་སློབ་ནས་གཅིག་བཅས་བོད་ཡིག་དྲག་གྲས་ཕོ་མོ་དབྱེར་མེད་ ༡༢ ཙམ་ཡིག་རྒྱུགས་ལམ་ནས་བསྡུ་བསྐོང་གིས་སྐབས་གཉིས་པའི་སྨན་སློབ་ཏུ་སློབ་འཇུག་གནང་བ་དང་། ཆོས་དོན་ལྷན་ཁང་གིས་འབྲས་ལྗོངས་སྒང་ཏོག་ནས་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་གདན་ཞུས་ཀྱིས་སློབ་སྤྱི་དང་སྨན་རྩིས་རིག་གནས་དང་བཅས་པའི་དགེ་རྒན་ཆེན་མོའི་མཚན་གནས་ཐོག་བསྐོ་བཞག་དང་སྨན་པ་བློ་བཟང་བཀྲ་ཤིས་དགེ་རྒན་གཞོན་པར་བསྐོས། ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་བོད་ཀྱི་གསོ་དཔྱད་སྨན་དང་གཙུག་ལག་རྩིས་ཀྱི་སློབ་ཚན་ཕྱོགས་བསྒྲིགས་བྱས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་རྒྱུན་ལས་ཚོགས་འདུར་སྤྱན་ཞུས་ཀྱིས་བཀའ་འཁྲོལ་ཐོབ་སྟེ་སྨན་རྩིས་གཉིས་ཀྱི་སློབ་ཚན་ལོ་རིམ་དང་པོ་ནས་བདུན་པ་བར་ཡོད་པ་ཞིག་གཏན་འབེབས་གནང༌བ་དང་། སློབ་གྲྭའི་ཚུགས་གྲོལ་རྒྱས་བཅད་སོགས་ཀྱི་འགྲོ་སྟངས་དུས་རབས་དང་མཐུན་པར་བསྒྱུར་བཅོས་མཛད་པ་བཅས་ལ་བརྟེན་ཕྱི་ལོ་ ༡༩༦༡ ནས་ཇི་ལྟར་རེ་འདུན་དང་ལས་འཆར་བཀོད་སྒྲིག་བྱས་པའི་ནང་ནས་བརྒྱ་ཆ་ལྔ་བཅུ་ཙམ་ལེགས་གྲུབ་བྱུང་སྟེ་གཞི་རྩ་བརྟན་དུ་གྱུར།

 

གཞན་ཡང་ལོ་དེར་སློབ་ཕྲུག་གསར་བསྡུའི་སྔོན་འགྲོའི་ཆ་རྐྱེན་གཏན་འབེབས་བྱས་ཡོད་ཅིང་། དེ་ཡང་ཀུན་ཕན་བོད་ཀྱི་གསོ་དཔྱད་སྨན་དང་།  གཙུག་ལག་སྐར་ནག་རྩིས་ཀྱི་རིག་གཞུང་སློབ་གཉེར་ཁང་འདིར་ཞུགས་པ་ལ་བསམ་བློའི་འཁྱེར་སྟངས་དང་ཤེས་ཚད་བཅས་ལ་ཆ་རྐྱེན་གང་དག་ཚང་དགོས་པ་གཤམ་གསལ་ལྟར་གཏན་འབེབས་བྱས།

 

༡༽ སྨན་རྩིས་སློབ་གྲྭར་ཞུགས་མིར་རིགས་རུས་ཆོལ་ཁ་ཆོས་ལུགས་སེར་སྐྱ་ཕོ་མོ་སོགས་ཀྱི་དབྱེ་བ་ནམ་ཡང་མེད་ཅིང་། འོན་ཏེ་བསམ་བློའི་འཛིན་སྟངས་གཙོ་ཆེ་ཤོས་སྨན་རྩིས་ལ་དང་བའི་སློབ་འདོད་ཀྱི་སེམས་ཤུགས་ཡོད་པ་ཞིག་དང་། དད་པ་དང་། ངེས་འབྱུང་ཀུན་ལ་སྨན་འདོད་ཀྱི་ལྷག་བསམ་བཟང་པོ་ཡོད་པ་ཞིག་དགོས་རྒྱུ།

༢༽ ཤེས་པར་བྱ་བའི་ཡོན་ཏན་ཐམས་ཅད་ཀྱི་བརྗོད་བྱའི་གཞི་རྩ་རྗོད་བྱེད་བརྡ་དག་གི་ཡི་གེ་ཉིད་ལ་བརྟེན་དགོས་དང་། ལྷག་དོན་སྐབས་བབ་ཀྱི་སློབ་ཚན་གཙོ་བོ་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་འཛིན་སྐྱོང་ཆེད་ཡིན་ཕྱིར་བོད་ཡིག་གི་ཐོག་ནས་སྨན་རྩིས་ཀྱི་གཞུང་ལ་སློབ་སྦྱོང་བྱེད་དགོས་པས་ན་བོད་ཀྱི་བརྡ་དག་གི་སྲོལ་འབྱེད་སློབ་དཔོན་ཐོན་མིའི་གཞུང་སུམ་རྟགས་ཆ་ཚང་དང་། ཚིག་རྒྱན་ལ་ཡང་སློབ་སྦྱོང་དགོས་སྟབས་སྙན་ངག་ལེའུ་བར་བ་བཅས་ཤེས་པ་ཞིག་དགོས།

༣༽ སྐད་ཡིག་གཞན་པ་གང་གི་ཐོག་ནས་འབྲེལ་བ་བྱ་རྒྱུ་མི་རྨོངས་པ་དགོས་སྟབས་བོད་ཀྱི་སློབ་གྲྭའི་གཞི་རིམ་འཛིན་གྲྭ་བརྒྱད་པ་ཐོན་པའི་ལག་འཁྱེར་ཐོབ་པའམ་དེ་དང་དོ་མཉམ་པའི་ཤེས་ཚད་རྒྱུགས་སྤྲོད་འཕེར་བ་དགོས་རྒྱུ། སུམ་རྟགས་ཀྱི་དྲི་ཤོག་དང་སྙན་ངག་གི་ལེའུ་བར་བའི་དང་པོ་རང་བཞིན་བརྗོད་པ་ནས་བཟུང་དྲུག་པ་འགོག་རྒྱན་ཉེར་གསུམ་བར་གྱི་ཁོངས་ནས་དྲི་ཤོག་ཟུར་ཡོད་ལ་དཔེར་བརྗོད་དང་ཚིག་འགྲེལ་བཅས་བློ་ཐོག་ནས་དྲིས་ལན་རང་སྟོབས་ཀྱིས་དྲི་རྒྱུགས་འབུལ་ཐུབ་པ་དགོས་རྒྱུ་བཅས་གཏན་འབེབས་གནང་འདུག

 

ཆོས་དོན་ལྷན་ཁང་ནས་ཕྱི་ལོ་ ༡༩༦༨ ཟླ་ ༩ ཚེས་ ༣ ལ། ཞེས་འཁོད་པ་བཞིན་དུས་དེ་ནས་བཟུང་སྨན་རྩིས་སློབ་མ་གསར་བསྡུའི་རྩ་འཛིན་དུ་བཟུང་སྟེ་དུས་ཡུན་གང་འཚམས་རིང་དེ་བཞིན་དུ་ལག་བསྟར་བྱས།

 

ཕྱི་ལོ་ ༡༩༦༩ ཟླ ༦ ཚེས་ ༣༠ ཉིན་རྒྱ་གར་བ་ Mr Bsmurty ལགས་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་སྐབས་ྋགོང་ས་མཆོག་ནས་ང་ཚོ་བོད་ཕྲུག་སློབ་སྦྱོང་ཡོད་མཁན་དེ་འདྲ་རྒྱ་གར་གཞུང་གི་མཐོ་སློབ་ཏུ་གཏོང་ཐུབ་མིན་སྐོར་ལ་གྲོས་མོལ་བྱུང་བར་སྐུ་ཞབས་ Mr Bsmurty ཀྱིས་ཞལ་བཞེས་ཐོབ་པ་བཞིན་ནག་ཆུ་སྐལ་བཟང་དབང་འདུས་དང་ཨིན་ཧིན་བོད་གསུམ་གྱི་སྐད་ཡིག་དང་བོད་སྨན་སློབ་སྦྱོང་ཡོད་པའི་ཕྲུ་གུ་གཅིག་བཅས་གཉིས་གཏོང་རྒྱུ་གྲ་སྒྲིག་བྱས།

 

ཕྱི་ལོ་ ༡༩༧༠ ལོར་ྋགོང་ས་སྐྱབས་མགོན་ཆེན་པོའི་རིས་མེད་འགྲོ་ལ་བརྩེ་བའི་ཐུགས་རྗེ་དང་བསམ་གྱིས་མི་ཁྱབ་པའི་མཛད་འཕྲིན་ལ་བརྟེན་ནས་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པ་ཡར་རྒྱས་དང་གཞི་རྒྱ་ཆེ་རུ་སོང་པ་དང་བསྟུན། ཆོས་དོན་ལྷན་ཁང་ལ་ཡང་དེ་མཚུངས་ལས་གཞི་དང་བྱེད་སྒོ་སྣེ་མང་རྐྱེན་པས་སྨན་རྩིས་ཁང་གི་འཛིན་སྐྱོང་གནང་རྒྱུ་ཐུགས་ལྕོགས་མིན་བྱུང་བ་དང་གཅིག གཉིས་ནས་འགྲོ་ཕན་སྨན་རྩིས་ཁང་འདི་བཞིན་སྨན་རྩིས་གཉིས་ཀྱི་ཤེས་ལྡན་མི་སྣ་བསྐྱེད་བསྲིངས་བྱེད་སའི་དགེ་རྩའི་སློབ་གཉེར་ཁང་གི་ངོ་བོར་སོང་། བུ་ཁྱིམ་གྱི་ཁྱབ་ཁོངས་འོག་ཕྱིན་ན་སློབ་གྲྭའི་གནས་སྟངས་དང༌། དཔལ་འབྱོར། འཛིན་སྐྱོང་བཅས་ཕྱོགས་གང་ཐད་ནས་ཚགས་ཚུད་དང་ཡར་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་དམིགས་ཏེ་ངྷ་ས་བུ་ཁྱིམ་གྱི་འཛིན་སྐྱོང་འོག་རྩིས་སྤྲོད་གནང༌། ཞེས་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང་ཞེས་པའི་ནང་བཀོད་ཀྱང་བུ་ཁྱིམ་དབུ་འཛིན་ྋསྐུའི་གཅུང་མོ་ལྷ་ལྕམ་རྗེ་བཙུན་པདྨ་མཆོག་ལ་དེའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་ནས་སློབ་ཕྲུག་ཚོའི་སློབ་ཡོན་དང་གངས་སྐྱིད་ཁུལ་གྱི་ད་ལྟའི་སྨན་རྩིས་ཁང་གི་ལས་ཁུངས་ཨ་མའི་ཨར་ལས་འཛུགས་སྐྲུན་སྐོར་ལ་སྦྱིན་བདག་དང་རོགས་དངུལ་འཚོལ་རོགས་སོགས་ཀྱི་རམ་འདེགས་གང་མང་ཞུས་པ་ལས་འཛིན་སྐྱོང་རང་གི་འགན་བྱས་མེད་ཅེས་གསུངས།

 

འོན་ཀྱང་བཀའ་ཤག་ངེས་མེད་ཡིག་ཆ་ཉར་ཚགས་ཁང་གི་ཡིག་ཆ་བརྒྱད་པའི་ཤོག་གྲངས་ ༨ པའི་ནང་དུ།  སྨན་རྩིས་ཁང་འདི་བཞིན་དེ་སྔ་བོད་གཞུང་ཆོས་དོན་ལྷན་ཁང་གི་སྟངས་འཛིན་འོག་ཡོད་མུས་ཀྱང་ཉེ་ཆར་ྋགོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན་ལྟར་སྨན་ཁང་གི་རོགས་རམ་གཏོང་ལེན་བདེ་ཆེད་ཁྲིམས་མཐུན་དེབ་སྐྱེལ་བྱ་རྒྱུའི་འཆར་གཞི་ཡོད་མུས་ལྟར་ངྷ་ས་བུ་གསོ་ཁང་འདི་བཞིན་ཚོགས་པ་དེབ་སྐྱེལ་བྱ་རྒྱུ་དེ་དང་ཆབས་ཅིག་སྨན་ཁང་དེབ་སྐྱེལ་ཐོག་སྟངས་འཛིན་ཀྱང་བུ་གསོ་ཁང་ཚོགས་པའི་ཁོངས་ནས་བྱེད་ལེགས་ཅི་ཕེབས་ལྟར་རིང་མིན་ཚོགས་པ་དེབ་སྐྱེལ་དང་འབྲེལ་བའི་སྨན་རྩིས་ཁང་གི་འཛིན་སྐྱོང་བུ་གསོ་ཁང་ནས་གནང་གཏན་འཁེལ་ཟིན་པ་ཡིན་ན་དེ་དོན་སྨན་རྩིས་ཁོངས་གཏོགས་དང་བཅས་པའི་ཕྱི་ནང་ས་ཁང་དང་འཛིན་དངོས་སྨན་དང་སྨན་རྒྱུ། མ་རྩ་དང་ལས་ཕོགས་འགྲོ་འོང་གི་ཡིག་ཆ། སྨན་རྩིས་ལས་བྱེད་དང་སློབ་ཕྲུག་སོགས་ཀྱི་མིང་ཐོ། ཕོགས་ཚད་སྒྲིག་ཡིག་སོགས་གང་ན་ཅི་ཡོད་ཐོ་གཞུང་སྔར་ཡོད་རྩ་བསྣན་གྱིས་གསར་བསྐོས་གནང་འོས་པ་བགྱིས་མཚམས་བུ་གསོ་ཁང་དང་གོ་བསྡུར་དང་འབྲེལ་བའི་ཁམས་དང་དགོས་གནང་ཡོད་པ་བཅས་དགོངས་འཇགས་ཞུ། རང་གཞུང་ཆོས་རིག་ཤེས་ལྷན་ཁང་ནས་ཕྱི་ལོ་ ༡༩༧༠ ཟླ་ ༡༡ ཚེས་ ༡༧ ལ། ཞེས་འཁོད་པས། གནས་སྟངས་དེའི་སྐོར་གསལ་ཁ་ཡོང་ཕྱིར་བོད་ཁྱིམ་འགན་འཛིན་ཚེ་དབང་ཡེ་ཤེས་དང་ལེགས་བཤད་བསྟན་པ་གཉིས་སུ་བཀའ་འདྲི་ཞུས་པར་ཁོང་གཉིས་ནས་ཀྱང་ཨ་མ་རྗེ་བཙུན་པདྨས་གསུང་པ་ལྟར་སློབ་ཡོན་དང་ཨར་རྒྱག་ལས་གཞི་སོགས་ཀྱི་སྦྱིན་བདག་འཚོལ་རོགས་སོགས་ཀྱི་ཐད་རོགས་འདེགས་ཞུས་པ་ལས་བུ་གསོ་ཁང་དང་སྨན་རྩིས་ཁང་གཉིས་འཛིན་སྐྱོང་གཅིག་གི་འོག་ཏུ་ཉིན་མ་གཅིག་ལའང་བསྡད་མེད་ཚུལ་གསུངས། རོགས་འདེགས་ཅི་བྱས་ཞིབ་ཕྲ་རྒན་དངོས་གྲུབ་སྐབས་སུ་གསལ།

 

ཕྱི་ལོ་  ༡༩༧༠ ནང་མེག་ལོཌ་སྨན་ཁང་གསར་རྒྱག་གྲུབ་རྗེས་ས་ཁྲལ་ལོ་རེར་ཧིན་སྒོར་ ༡༥༠ རེ་འབུལ་ལམ་ཞུ་དགོས་ཀྱང་བོད་མིའི་གནས་སྟངས་སྤྱི་དང་ལྷག་དོན་སྨན་རྩིས་ཁང་གི་འཚོ་བའི་འབྱུང་ཁུངས་ནི་ྋགོང་ས་མཆོག་གིས་གནང་སྦྱིན་དང་རྒྱ་གར་དབུས་སྐྱོབ་གསོ་ཚོགས་པ་ནས་གྱོན་ཆས་རྙིང་པ་ཅུང་ཙམ་གནང་གི་ཡོད་པ་ལས་དཔལ་འབྱོར་ཡོང་ཁོངས་གཞན་མེད་པས་ཆག་ཡང་ཡོང་བའི་རེ་ཞུ་ཞིག་ཆོས་དོན་ལྷན་ཁང་བརྒྱུད་ནས་ཡང་ཡང་ཕུལ་བར་བརྟེན་ས་གནས་ཁྲལ་བསྡུ་ལས་ཁང་ནས་དགོངས་བཞེས་བཀའ་དྲིན་ཐོབ་པས་རྒྱ་གར་གཞུང་གིས་ཆེས་གུ་ཡངས་ཀྱིས་གཟིགས་སྐྱོང་ཤིན་ཏུ་ཆེ་བ་གནས་སྟངས་འདིའི་སྟེང་ནས་ཀྱང་མཚོན་ཐུབ།

 

ཕྱི་ལོ་ ༡༩༧༠ ལོར་ཉི་ཧོང་བ་ཞིག་གིས་དི་ལླིི་བོད་ཁང་གི་དྲུང་གཞོན་ཚེ་རིང་སྒྲོལ་མ་བརྒྱུད་ནས་བོད་སྨན་དེ་ཕན་ནུས་ལྡན་པ་ཞིག་ཡིན་ཚེ་ཉི་ཧོང་ནང་གི་བཟོ་གྲྭ་ཞིག་དང་འབྲེལ་བ་ཞུས་ཏེ་མཉམ་འབྲེལ་གྱིས་ཚོང་བསྒྱུར་བྱ་རྒྱུའི་རེ་འདུན་བཏོན་པར་ཆོས་དོན་བཀའ་བློན་མཆོག་ནས་ལས་དོན་དེའི་ཆེད་ངྷ་སར་ངོ་ཕེབས་ཡོང་བའི་ཡིག་ལན་ཞིག་བསྐུར་བར་དམིགས་བསལ་གྲུབ་འབྲས་ཐོན་མེད་ནའང་དེ་དུས་ནས་དཔལ་འབྱོར་འདུ་འགོད་དང་གསོ་རིག་བསྟན་པ་རྒྱས་ཐབས་སོགས་ལ་དམིགས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་པའི་མཚོན་རྟགས་ཤིག་ཏུ་བགྲང་ཆོག༼དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བསྐྱར་འཛུགས་གནང་བ་ནས་ཕྱི་ལོ་ ༡༩༧༩ ཙམ་དུ་རང་བཙན་འཐད་རྩོད་ཀྱི་དམིགས་ཡུལ་བཟུང་པའི་ཐོག་མང་གཙོ་ཡར་རྒྱས་ཡོང་ཐབས་སུ་སྒོ་གང་ས་ནས་ནུས་ཤུགས་འདོན་བཞིན་པ་ལྟར་ལོ་ཡུན་དེ་དག་གི་ནང་གཞོན་སྐྱེས་ཁག་ཅིག་ནས་དམར་ཤོག་ཚོགས་པ་གསར་འཛུགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་བ་སོགས་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ལས་གཞི་གང་མང་མགོ་འཛུགས་གནང་བཞིན་པའི་སྐབས་ཤིག་ཡིན་ཞེས་བཤད་ཆོག

 

ཕྱི་ལོ་ ༡༩༧༤ ཙམ་ནས་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བཀའ་སྤྱི་གཉིས་ནས་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྲིད་ཇུས་ཀྱི་ལས་རིམ་མགོ་འཛུགས་གནང་བཞིན་པའི་དུས་སྐབས་ཤིག་ཡིན་ལ། ཕྱི་ལོ ༡༩༧༩ ལོ་ནས་ལམ་དབུ་མའི་བཞེངས་ཕྱོགས་ལྟར་སྲིད་ཇུས་དངོས་སུ་ལག་ལེན་བསྟར་མགོ་ཚུགས༽སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་ངོ་བཅུ་ཙམ་སོང་བའི་མཚམས་ཏེ་ཕྱི་ལོ་ ༡༩༧༡ ལོར་དབུ་འཛིན་ངག་དབང་རྣམ་རྒྱལ་ལགས་འདས་གྲོངས་སོང་ཞིང༌། དམ་པ་དེ་ཉིད་ཀྱིས་སྨན་རྩིས་ཁང་དུ་ལོ་ཤས་འཛིན་སྐྱོང་གི་ཕྱག་ལས་གནང་རྒྱུན་རིང་སྤྱི་དོན་ལ་སེམས་ཁུར་ཆེ་བ་དང༌། ཐུགས་སྒམ་ཞིང་ངང་རྒྱུད་རིང་བ། སྨན་རྩིས་ལས་སློབ་རྣམས་ཀྱི་འཚོ་བའི་གནས་སྟངས་ལ་ལྟ་རྟོག་བྱེད་མཁས་པ་སོགས་ལྷག་བསམ་རྣམ་པར་དག་པ་ཞིག་ཡིན་པ་མ་ཟད། སྨན་རྩིས་ཁང་གི་གནས་སྟངས་དཔྱིད་དུས་ཀྱི་མྱུ་གུའི་ངང་ཚུལ་བཞིན་ཉག་ཕྲ་བའི་དུས་རིམ་ནང་གཞི་རྐང་ཚུགས་པར་མི་ནུབ་པའི་མཛད་རྗེས་ཆེན་པོ་བཞག་གནང་ཡོད།

 

ལས་བྱེད་འཕོ་འགྱུར།

སྨན་རྩིས་གཉིས་ཟླ་བསྒྲིལ་མ་བཏང་བར་དུ་སྨན་སྦྱིན་ཁང་གི་ཁོངས་སུ་སློབ་སྤྱི་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་དང་། སློབ་སྤྱི་གཞོན་པ་སྨན་དགེ་བློ་བཟང་བཀྲ་ཤིས། སྨན་པ་ངག་དབང་ཡེ་ཤེས། སྨན་དགེ་ཁྲོ་དགའ་བ་རིན་པོ་ཆེ། སྨན་པ་ཕུན་ཚོགས་ནོར་བུ་དགྲ་འདུལ། མཚོ་སྣ་སྨན་པ་འཇམ་དབྱངས་བཀྲ་ཤིས། སྨན་པ་ཆོས་གྲགས་རྒྱ་མཚོ། དྲུང་ཡིག་ཕུན་ཚོགས་ནོར་བུ། སྨན་པ་བཀྲ་ཤིས་རྒྱལ་མཚན། བྱམས་པ་བསོད་ནམས་སམ་ལྷ་དབང་།   ཡེ་ཤེས་བསོད་ནམས་བཅས་དང་། ༼འགན་འཛིན་བློ་བཟང་མཁྱེན་རབ་དང་ཐུབ་བསྟན་ཟླ་བ་གཉིས་ཚུད་མེད།༽རྩིས་རིག་ཁོངས་རྩིས་རིག་འགན་འཛིན་དང་རྩིས་དགེ་གཅིག་ལྕོགས་དུས་འཁོར་བ་བློ་གྲོས་རྒྱ་མཚོ། རྩིས་པ་བློ་ལྡན་ཤེས་རབ་མི་གཉིས་བཅས་མི་གྲངས་བཅུ་གསུམ་སྟེང་དུ་ཕྱི་ལོ་ ༡༩༦༧ ནས་ ༡༩༧༡ བར་གསར་ཞུགས་ལས་བྱེད་ཁོངས་སྐར་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་དང་། སྨན་དགེ་ཆེན་མོ་བར་ཞི་ཕུན་ཚོགས་དབང་རྒྱལ། རྩིས་པ་བཀྲ་ཤིས་སྦྱིན་པ། རྩིས་པ་བསྟན་འཛིན་འཕྲིན་ལས། རྩིས་དྲུང་ཉ་ལུ་སྤྲུལ་སྐུ། སྐར་རྩིས་པ་རྒྱལ་ནང་བློ་བཟང་ནོར་བུ། སྨན་སྦྱོར་ལས་བྱེད་བློ་བཟང་བཀྲ་ཤིས་བཅས་སྐབས་དེའི་མཚན་ཐོ་གཞིར་བཞག་བྱས་ན་ལོ་ངོ་བཅུའི་ནང་ཁྱོན་བསྡོམས་སྨན་རྩིས་ལས་བྱེད་ངོ་མ་མི་གྲངས་ཉི་ཤུ་ཡོད། ཁྲོ་ཞབས་ཕུན་ཚོགས་ནོར་བུ་དགོངས་ཞུ་གནང་ཚབ། ཉ་ལུ་སྤྲུལ་སྐུ་མཆོག་ལ་རྩིས་དྲུང་བསྐོ་བཞག་བྱས། ལོ་འདིར་སྨན་པ་བློ་བཟང་བཀྲ་ཤིས་ལགས་སྒེར་གྱི་སྐུ་ངལ་ལ་བརྟེན་སྨན་རྩིས་ཁང་ནས་དགོངས་ཞུ་གནང༌བ་བཅས་རྩེ་དྲུང་ངག་དབང་རྣམ་རྒྱལ་གྱིས་སྨན་རྩིས་ཁང་གི་འགན་ཁུར་ཞུས་རིང་གི་གནས་སྟངས་རགས་བསྡུས་སོ།།


འགྲོ་ཕན་སྨན་རྩིས་ལས་དབང་གཅིག་བསྒྲིལ་ཏེ།།

གཞན་ཕན་གཞི་རྐང་བརྟན་པའི་ཞིང་ས་རུ།།

སྨན་རྩིས་རིག་གནས་སྨྲ་བའི་བཤེས་གཉེན་དྲུང་།།

རིས་མེད་སློབ་ཚོགས་བསྐྱེད་པའི་དགའ་སྟོན་ཤར།།     
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་དེ་ངལ་གསོ་བའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།