སྨན་རྩིས་དྲ་བ། - ཆེད་རྩོམ།

ཚེ་འདས་རྣམས་ཀྱི་འདས་མཆོད་བྱ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.01.2014
ཆེད་རྩོམ། >>

 

 

༄༅།།བོད་མི་ཚེ་འདས་རྣམས་ཀྱི་རྗེས་འཇུག་དང་འདས་མཆོད་བྱ་ཚུལ་བླང་དོར་འབྱེད་པའི་མེ་ལོང་བཞུགས་སོ།།

 

 སྐར་རྩིས་པ་བསྟན་འཛིན་སྙན་གྲགས།

 

 

 

ཨོཾ་སྭསྟི།

སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ།།

རྡོ་རྗེ་འཆང་ཆེན་དཔལ་ལྡན་འཇམ་པའི་དབྱངས།།

ཀུན་མཁྱེན་བསྟན་པའི་སྒྲོན་མེ་སྐྱེ་དགུའི་མགོན།།

དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ།།

 

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་སུ་བབ་པ་བོད་མི་ཚེ་འདས་རྣམས་ཀྱི་རྗེས་འཇུག་དང་འདས་མཆོད་བྱ་ཚུལ་སྐོར་མདོ་རྒྱུད་བསྟན་བཅོས་དང༌། ཁྱད་པར་བོད་ཀྱི་རྩིས་རིག་ལས་གསུངས་པ་རྣམས་དང་། བླ་མ་དང་མཁས་དབང་རྣམས་ཀྱི་གསུང་རྩོམ་སོགས་ལས་ཕྱུང་པ་གང་དག་ཚུལ་བཞིན་མ་བྱས་པར། དེང་སྐབས་དྲིན་ཆེ་བའི་ཕ་མ་གཙོས་པའི་ཚེ་འདས་རྣམས་ལ་རྗེས་འཇུག་བྱེད་པོ་ནང་མི་བུ་ཕྲུག་གཉེན་ཉེ་སོགས་ཀྱི་མ་ཤེས་པའི་དབང་གི་ཡིན་ནམ། ཡང་ན་ཚེའི་འདིའི་འདུ་འཛིའི་ལས་ལ་བྲེལ་བའི་དབང་གི་ཡིན་རུང༌། དེ་རིང་མི་འདས་གྲོངས་སུ་གྱུར་པ་དང་སང་ཉིན་ཕུང་པོ་དུར་ཁྲོད་དུ་བསྐྱལ་བ་མང་དག་ཅིག་མཐོང་ཆོས་སུ་འདུག་པ་མ་ཟད། ལྷག་པར་དུ་བྱེས་སུ་ཡོད་པའི་བོད་མི་མང་དག་ཅིག་ལ་རྒྱ་གར་དང་བལ་པོའི་ཤན་ཞུགས་ཏེ་ཕ་མའི་ཕུང་པོར་བུ་ཕྲུག་གིས་མེ་སྦོར་བའི་ལུགས་སྲོལ་ཞིག་དར་འདུག་པས། དེ་ནི་ནང་དབུགས་མ་ཆད་པར་དེ་ལྟར་མེ་སྦར་ཚེ་མཚམས་མེད་པའི་ལས་གསོག་ཅིང༌། ཤིན་ཏུ་ནས་ཉེས་པ་ཆེན་པོ་ཡོད་པས་བྱ་གཏོར་བསྲེག་པ་སྦ་བ་སོགས་དུར་ལྔ་གང་བྱས་ཀྱང་ཉེས་པ་འབྱུང་བའི་སྐྱོན་མཐོང་ནས་འདས་སོན་ཀུན་ལ་ཕན་ཕྱིར་མཁས་པའི་གསུང་རྣམས་རགས་བསྡུས་སུ་བཀོད་པར་བྱའོ། །

 

དང་པོ། འཆི་ཁར་ཇི་ལྟར་བྱ་བ།

སྤྱིར་བཏང་བོད་མི་ནད་པ་ཞིག་ཚེའི་འཕེན་པ་རྫོགས་ཏེ་འཆི་བ་ལས་འོས་མེད་པ་ཡིན་ན་སྔོན་ཙམ་ནས་ནད་པས་གཏམ་སྨྲ་ཐུབ་པའི་དུས་ལ་ནད་གཡོག་གིས་ནད་པའི་དགའ་ཉེ་ཞིག་བོས་ཏེ་ཁ་ཆེམས་འཇོག་རྒྱུ་ཡོད་མེད་སྐད་ཆ་འདྲི་དགོས། དེ་ནས་ནད་པའི་ཉལ་གདན་ལ་གཅན་གཟན་དང༌། དུད་འགྲོའི་ལྤགས་རིགས་ཡོད་ན་དེ་ཚོ་དང༌། ལུས་ལ་པགས་རིགས་ཡོད་ཚེ་དེ་དག་ཀྱང་མ་འཆི་བའི་སྔོན་ཙམ་ནས་ཚུར་བསྡུས་ནས་པགས་རིགས་མེད་པ་བྱེད་དགོས། གང་ལགས་ཤེ་ན། འཆི་བའི་དུས་ལུས་འབྱར་པགས་རིགས་ཡོད་ན་འཕོ་བ་ཐེབས་དཀའ་བའི་སྐྱོན་ཡོད། ནད་པའི་མགོ་བྱང་བསྟན་གཞོགས་གཡས་ས་ལ་ཕབ་ཏེ་སེང་གེའི་ཉལ་ཐབས་ཀྱི་ལུས་བཅོས་ཏེ་དེའི་ལུས་བཅོས་ཚུལ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་སྐབས་ཀྱི་ཚུལ་ཇི་བཞིན་ལུས་བཅོས་དགོས། དེ་ལྟར་དབུགས་སྣ་བུག་གཡོན་ནས་གཏོང་ཐུབ་པ་ཞིག་བྱ་དགོས། དེ་གང་ལགས་ཟེར་ན། སྣ་གཡས་ནས་འགྲོ་འོང་བྱེད་པའི་རླུང་ནི་ཉོན་མོངས་པའི་རླུང་དང་། སྣ་གཡོན་ནས་འགྲོ་འོང་བྱེད་པའི་རླུང་ནི་ཡེ་ཤེས་ཀྱི་རླུང་ཡིན་ཟེར། འོན་ཀྱང་མི་འཆི་ཁར་འབྱུང་བཞི་བསྡུས་པའི་སྣ་གཡོན་ནས་ཐོན་པའི་འགྲོ་འོང་གི་རླུང་ནང་ཡེ་ཤེས་ཀྱི་རླུང་ཡོད་པ་སྨོས་མེད་ཀྱང་ཐམས་ཅད་ཡེ་ཤེས་ཀྱི་རླུང་ཡིན་པར་ཅུང་མི་འཐད། དེ་ཡང་སློབ་དཔོན་གྱི་ཞལ་ནས་མིའི་འགྲོ་འོང་གི་དབུགས་གྲངས་སུམ་ཅུ་རྩ་གཉིས་དང་ཕྱེད་ཀའི་ནང་ཡེ་ཤེས་ཀྱི་རླུང་རེ་རྒྱུ་བས་ཉིན་མཚན་གཅིག་ལ་སྐྱེས་བུའི་འབྱིན་རྔུབ་ཀྱི་དབུགས་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ཡེ་ཤེས་ཀྱི་རླུང་གྲངས་དྲུག་བརྒྱ་དྲུག་ཅུ་རྩ་བཞི་རྒྱུ་བ་དེ་བསགས་ནས་ཟླ་བཤོལ་འདོན་པའི་སྲོལ་ཡོད་གསུངས་པར་གཞིགས་ན་ཡེ་ཤེས་ཀྱི་རླུང་ནི་ཅུང་ཟད་དཀོན་པར་སྣང་བས་སྣ་གཡོན་ནས་ཐོན་ཚད་ཡེ་ཤེས་ཀྱི་རླུང་མ་ཡིན་པར་ཤས་ཆེ་བར་སྙམ་པས་དཔྱད་པར་བྱ།

དེ་ལྟར་སྣ་གཡོན་ནས་དབུགས་གཏོང་ཐུབ་པར་བྱས་ཏེ་མདུན་དུ་རང་གི་གང་ལ་མོས་པའི་གསོན་རྟགས་སམ་ཞིང་ཁམས་དང་ཞིང་ཁམས་དེའི་སྟོན་པའི་འདྲ་སྐུ་བཤམས་པའམ་ཡང་ན་ཡིད་ལ་སྒོམ་སྟེ་རང་གི་རྣམ་པར་ཤེས་པ་དེ་ཡེ་ཤེས་ཀྱི་རླུང་དང་མཉམ་དུ་སྣ་བུག་གཡོན་ནས་སངས་རྒྱས་སམ་ཞིང་ཁམས་དེར་འཕོས་ནས་སེམས་ཅན་གྱི་དོན་དུ་སྤྲུལ་སྐུ་འབྱུང་བའི་སེམས་བསྐྱེད་དང་སྨོན་ལམ་བྱས་ན་དག་པའི་ཞིང་ཁམས་དེར་རམ་མཐོ་རིས་ཆོས་ལྡན་ཞིང་ཁམས་བཅས་སུ་རང་གི་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་ལུས་རྟེན་ཐོབ་པར་འགྱུར་བ་སྲིད་དོ།།

 དེ་བཞིན་སྔོན་ཙམ་ནས་རང་ངམ། ནད་གཡོག་གིས་གྲ་སྒྲིག་བྱས་ཏེ་བྱིན་རླབས་རྩ་ཆེན་རྣམས་ཤེལ་དམ་མམ། དཀར་ཡོལ་གང་རུང་གི་ནང་ཆུས་བརླན་ཏེ་བཞག་པ་ཕྱི་དབུགས་མ་ཆད་ཙམ་ནས་ཁ་ནང་བླུགས་ཏེ་འཐུང་བཅུག་པ་དང༌། དེ་དང་ཆབས་ཅིག་བདེ་བར་གཤེགས་པའི་རིང་བསྲེལ་རྡོག་རེ་གཉིས་ཤིག་ཀྱང་འབྲི་འམ་བ་མར་དང་སྦྱར་ཏེ་ཁ་ནང་བླུགས་ཏེ་མིད་དུ་འཇུག་དགོས། དེ་ནི་ཁ་སྐད་ལ་གཏམ་གྱི་ཐ་མ་ཁ་ཆེམས་དང་། ཟས་ཀྱི་ཐ་མ་འཕེལ་གདུང༌། བཏུང་བའི་ཐ་མ་བྱིན་རྟེན་རེད། ཅེས་ཟེར་སྲོལ་ཡོད་པ་དེ་རེད། དེ་རྗེས་ནད་པ་སྨྲ་མི་ཐུབ་ཅིང༌། ཕྱི་དབུགས་ཆད་ལ་ཁད་པའི་ཚེ་ནད་གཡོག་སེར་སྐྱ་གང་རུང་ནས་ནད་པ་དེའི་སྔར་གྱི་བློ་མཐུན་པ་ཞིག་གིས་ནད་པའི་རྣ་ཅོག་འཁྲིས་སུ་སྐད་ཆེན་པོས་ནད་པ་ཁོང་རང་གི་རྒྱུན་དུ་དད་པ་བྱེད་པའི་བླ་མ་སུ་ཡིན་པ་དེའི་མཚན་དང༌། ནད་པ་དེའི་རྒྱུན་གཏན་གྱི་ཡི་དམ་གང་ཡིན་པ་དེའི་མཚན་ནས་སྨོས་ཏེ་དེ་དག་སྒོམས་ཤིག་ཅེས་ནད་པའི་དབང་ཤེས་ཕྲ་མོས་ལེགས་པར་གོ་བ་ཞིག་ལབ་དགོས། དཀོན་མཆོག་ལ་གསོལ་བ་ཐོབས་ཤིག ཅེས་པ་ལྟ་བུ་སྨྲ་དགོས། ནད་པ་བཟའ་ཚང་ཡོད་པ་ལྟ་བུ་ཡིན་ན་ནད་པ་འཆི་ཁའི་འཁྲིས་སུ་བཟའ་ཟླ་བུད་མེད་དང༌། བུ་ཕྲུག་གཏོང་རྒྱུ་མེད། གང་ལགས་ཤེ་ན། ནད་པ་འཆི་ཁའི་སེམས་དེ་འཁྲུགས་སུ་མ་བཅུག་པར་དགེ་སེམས་ཁྱད་པར་ཅན་གྱི་ངང་དུ་འཆི་ན་སྐྱེ་བ་བཟང་པོ་ལེན་པ་ལ་ཁྱད་པར་ཆེན་པོ་ཡོད།

བར་དོའི་ངོ་སྤྲོད་མདོར་བསྡུས།

གཞན་ཡང་བར་དོའི་ངོ་སྤྲོད་མདོར་བསྡུས་ཤིག་བཤད་པར་བྱ་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་ལས། རྒྱལ་བ་ཡང་དགོན་པ་རྗེ་བཙུན་མི་ལས་ཇོ་མོ་བཀྲ་ཤིས་ཚེ་རིང་མར་གནང་བའི་བར་དོའི་གདམས་པར། འཁོར་འདས་གཉིས་ཀྱི་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །ཏིང་འཛིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་གཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་སྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བླང་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །འཆི་བ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་བྱས་ནས་ཀྱང༌། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱོར་འཚལ། །ཞེས་བར་དོ་རྣམ་པ་དྲུག་གསུངས་ཡོད་པ་ལས་སྐབས་དོན་འཆི་སྲིད་དང་བར་སྲིད་ངོ་སྤྲོད་རགས་ཙམ་ཞིག་བཤད་པ་ལ། ད་འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་ནད་ཀྱི་བཏབ། སྨན་བཅོས་དང༌། ཞབས་བརྟན་རིམ་འགྲོས་ཀྱང་མ་བསླུས། ད་འཆི་བ་ལ་ཐག་བཅད་ཡོང་དུས་ཙ་ན་གསོན་དུས་འདོད་པའི་གསོག་འཇོག་སོགས་ཀྱི་ལས་སྣ་མང་བྱས་ཀྱང༌། སྐྱེས་ནས་ད་བར་དུ་བྱས་པ་ཐམས་ཅད་ཀྱིས་ཕན་པ་ནི་མེད། རྗེས་སུ་མི་འབྲངས། ནོར་རྫས་རིའི་རྒྱལ་པོ་རི་རབ་ཙམ་ཞིག་ཡོད་ནའང་ཐ་ན་ཁབ་སྐུད་པ་ཙམ་ཞིག་ཀྱང་ཁྱེར་དབང་ནི་མེད། ད་ནི་ལས་མ་གཏོགས་རང་གིས་གཅེས་པར་བསྐྱངས་པའི་ལུས་འདི་ཡང་བཞག་ནས་འགྲོ་རན་པ་ཡིན། དེ་ལྟར་ཡིན་པས་ན་ཁྱེར་རྒྱུ་གང་ཡོད་ཟེར་ན་རང་གི་བསགས་པའི་དགེ་བ་ཡོད་ནའང་འདྲ། སྡིག་པ་ཡོད་ནའང་འདྲ། ལས་དེ་རྐྱང་པ་མཉམ་དུ་ཁྱེར་གྱི་ཡོད་པ་རེད་མ་གཏོགས། མ་བྱས་པའི་ལས་དེ་རྗེས་སུ་འབྲངས་གི་མེད། གལ་སྲིད་རང་གི་གདམས་ངག་ཉམས་ལེན་གྱི་སྒོ་ནས་འཕོ་བ་དང༌། ཉམས་ལེན་གྱི་རྩལ་སྦྱངས་ནས་སོ་སོ་འཆི་ཁར་འགྱོད་མི་དགོས་པ་ཙམ་ཞིག་ཡོད་ན་རང་གི་རང་དྲིན་ཆེ་བ་ཡིན། ད་ང་རང་ཞིང་ཁམས་དེ་འདྲ་ཞིག་ལ་འགྲོ་བར་བྱའོ་བསམ་བཞིན་འགྲོ་རྒྱུ་ཡོད་ན་ནི་ཆོས་པ་རབ་ཡིན། མི་ཚེ་ཆོས་སྒྲུབ་པའི་རྩ་བ་དེ་ནི་ཤི་རན་དུས་དགོས་པ་གཙོ་བོ་ཡིན། ད་ང་རང་ཚོ་རང་ཉིད་ཐ་མལ་བ་ཞིག་ཡིན་རུང་དོན་ཆེན་འགགས་ལ་ཐུག་པའི་དུས་དེ་ཤི་ཁ་ལ་སླེབས་པ་ཡིན་དུས་རང་གིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། ནོར་རྫས་ཁང་ཁྱིམ་ལ་སོགས་པར་ཆགས་ཞེན་གྱིས་འཁོར་བར་འཐེན་པ་ཡིན་དུས་ཆགས་ཞེན་བཅད་དེ་བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ། འཆི་ཁ་སྡུག་བསྔལ་མྱོང་མ་དགོས་པ་ཞིག་དང༌། ཤི་ཚར་ནས་ངན་འགྲོའི་སྡུག་བསྔལ་མྱང་མ་དགོས་པ་ཞིག་བླ་མ་དཀོན་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ། དེའི་ནང་ནས་ནད་མེད་སྐབས་འཕོ་བ་ཡག་པོ་སྦྱངས། འཆི་རན་དུས་དངོས་སུ་རང་གིས་རང་འཕོ་བའི་མཚམས་སྦྱོར་བྱས་ནས་ཡར་འཕོ་ཐུབ་ན་རབ་དང༌། དེ་ལྟར་མ་བྱུང་ན་བླ་མ་ཆོས་པ། ཆོས་གྲོགས་སོགས་ཀྱིས་འཕོ་བ་བཏབ་ཀྱང་གཞན་རྐྱེན་འདྲ་བུལ་ལ་བརྟེན་ནས་དབུགས་ཆད་མ་ཐག་ཏུ་ཡར་ཞིང་ཁམས་ལ་འཕོ་ཐུབ་པ་ཡང་ཡོང་གི་ཡོད། གང་ལྟར་དོན་ཆེན་འགགས་ལ་ཐུག་པའི་དུས་འདི་ལ་རང་ཉིད་ཞེད་མ་དགོས་པ་ཞིག་གི་བསམ་བློ་ད་ལྟ་ནས་གཏོང་ཐུབ་ན་དེ་སྐྱེ་གནས་བར་དོའི་ཉམས་ལེན་རེད།

འཆི་བའི་གནས་སྐབས་གང་ཡིན་ཞེ་ན། དང་པོ་ལུས་ལེན་དུས་ཕ་མའི་འདུ་འཕྲོད་སྐབས་ལ་འབྱུང་བ་དྲོད་རླུང་རྩ་ལ་སོགས་པ་འབྱུང་ལྔའི་བཅུད་འདུས་ནས་དང་པོ་ལུས་ཆགས་དུས་འབྱུང་བ་ལྔ་ལ་བརྟེན་ནས་ཡར་བསྒྲུབས་པ་དང༌། ད་འཇིག་པའི་སྐབས་ཀྱང་འབྱུང་ལྔ་རིམ་པར་རེ་རེ་ནས་ཐིམ་འགྲོ་གི་ཡོད། དྲོད་མེ་ཁམས་ལ་ཐིམ། ཤ་ཁམས་ས་ལ་ཐིམ། ཁྲག་ཁམས་ཆུ་ལ་ཐིམ། འབྱུང་བ་ཐམས་ཅད་འདུས་ཚར་དུས་ཕྱི་དབུགས་ཆད། ནང་དབུགས་ཆད་རན་ཙམ་ན་ཕའི་ཐིག་ལེ་དཀར་ཆ་ཀླད་པའི་ནང་ལ་གནས་ཡོད་པ་དང༌། མའི་དམར་ཆ་དེ་ལྟེ་བ་ལ་གནས་ཡོད། དེ་གཉིས་ནང་ཕྲད་པ་དང་སྙིང་ཁ་ནས་ཁ་བརྡབ་འགྲོ་གི་ཡོད། ཁ་བརྡབ་ནས་རྣམ་ཤེས་ཕྱི་ལ་འཐོན་འགྲོ་གི་ཡོད། དེ་དུས་རང་ཉིད་ལ་ཉམས་ལེན་མེད་ན་རྣམ་ཤེས་དེ་འཐོར་ནས་ཡུན་རིང་པོ་བསྡད་མཁན་ཡང་ཡོད། ཉམས་ལེན་ཡོད་མཁན་སྐྱེས་བུ་དམ་པ་དེ་འདྲ་ནི་སྐར་མ་གཉིས་ཙམ་ཕྲད་པ་ཙམ་གྱི་རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ་ཟེར་བ་དེ་ཡིན། ཉམས་ལེན་བྱེད་མཁན་ཚོས་སྒོམ་པའི་འབྲས་བུ་དེ་ང་རང་ཚོའི་དབུགས་དེ་ཆད་འགྲོ་དུས་འོད་གསལ་ལ་ཐིམ་ཟེར་བ་དེ་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་ཤར་གྱི་ཡོད། དེ་ཤར་བའི་སྒང་ནས་ད་ལྟ་སྒོམ་རྒྱབ་པའི་དབྱིངས་རིག་མ་བུ་འཕྲོད་ཟེར་ནའང་འོད་གསལ་ངོས་ཟིན་ཐོག་ལ་བརྟན་པ་ཐོབ་ནས་དེ་མ་ཐག་ཏུ་གྲོལ་འགྲོ་གི་ཡོད། སྒོམ་ཉམས་ལེན་བྱེད་མཁན་ཐམས་ཅད་ཀྱིས་འཆི་དུས་ཐུགས་དམ་ལ་བསྡད་འདུག་ཟེར་བའི་རྒྱུ་མཚན་འདི་ལྟར་ཡིན། ཐུགས་དམ་དེ་གཞན་གང་ཡང་ཡོད་པ་མ་ཡིན། འོད་གསལ་མ་བུ་འདྲེས་ནས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་གྲོལ་འགྲོ་གི་ཡོད། དེ་ལྟར་ཉམས་ལེན་མེད་པ་ཡིན་ན་ནག་ཐུམ་མེ་ཡོང་དུས་ལམ་སང་ཡར་སངས་འགྲོ་གི་ཡོད། བརྒྱལ་སངས་པ་དང་ཞེད་སྣང་ཞིག་ཤར་ནས་བར་དོ་ལྔ་པ་ཆོས་ཉིད་བར་དོའི་སྣང་བ་ཟེར། རང་གི་རིག་པའི་ངོ་བོ་ལ་ཁོ་རང་གཙོ་ཆེ་ཤོས་ཀུན་ཏུ་བཟང་པོ་ནས་སྐུ་ལྔ་མཚན་བརྒྱད་ཐམས་ཅད་བཞུགས་ཡོད་པ་དེ་འཇིགས་པའི་སྒྲ་དང་འོད་དང་བཅས་ཞི་ཁྲོའི་ལྷ་ཚོགས་ཤར་ཡོང་གི་ཡོད། ཤར་ཡོང་དུས་སྒོམ་རྒྱུས་མེད་མཁན་རྣམས་ནི་ཞི་ཁྲོའི་ལྷ་ཚོགས་ཤར་མ་ཐག་ཏུ་འཇིགས་སྐྲག་གི་སྣང་བ་སྐྱེས། སྐྱེས་མ་ཐག་ཏུ་རིག་པ་ནུབ་ནས་རང་ལ་ཐིམ་འགྲོ་གི་ཡོད། འདི་མན་ཆད་ཆོས་ཉིད་བར་དོ་དང་འཆི་ཁའི་བར་དོ་གཉིས་མཉམ་དུ་འདྲེས་ནས་ཡོད། སྔར་ཤི་ལུགས་འབྱུང་བ་ལྔ་རིམ་བཞིན་ཐིམ་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ། ཀུན་གཞིའི་ངང་དུ་བརྒྱལ་འགྲོ་གི་ཡོད། དེ་རྗེས་འོད་གསལ་ནམ་མཁའ་གཡའ་དག་པ་འདྲ་བ་རང་གི་མིག་ལ་ཤར་གི་ཡོད། ཉམས་ལེན་མེད་ན་འོད་གསལ་ངོ་ཤེས་ཀྱི་མེད་ཅིང༌། ངོ་མ་ཤེས་ན་ཡུན་དུ་གནས་ཀྱི་ཡང་མེད། སྔར་ཉམས་ལེན་ཏིང་ངེ་འཛིན་ལ་འདྲིས་ཆ་ཡོད་པ་རྣམས་ནི་འོད་གསལ་མ་བུ་འདྲེས་འགྲོ་གི་ཡོད།

གཙོ་ཆེ་བ་འཆི་ཁར་བར་དོའི་སྐབས་སུ། འབྱུང་བ་ཐིམ་རིམ་དེ་མ་འབྱུང་གོང་ནས་རང་ཉིད་འཆི་བ་ལ་ཐག་བཅད་ཡོང་དུས་ཚེ་འདིའི་ཞེན་ཆགས་ཐམས་ཅད་བཅད། སྐྱབས་དཀོན་མཆོག་ཁོ་ན་མ་གཏོགས་རེ་ས་གཞན་སུ་ཡང་ཡོད་པ་མ་ཡིན། དེའི་ཕྱིར་ན་སྐྱབས་གནས་དཀོན་མཆོག་གསུམ་དང༌། རང་གི་རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་སྒོམ་ན་བར་དོའི་འཕྲང་ལ་རིགས་བདག་ལྟེ་བ་དེ་རྩ་བའི་བླ་མ་ཡིན་པས་གསོལ་བ་རྩེ་གཅིག་ཏུ་བཏབ། རང་གི་ཚེ་འདི་ལ་མི་དགེ་བའི་ལས་བསགས་ཡོད་པ་རྣམས་ཀྱང་མཐོལ་བཤགས་བྱེད་བསམ་པ་དང༌། ཚེ་འདི་ནས་འཕོས་མ་ཐག་ཏུ་ཡར་བདེ་འགྲོའི་ས་ལ་འདྲེན་རོགས་གནང་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་ཏེ་སེམས་མ་གཡེང་བར་འདུན་པ་དེའི་ངང་ནས་ཤི་སོང་ན་ཡར་འདྲེན་ཐུབ་པའི་དགོས་པ་ཡོད། དེ་ལྟར་མ་བྱུང་ན་ཡང་ནད་པ་ཤི་རན་ཁ་ལ་བླ་མ་ཆོས་པ་ཆོས་གྲོགས་དམ་ཚིག་མ་ཉམས་པ་བློ་མཐུན་པ་འདྲ་ཡོད་ན་འབྱུང་བ་ཐིམ་རིམ་སྐབས་ཐིམ་རིམ་གྱི་ངོ་སྤྲོད་བཏབ། བླ་མ་དྲན་པའི་བསྐུལ་མ་འདེབས་པ་དང་བར་དོའི་འཕྲང་སྒྲོལ་གྱི་སྨོན་ལམ་འདེབས་པ་སོགས་བྱེད་ན་ཕན་ཡོན་ཆེན་པོ་ཡོད། དཔེར་ན་ནད་པ་གཅིག་ཐུར་དུ་རིལ་འགྲོ་དུས་མི་ཁ་ཤས་ཀྱི་ཡར་སྐྱོར་བ་ལྟ་བུ་ཡིན། ཤི་རན་ཁ་ལ་མཆེད་གྲོགས་སོགས་ཀྱིས་བར་དོའི་ངོ་སྤྲོད་དང་། སྨོན་ལམ་གྱི་མཚམས་སྦྱོར་ཡག་པོ་བྱས་ན་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། སངས་རྒྱས་དྲི་མེད་རིན་ཆེན་གཙུག་ཏོར་ཅན་དང༌། མགོན་པོ་འོད་དཔག་ཏུ་མེད་པ། སངས་རྒྱས་ཤྰཀྱ་ཐུབ་པ་ལ་སོགས་ཀྱིས་མཚན་བརྗོད་དེ་གསོལ་བ་བཏབ་ན། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།། གསུངས་པ་ལྟར། ཤི་བ་པོ་ཁོ་རང་གི་གསོལ་བ་ཡག་པོ་བཏབ་ཐུབ་ན་སངས་རྒྱས་དེ་ཚོའི་མཚན་ཐོས་པ་ཙམ་གྱི་ངན་འགྲོའི་ལམ་ནས་ལྡོག་ཐུབ་པའི་དགོས་པ་ཡོད་དོ།།

 

གཉིས་པ། ནད་པ་ཤི་འཕྲལ་བྱེད་སྒོའི་སྐོར།

གཤིན་པོའི་ཕུང་པོར་འཕོ་བ་གནང་མ་གྲུབ་པའི་སྔོན་དང་རྩིས་མ་ཤར་བར་ཕུང་པོར་སུས་ཀྱང་ལག་པ་འཆང་རྒྱུ་མེད། རྩིས་གཞུང་ལས་ལྟ་རེག་མི་རུང་བའི་ལོ་རྟགས་སོགས་གསུངས་ཡོད་པས་དེ་རྣམས་ཀྱི་ངེས་པར་དུ་འཆང་རྒྱུ་མེད། རྒྱུ་མཚན་གང་ལགས་ཞུས་ན། གཤིན་པོའི་སྐྱེ་གནས་འགག་པའི་ཉེས་པ་ཡོད་པར་རྩིས་ལས་བཤད་ཡོད། ཤི་འཕྲལ་དགའ་ཉེ་རྣམས་ལ་བརྡ་བཏང་སྟེ་བོས་ནས་མཉམ་རོགས་ཀྱིས་འཕོ་བ་གནང་མཁན་བླ་མ་དང༌། རྒྱུན་པ་དགེ་འདུན་པ་གདན་ཞུ་བྱ་རྒྱུ། མགྱོགས་བསྔོ་འབུལ་རྒྱུ། རྩིས་བཤར་རྒྱུ་སོགས་འཕྲལ་དུ་བྱ་དགོས་པས་ཞིབ་པ་གཤམ་དུ་རིམ་བཀོད་ལྟར་དང༌། ཕུང་པོའི་ཉེ་འཁྲིས་སུ་མར་མེ་མང་པོ་རྒྱུན་མ་ཆད་བར་འབུལ་དགོས། དེ་ནི་གཅིག་ཏུ་མཆོད་འབུལ་དང༌། ཡང་དགོས་བདུད་གདོན་མི་འཇུག་པའི་ཁྱད་པར་ཡོད་ཚོད། བོད་དུ་མར་མེ་དེ་དག་སྣུམ་གྱིས་ལྗ་ཤུང་ནང་ཕུལ་སྲོལ་ཡོད། དེའི་རྒྱུ་མཚན་ནི་གཅིག་ཏུ་མྱ་ངན་གྱི་མར་མེ་ཡིན་པ་དང༌། གཉིས་སུ་མར་ཁུ་བཙག་གཅོད་ལོང་མེད་པའི་བྲེལ་སྟབས་ཀྱིས་ཡིན་འདུག ནང་མི་རྣམས་ནས་མྱ་ངན་མཚོན་བྱེད་དུ་མགོ་ཡི་སྐྲ་ལྷས་བཤིག སྐྲ་གཞུག་བཀྲོལ། གདོང་མི་བཀྲུ། རྣ་རྒྱན་མཚོན་རྒྱན་ཆ་མི་འདོགས། གྱོན་པ་རྙིང་སོང་ནག་པོའི་མདོག་ཅན་གྱོན། འདས་ཞག་ཞེ་དགུམ་རྫོགས་བར་རྐང་བྲོ་གླུ་གཞས་མི་བྱེད། འདས་པོའི་ལྟོ་ཕོར་ནང་ཇ་སྤག་འབྲས་སོགས་ཀྱི་ལྟོ་སྐལ་འཇོག་པ་དང༌། ལྷག་པར་ཛ་ཁོག་དམར་པོ་བེད་སྤྱོད་མ་བྱས་པ་གས་ཆགས་མེད་པ་ངེས་པར་དགོས། ཛ་ཁོག་དེའི་ལུང་ཐག་ཡང་ལྕགས་རིགས་སོགས་ལས་བྱ་མི་རུང་གང་ལགས་ཤེ་ན་བྱུར་སྒེགས་ཅན་གྱི་ཡི་དྭགས་ཀྱིས་ལྕགས་རིགས་སོགས་ལ་འོད་ཆེན་པོ་དང་གས་ཆགས་ཀྱིས་གཡང་ས་ཆེན་པོ་མཐོང་གི་ཡོད་པས་དེར་འཇིག་སྐྲག་གིས་དྲི་ཟ་མི་ཐུབ་པ་ཡིན་ཅིང༌། མེ་དེ་ཡང་དྲི་ངན་སོགས་མེད་པ་མེ་རོགས་དུ་བ་མེད་པ་ཞིག་དགོས། ཉིན་ལྟར་ནམ་རྒྱུན་ལྟོ་ཟ་བའི་དུས་ཚོད་གསུམ་ལ་སུར་བཏང་བ་ཙམ་མ་ཡིན་པར། ཏིང་ཤག་སྒྲ་དང་བཅས་ཏེ་ཚ་སུར་གྱི་བསྔོ་བ་དང་བཅས་ཐེངས་རེ་གཏོང་བར་བྱེད་དགོས། སུར་བསྔོ་དང་བཅས་པའི་ཆོ་ག་མ་ཤེས་ཀྱང༌། སངས་རྒྱས་ཆོས་ཚོགས་ལན་གསུམ་དང༌། མ་ཎི་ཕྲེང་འཁོར་གཅིག མཇུག་ཏུ་འཇམ་དཔལ་དཔའ་བོས་སོགས་བསྔོ་བ་བྱས་ན་ཕན་ཡོན་ཆེ་བ་ཡོད། དེ་ལྟ་བུའི་རྒྱུ་མཚན་རྣམས་ཡི་གེ་མང་བས་རེ་ཞིག་བཞག དེ་ལྟར་ཚ་གསུར་དེ་ཡང་དཀར་གསུམ་མངར་གསུམ་གྱི་ཕྱེ་མ་ལ་བྱ་དགོས། རྩམ་པ་དཀར་གསུམ་ནི་འོ་མ་མར་གསུམ་དང༌། མངར་གསུམ་ནི་བུ་རམ་ཀ་ར་སྦྲང་རྩི་གསུམ་ཡིན་པས་དེ་རྣམས་ལས་སྦྱར་བར་བྱའོ།། ཚ་གསུར་ནི་བར་དོའི་གནས་སྐབས་སུ་ཟས་མཆོག་ཡིན་པ་མ་ཟད། ཚ་གསུར་གྱི་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡོད། དྲི་ཟ་རྣམས་ལ་སྦྱིན་པའི་མཆོག་ཡིན། བར་དོའི་གནས་སྐབས་སུ་ཟས་རགས་པ་ལ་ལོངས་སྤྱོད་པའི་སྐལ་བ་མེད་ཅིང༌། དྲི་བཟང་ངན་ལ་ལོངས་སྤྱོད་པ་ཙམ་ཡིན། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་དུ། སྔོན་དུས་སྲིད་པའི་ཤ་གཟུགས་ཅན། །རིགས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་པ་དེ་ནི་དྲི་ཟའོ། ཞེས་གསུངས་པ་ལྟར་བར་དོའི་གནས་སྐབས་ཀྱི་ཟས་ནི་དྲི་ཁོ་ན་ཡིན་ནོ།།

 

གསུམ་པ། འཕོ་བ་ཞུ་སྟངས་སྐོར།

 གཤིན་པོའི་ཕུང་པོ་དེར་བླ་མས་འཕོ་བ་མ་གྲུབ་བར་གོང་དུ་བཤད་པ་ལྟར་སུས་ཀྱང་ལག་པ་སོགས་ཀྱིས་རེག་མ་རུང་ཞིང༌། མ་སྒུལ་བར་རང་སར་འཇོག་དགོས། དེ་ལྟར་མ་བཞག་ན་ཐོག་མར་སུས་ལག་པ་འཆང་པ་དང་འདས་པོའི་རྣམ་ཤེས་ཕྲ་མོ་ཕྱིར་ཐོན་གི་ཡོད་པ་རེད། དེ་ནི་འབྱུང་བཞི་བསྡུ་བའི་སྐབས་གསོ་རིག་གཞུང་ཆེན་དཔལ་ལྡན་རྒྱུད་བཞིའི་བཤད་རྒྱུད་ཀྱིི་ལུས་འཇིག་ལྟས་སྐབས་དབང་པོ་ལྔ་རྣམས་འབྱུང་བ་ལྔའི་ནུས་པར་རིམ་པས་ཐིམ་ཚུལ་ལས། ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང༌། །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ། །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། །རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད། །མིག་གི་དབང་པོ་ཉམས་པར་གྱུར་པ་ཡིས། །གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་གྱུར། །རྣ་བའི་དབང་པོ་ཉམས་པར་གྱུར་བ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་གྱུར། །རྣ་བའི་དབང་པོ་ཉམས་པར་གྱུར་པ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་གྱུར། །སྣ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །དྲི་མི་གསལ་ཞིང་རོ་ལ་ཐིམ་པར་འགྱུར། །ལྕེ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །རོ་མི་གསལ་ཞིང་རེག་ལ་ཐིམ་པར་འགྱུར། །ལུས་ཀྱི་དབང་པོ་ཉམས་པས་རེག་མི་ཚོར། །ཞེས་པ་ལྟར་ཐ་མ་རེག་བྱར་ཐིམ་པས་རེག་བྱའི་གནས་དེར་ལག་པ་འཆང་མི་རུང་བའི་རྒྱུ་མཚན་དེ་ལྟར་མིན་ནམ་སྙམ། དེ་ཡང་རྐེད་པ་མན་ཆད་ལ་ལག་པ་འཆང་ནས་རྣམ་ཤེས་ཐོན་ན་ངན་སོང་གི་གནས་སུ་སྐྱེ་ཞེས་དང༌། རྐེད་པ་ཡན་ཆད་ལ་འཆང་ན་བདེ་འགྲོར་སྐྱེ་ཟེར་སྲོལ་ཡོད། རྣམ་ཤེས་ཐོན་སའི་སྒོ་ནི་དགུ་ཡོད། རྣམ་ཤེས་མཚོག་མ་ནས་ཐོན་ན་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་སྐྱེ། དེ་བཞིན་སྨིན་མཚམས་ནས་ཐོན་ན་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་གནས་སུ་སྐྱེ། ལྟེ་བ་ནས་ཐོན་ན་མི་འམ་ཅིར་སྐྱེ། ཁ་དང་གསང་གནས་ནས་ཐོན་ན་ཡི་དྭགས་སུ་སྐྱེ། ཆུ་ལམ་ནས་ཐོན་ན་དུད་འགྲོར་སྐྱེ། འོག་སྒོ་བཤང་ལམ་ནས་ཐོན་ན་དམྱལ་བར་སྐྱེ་བ་ཡིན། སྤྱི་གཙུག་ཚངས་པའི་བུ་ག་ནི་ཐར་པའི་སྒོ་ཡིན་པས་རྣམ་ཤེས་དེ་ནས་ཐོན་ཐུབ་ན་དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེ་བར་གསུངས།  དེས་ན་འཕོ་བའི་གདམས་པར་རང་བྱང་ཆུབ་པའི་བླ་མ་ཞིག་གདན་དྲངས་ཏེ་འཕོ་བ་ཞུ་དགོས། འཕོ་བ་ཞེས་པ་ནི་འདས་པོའི་སྐྱེ་བ་ཕྱི་མ་སྤྱིར་འཁོར་བ་དང༌། ཁྱད་པར་ངན་སོང་གསུམ་ལས་སྐྱོབ་ཆེད་རྣམ་ཤེས་བཙན་ཐབས་ཀྱིས་དག་ཞིང་དུ་སྐྱེལ་བའི་གསང་སྔགས་ཀྱི་ཐབས་ལམ་ཁྱད་དུ་འཕགས་པ་ཞིག་རེད། ཡང་བླ་མ་རྩ་ཆེན་འགའ་ཞིག་ངོ་ཕེབས་མ་ཐུབ་གནས་སྐབས་སུ་རྒྱང་འཕོ་གནང་སྐྱོང་ཡོང་བ་ཞུ་དགོས། དེ་རིགས་ལ་རྩིས་ནས་བཤད་པའི་ཕུང་པོའི་མགོ་བལྟ་ཡུལ་ཕྱོགས་གཙང་ཇི་འཁེལ་གསལ་པོ་ཞུ་ཐུབ་པ་དགོས། ཡང་བླ་མ་འགའ་ཞིག་ནས་འཕོ་རྫས་རིལ་བུ་གནང་སྲོལ་ཡོད། རིལ་བུ་དེ་གནང་ན་འདས་པོའི་ཕུང་པོར་གཞན་གྱི་ལག་པ་མ་རེག་གོང་ཁྱོ་ག་རིགས་བཟང་ཞིག་གིས་ལག་པ་ཆུས་བཀྲུས་ཏེ་འབྲི་འམ། བ་མར་གང་རུང་སྟེང་འདས་པོའི་སྐྲ་མཚམས་ནས་སོར་བཞི་འཇལ་བའི་སྤྱི་གཙུག་ལ་སྦྱར་ཏེ་མནན་ནས་འཇོག་དགོས། རིལ་བུ་སྦྱང་པའི་མར་དེ་མཛོ་མོའི་མར་མི་རུང་ཞིང་དེ་ནི་མཛོ་མོ་རིགས་བཙོག་པར་རྩི་སྲོལ་འདུག གལ་ཏེ་འཕོ་རྫས་དེ་ལྟར་མེད་ན་བླ་མས་འཕོ་བ་གྲུབ་ནས་ཆུ་ཚོད་འགའ་ཤས་ཙམ་སོང་རྗེས་ཕུང་པོར་ལག་པ་ཐོག་མར་འཆང་མཁན་གྱིས་དང་པོ་ཕུང་པོའི་སྤྱི་གཙུག་གི་སྐྲ་ནས་འཐེན་ཙམ་བྱས་ཏེ་དེ་ནས་ལག་པ་འཆང་ན་རུང་ཞིང༌། དེ་ནི་འདས་པོའི་རྣམ་ཤེས་སྤྱི་གཙུག་ནས་ཐོན་པའི་ཆེད་རེད། འདས་པོའི་རྣམ་ཤེས་སྤྱིར་བཏང་ལུས་ཀྱི་སྒོ་དགུ་གང་རུང་ནས་ཐོན་ཀྱང༌། སྤྱི་གཙུག་གསེར་གྱི་སྒོ་ནས་ཐོན་དཀའ་ཞིང༌། གལ་ཏེ་སྤྱི་གཙུག་ནས་ཐོན་ན་མ་མཐའ་བདེ་འགྲོ་ལྷ་མིའི་རྟེན་བཟང་འཐོབ་པ་གསུངས་ཡོད། དེར་བརྟེན་ས་དགེ་བཀའ་རྙིང་ཚང་མའི་སྔགས་ཀྱི་མན་ངག་ལས་ཆ་མཐུན་གསུངས་པ་རྣམ་ཤེས་སྤྱི་བོ་ནས་འདྲེན་པའི་ཐབས་ལམ་ཟབ་མོ་འཕོ་བ་གནད་སྨིན་ཐེབས་པ་བྱ་རྒྱུ་དེ་འདས་པོའི་དགེ་རྩར་གལ་ཆེ་ཤོས་ཤིག་རེད། གལ་ཏེ་སེང་གེའི་ཉལ་སྟབས་ཀྱིས་འཆི་བ་ཡིན་ན་སྒོ་གཞན་རྣམས་རང་ཤུགས་ཀྱིས་ཁེགས་ཏེ་རྣམ་ཤེས་ཕྲ་མོ་སྤྱི་གཙུག་ནས་ཐོན་འགྲོ་བས་འདི་ལ་སྤྱོད་ལམ་གྱི་འཕོ་བ་ཞེས་གསུངས་ཡོད་པ་མ་ཟད། རང་སྟོབས་སམ་བླ་མའི་མན་ངག་གི་བྱིན་མཐུར་བརྟེན་ནས་དག་ཞིང་དུ་འཕོ་ཐུབ་ཀྱི་ཡོད་པ་རེད། འདི་དག་ནི་གསང་སྔགས་ཀྱི་མྱུར་ཐབས་ཡིན་པས་གང་བྱུང་སྤྲོད་མ་ནུས་གཤིས་སྐལ་ལྡན་དོན་གཉེར་ཅན་གྱིས་ཞིབ་ཆ་ཤེས་འདོད་ན་བླ་མའི་ཞལ་དང༌། འཕོ་འཁྲིད་ལས་ཤེས་པར་བྱའོ།།


བཞི་པ། མགྱོགས་བསྔོ་འབུལ་སྟངས་སྐོར།

དེ་ནས་དགའ་ཉེ་རྣམས་འཛོམས་ཏེ་རོགས་བྱས། བླ་མ་རྩ་ཆེན་ཁག་ལ་མགྱོགས་བསྔོ་འབུལ་དགོས། འདི་ལ་སྦྱང་ཞུ་མ་དགོས་ཀྱང༌། བསྔོ་ཞུའི་དར་དངུལ་དང༌། དེ་མཉམ་རབ་ལ་ཐུབ་དབང་གི་སྐུ་གསེར་ཟངས་སམ། ལི་མ་འཇིམ་སྐུ་སོགས་འབུར་སྐུ་ནམ་བཅས་གཅིག་དགོས། དེ་མིན་ཞལ་ཐང་ངམ། ཐ་མ་ཙ་ལི་སོགས་གང་རུང་ཞིག་ཡོད་ན་ལེགས་མོད། གལ་ཏེ་དེ་ལྟར་མ་བྱུང་ཡང་ཁ་བཏགས་དང༌། དངུལ་བསྔོ་ཡིག་བཅས་འབུལ་སྲོལ་ཡོད།

 

ལྔ་པ། རྒྱུན་པའི་སྐོར།

དེ་ཡང་བོད་ཀྱི་ཡུལ་སྲོལ་ལ་ཚེ་ལས་འདས་རྗེས་ཞག་བདུན་ནམ་ཐུང་མཐར་ཡང་ཞག་གསུམ་རིང་སྐུ་ཕུང་བཞག་ནས་མཆོད་པ་བྱེད་པ་དང༌། དེ་འབྲེལ་འདས་པོའི་ཕུང་པོ་ཕྱིར་འདོན་མ་བྱས་བར་རྒྱུན་པ་ཞེས་སྨོན་ལམ་འདོན་མཁན་དགེ་འདུན་འགའ་ཤས་གདན་དྲངས་པ་རྣམས་ཕུང་པོའི་ཉེ་འཁྲིས་སུ་ཉིན་མཚན་མེད་པར་བར་དོ་ཐོས་གྲོལ་གྱི་ངོ་སྤྲོད་དང༌། བར་དོའི་གསོལ་འདེབས། སྡིག་བཤགས་དང༌། སྨོན་ལམ་གྱི་རིམ་པ་གང་རྒྱས་དང༌། མི་འཁྲུགས་པ་དང༌། ཀུན་རིག་སོགས་ཡི་དམ་གང་རུང་གི་སྒོ་ནས་བདག་འཇུག་བཞེས་ཏེ་ཉིན་ལྟར་སྦྱང་ཆོག་ཅེས་འདས་པོའི་སྡིག་པ་སྦྱང་བ་ཐེངས་རེར་བྱང་རྟེན་ཞེས་དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་མིང་བྱང་གི་འོག་འཇོག་བྱེད་འདས་པོའི་གྱོན་སྣེ་རྙིང་ཧྲུལ་མ་ཡིན་པའི་ཁ་ནེམ་དེར་སྣེ་འདོགས་ཁ་བཏགས་རེ་སྒྲོག་སྟེ་འབུལ་དགོས་པ་དེ་དག་གི་ཐེབས་ཅི་གཅིག་རེ་བཀོག་སྲོལ་འདུག།

 

དྲུག་པ། རྩིས་བཤར་རྒྱུའི་སྐོར།

དེ་ཡང་ཚེ་འདས་དེ་ཉིད་ཀྱི་ཆེད་དུ་རྩིས་ཤར་བའི་དགོས་པ་དང༌། རྩིས་ཤར་ཚུལ། རྩིས་ཤར་བའི་རིམ་པ་དང་གསུམ་ལས།

དང་པོ།          རྩིས་ཤར་བའི་དགོས་པ་ནི་ཚེ་འདས་དེ་ཉིད་ཕུང་འདོན་ཚེས་ཆ་ཇི་ལེགས་དང་ཕྱི་མ་ངན་འགྲོའི་སྐྱེ་འགོ་འགོག་ཕྱིར་བདེ་འགྲོ་ཐོབ་པའི་སླད་རྒྱབ་ཆོས་དང་ལྷ་སྐལ་འཁྲུངས་རྟགས་གང་བཞེངས་དགོས་བསྟན་པ་དང༌། སླར་རྗེས་འཇུག་ལ་འཚུབ་ཆའི་སྐར་ཉེས་སོགས་མི་འབྱུང་འི་གཏོ་བཅོས་བྱ་འོས་རྩིས་ཤར་བའི་དགོས་པ་དེ་ཡིན།

 

གཉིས་པ།       རྩིས་ཤར་ཚུལ་བསྟན་པ་ནི་ཁྱིམ་བདག་གི་རབ་བྱུང་ན་འདས་པོའི་སྐྱེས་ལོ་ཟླ་ཚེས་ཁ་གསལ་དང་མ་བྱུང་ཡང་ལོ་ཁམས་ལོ་རྟགས་དང༌། འཆི་དུས་ཀྱི་ཟླ་བ་དང་ཚེས་གྲངས། གཟའ། དུས་ཚོད་སྔ་ཕྱི། ནང་མི་ཕོ་མོ་རྒན་གཞོན་གྱི་ལོ་རྟགས་དང་ལོ་གྲངས་བཅས་ཀྱི་ཤོག་ལྷེ་ཁ་གསལ་སྐུ་ཡོན་དར་དངུལ་བཅས་རྩིས་པའི་སར་འབུལ་བར་བཏང་སྟེ་རྩིས་བཤར་དགོས། གལ་ཏེ་འདས་པོ་དེ་དགེ་བའི་བཤེས་གཉེན་ནམ། རྣལ་འབྱོར་པ། དེ་བཞིན་སྒྲུབ་པ་ཐོབ་པའི་གང་ཟག་ཞིག་ཡིན་ན། འདས་པོའི་རྣམ་ཤེས་གཞི་དུས་ཀྱི་འཆི་བ་འོད་གསལ་མ་དེ་དང་ལམ་སྦྱངས་པའི་ལམ་དུས་ཀྱི་འོད་གསལ་བུ་དེ་གཉིས་འོད་གསལ་མ་བུ་འཕྲོད་དེ་འོད་གསལ་དེའི་ངང་ལ་མཉམ་བཞག་གི་ཐུགས་དམ་ལ་བཞུགས་ཡོད་ན་ཕྱི་རྟགས་སུ་ནམ་མཁའ་གཡའ་དྭངས་པ་དང༌། ནང་རྟགས་སུ་ཕུང་པོའི་གདོང་གི་བཀྲག་མདངས་ཡུན་རིང་མི་ཡལ་ཞིང་ཕུང་པོར་དྲི་བསུང་མི་འབྱུང་བས་དེ་རིགས་ལ་མྱུར་དུ་ཐུགས་དམ་དཀྲོགས་ན་འཆི་བར་ངོས་མི་འཛིན་པས་ཐུགས་དམ་མ་གྲོལ་བས་ཉིན་གཉིས་གསུམ་རིང་སྐུ་ཕུང་མ་འགུལ་བར་རང་མལ་དུ་འཇོག་དགོས།  གལ་སྲིད་ཐུགས་དམ་མ་གྲོལ་བར་སྒུག་ཡུན་མ་འཁྱོངས་ན་ཐུགས་དམ་སད་ཐབས་བྱེད་དགོས་ཏེ། དེ་ཡང་སྤོས་རྐང་ཁ་ཤས་ལ་མེ་སྤར་བའི་དུད་པ་སྐུ་ཕུང་གི་སྣའི་འཁྲིས་སུ་གདུག་སྟེ། རྔ་རོལ་དང་སིལ་སྙན། དུང་རྒྱ་གླིང༌། ཌ་དྲིལ་དང་བཅས་ཏེ་བདེ་ཅན་ནམ་མངོན་པར་དགའ་བ་ལ་སོགས་དག་པ་མཁའ་སྤྱོད་ཀྱི་གནས་དག་པའི་ཞིང་ཁམས་སུ་བགྲོད་པའི་སྨོན་ལམ་དབྱངས་དང་བཅས་ཏེ་བཏོན་ན་དེ་འཕྲལ་ཐུགས་དམ་གྲོལ་བར་གསུངས། གཞན་ཡང་ཐུགས་དམ་གྲོལ་བར་སྙན་སེང་ཞུ་ལུགས་སོགས་ཀྱང་ཡོད། ཐུགས་དམ་གྲོལ་བའི་རྟགས་སུ་ཕུང་པོའི་མགུལ་ཡོ་བ་དང༌། སྣ་བུག་ནས་བྱང་སེམས་དཀར་དམར་འཛགས་པ། ཕུང་པོར་དྲི་བསུང་བཅས་ཡོང་བ་ཡིན། ཐུགས་དམ་ལ་བཞུགས་ནུས་པའི་བླ་མའམ་དགེ་བའི་བཤེས་གཉེན། རྣལ་འབྱོར་པ་དེ་ཐུགས་དམ་གྲོལ་སྐབས་སྣ་བུག་གཡོན་ནས་བྱང་སེམས་དཀར་དམར་འཛགས་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་མི་ཚང་མ་ཐོག་མར་མའི་མངལ་དུ་དང་པོ་ཆགས་པའི་སྐབས་ཕ་མའི་ཁུ་ཁྲག་གམ་ཐིག་ལེ་བྱང་སེམས་དཀར་དམར་འདུས་པའི་སྙིང་པོ་གཙོ་བོ་ཞིག་སྙིང་གའི་དབུས་སུ་གནས་ཤིང༌། དེ་ལས་གྱེས་པའི་ཐེག་ལེ་དཀར་པོའི་ཆ་ཤས་ཤིག་སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འཁོར་གྱི་དབུས་དང༌། མའི་བྱང་སེམས་དམར་པོའི་ཆ་ཤས་ཤིག་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་གྱི་དབུས་སུ་གནས་ཡོད་པ་དེ་གཉིས་རྒྱུན་དུ་སྙིང་གའི་སྲོག་འཛིན་རླུང་གི་ཡན་ལག་གྱེན་རྒྱུས་ཡས་དེད་དང༌། ཐུར་སེལ་རླུང་གིས་མས་དེད་ཀྱི་ཚུལ་དུ་བརྟེན་ནས་ཡོད་པ་དེ་གཉིས་འཆི་བའི་དུས་སུ་རླུང་དེ་གཉིས་ཀྱི་ནུས་པ་ཉམས་པ་ན་བྱང་སེམས་དཀར་དམར་དེ་གཉིས་རང་སར་གནས་མ་ཐུབ་པར་གཉིས་ཀ་རིམ་གྱིས་སྙིང་གར་འདུས་ཏེ་སྙིང་གའི་སྲོག་འཛིན་གྱི་རླུང་ཕྲ་མོ་དང་ལྷན་གཅིག་ཏུ་རྣམ་ཤེས་གནས་པའི་ཐིག་ལེའི་སྟེང་འོག་ཏུ་གའུ་ཁ་སྦྱོར་དུ་སྡོད་པ་དེ་དུས་གཞི་དུས་ཀྱི་འོད་གསལ་འཛིན་པ་རྣམས་ཐུགས་དམ་ལ་བཞུགས་པ་རེད། དེའི་སྐབས་ཕྱི་དབུགས་ཆད་ནས་འཆི་བའི་སྣང་ཚུལ་མངོན་ཡང་ནང་དུ་སྲོག་འཛིན་རླུང་གི་བྱེད་ལས་ཉམས་མེད་པས་འཆི་བར་ངོས་འཛིན་བྱ་རྒྱུ་མེད། དེ་ནས་སྲོག་འཛིན་གྱི་རླུང་ཕྲ་མོ་དེའང་ཞིག་སྟེ་ནུས་པ་ཉམས་པ་ན་རྣམ་པར་ཤེས་པ་ཕུང་པོ་རྙིང་པ་དང་ཁ་བྲལ་ཏེ་བར་སྲིད་ཀྱི་ལུས་ལེན་པ་རེད། དེའི་སྐབས་སུ་སྔར་གྱི་ཕུང་པོའི་ནང་ལྷན་སྐྱེས་ཀྱི་རླུང་མེད་པས་ཕྱིའི་འབྱུང་བའི་རླུང་གིས་ནང་གི་བྱང་སེམས་དཀར་དམར་སྣ་ཁུག་གཡོན་ནས་ཐོན་གྱི་ཡོད་པ་རེད། དེ་འདྲའི་ཐུགས་དམ་ལ་བཞུགས་པའི་རིགས་ཀྱི་ཕུང་པོ་ཕྱིར་འདོན་ཚེས་ཆ་དང༌། འཆི་བའི་དུས་ཚོད་སོགས་དེ་བཞིན་གཟའ་ཚེས་འདས་པོའི་ལོ་རྟགས་བཅས་རྩིས་མཁན་ལ་ཕུལ་ཏེ་ཐུགས་དམ་གྲོལ་མཚམས་ཀྱི་རྩིས་འབྲས་གཞིར་བཟུང་སྐུ་ཕུང་ཕྱིར་འདོན་བྱ་དགོས་པ་ལས་ཐུགས་དམ་ལ་བཞུགས་བཞིན་པའི་སྐབས་ཀྱི་རྩིས་འབྲས་སམ་སྔོན་མའི་རྩིས་འབྲས་ཀྱིས་མི་ཡོང་ངོ་། །

མདོར་ན་འཇིག་རྟེན་འདི་ཡང་ཐོག་མར་འབྱུང་བཞིའི་ངོ་བོ་ཉིད་འདུས་ནས་ཆགས་ཀྱང་ཐ་མར་འབྱུང་བཞིས་འཇིག་པར་བྱེད། དེ་བཞིན་སྒྱུ་ལུས་ཀྱི་ཕུང་པོ་འདི་ཡང་ཐོག་མར་འབྱུང་བཞི་འདུས་ནས་ཆགས་པ་སྟེ་དཔལ་ལྡན་རྒྱུད་བཞི་ལས། འབྱུང་འགྱུར་དུས་ཀྱི་རི་རབ་འཇིག་དང་མཚུངས། །ཞེས་པ་ལྟར་ཐ་མར་འབྱུང་བཞིས་འཇིག་པར་འགྱུར་ཞིང་ཐོག་མར་ཕ་མའི་ཁུ་ཁྲག་དང་འབྱུང་བཞིས་རྒྱུ་གཙོ་བོ་བྱས་ནས་གྲུབ་ཀྱང་ཐ་མར་འབྱུང་བའི་བྱེད་ལས་ཉམས་པ་ལས་ཁམས་དཀར་དམར་གཉིས་སྣ་བུག་ནས་ཐོན་རྗེས་གཞི་ནས་འཆི་བར་ངོས་འཛིན་པ་ནི་རྒྱུ་འབྲས་དེ་ལྟར་ལས་ཤེས་དགོས་སོ།།

གསུམ་པ། རྩིས་ཤར་བའི་རིམ་པ་དང་དཔེར་བརྗོད་ལའང་བཅུ་དྲུག་ཡོད་པ་ལས།

དང་པོ་མཆོད་པར་བརྗོད་པ། གཉིས་པ་བླ་ཕྱོགས་གང་དུ་ཁྱེར་མིན། གསུམ་པ་ལེ་ལན་གང་ཡིན་བསྟན་པ། བཞི་པ་སྲོག་སུས་བཅད་མིན། ལྔ་པ་སེམས་གང་ལ་ཆགས་མིན།

དྲུག་པ་གཤེད་གང་དང་དུ་སོང་མིན་ལ། ཅུང་ཟད་དཔྱད་ན་འགའ་ཞིག་ནས་གཤིན་པོ་དེའི་རྣམ་ཤེས་ཕྱོགས་གང་དུ་སོང་མིན་ལ་དཔྱད་བྱ་གསུངས་མོད། གཤེད་ཅེས་པ་རྣམ་ཤེས་ཁོ་ན་ཡིན་པས་ཁྱབ་པ་མེད། དེ་ཡང་གཡའ་སེལ་ལས། ཕུང་པོ་རང་ལུས་སོར་ལ་བཞག །བླ་ནི་གཤེད་མའི་འདྲེ་ཡིས་འཁྱེར། །ཡིད་ནི་ཕུང་པོའི་ཡུལ་ལ་ཆགས། །སེམས་ནི་འཇིག་རྟེན་འཁོར་བར་འཁྱམས། །ཞེས་བཤད་དེ། ཕལ་བ་རྩིས་ཡུལ་དུ་གྱུར་པ་རྣམས། ཕུང་པོ་གསོན་ཡུལ་རང་སོར་བཞག་ཅིང༌། བླ་གཤེད་ཀྱི་འདྲེས་ཁྱེར། ཡིད་ཕུང་པོའི་ཡུལ་ལ་ཆགས་པའི་དབང་གིས་དེར་དམིགས་པའི་རོ་ཆས་རོ་རྫོངས་ཟན་གཏད་སོགས་འདུར་མ་བྱས་ཚེ་གསོན་ལ་གནོད་པའི་འདྲེར་འཚེ་ཞིང༌། འདུར་ལེགས་ན་འགོ་བའི་ལྷ་ལྟར་གསོན་ལ་གྲོགས་བྱེད་པས་དུར་ས་བརྟགས་དེར་རིམ་པ་གྲལ་ཐབས་སུ་འདུར་དགོས་ཤིང༌། དེ་ཡང་ལྷན་ཅིག་སྐྱེས་པའི་ལྷ་དེ་སེམས་དང་འགྲོགས་ཤིང༌། འདྲེ་དེ་གཤིན་པོའི་ཡིད་དང་བསྡོངས་ནས་བར་དུ་གཅོད་ཕྱིར་ཆས་བདུན་སོགས་བཤད་པ་དང༌། ཡང་དེ་ཉིད་ལས། དེ་ཡང་མན་ངག་སྣང་གསལ་ལས། །ལུས་སེམས་གཉིས་སུ་བྲལ་བའི་ཚེ། །ལྷན་གཅིག་སྐྱེས་པའི་ལྷ་དང་འདྲེ། །ལྷ་དེ་ཡར་དེ་སེམས་དང་འགྲོགས། །འདྲེ་དེ་གཤིན་པོའི་ཡིད་དང་བསྡོངས། །སླད་མར་གཤིན་པོའི་བདུད་དང་བསྡོངས། །ཞེས་གསུངས་པའི་ཕྱིར་ན་གཤེད་ཅེས་པ་ལྷན་གཅིག་སྐྱེས་པའི་འདྲེ་དེ་ཡིན་པས་སེམས་སོ། །རྒྱུ་མཚན་དེ་ལྟར་ན་གཤེད་རྫོངས་བྱེད་པའི་གནས་སྐབས་སུ་དྲག་པོའི་སྒོ་ནས་རྫོངས་ཀི་ཡོད་པས་སོ།།

བདུན་པ་གང་ལ་ཟློས་མིན། བརྒྱད་པ་གཏོ་རིམ།

དགུ་པ་མདུན་ཆོས་ནི་བླ་མ་དང༌། རྣལ་འབྱོར་པ་ཁ་ཤས་གདན་ཞུ་བྱས་ནས་ཕུང་པོའི་ཉེ་འཁྲིས་སུ་ཉིན་མཚན་དུ་རྟག་བཞུགས་གནང་ནས་ཆོས་བར་དོ་ཐོས་གྲོལ་ངོ་སྤྲོད་དང༌། བར་དོ་གསོལ་འདེབས། སྡིག་བཤགས། བསྔོ་སྨོན་གྱི་རིམ་པ་གང་རྒྱས། བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་སམ་མི་འཁྲུགས་པ། ཀུན་རིགས། སྨན་ལྷ། སྤྱན་རས་གཟིགས། དཀོན་མཆོག་སྤྱི་འདུས། མཁའ་སྤྱོད་པ་སོགས་ཡི་དམ་གང་རུང་གི་སྒོ་ནས་སྦྱངས་ཆོག་ཞེས་འདས་པོའི་སྡིག་སྦྱོངས་གནས་འདྲེན་གྱི་ཆོ་ག་སོགས་བྱས་པར་མདུན་ཆོས་སོ།།

བཅུ་པ་ཕུང་པོར་བལྟ་རེག་མི་རུང་བའི་ལོ་རྟགས་ཀྱིས་གཤིན་པོར་མིག་བལྟ་བ་དང༌། ལག་གི་རེག་ན་གཤིན་པོའི་སྐྱེ་གནས་སོགས་ལ་གནོད་པས་དེ་ལྟར་མི་རུང་བར་གསུངས་པ་ཡིན།

བཅུ་གཅིག་པ་དུར་རྫོང་ནི་གཤིན་པོ་དེ་ཉིད་དུར་སར་རྫོང་བ་དང་ཆབས་ཅིག་རང་གི་སེམས་ཆགས་སའི་དངོས་པོ་ཙག་ཙིག་དང༌། གཙོ་བོ་གཤིན་རྩིས་ནང་གསལ་བའི་དུར་སར་རྫོང་བའི་ཤིང་གི་རིགས་དང༌། སྨན་རྩའི་རིགས། སེམས་ཅན་དུད་འགྲོའི་གཟུགས་པོའི་ཡ་གྱལ། བྱ་བྱིའུ་ཡི་སྒྲོ་སོགས་གང་འོས་རྣམས་གཤིན་པོ་དང༌། མཉམ་དུ་དུར་སར་བརྫང་ནས་དུར་སར་སླེབས་སྐབས་མེར་བསྲེག་གཏོང་དགོས།

 བཅུ་གཉིས་པ་གཤིན་པོའི་དུར་ཤུལ་འཕྱག་པ། དེ་ནི་གཤིན་པོ་དི་ཉིད་ཞག་གསུམ་རིང་ཇ་ཆང་ཟས་སོགས་ཀྱི་ཕུད་ཕུལ་སའི་ས་ཕག་དང༌། དེ་བཞིན་ཡོལ་ལའི་ནང་གཤིན་པོའི་མདུན་དུ་ཕུལ་བའི་ཅ་དངོས་ཙག་ཙིག་རྣམས་གཤིན་པོ་གདན་ཞུས་ཟིན་རྗེས་ངེས་པར་དུ་མི་གང་བྱུང་གིས་འཕྱག་པར་མི་བྱ་བར་གཤིན་པོའི་ལོ་རྟགས་བདུན་ཟུར་ལོ་པས་རྟའི་རྨིག་པ་སོགས་གང་རུང་གཤིན་རྩིས་ནང་གསུངས་པ་ཇི་བཞིན་བྱའོ།།

བཅུ་གསུམ་པ་རྒྱབ་ཆོས་ནི་སྐུ་ཕུང་གདན་འདྲེན་ཞུས་ཟིན་རྗེས་མུ་མཐུད་རང་ཁྱིམ་དུ་རྒྱལ་བའི་བཀའ་སྒྲོག་བྱ་དགོས་པའི་ཆོས་ཚན་ཞིག་ཏེ། དེ་ནི་གཤིན་རྩིས་སྤར་ཁ་སོ་སོའི་འབྲས་བུའི་ནང་རྒྱབ་ཆོས་སུ་ཆོས་ཚན་ག་རེ་གསུང་སྒྲོགས་བྱེད་མིན་རྣམས་གསལ་པོར་བྲིས་པ་ཇི་བཞིན་གནང་ན་འགྲིག། 

བཅུ་བཞི་པ་དམར་མེ་བསྔོ་ཞུ།།  

བཅོ་ལྔ་པ་འཁྲུངས་རྟགས་དེ་ནི་བབས་སྨེ་ནས་ཚེ་ཕྱི་མར་ངན་འགྲོ་གང་སྐྱེ་དེ་དག་འགོག་ཆེད་བཞེངས་པའི་རྒྱལ་བའི་སྐུ་བརྙན་ནམ་ཐང་ག་གང་རུང་ལ་ཟེར། སྐབས་རེ་འཁྲུངས་རྟགས་དང་གཟུངས་འདི་དང་དཔེ་ཆ་གླེགས་བམ་ཆུང་ངུ་སོགས་བཞེངས་དགོས་པ་ནི་སྨེ་བ་མི་འདྲ་བའི་ཁྱད་པར་གྱིས་སྐུ་བརྙན་རིགས་མི་འདྲ་བ་བཞེངས་དགོས། གཟབ་ནན་བྱ་རྒྱུར་འཁྲུངས་རྟགས་ནི་ངེས་པར་དུ་བབས་སྨེ་ནས་འདོན་པ་ལས་སྐྱེས་སྨེ་ནས་འདོན་རྒྱུ་མེད། དེའི་ཐད་ཉམས་མྱོང་དབེན་པའི་རྩིས་པ་གསར་པ་དང༌། དེ་བཞིན་དེ་ཙམ་གྱི་རྩིས་རིག་གཞུང་ལ་སྦྱངས་གོམས་མེད་པ་རྣམས་ཀྱིས་འཁྲུལ་བར་གྱུར་བས་ཡིད་གཟབ་གནང་རྒྱུ། དེ་གཉིས་ཕན་ཚུན་འཁྲུལ་བའི་སྐྱོན་ནི་སྐྱེ་སྨེ་དེ་ནི་མི་ཞིག་སྐྱེས་པ་ནས་མཐར་འཆི་བའི་བར་ལ་སྐྱེས་སྨེ་དེ་ལུས་དང་གྲིབ་མ་ཇི་བཞིན་ཡིན་པས་ཚེ་རབས་ལས་རྩིས་ཀྱི་རྩིས་འབྲས་གཞིར་བཟུང་གསོན་རྟགས་བཞེངས་དགོས་ན་སྐྱེ་སྨེ་ཁོ་ན་ལས་བཞེངས་དགོས། བབས་སྨེ་ནི་ལོ་རེར་འཕོས་པས་རང་གང་ལ་བབས་སྐབས་ཚེ་ཡི་དུས་བྱས་པ་དེའི་འབྲས་བུ་གཞིར་བཟུང་གིས་འཁྲུངས་རྟགས་བཏོན་དགོས་སོ། །གཞན་ཡང་ཉིན་མའི་ལོ་རྟགས་ནས་ཀྱང་འཁྲུངས་རྟགས་འདོན་པའི་སྲོལ་ཀྱང་ཡོད་པས་སོ།།

བཅུ་དྲུག་པ་ངོ་རས་ནི་སྐྱེས་བུ་གང་ཉིད་ཚེ་ལས་འདས་རྗེས་ཞལ་རས་མི་མཐོང་བའི་ཆེད་རས་ཀྱིས་ངོ་བཀབ་པར་བྱེད་དེ། ཞལ་རས་བཀབ་རྒྱུའི་རས་ཀྱི་ཚོན་མདོག་ལའང་དབྱེ་བ་ཡོད་དེ། སློབ་དཔོན་གྱིས་ངོ་རས་གཡོག་རྒྱུའི་མཚོན་མདོག་ནི་གཤིན་པོ་གང་ཉིད་ཀྱི་སྤར་ཁའི་༼བབས་སྤར༽དགྲ་དེའི་ཚོན་མདོག་གཞིར་བཟུང་ཏེ་བཀབ་དགོས་པས་སོ།།

བཅུ་བདུན་པ་དམིགས་གསལ་ལོ་ཟླ་ཞག་དུས་ཉི་ནག་སོགས་ཀྱི་བཅོས་བྱ་ཚུལ་སོགས་ཡིན་པས་སོ།། གལ་སྲིད་ཐུགས་དམ་ལ་གནས་པ་དེ་འདྲ་ཡིན་ན་ཐུགས་དམ་གྲོལ་མཚམས་དེ་ནས་རྩིས་ཞུས་ཏེ་འདོན་སྟངས་བྱ་དགོས་པ་ལས། ཐུགས་དམ་ལ་མ་ཞུགས་པའི་དབང་དུ་བྱས་པའི་རྩིས་འབྲས་སྔོན་བཏོན་དེས་མི་འགྲིག་གོ། །

 

བདུན་པ། ཕུང་པོའི་སྒྲིལ་བྱང་སྐོར།

འདས་པོ་དེ་ཉིད་ཐུགས་དམ་གྲོལ་བའམ། དེ་མིན་འཕོ་ཞུའི་བྱ་བ་ཟིན་རྗེས་རྩིས་གསལ་ཕུང་འདོན་གཟའ་ཚེས་ཉིན་གསུམ་བཞི་རིང་མེད་ན་དེ་བར་ཕུང་པོ་ཁྱིམ་དུ་འཇོག་ཉར་དགོས་པས་དྲི་ང་བ་ཆུང་ཁྱད་དང༌། བྱ་གཏོར་བྱ་དགོས་རིགས་གཙང་སྦྲ་དོད་པོ་བྱུང་ན་བྱ་རྒོད་ཀྱིས་མྱུར་དུ་བཞེས་པའི་ཁྱད་ཡོད་པར་བརྟེན་ཕུང་པོ་འཁྲུ་དགོས་ཤིང༌། དེའི་བར་རྒྱུན་པའི་དགེ་འདུན་རྣམས་ཐུན་སེང་ཁྱུག་ཙམ་མཛད་པའི་ཤུལ་དུ་ཕུང་པོ་ལྕགས་ཟངས་ཤིང་སོགས་གང་རུང་གི་གཞོང་པའི་ནང་དྲི་བཟང་དང་། གུར་གུམ། ག་པུར་བཅས་ཀྱི་ཕབ་ཡོད་པའི་ཆུ་དྲོ་འཇམ་ཞིག་གིས་ལེགས་པར་བཀྲུས། འཁྲུས་རྫས་ཡི་རྩི་མ་དགོས། དེ་ནས་རས་གཙང་དྲི་མེད་པས་འཕྱིད། ཁ་སྒོ་སོགས་ནས་བརླན་མི་འཛགས་པའི་ཆེད་དུ་སྐྱེས་པ་ཡིན་ན་ཕོ་རྟགས་ཀྱི་རྩེ་མོ་བལ་ལམ། རས་སྐུད་ཀྱིས་བསྡམས། ཁ་སྣ་དང༌། འོག་སྒོ་མར་གྱིས་བཀག བུད་མེད་ཡིན་ན་ཆུ་སྒོའང་མར་གྱི་བཀག་གི་རེད། ཆུ་བཀྲུས་ཟིན་རྗེས་སྒྲིལ་བྱང་ཞེས་ཉམས་མྱོང་ཡོད་པའི་མི་ཞིག་དང༌། རོགས་བྱེད་བཅས་ཀྱིས་ཕུང་པོ་ཙོག་བུ་བཟོས་ནས་རྩ་ཐག་གིས་དམ་པོར་བསྡམས་ཏེ་གོས་སམ། མང་ཆེ་བ་མལ་གཟན་དཀར་པོ་ཞིག་གིས་བཏུམས་ནས་འཆི་ཁང་གི་ཟུར་ཁུག་ས་ཕག་འགའ་ཤས་བསྒྲིགས་པའི་སྟེང་བཞག་སྟེ་འབྱོར་ལྡན་ནམ། མཐུན་རྐྱེན་འཛོམས་པའི་རིགས་ནས་དབང་རྫས་རིགས་ལྔ་དང༌། སྟོད་ལྷེ་ཞིག་བསྒྲོག ཡོལ་བཅད་ཅིག་བཏང་ནས་འཇོག་པ་རེད། དེ་ལྟར་མ་བྱས་པར་གདན་ཁྲི་འམ། ས་གང་བྱུང་སྟེང་བཞག་ན་དེར་དུར་ས་ཆགས་ཏེ་རྗེས་སུ་ཁང་པ་དེའི་ནང་མི་ཤི་མང་པོ་ཡོང་གི་རེད་ཅེས་ཟེར་སྲོལ་འདུག རྩ་ཐག་གིས་བསྡམས་པའི་རྒྱུ་མཚན་ནི་གཅིག་ཏུ་རོ་ལངས་མི་རྒྱག་པའི་ཆེད་དང༌། ཉམ་ཆུང་ལྟ་བུའི་རིགས་ཕུང་པོ་དུར་སྐྱེལ་སྐབས་སྟོབས་ལྡན་མི་གཅིག་གིས་རྒྱབ་འཁུར་བདེ་བ། རྩ་ཐག་མཁྲེགས་པོ་དང་གཙང་མ་ཡིན་པ་མ་ཟད། དུར་ཁྲོད་དུ་བསང་ཤིང་མཉམ་ཐག་པ་མེར་བསྲེགས་གཏོང་སྐབས་གཞོབ་འཐུལ་མི་འབྱུང་བ་སོགས་ཀྱི་ཆེད་ཡིན་འདུག ཕུང་པོ་དུར་འདོན་བྱས་མ་ཟིན་བར་ཕུང་པོའི་འཁྲིས་སུ་ཁྱི་དང༌། ཞུམ་བུ་མ་འགྲོ་བ་དང༌། ལྷག་པར་ཞུམ་བུ་མ་ཤོར་བ་གཟབ་ནན་བྱ་སྲོལ་འདུག གང་ལགས་ཤེ་ན། སེམས་ཅན་དེ་ཚོའི་སྤུ་ལ་གྲ་ཡོད་པས་ཕུང་སྟེང་བསྡད་ཤོར་བྱས་པ་ལྟ་བུ་བྱུང་སྲིད་ན་གདོན་ཞུགས་ཏེ་རོ་ལངས་ཡོང་གི་རེད་ཟེར་སྲོལ་ཡོད་པ་མ་ཟད། སྔ་མོ་ཕུང་པོ་ཁང་པའི་ནང་ཉིན་མང་པོ་འཇོག་སྲོལ་ལྟར་བཞག་པས་སྐབས་རེ་རོ་ལང་ས་བྱུང་སྟེ་ཡུལ་གྲོང་སྟོང་པ་རེད་ཅེས་དེང་སྐབས་ཀྱང་བོད་ཀྱི་གྲོང་འགའ་ཞིག་ལ་ཁང་གྲོང་མང་པོ་སྟོང་ཤུལ་ཡོད་པ་དང༌། སྔ་མོའི་ཁང་པའི་རིགས་ཀྱི་སྒོའི་དཔང་ལ་ཕི་ཀྲི་ལྔ་ཙམ་མ་གཏོགས་མེད་པ་དེ་འདྲ་ཡོད། དེ་ནི་རོ་ལངས་ཀྱི་རིགས་སྒུར་པོར་འགྲོ་མ་ཐུབ་པས་གལ་སྲིད་དེ་འདྲ་བྱུང་ན་སྒོའི་ཡར་ཐེམ་ལ་བརྡབ་སྟེ་འགྱེལ་བའི་ཆེད་རེད་ཅེས་བརྗོད་རྒྱུན་འདུག གོང་སྨོས་རྣམས་བོད་ཀྱི་ཡུལ་དབུས་ཀྱི་ལུགས་སྲོལ་ལྟར་ཡིན། འོན་ཀྱང་ཡུལ་ལུང་སོ་སོར་ཕུང་པོ་སྒྲིལ་བྱང་བྱེད་ཚུལ་འདྲ་མིན་སྣ་ཚོགས་ཡོད། དེང་སྐབས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱང་ཡུལ་ལུང་སོ་སོའི་ལུགས་སྲོལ་ལྟར་བྱེད་ཀྱི་ཡོད། དཔེར་ན་རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་ལུང་པར་བོད་མི་རྣམས་ཕུང་པོ་ཙོག་པུར་འཇོག་པ་ཤིན་ཏུ་དཀོན། མར་གན་རྐྱལ་ལ་བསྙལ་གི་ཡོད་ཅིང་རབ་བྱུང་ན་བོད་ཀྱི་ལུགས་སྲོལ་ལྟར་བྱས་ན་དགོས་པ་དུ་མ་ཡོད་པ་ཡིན།


བརྒྱད་པ། བསྔོ་རྟེན་འབུལ་སྟངས་སྐོར།

དེ་ནས་དགའ་ཉེ་གྲོགས་མཆེད་རྣམས་ནས་མཉམ་རུབ་ཀྱི་བླ་ཆེན་ཁག་ལ་བསྔོ་རྟེན་འབུལ་རྒྱུའི་དངུལ་དངོས་གྲ་སྒྲིག་དང༌། བསྔོ་གཞུང་དང༌། བསྔོ་ཡིག་བཟོ་བྲིས་དགོས་པས་བསྔོ་རྟེན་འབུལ་ཡུལ་གྱི་བླ་མའི་མཚན་གཞུང་ནི་དུས་དེ་དང་ཉེ་བར་སྐུ་གཤེགས་ཟིན་པའི་རྗེས་མཇུག་གི་ཁྱིམ་ཚང་དག་ལས་བསྔོ་གཞུང་རྙིང་པ་གཡར་ཏེ་དེར་དཔེ་བལྟའི་ཐོག་ནས་རྒྱས་བསྡུས་བློས་དཔྱད་ཀྱིས་གསར་དུ་བཟོ་བྲིས་བྱ་དགོས། དེ་བཞིན་བདུན་ཚིགས་སོ་སོར་མཆོད་འབུལ་བྱ་རྒྱུའི་མཆོད་གཞུང་བཅས་དཀར་མེ་བསྔོ་ཞུའི་གོང་ལ་ཚང་མ་གྲ་སྒྲིག་བྱས་ཟིན་པ་བྱ་དགོས་གཤིས་དེ་དག་གི་ལས་ཀའི་ཆེད་དུ་དགའ་ཉེ་ནང་མི་རྣམས་ནས་རོགས་རམ་ཉིན་མཚན་ལྟོས་མེད་གནང་ཡོང་ཞིང༌། བླ་མ་རྩ་ཆེ་ཁག་ལ་སྦྱང་ཞུ་འབུལ་དགོས་ཀྱི་སྦྱང་རྟེན་ལ་འདས་པོའི་གྱོན་གོས་གང་རུང་ཁ་ནེམས་ཞེས་དྲི་ཕོག་པ་ལེགས་པ་རེ་ངེས་པར་འབུལ་དགོས་པའི་གྱོན་པ་དེ་དག་གི་ཐེབས་ཅི་གཅིག་རེ་བཀོག་སྲོལ་དང༌། གལ་ཏེ་སྦྱང་ཞུ་མ་གཏོགས་བསྔོ་རྟེན་རྐྱང་པ་ལས་དངོས་པོ་འབུལ་མིན་རྗེས་སྡོད་ཀྱི་བློས་བཅད་ཆོག་འཐུས་ལས། ཡིན་གཅིག་དངོས་པོ་མ་དགོས་པས་དངུལ་འཁོས་བསྟུན་བློས་བཅད་ཀྱིས་རིས་སུ་མ་ཆད་པའི་བླ་ཁག་དང༌། བྱ་བཏང་ཚེ་འཚམས་པ་སོགས་བསྔོ་ཞུ་རྒྱ་གང་ཆེ་འབུལ་དགོས་རྣམས་དང༌། མཇུག་ཏུ་མཚམས་གཅོད་རལ་གྲི་ཞེས་ཕྱིས་ནས་འཆི་བའི་རྒྱུན་གཅོད་པའམ། འཆི་བདག་གཤིན་རྗེ་འགོག་པའི་བརྡ་མཚོན་དུ་གྲི་རིང་ཐུང་གང་རུང་སྣེ་འདོགས་ཁ་བཏགས་དང་འདོད་གསོལ་བསྔོ་ཡིག་ཤོག་ལྷེ་བསྒྲོགས་པ་ཞིག་བཅས་དཀར་མེ་བསྔོ་ཞུའི་གོང་ལ་ཚང་པ་བསྔོགས་ཏེ་འགྲེམས་འབུལ་བྱས་ཆོག་བཟོས་ཟིན་པ་བྱ་དགོས།།


དགུ་པ། ཞལ་འདེབས་སྐོར།

དཀར་མེ་བསྔོ་ཞུའི་གོང་ལ་ཞལ་འདེབས་འབུལ་མི་ཚོས་འབུལ་རྒྱུའི་དངུལ་གྱི་ཤོག་ཆག་ཁ་ཡིག་ལ་དཀར་མེའི་ཞལ་འདེབས་ཞེས་འགོད་པ་དང༌། དེ་ནས་འགྱངས་ཚེ་འཁྲུངས་རྟགས་ཞལ་འདེབས་སོགས་གང་རིགས་འགོད་སྲོལ་ཡོད། དེ་མཉམ་ཁ་བཏགས་ལེགས་འབྲིང་ཇི་ཡིན་དེ་དག་རིང་པོར་མ་གློད་པར་མྱ་ངན་གྱི་ཚུལ་དུ་ལྟེབ་ཚིགས་རྒྱག་དགོས་པ་དང༌། འགའ་ཞིག་ནས་སྤོས་ཆག་ཁ་ཤས་ཀྱང་འབུལ་གྱི་ཡོད།


བཅུ་པ། དཀར་མེ་བསྔོ་ཞུ།

དཀར་མེ་བསྔོ་ཞུ་ཞེས་པ་ནི་རྩིས་འབྲས་ནང་གསལ་ཕུང་པོ་ཕྱིར་འདོན་གྱི་ཉིན་སྔོན་མ་དེ་རང་ལ་ཟེར་བས། དཔེར་ན། ཕུང་འདོན་སང་ཉིན་འཁེལ་ན་དེ་ཉིན་དཀར་མེ་བསྔོ་ཞུ་ཡིན། དེ་ཉིན་སྔ་དྲོ་དགའ་རོགས་མང་པོ་འཛོམས་པ་རྣམས་ཁག་བགོས་ཀྱིས་གཙུག་ལག་ཁང་ཡས་མས་སོགས་ཉེ་སྐོར་ཕྱོགས་བཞིའི་རྟེན་གསུམ་ཁག་ལ་མར་བཞུ་ཡོད་པའི་ཟོ་ལག་དང༌། སྙན་ཤལ་མང་པོ། སྤོས་བཅས་བསྐུར་ཏེ་ཉིན་དགུང་གོང་ལ་ཚང་མ་འབུལ་དུ་བཏང་ཚར་བ་བྱེད། དེ་བཞིན་དབུལ་ཕོངས་ལ་སྤྲང་འགྱེད་སོགས་སྦྱིན་གཏོང་ཡང་བྱེད། གྲ་སྒྲིག་སྔོན་ཟིན་བསྔོ་རྟེན་ཁག་ཀྱང་ས་གནས་འབྲེལ་ཡོད་ཚོ་ཁག་སྒྲིལ་སྟེ་བསྡམས་བཟོས་ཏེ་དགའ་གྲོགས་འགའ་ཤས་ལ་ཁག་བགོས་ཀྱིས་བསྐུར་ཐོག་མཇུག་ཏུ་མཚམས་གཅོད་རལ་གྲི་སྣེ་དེ་ཉེ་སྐོར་མགོན་ཁང་ཞིག་ལ་འབུལ་རྒྱུ་བཅས་བསྐུར་ཏེ་དགའ་གྲོགས་རྣམས་དེ་ཉིན་འདས་པོའི་ཁྱིམ་དུ་ཕྱིར་ལོག་གནང་སྲོལ་མེད། དེ་ནས་དགའ་ཉེ་རེ་ཟུང་བཞུགས་ཏེ་དགོངས་དྲོ་རྒྱུན་པ་རྣམས་ལ་སྐུ་ཡོན་ཆེན་པོ་ཕུལ་ཏེ་དགེ་འདུན་རྣམས་ཕྱིར་ལོག་གི་རེད།


བཅུ་གཅིག ཕུང་པོ་ཕྱིར་འདོན་སྐོར།

དེ་ཡང་རྩིས་པ་དང་ནང་མི་རྣམས་ནས་དམིགས་བསལ་གྱི་འགན་ཁུར་ཆེན་པོ་གནང་དགོས་པ་ཞིག་ནི། སྐྱ་སེར་ཕོ་མོ་གང་ཡང་རུང་བ་ཞག་གསུམ་གྲུ་བཞི་ཞེས་ཞག་གསུམ་ལས་མི་ཉུང་བ་སྐུ་ཕུང་ནང་དུ་ངེས་པར་ཉར་དགོས། མི་ཚེ་གཅིག་གི་ཕ་མ་སྤུན་མཆེད་གཉེན་ཉེ་སོགས་གང་རུང་འདས་ཀྱང༌། དེང་སྐབས་ཐ་ནའང་ཕུང་པོ་ཉིན་གསུམ་ཙམ་ནང་དུ་འཇོག་རྒྱུར་སུན་པོ་དང་འཚེར་པོ་བྱེད་ཀྱི་ཡོད་པས་དེ་ལྟར་བྱེད་མི་རུང༌། དེ་ཡང་འོག་ཏུ་ལུང་བསྟན་ལྟར་ཞག་བཞི་སྔོན་ལ་ཕུང་པོ་བཏང་ན་མི་གསད་པའི་ཉེས་ཡོད་ཅིང༌། ཉིན་གསུམ་ལས་མང་བ་འདས་པའི་རྗེས་སྐུ་ཕུང་གདན་ཞུ་བྱེད་དགོས། དེ་ཡང་ཐ་མལ་པ་མ་ཡིན་པའི་དེ་མིན་རྒྱལ་པོ་དང༌། ཁྱད་པར་དུ་བླ་མ་སྐྱེས་ཆེན་དམ་པ་ཐུགས་དམ་ལ་བཞུགས་པའི་རིགས་སྐུ་ཕུང་བསྲེག་པ་ལ་སོགས་པའི་དུར་ལྔ་གང་བྱས་ཀྱང་མཚམས་མེད་པའི་ལས་ཀྱི་ཉེས་པ་ཡོང་གི་ཡོད་ཅིང༌། དེ་རྣམས་གང་འདྲ་བྱེད་མིན་ཐད། མདོ་སྡེ་མྱང་འདས་ལས། འཁོར་ལོས་བསྒྱུར་རྒྱལ་རྒྱལ་བའི་པུར། །ཞག་བདུན་བར་དུ་འཇོག་པ་སོགས། །གསལ་བར་གསུང་ཤིང་རྣམ་འབྱོར་པ། །འོད་གསལ་གནས་ལ་བསྲེག་སྦྱངས་སོགས། །མཚམས་མེད་ལས་ཡིན་ཐ་མ་པ། །ཕུང་ཆགས་ལ་སོགས་གནས་པ་ལ། །དེ་བཞིན་མི་དགེ་སྲོག་གཅོད་ལས། །ཐ་མལ་ཕུང་པོར་ཡུན་རིང་ཡང༌། །བཞི་རྩིས་ཚུན་གྱིས་མཐའ་ཀག་པའི། །དགོས་པའི་ཕྱིར་དུ་བཤད་པར་སེམས། །དེ་ཕྱིར་རྣལ་འབྱོར་ཉམས་ལེན་གྱིས། །བཅོས་མིན་ཐུགས་དམ་བཞུགས་པ་རྣམས། །མ་གྲོལ་བར་དུ་སྤང་བར་བྱ། །གཅེས་ཤིང་ཡོན་ཏན་ལྡན་པའི་ཚོགས། །ཞག་བདུན་འདས་ནས་གཏོང་བ་གཅེས། །ཐ་མལ་རང་བཞིན་ཕུང་པོའི་རིགས། །རྣམ་ཤེས་ཡུན་དུ་ངེས་མེད་ཀྱང༌། །རིང་མཐའ་ཕྱེད་དང་བཞི་བཀག་པའི། །ཞག་བཞི་འདས་ནས་གཏོང་བར་བྱ། །ཞེས་གསུངས་པ་ལྟར་རྩིས་པ་དང་ནང་མི་རྣམས་ནས་ཕུང་པོ་ཕྱིར་འདོན་རྒྱུར་དོ་སྣང་ཆེན་པོ་གནང་དགོས། དེ་མིན་མཚམས་མེད་པའི་ལས་དང༌། མི་བསད་པའི་སྲོག་གཅོད་ཀྱི་སྡིག་པ་རྣམས་རྩིས་པ་དང་ནང་མི་རྣམས་ཀྱི་ཐོག་ཏུ་བབ་པས་དགོངས་འཇགས་ཡོང་བ་ཞུ།

དགའ་རོགས་རྣམས་ནས་སྔོན་ཚུད་གྲ་སྒྲིག་ཇི་དགོས་ཟིན་པ་ལྟར། ཕུང་འདོན་དངོས་གཞི་ནི། དཀར་མེ་བསྔོ་ཞུའི་ཕྱི་ཉིན་ཕལ་ཆེ་བ་སྔ་དྲོ་ཐོ་རངས་སྟག་གི་དུས་ཚོད་ཐོག་ཞོགས་པ་དེང་དུས་ཆུ་ཚོད་བཞི་པ་ནས་དྲུག་པ་བར་ལ་ཕུང་པོ་ཕྱིར་འདོན་བྱེད་ཀྱི་ཡོད། འོན་ཀྱང་ནང་མིའི་ལོ་རྟགས་སྟག་ཡོས་ཡོད་ཚེ་ཐོ་རངས་སྟག་གི་དུས་དང་ནམ་ལངས་ཡོས་ཀྱི་དུས་སུ་ཕུང་པོ་གདན་འདྲེན་ཞུ་མི་རུང་། མདོར་ན་ནང་མའི་ལོ་རྟགས་མ་འཁེལ་བའི་དུས་བདུད་རྩི་ཐུན་མཚམས་ཀྱི་དུས་བཟང་དང་བསྟུན་ནས་ཕུང་པོ་གདན་འདྲེན་ཞུ་དགོས་པས་དེའི་སྐབས་ཕུང་པོ་གདན་འདྲེན་ཕེབས་བྱམས་ལྟ་བུ་ཞིག་དགོས་པ་ཟུར་དུ་བཟོ་ཐུབ་ན་རབ་དང༌། དེ་མིན་ཕལ་མོ་ཆེས་རྒྱ་ལྕོག་གྲུ་བཞི་ཞིག་ཁ་བསླངས་ཏེ་གཡས་གཡོན་སོ་སོའི་འོག་ཏུ་རྒྱུག་པ་སྲ་འདྲོང་རིང་པོ་རེ་བཏང༌། རྩྭ་ཐག་གམ། རས་ཐག་དམ་པོར་བཅིངས། དེའི་ནང་ཕུང་པོ་ཙོག་ཙོག་དེ་བཞག དབང་རྫས་ཀྱི་སྟོད་ལྷེ་དང༌། རིགས་ལྔའི་དབུ་རྒྱན་བསྒྲོན། ནང་མི་དང༌། རོགས་མི་རྣམས་ནས་ཁ་བཏགས་རེ་ཕུལ། ཁང་པའི་སྒོའི་ཕྱིར་བསང་དུད་ཆེ་ཙམ་ཞིག་བཏང༌། ཕུང་པོ་ཡོད་པའི་བྱམས་འཁྱེར་ཁྱོ་ག་གཞོན་ཐང་མི་བཞིས་དཔུང་འགྱོགས་ཀྱིས་འཁྱེར། ཕྱི་མའི་ལམ་དཀར་པོར་འགྲོ་བའི་མཚོན་དོན་དུ་དར་སྣེ་འདྲེན་པ་ཞེས་ཕུང་པོར་ཁ་བཏགས་ཤིག་བསྒྲོགས་པའི་སྣེ་ནས་བཟུང་སྟེ་ཐོག་མར་དང་པོའི་འདས་ཁང་གི་སྒོ་ཐོན་མ་ཐག་རྩིས་ནང་གསལ་བའི་ཕྱོགས་གཙང་ཇི་ཡིན་ལ་ཁ་བསྐོར་ཏེ་ངང་ཙམ་བྱས། དེ་ནས་བསངས་དུད་ཡོད་ས་དེར་གཡས་སྐོར་གསུམ་དང༌། གཡོན་བསྐོར་གསུམ་བརྒྱབ་སྟེ་འཁྱེར་དགོས་ཞིང་། འདས་པོའི་བུ་ཕྲུག་རྒན་གྲས་ཡོད་ན་དེའམ། ཡང་ན། འདོད་གཅིག་སྤུན་མཆེད་ཁྱོ་ག་འམ་ཚེ་འདས་བུད་མེད་ལྟ་བུ་ཡིན་ན་བཟའ་ཟླ་ཁྱོ་ག་སོགས་གང་ཡིན་ཕུང་པོར་དྲིན་གསོའི་གུས་འདུད་ཆེད་དཔུང་འཁྱེར་ཁྱུག་ཙམ་རེ་བྱེད། འོན་ཀྱང་དེ་ཚོ་ཕུང་སྐྱེལ་དངོས་སུ་འགྲོ་མ་དགོས། ནང་མི་བུད་མེད་གཅིག་ནས་ཁ་བཏགས་དང༌། མདའ་དར་ཞིག་གིས་སྒོ་འགྲམ་ནས་ཕུང་འཇུག་གཡང་འགུགས་བྱ་སྲོལ་ཡོད། འོན་ཀྱང་རྗེས་སྡོད་བརྩེ་ཞེན་ཅན་འགའ་རེས་གཡང་འགུགས་བྱས་ན་འདས་པོ་དེ་ཉིད་ཕྱི་མ་དབུལ་པོར་འགྱུར་དོགས་ཀྱིས་གཡང་ལེན་མི་བྱེད་པའང་ཡོད། ཕུང་འཁྱེར་གྱི་སྔོན་གདོང་དུ་དེར་འཛོམས་དགའ་ཉེ་རྣམས་ནས་སྤོས་སྤར་བ་རྐང་འགའ་ཤས་རེ་འཁྱེར་ཏེ་སྐྱེལ་བར་འགྲོ། དེ་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུ་ཡིན་ན་གཙུག་ལག་ཁང་དང༌། རྭ་ཆེ་གཙུག་ལག་ཁང་གི་མདུན་དུ་ལམ་ཁ་འཁེལ་ན་ཕུང་ཞལ་གཙུག་ལག་ཁང་སོ་སོར་བསྟན་ཙམ་རེ་བྱེད་སྲོལ་ཡོད། དེ་ནས་གྲོང་ཁྱེར་ཙམ་ནས་ཕུང་སྐྱེལ་དགའ་ཉེ་རྣམས་ནས་སྤོས་ས་གཙང་ཞིག་ལ་བསྐྱུར་ཏེ་རང་གནས་སོ་སོར་ལོག་པ་ལས། དེ་ཉིན་འདས་པོའི་ཁྱིམ་དུ་ཕྱིར་མི་ཡོང༌། དུར་ཁྲོད་དུ་འགྲོ་བའི་རྒྱབ་རྫི་དོ་ཆོད་གཅིག་གཉིས་གང་རུང་ནས་ཕུང་སྐྱེལ་ཐུན་མོང་གི་ཚ་ཆས་རྩམ་པ་དང༌། ཇ་མར། ལྤགས་ཐུད། ཤ་བཙོས་བཅས་འཁྱེར་ཏེ་རྟ་ཐོག་གམ། རྐང་ཐང་གང་རུང་ལ་སྔོན་ཙམ་འགྲོ་བར་བྱེད། ཕུང་པོ་གདན་འདྲེན་མི་གསོ་ལེན་ཕོ་གཞོན་འཐེབ་འཁྲོལ་ཇི་ཡོད་བཅས་སྟོབས་ལྡན་དང༌། ཕུང་པོ་གདན་འདྲེན་པ་རྣམས་ལ་འགྲོ་ཁར་གླ་ཆ་གང་གཟབ་དང༌། ཁ་བཏགས་རེ། འདས་པོའི་གྱོན་སྣེ་དང༌། ཉལ་ཆས་སོགས་སྣ་འགའ་ཤས་སྤྲོད་དགོས་པ་མ་ཟད། ལྷག་པར་ཕུང་པོ་གཏོར་གསེས་བྱེད་མི་རྟོག་ལྡན་ལ་གསོལ་རས་གང་གཟབ་སྤྲོད་དགོས་ཐོག ཕུང་པོ་སྒྲིལ་རྫས་རྣམས་ཐོབ་པ་བརྗོད་མེད་ཀྱང་དབང་རྫས་ཕུང་རྫི་ནས་གཡང་ལེན་རྩ་བར་ཕྱིར་འཁྱེར་ཡོང་དགོས། ཕུང་སྐྱེལ་བ་ཚོས་ལམ་བར་ངལ་གསོ་མི་བྱེད་ཅིང༌། དེ་ནི་གསོ་བརྒྱབ་སྟེ་ཕུང་པོ་ས་སྟེང་བཞག་ན་དེར་དུར་ས་ཆགས་ཀྱི་ཡོད་པའི་དབང་གིས་རེད། ཡང་འབྱོར་ལྡན་འགའ་ཞིག་གི་ཕུང་པོ་གནས་ཆེན་ཐག་རིང་ཙམ་གྱི་དུར་ཁྲོད་ལ་སྐྱེལ་བསྐྱོད་སྐབས་སྔོན་འགྲོ་བས་གུར་དང༌། ཐབ་ཆས་སོགས་འཁྱེར་ཏེ་སོང་ནས་ཚ་ཞག་འཁེལ་སར་གྲོང་ནང་མི་སྡོད་ཁར། ཕུང་ཡོད་འགྱོགས་བྱམས་འཇོག་ཡུལ་ཡང་ངེས་པར་ས་ཕག་འགའ་ཤས་བསྒྲིགས་པའི་སྟེང་འཇོག་གི་ཡོད་འདུག ཕུང་རྫི་སྔོན་བསྐྱོད་དུར་ཁྲོད་དུ་འབྱོར་འཕྲལ་ལམ་སེང་ཇ་ཞིག་བཟོ་དགོས། དེ་ནས་ཕུང་པོ་གདན་འདྲེན་རྣམས་འབྱོར་འཕྲལ་ཕུང་པོ་དུར་སྟེང་བཞག་སྟེ་དེ་ནས་རྟོག་ལྡན་དང༌། ཕུང་པོ་གདན་འདྲེན་པ་རྣམས་ལ་ཇ་ལྤགས་ཤ་གསུམ་གཏོང་དགོས། དེ་སྐབས་ཁྱིམ་ཚང་དྲག་གྲས་ཡིན་ན་ཕུང་པོ་བྱ་གཏོར་མ་བྱས་གོང་ཉེ་སྐོར་གྱི་དགོན་པའམ། རི་ཁྲོད་གང་རུང་ནས་སྨོན་ལམ་གསུང་མིའི་དགེ་འདུན་ཡང་གདན་དྲངས་ཏེ་ཆུ་ཚོད་ཕྱེད་ཙམ་རིང་སྨོན་ལམ་གསུངས་པར་སྐུ་ཡོན་ཕུལ་ཏེ་ཕྱིར་ཕེབས་འགྲོ་བས་ཁོང་རྣམ་པར་གསོལ་ཇ་འབུལ་མ་དགོས། དེ་ནས་རྟོག་ལྡན་གྱིས་བསང་དུད་ཆེན་པོ་བཏང་སྟེ་ཕུང་པོའི་སྒྲིལ་རྫས་བཤུས་ནས་ཕུང་པོ་དུར་སྟེང་དང་པོ་ཁ་སྦུག་ཏུ་བཞག་སྟེ་ཆུ་གྲི་རྣོ་པོས་ཤ་ཁྲམ་བརྒྱབ། དེ་ནས་གན་ཀྱལ་དུ་བཞག་སྟེ་ཁྲམ་བརྒྱབ་ནས་འཇོག་པ་དང༌། དུར་ཁྲོད་ཕལ་ཆེ་བ་བྲག་ལེབ་ཆེན་པོའི་སྟེང་ཡོད་པ་དང༌། དེ་ལ་དཀྱིལ་འཁོར་ཞེས་འབོད་སྲོལ་ཡོད་ལ་དུར་ཁྲོད་མང་ཆེའི་དཀྱིལ་འཁོར་མགོར་རྡོ་ཚུགས་བསླང་བ་ཡོང༌། དེ་ཡོད་ན་ཕུང་པོའི་རྒྱབ་མདུན་ལ་ཁྲམ་བརྒྱབ་ཟིན་མཚམས་སྐེ་རྩ་ཐག་གིས་དེ་ལ་འདོགས་པར་བྱེད། དེ་ནི་བྱ་རྒོད་ཀྱིས་ཕུང་ཤ་ཕར་འཐེན་ཚུར་འཐེན་བྱེད་སྐབས་ཕུང་པོ་དཀྱིལ་འཁོར་ཕྱིར་མི་འདྲུད་པའི་ཁྱད་ཡིན་འདུག དེའི་ཚེ་བྱ་རྒོད་མང་པོ་རིམ་འཛོམས་ཐོག་ཕུང་པའི་ཉེ་འཁོར་དུ་བསྐོར་ཏེ་སྡོད་པས་ཧབ་ཐོབ་ཀྱིས་ཤ་རྣམས་བཟའ་ཞིང༌། དུར་ཁྲོད་འགའ་ཞིག་ལ་བྱ་རྒོད་ཚོའི་ནང་གཙོ་འཛིན་ལྟ་བུ་དེ་སླེབས་མཚམས་སྔོན་ལ་ཤ་རྡོག་གསུམ་བཞི་ཙམ་ཞིག་ཟོས་ཏེ་ཕར་ཙམ་ཕྱིན་འཕྲལ་བྱ་རྒོད་ཚང་མས་འཚང་ག་ཤིག་ཤིག་གིས་ཟོས་ཡོང༌། དེའི་སྐབས་བྱ་རྒོད་ཚོས་མི་ལའང་ཞེད་སྣང་རྩ་བ་ནས་མི་བྱེད་སྟབས་རྟོག་ལྡན་ཚོས་རྒོད་ཀྱི་གཤོག་པའི་འོག་ནས་རྒོད་སྤུ་ལྷོབ་ལྷོབ་དེ་གྲིས་བཏོག་སྟེ་རྗེས་ལ་ཚོས་སྣ་ཚོགས་བརྒྱབ་ནས་བུ་མོ་ཚོའི་རྩེད་ཆས་ཐེ་སྤེད་ཟེར་བ་བཟོས་ཏེ་ཚོང་གི་རེད། འགའ་ཞིག་ནས་ཕུང་པོ་བྱ་གཏོར་སྐབས་གཅོད་པ་རེ་ཟུང་གིས་གཅོད་འགྱེད་ཞལ་འདོན་གནང་མིའང་ཡོད། ཕུང་ཤ་རྣམས་བྱ་རྒོད་ཀྱིས་ཟོས་ཟིན་མཚམས་རུས་པ་སྐྱ་རོང་ངེར་གྱུར་པ་དེའི་ཐོད་པ་ཀླད་པ་རང་འགྲིགས་བཀོག་སྟེ་ཟུར་དུ་རྡོ་ལེབ་ལྗི་ཙམ་ཞིག་གི་ཁེབས་བརྒྱབ་ནས་བཞག རུས་པ་རྣམས་རྡོ་བརྡུངས་ཀྱིས་བཅག་སྟེ་ཞིབ་ཧྲོབ་བཟོས་ཟིན་མཚམས་ཐོད་པའི་ཀླད་པ་རུས་པ་མཉམ་དུ་བསྲེས་ཏེ་འཇོག གལ་སྲིད་ཐོད་པ་རྗེས་འཇུག་གམ་བླ་མ་སོགས་ལ་དགོས་གལ་ཡོད་ན་ཕུང་རྫིས་ཉར་བར་བྱེད། དེ་མིན་རུས་པ་མཉམ་རྫོག་རྐྱང་བྱེད་པ་ལས། ཐོད་པ་བདག་མེད་ཀྱིས་སུ་བྱུང་ལ་གཏན་ནས་སྤྲོད་སྟེར་མི་རུང༌། རུས་པ་ཀླད་བསྲེས་དེ་དག་དང༌། དུར་སྟེང་ཤ་ཁྲག་ཀླད་གསུམ་ཞིབ་ཞིབ་འཐོར་ལུས་རྣམས་ཀྱི་སྟེང་ལ་རྩམ་པ་བརྒྱབ་སྟེ་སྤགས་འཕྱིད་གཙང་མར་བྱས་པའི་སྤགས་ཞིབ་བཅས་སྤུངས་ཏེ་བཞག་ནས་རྟོག་ལྡན་ཚུར་ཙམ་ཡོང་འཕྲལ་བྱ་རྒོད་རྣམས་ཀྱིས་སྔར་བཞིན་ཧབ་ཐོབ་ཀྱིས་ཟ་གི་རེད། གང་ཡིན་ཞེ་ན། ཀླད་པ་ཡོད་པའི་རྐྱེན་གྱིས་ཡིན་པ་དང༌། བྱ་རྒོད་རྣམས་ནི་ཆོས་པ་རྣམ་དག་དང་འདྲ་བར་གཞན་སྲོག་མི་གཅོད་པར་ཤི་ཤ་འབའ་ཞིག་ཟ་ཞིང༌། ཀླད་པ་ནི་ཕྱི་དྲོའི་ཁ་ཟས་སྤངས་པའི་ཕྱི་ཆབ་བླངས་པ་དང་འདྲ་གཤིས་ཀླད་པ་སྔོན་ལ་སྤྲོད་ཐལ་ཤོར་ན་རུས་པ་ལྟ་ཅི་ཤ་ཡང་ཟོས་མི་ཡོང་ཟེར་སྲོལ་ཙམ་འདུག་ཀྱང་བདེན་མིན་ཐག་གཅོད་མ་ཐུབ་ཅིང༌། དེ་ནས་ཕུང་པོའི་མགོ་སྐྲ་ཡང་ལོག་ཞིག་ལ་མེར་སྲེག་གཏོང༌། མཐུན་རྐྱེན་འགྲིགས་པ་འགའ་ཞིག་ནས་དགེ་འདུན་གཉིས་གསུམ་གྱི་སྐྲ་ཆོག་མཛད་ཡོང༌། དེ་རྣམས་ཟིན་རྗེས་སྟོབས་ལྡན་ཅན་ཉེ་འཁྲིས་ཡུལ་གྱི་རྒྱུག་ཆུ་ཞིག་གི་རྩར་སོང་སྟེ་གདོང་ལག་བཀྲུས། ཇ་སྤགས་ཐུད་གསུམ་བཟས་ནས་རང་གནས་སོ་སོར་ལོག་པ་མ་གཏོགས་ད་ཉིན་ཞག་གཅིག་ཕུང་རྫི་སོགས་ཀྱང་འདས་པོའི་ཁྱིམ་ལ་འགྲོ་མི་ཆོག་སྟབས་དེ་ཁོངས་ནང་མི་ཡོད་ནའང་དགའ་ཉེ་གཞན་ནམ། ཡང་ན་གཞན་སར་གནས་ཚང་གཡར་སྡོད་ཅིང་ཚ་ཆས་ཀྱི་ལྷག་མའང་ཕྱིར་འཁྱེར་ཡོང་མི་རུང་བས་སྣོད་གཏོང་བཟོ་དགོས། ཕུང་པོ་ཕྱིར་བཏང་ཟིན་ཤུལ་གྱི་ས་ཕག་དང༌། འདས་ཁང་ལ་ལམ་སང་གད་བདར་རྒྱག་སྟེ་གད་སྙིགས་བཅས་རྒྱུག་ཆུའམ་རིང་སར་བསྐྱུར་ཏེ་བསང་བསྐོར་བརྒྱབ། དེའི་ཤུལ་དུ་དགེ་སློང་གཉིས་ཙམ་ཞིག་ཟུར་དུ་གདན་དྲངས་ཏེ་ཤེར་ཕྱིན་བརྒྱད་སྟོང་པ་ཚར་གཅིག་དག་འདོན་སྒྲོགས་སྦྱང་ཞུས་ཏེ་སྐུ་ཡོན་ཕུལ་ནས་ཕེབས།

 གོང་གི་བྱ་ལ་གཏོར་ནི་རྩིས་གཞུང་ལས། འབྱུང་བ་ལྔའི་སྒོ་ནས་གཏོང་ཚུལ་མི་འདྲ་བ་ཡོད་པ་ནས་རི་སྐྱེས་ཤིང་ཞེས་པ་ཡིན་ཞིང་བོད་ནང་ཕལ་ཆེ་བ་ཕུང་པོ་བྱ་ལ་སྦྱིན་པ་གཏོང་གི་ཡོད། བོད་ཀྱི་མཐའ་མཚམས་ཁག་དང་བྱེས་ཡུལ་དུ་ཡོད་པའི་བོད་མི་ཕལ་ཆེར་བ་ཡུལ་དུས་ཀྱི་གནས་སྐབས་དང་བསྟུན་ཏེ་མེར་སྲེག་བྱེད་བཞིན་ཡོད། འོན་ཀྱང་རྒྱ་གར་དང་བལ་ཡུལ་གྱི་ཧིནྡུའི་ཆོས་ལུགས་ཀྱི་ཤན་ཞུགས་ཏེ་ཕ་མ་སོགས་ཀྱི་ཕུང་པོར་མེར་སྲེག་སྐབས་སོ་སོའི་བུ་ཕྲུག་གི་མེ་སྦོར་བཞིན་ཡོད་པས་དེ་ནི་ཤིན་ཏུ་ཉེས་སྡིག་ཆེན་པོ་ཡོད་པས། དཔེར་ན་རུས་ཆོག་ཚར་ནས་སྭཙྪ་འདབ་སྐབས་རུས་པ་བརྡུངས་མཁན་གཉེན་ཉེ་མ་འགྲོ་མཁན་རིགས་རུས་གཙང་མ་ཞིག་གི་བྱ་དགོས་པ་ལྟར་གྱིས་ན་ལེགས། རབ་བྱུང་ན་གསང་སྔགས་ཀྱི་རྒྱུད་སྡེའི་གཞུང་ནས་གསུངས་པ་ལྟར། ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པའི་ཆོ་ག་ལ་བརྟེན་ནས་ཕུང་པོ་སྦྱིན་སྲེག་གཏོང་ན་འདས་གསོན་གཉིས་ལ་སྒྲིབ་པ་བྱང་ཞིང་ཚོགས་རྫོགས་པའི་དགོས་པ་དུ་མ་ཡོད་དོ། །བོད་ཀྱི་ཡུལ་ལུང་ལ་ལར་ཆུ་ལ་བསྐྱུར་ནས་སྲོག་ཆགས་ཉ་སོགས་ལ་སྦྱིན་པ་བྱ་བ་ཡང་ཡོད་དོ། །སྒྲུབ་པ་ལྕགས་ཞེས་པ་ནི་བང་སོ་དང་བླ་ཆེན་རྣམས་ཀྱི་དམར་གདུང་སོགས་ཡིན་པས་སོ། །དུར་ས་ལྔ་ནི་རི་སྐྱེས་ཤིང༌། །བསྲེག་པ་མེ་ལ་སྦ་བ་ས། །སྒྲུབ་པ་ལྕགས་ལ་སྐྱུར་བ་ཆུ། །ཡང་འབྲུམ་ནད་དང༌། མཛེ་ནད་སོགས་འགོས་ནད་ཚབས་ཆེས་འཆི་བའི་ཕུང་པོ་མེར་སྲེག་དང་ཆུ་བསྐྱུར་བྱ་གཏོར་སོགས་མི་ཆོག་པས་ས་ལ་སྦས་དགོས་པ་དང༌། མཚོན་འོག་ཤི་བའི་རིགས་བྱ་གཏོར་མི་རུང་སྟབས་ཆུ་བསྐྱུར་གཏོང་དགོས་པ་བཅས་འདི་དག་ནི་ཁ་གཏམ་ལ་ཕུང་པོ་རི་རྩེའི་རྒོད་ལ་སྟེར། ཡང་ན་ཆུ་ནང་ཉ་ལ་སྦྱིན། ཞེས་འབོད་རྒྱུན་ཡོད་པ་ལྟར་ཡིན་འདུག།


བཅུ་གཉིས་པ། མགོ་འཁྲུ།

མགོ་འཁྲུ་ཞེས་པ་རྗེས་སྡོད་ནང་མི་ཚོའི་ཐོག་མའི་ཁྲུས་ཀྱི་ཉི་མ་ནི་སྤྱིར་བཏང་འདས་པོ་དེ་ཉིད་གཤེགས་རྗེས་བདུན་ཚིགས་དང་པོར་ཡིན་རུང༌། འདི་ནི་རྗེས་སྡོད་ཀྱི་བླ་སྲོག་གཟའ་ཚེས་བཟང་བ་གཙོ་བཟུང་དགོས་སྟབས་དེའང་རྩིས་བཤར་ཏེ་གཟའ་ཚེས་དང༌། དུས་ཚོད་ཁ་ཕྱོགས་ཀྱི་ཕྱོགས་གཙང༌། མགོ་བོར་ཆུ་དང་པོར་འདྲེན་པ་པོའི་ལོ་རྟགས་སོགས་རྩིས་འབྲས་ལ་ཇི་ལྟར་གསལ་བ་བཞིན་བྱས་ཏེ་མགོ་གདོང་ལེགས་པར་འཁྲུ་བར་བྱེད། དེ་ཉིན་དགའ་ཉེ་ནང་མི་རྣམས་ནས་ཁྲུས་རྫས་ཡི་རྩེ། ཨ་ཅོར། སྐྲ་གཞུག སྐྲ་ཤད། སྐྲ་སྣུམ་སོགས་སྤྲོད་སྲོལ་ཡོད་པ་ལྟར་ཡོ་བྱད་གསར་པ་རྣམས་ལ་བེད་སྤྱོད་བྱས། ཁྲུས་ཀྱི་ཡོ་ཆས་རྙིང་པ་ཟད་འཕྲོ་རྣམས་རྒྱང་རིང་དུ་བསྐྱུར་ཏེ་དོར། སྐྲ་ལྷས་ཏེ་སྐྲ་གཞུག་གསར་པ་བསྒྲོགས། རྒྱན་གོས་གྱོན། རྣ་རྒྱན་སོགས་རྒྱུན་གྱི་རྒྱན་རྣམས་བཏགས་སྲོལ་ཡོད།


བཅུ་གསུམ་པ། བདུན་ཚིགས་དང་པོ།

འདས་པོ་དེ་ཉིད་ཚེ་མ་ཟིན་པའི་ཉིན་མོ་ནས་བརྩིས་པའི་ཉིན་བདུན་འགྲོ་བ་དཔེར་ན་འདས་ཚེས་གཟའ་ཉི་མ་ལྟ་བུར་ཆ་བཞག འདས་པོའི་དུས་ཚོད་ཉིན་དགུང་སྔོན་ལ་ཡིན་ན་བདུན་ཚིགས་དང་པོ་གཟའ་འཁོར་རྗེས་མའི་གཟའ་སྤེན་པ་དང༌། ཉིན་གུང་རྒྱབ་ལ་ཡིན་ན་གཟའ་ཉི་མ་རྗེས་མ་དེར་འཁེལ་བ་ཡིན་གསུངས་ཡོད་མོད། འོན་ཀྱང་བདུན་ཚིགས་ནི་གཟའ་ཉི་མར་མི་འདས་གྲོང་ཕྱིན་པ་ཡིན་ན་གཟའ་སྤེན་པ་ལ་བརྩི་ན་དགོས་པ་ཆེ་བར་མངོན། ཅི་ཕྱིར་ཞེ་ན། བར་དོ་ལ་ཞག་བདུན་གྱི་ཕྱེད་དང་བཞི་སྐྱེ་བ་སྔ་མའི་ལུས་དབྱིབས་དང་དེ་དུས་ཀྱི་སྣང་བ་འབྱུང༌། ཞག་ཕྱེད་དང་བཞི་སྐྱེ་བ་ཕྱི་མའི་ལུས་དབྱིབས་དང་། དེའི་དུས་ཀྱི་སྣང་བ་འབྱུང་བ་དང༌། ཞག་ཕྱེད་དང་སྔ་མ་བཞི་སོང་བའི་མཚམས་ནས་རང་ཤི་བ་དང་བར་དོར་གནས་པ་ཡིན་གསུང་ཅིང༌། ཞག་ཕྱེད་དང་བཞི་ཕན་ཆད་ཤི་བ་ཤེས་ནས་ཚེ་ཕྱི་མའི་སྣང་བ་ཤར་ཏེ་ལུས་གར་ལེན་པའི་གཟུགས་སྔོན་དུ་འབྱུང་སྟེ་དུད་འགྲོར་སྐྱེ་ན་རྭ་ཟང་ངེ་རྨིག་པ་ཤར་རེ་པ་ལ་སོགས་འབྱུང་ངོ༌།། ཤི་ནས་རྒྱལ། རྒྱལ་ནས་སངས། སངས་ནས་འོད་གསལ་ངོས་མ་ཟིན། འོད་གསལ་ངོས་མ་པར་རིག་རྩལ་དེ་ཡལ། ཡལ་ནས་ཆོས་ཉིད་བར་དོའི་སྣང་བ་ཤར། ཆོས་ཉིད་བར་དོའི་སྐབས་སུ་ཞི་ཁྲོའི་ལྷ་ཚོགས་ཤར་ཡོང་དུས་འཇིགས་པའི་སྒྲ། ཡ་ང་བའི་འཕྲང་སྒྲ་འོད་ཟེར་བསམ་གྱི་མི་ཁྱབ་པ་ཞིག་ཡིན་དུས་དེ་རང་སྣང་དུ་ངོ་མ་ཤེས། རིག་རྩལ་ངོ་མ་འཕྲོད་པར་འཇིགས་སྐྲག་གི་སྣང་བ་ཤར། ཤར་བའི་མཐའ་དེ་ལ་འཇིགས་སྐྲག་དད་དེ་ཡལ། ཡལ་ནས་རྣམ་པར་ཤེས་པ་དེ་ལུས་ཀྱི་དབང་པོའི་སྒོ་གང་རུང་ནས་ཕྱི་ལ་ཐོན། དེ་དུས་ལུས་སེམས་གཉིས་འབྲལ་གི་ཡོད། ཕྱི་ལ་ཐོན་མ་ཐག་ཏུ་རགས་པའི་ལུས་མེད་ཅིང༌། རགས་ལུས་མིན་པའི་འོད་ལུས་ཀྱི་ཁམས་ཡིན་པས་ཕ་མའི་རྒྱུ་རྐྱེན་ཁམས་རགས་པ་མེད་དུས་ཁོ་ལ་ཉི་ཟླའི་སྣང་བ་ཡོད་པ་མ་ཡིན།  རང་གི་ལུས་ལས་སེམས་ཀྱི་རྩལ་འདྲ་བར་རང་གི་ལམ་མཐོང་ཐུབ་པ་འདྲ་བའི་འོད་ཡོད།

དེ་ལྟར་ཡིན་པ་མ་ཟད་སྲིད་པ་བར་དོར་འཁྱམས་སྡོད་མཁན་ཐམས་ཅད་ཁོ་རང་འགྲོ་བ་རྣམས་གཅིག་གིས་གཅིག་མཐོང༌། སྒྲ་གོ། སྲིད་པ་བར་དོའི་སྐབས་མའི་མངལ་དང་སངས་རྒྱས་ཀྱི་གནས་རྡོ་རྗེ་གདན་མ་གཏོགས་གཞན་འཛམ་གླིང་གང་ལའང་རང་གི་སེམས་ཀྱིས་བསམ་མ་ཐག་ཏུ་སླེབས་ཀྱི་ཡོད། དཔེར་ན་ང་ཚོའི་བསམ་པའི་སྐབས་སུ་དྲན་ཐུབ་པ་ལྟ་བུ་བར་དོའི་ཡིད་ལུས་ནི་སེམས་ཀྱིས་བསམ་མ་ཐག་ཏུ་དེར་སླེབས་ཀྱི་ཡོད། མ་ཟད་ཟག་བཅས་ཀྱི་མངོན་ཤེས་ཡོད་པ་དེས་མི་ཐམས་ཅད་ཀྱི་བསམ་པར་གང་འཆར་བ་ཧ་གོ་གི་ཡོད་པས། ཁོ་རང་གི་བསགས་པའི་རྒྱུ་ལ་མི་ཚོས་ལོངས་གང་འདྲ་སྤྱོད་ཀི་འདུག་གམ། ཁོ་རང་གི་ཐོག་ལ་དགེ་བ་གང་འདྲ་བཏང་གི་འདུག་གམ། ཁོ་རང་བཟའ་ཟླ་ནང་མི་བུ་ཕྲུག་གཉེན་ཉེ་སོགས་མི་རྣམས་ཀྱི་བསམ་བློ་ཇི་ལྟར་བཏང་གི་ཡོད་མེད་ཟག་བཅས་མངོན་ཤེས་ཀྱི་གསལ། མིག་གི་མཐོང༌། ང་རང་ཚོས་ཕར་མཐོང་གི་མེད་པ་མ་གཏོགས་ཁོས་ཚུར་མཐོང་གི་ཡོད། བར་དོའི་འགྲོ་བ་ཚོའི་མཉམ་དུ་བསྐོར་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་དང༌། ཚ་གྲང་གི་སྡུག་བསྔལ། སྡུག་བསྔལ་གྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་མྱོང་ནས་བར་དོར་འཁྱམས་བསྡད་ཡོད་ཅིང༌། བར་དོར་འཁྱམས་པ་དེ་དགེ་བ་ཆེ་མ་དྲག སྡིག་པ་ཆུང་མ་དྲག་པ་བར་མ་ཚོ་འཁྱམས་པ་མ་གཏོགས། ཧ་ཅང་གིས་སྡིག་པ་ཅན་རྣམས་ནི་སྲིད་པ་བར་དོ་མྱོང་གི་མེད། མིག་བཙུམ་པ་ལྟར་མར་གྱི་གནས་དམྱལ་བར་སླེབས་ཀྱི་ཡོད། ཧ་ཅང་གི་དགེ་བ་རླབས་ཆེན་སྒྲུབ་མཁན་ཚོ་ཡང་སྲིད་པ་བར་དོར་འགྲོ་དགོས་ཀྱི་མེད། མིག་བཙུམ་པ་དང་ཡར་གྱི་ཞིང་ཁམས་ལ་སླེབས་འགྲོ་གི་ཡོད། དེ་གཉིས་མ་ཡིན་པའི་སྤྱིར་བཏང་གི་མི་ཚོ་སྲིད་པ་བར་དོ་ལ་མ་འགྲོ་བ་ལ་ཐབས་ཡོད་པ་མ་ཡིན། སྲིད་པ་བར་དོའི་སྐབས་འདི་ལ་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་མ་གཏོགས་མེད་ཅིང༌། དེའི་སྐབས་དགེ་བ་ཡོད་ན་རྒྱབ་ལ་ཁུར་རྒྱུ་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་ལ་སོགས་པ་དང༌། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དང་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་བཞེངས། དེའི་སྒོ་ནས་མིང་བྱང་བསྲེག་དབང་བསྐུར། སེམས་ཅན་ཡར་འདྲེན་བྱེད་པ་སོགས་དགེ་བའི་ཕུང་པོ་རྒྱ་ཆེན་པོ་སྒྲུབ་ན། དཔེར་ན་མི་གཅིག་གཡང་ལ་ལྷུང་གྲབས་ཡོད་པ་ལ་མི་མང་པོ་རུབ་ནས་ཡར་ལ་འཐེན་པ་ལྟ་བུ་བར་དོའི་སྡུག་བསྔལ་ལས་སྐྱོབས་ནས་ཡར་ཐར་པའི་གོ་འཕང་སོགས་མཐོ་རིས་ཐོབ་ཀྱི་ཡོད། རྒྱུ་མཚན་དེ་ལྟར་ན་ང་རང་ཚོས་གཤིན་པོའི་རྒྱབ་ལ་དགེ་བ་ཡག་པོ་ཞིག་སྒྲུབ་དགོས་པ་ཡིན། ཁྱད་པར་དུ་ཞག་ཉི་ཤུ་གཅིག་གམ་ཉི་ཤུ་བརྒྱད་བར་ཧ་ཅང་གི་གལ་ཆེན་པོ་ཡིན། དེའི་བར་དུ་དགེ་བ་ཇི་མང་སྒྲུབ་ཐུབ་ན་ངན་སོང་ལ་འགྲོ་ངེས་ཡིན་ཀྱང་དཀོན་མཆོག་གི་ཐུགས་རྗེས་ཡར་ལ་འདྲེན་པའི་གོ་སྐབས་ཡོད། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་གཤིན་པོའི་རྒྱབ་ལ་དགེ་རྩ་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་དེ་ལྟར་རོ། །སྲིད་པ་བར་དོའི་སྐབས་ཆོས་ལ་གོམས་འདྲིས་ཡོད་པ་རྣམས་ནི་རང་ཉིད་ཤི་བ་ཡིན་པ་ངོ་ཤེས། སྲིད་པ་བར་དོར་འཁྱམས་ཡོད་པ་ཧ་གོ། དེའི་ཐོག་ནས་བླ་མ་དང་ཡི་དམ་ལ་སོགས་པ་རྗེས་སུ་དྲན་ནས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་དེའི་སྐབས་ནས་བདེ་བ་ཅན་དང༌། མངོན་པར་དགའ་བའི་ཞིང་ཁམས་ལ་སོགས་པར་སྐྱེ་ཐུབ་པ་ཡང་ཡོད། ཡང་བླ་མ་ཚད་ལྡན་གྱིས་མིང་བྱང་ལ་བར་དོའི་རྣམ་ཤེས་བཀུག་ནས་མིང་བྱང་ལ་བདེན་པའི་ཆོས་བཤད། དབང་བསྐུར་ལམ་བསྟན་ན་དེ་ནས་དག་པའི་ཞིང་ཁམས་སུ་འདྲེན་པའམ། ཐ་ནའང་མི་ལུས་ཐོབ་ཐུབ་པ་ཡང་ཡོད། སྲིད་པ་བར་དོའི་ངོ་སྤྲོད་མདོར་བསྡུས་སོ།།

 

དེ་ཉིན་རྗེས་སྡོད་ཀྱི་ཁྱིམ་དུ་འདས་པོའི་ཆོས་ལུགས་ས་དགེ་བཀའ་རྙིང་གང་ཡིན་རུང་དེ་དག་རང་ལུགས་ཀྱི་ཆོ་ག་གང་རུང་གི་སྒོ་ནས་འདས་དགེར་དམིགས་ཏེ་ཡི་དམ་ལྷའི་བདག་འཇུག་དང་འབྲེལ་བའི་སྦྱང་ཆོག་གནད་སྨིན་མཛད་དགོས། དེ་ལ་སྦྱང་རྟེན་དུ་འདས་པོའི་གྱོན་པ་སྣ་གཅིག་ལ་སྣེ་འདོགས་ཁ་བཏགས་བསྒྲོགས་པ་ཞིག་འབུལ་དགོས། དགོང་དྲོ་ཚོགས་འཁོར་བསྡུས་ཙམ་ཞིག་ཀྱང་འབུལ་བར་མཛད། དེ་བཞིན་བསྔོ་གཞུང་ནང་གསལ་འདིའི་ཉིན་མོར་དགོན་ཁག་དམིགས་གསལ་གྱི་རིའུ་མིག་ཇི་འཁེལ་ལ་མཆོད་འབུལ་དང༌། བསྙེན་བཀུར་མང་འགྱེད། ཉེ་སྐོར་གཙུག་ལག་དང༌། ལྷ་ཁང་ཁག་ལ་སྙན་ཤལ་དང༌། སྟོང་མཆོད། དེ་མིན་བརྒྱ་མཆོད་དང༌། གསེར་ཀོང་བརྗེ་འབུལ་དང་འབྲེལ་བའི་གསེར་ཡིག་སྲེག་སྦྱང༌། མཆོད་ཐིགས་རྒྱ་གང་ཆེ་འབུལ། དགོང་དྲོ་ཆོག་གྲྭ་དགེ་འདུན་དང༌། མཆོད་འབུལ་བར་སྐུ་ཡོན་བཅས་འབུལ་དགོས། མཆོད་འབུལ་ཕྱིར་ཕེབས་ནང་བཞུགས་ཀྱི་དགེ་འདུན་ཚང་མར་གསོལ་ཇ་གསོལ་ཚིགས་འབུལ་དགོས་པ་ནི་སྨོས་མེད་ཐོག འགའ་ཞིག་ནས་རྩིས་འབྲས་ནང་གསལ་དེ་ཉིན་དགོང་དྲོའི་ཆུ་ཚོད་ཇེ་འཁེལ་ཐོག་གསུར་ཁོག་གཙང་ཆུར་བཤམས་ཀྱི་ཡོད་མོད། འོན་ཀྱང་གསུར་ཁོག་སོགས་རབ་བྱུང་ན་ཞེ་དགུའི་ཉིན་གཙང་ཆུར་བཤམས་ན་དགེ་བ་ཡིན། སྔོན་དུས་སྲིད་པའི་ཤ་གཟུགས་ཅན། །མི་ལྡོག་པ་ནི་དྲི་ཟའོ།། ཞེས་གསུངས་པས་བར་དོའི་ཟས་མཆོག་ཡིན་ནོ།།

བཅུ་བཞི་པ། བདུན་ཚིགས་གཉིས་པ་དང༌། གསུམ་པ།

བདུན་ཚིགས་འདི་གཉིས་སོ་སོར་ཡང༌། འདས་པོའི་རྗེས་ཤུལ་ཁྱིམ་དུ་མཆོད་འབུལ་བྱེད་སྒོ་དང༌། སྦྱང་བ་ཞུ་རྒྱུ་སོགས་ནི་གོང་གི་བདུན་ཚིགས་དང་པོ་དང་འདྲ་མཚུངས་ལ་དེ་ཉིན་དམིགས་བསལ་དགོན་ཁག་ལ་མཆོད་འབུལ་དང༌། བསྙེན་བཀུར་སྐུ་འགྱེད་དང་འབྲེལ་ལྷ་ཁང་ཁག་ལ་སྙན་ཤལ་དང༌། བརྒྱ་མཆོད། སྟོང་མཆོད་དམ། ཀོང་བརྗེས་མཆོད་ཐིགས་སོགས་རྒྱས་བསྡུས་རང་གི་འབྱོར་པ་དང་བསྟུན་ཏེ་བྱེད་དགོས་གོང་དང་འདྲ།


བཅོ་ལྔ་པ། བདུན་ཚིགས་བཞི་པ།

 བདུན་ཚིགས་འདི་ཅུང་ཟད་གལ་ཆེ་བ་བྱེད་ཅིང་གང་ལགས་ཤེ་ན། སྐྱེ་འགྲོ་ཕལ་མོ་ཆེ་བར་དོར་བདུན་ཕྲག་བཞི་ལས་མི་སྡོད་པར་འགྲོ་བ་རིགས་དྲུག་གང་རུང་གི་ལུས་རྟེན་ལ་ཉིང་མཚམས་སྦྱར་ཏེ་སྐྱེ་བ་ལེན་པར་ཡིད་ཆེས་བྱེད་པ་རེད། དེར་བརྟེན་འདི་ཉིན་འདས་པོའི་ཁྱིམ་དུའང་རྩ་བའི་མཆོད་འབུལ་དང༌། སྦྱང་ཞུ་སོགས་གོང་ལྟར་ཅུང་ཟད་རྒྱས་ཙམ་དང༌། ལྷག་པར་གཙུག་ལག་ཁང་ཡས་མས་ལ་སྟོང་མཆོད་དམ། བརྒྱ་མཆོད་གང༌། ལྷ་ཁང་ཚང་མར་མཆོད་ཐིགས་དང་། དམིགས་གསལ་གྱི་དགོན་པ་གལ་ཆེ་བ་དང༌། འདུས་ཚོགས་མང་བ་ཞིག་ལ་བསྙེན་བཀུར་དང༌། སྐུ་འགྱེད་སོགས་མཆོད་འབུལ་རྒྱས་ཙམ་དང༌། སྤྲང་འགྱེད་སོགས་ཀྱི་སྦྱིན་གཏོང་བྱེད།


བཅུ་དྲུག་པ། བདུན་ཚིགས་ལྔ་པ་དང༌། དྲུག་པ།

བདུན་ཚིགས་འདི་གཉིས་ལ་ཁྱིམ་དུ་དགེ་འདུན་ནས་སྦྱང་བ་སོགས་གནང་རྒྱུ་དང༌། ཉེ་སྐོར་ལྷ་ཁང་ཁག་ལ་མཆོད་འབུལ་བྱེད་སྒོ་གོང་གི་བདུན་ཚིགས་གཉིས་པ་དང༌། གསུམ་པ་དང༌། གསུམ་པ་ལྟར་ལ་མི་འདྲ་བའི་ཁྱད་པར་ནི་བསྔོ་གཞུང་ནང་གསལ་མཆོད་འབུལ་བསྙེན་བཀུར་དམིགས་གསལ་ཞུ་ཡུལ་དགོན་ཁག་མི་འདྲ་བ་གང་ཡིན་ལ་བསྙེན་འགྱེད་འབུལ་རྒྱུ་ལས། བྱིངས་སྔར་གྱི་བདུན་ཚིགས་དང་འདྲ་མཚུངས་ཡིན།


བཅུ་བདུན་པ། བདུན་ཚིགས་བདུན་པའམ་ཞག་བཞི་བཅུ་ཞེ་དགུ།

བདུན་ཚིགས་བདུན་པ་བཞི་བཅུ་ཞེ་དགུ་ཟེར་ཞིང་གང་ལགས་ཤེ་ན། ཚེ་འདས་ནས་ཉིན་གྲངས་དེ་ཙམ་སོང་བས་བདུན་ཚིགས་ཀྱི་ཐ་མ་དེ་ཡིན། དགོས་པ་ནི་མདོ་རྒྱུད་ལས་སྤྱིར་བཏང་སྐྱེ་འགྲོ་སུ་ཞིག་བར་དོའི་ཚེ་ཚད་རིང་ཤོས་ཀྱང་མིའི་ཉིན་གྲངས་བཞི་བཅུ་ཞེ་དགུ་ལས་གཏན་ནས་མེད་ཅེས་གསུངས་ཡོད། དེ་ནས་ཞིང་ཁམས་སམ་རིགས་དྲུག་གང་དུ་སྐྱེ་ཀྱང་ཉིང་མཚམས་སྦྱོར་ཞིང༌། རྒྱུ་མཚན་དེའི་ཕྱིར་ན་བདུན་ཚིགས་ཀྱི་ཐ་མ་འདིར་མཆོད་འབུལ་རྒྱས་ཤོས་བྱ་སྲོལ་ཡོད་པ་དེ་ཉིན་འདས་ཁྱིམ་དུ་བླ་མ་དང་དགེ་འདུན་མང་ཙམ་གདན་དྲངས། དགའ་ཉེ་རྣམས་འཛོམས། སྔོན་དུ་བསྔོ་ཞུར་སྦྱང་ཞུ་ཕུལ་ཁག་ལ་སྦྱང་རྟགས་ཞེས་འདས་པོའི་སྐྱེ་རྟགས་ལྷ་སྐུ་ཇི་འདྲ་བཞེངས་དགོས་བཀའ་གསལ་ཕེབས་རིགས་རྣམས་རབ་ལ་གསེར་ཟངས་དང༌། དངུལ་སྐུ། ལི་མ། འཇིམ་སྐུ་སོགས་རང་རང་འབྱོར་པར་གཞིགས་པའི་འབུར་སྐུ་བཞེངས་ཏེ་ཞལ་གསེར་སྤྱན་འབྱེད་གཟུངས་འབུལ་དང༌། ན་བཟའ་སོགས་སྔོན་ཚུད་ཕུལ་ཟིན་པ་བྱས་པ་དང༌། ཡང་ན་ཞལ་ཐང༌། མ་ཐའང་ཙག་ལི་ཚུན་གང་འགྲུབ་བཞེངས་ཏེ་དེ་དག་བཤམས། དགའ་ཉེ་རྣམས་ནས་འཁྲུངས་རྟགས་ལ་སྙན་དར་ཕུལ། མཆོད་འབུལ་དང་སྦྱང་ཞུ་སོགས་གྲ་སྒྲིག་སྔར་བས་རྒྱས་པར་བྱེད། དགེ་འདུན་རྣམས་ནས་འཁྲུངས་རྟགས་ལ་ཁྲུས་གསོལ་དང༌། རབ་གནས་སྟབས་བདེ་ཞིག་དང་འབྲེལ་ཡི་དམ་གྱི་བདག་འཇུག་དང༌། སྦྱང་ཆོག་སོགས་སྔར་ལྟར་མཛད། མཇུག་ཏུ་ཚོགས་འཁོར་རྒྱས་པ་གཤམས་འབུལ་གནང༌། དེ་ཉིན་དགེ་འདུན་ལ་བསྙེན་བཀུར་གཟབ་རྒྱས་དང༌། དགའ་ཉེ་རྣམས་ལའང་རོགས་རམ་སྐུ་ངལ་དྲིན་གསབ་མཚོན་ཕྱིར་ཇ་ཆང༌། གསོལ་སྟོན་གང་གཟབ་འབུལ་བ་དང་དགའ་ཉེ་རྣམས་ནས་རོགས་རམ་གྱིས་སྔ་དྲོ་དང༌། དགུང་རྒྱབ་ཉེ་སྐོར་མཆོད་ཁང་ཁག་ལ་སྙན་ཤལ་དང༌། ཞལ་གསེར་སྤྱན་འབྱེད། གསེར་ཀོང་བརྗེ་འབུལ། ཉེ་སྐོར་ངན་སྤྲང་ཡོད་ཚད་ལ་སྤྲང་འགྱེད་རྒྱ་གང་ཆེ་བཏང༌། མཆོད་ཐིགས་རྒྱ་གང་ཆེ་མཛད་པར་ཕེབས། དེ་བཞིན་དམིགས་བསལ་དགོན་ཁག་ཆེ་བ་རེ་གཉིས་ལ་ཟུར་དུ་བསྙེན་འགྱེད་ཕུལ། དགེ་འདུན་རྣམས་ནས་མཇུག་ཏུ་སྨོན་ལམ་རྣམ་གསུམ་སོགས་བསྔོ་བ་སྨོན་ལམ་གྱི་རིམ་པ་གང་ཟབ་དང༌། མཐར་མདོ་སྡེ་བསྐལ་བཟང་གི་དབུ་ཤོག་ནས་ཞལ་དབྱེ་ཙམ་མཛད་དེ་ལྗགས་སྒྲོགས་དང༌། བསྟན་འབར་མ་སོགས་ཤིས་བརྗོད་ཀྱི་རིམ་པ་གང་རྒྱས་གནང་། རྗེས་མཇུག་ནས་སྐུ་ཡོན་དང༌། མཇལ་དར་ཕུལ། དེ་བཞིན་དགའ་ཉེ་རྣམས་ལའང་ཚོགས་སྐལ་དང་། ཇ་ཆང་སོགས་གསོལ་ཚིགས་བཏང་རྗེས་མཇུག་ནས་མཇལ་དར་རེ་ཕུལ་ཏེ་ཚང་མ་སེམས་པ་རྗེས་དྲན་གྱི་བརྩེ་སྐྱོང་ཟུང་འབྲེལ་ངང་ནས་བཞི་བཅུ་ཞེ་དགུའི་བར་གྱི་འདས་རྗེས་དགེ་མཇུག་གི་རིམ་པ་ལེགས་པར་ཟིན་པ་ཡིན།

འདི་དག་ནི་འཁོས་འབྱོར་གང་མཚམས་ཡོད་པའི་དབང་དུ་བྱས་པ་ཡིན་གྱི། འཁོས་ཁ་ཆུང་རིགས་ཀྱི་རྗེས་ཤུལ་ནས་ཀྱང་རང་གི་འབྱོར་བ་དང་བསྟུན་ནས་བདུན་ཚིགས་སོ་སོར་རྣམ་དཀར་གྱི་ས་བཅད་མཚོན་པ་ཙམ་རེ་ངེས་བར་བྱས་ན་འདས་གསོན་ཚང་མར་ཕན་པར་འགྱུར་བའི་ཁྱད་པར་ཡོད་ཅེས་གྲགས་སོ། །དེ་ལ་ཡང་འཕྲོས་དོན་ཅུང་ཟད་བརྗོད་ན་དེང་སྐབས་བོད་ཕྱི་ནང་གཉིས་སུ་འདས་པོའི་ཆེད་ཞག་དགུ་དང་ལོ་མཆོད་སོགས་སུ་དགེ་བར་དམིགས་ཏེ་གསོལ་ཚིགས་རྒྱས་པོ་གཏོང་གསོལ་ཡོད་པས་དེར་ཤ་དང་ཆང་སོགས་མི་ཉུང་བ་ཞིག་ལོངས་སྤྱོད་བཞིན་ཡོད། དེ་ལྟ་བུ་ནི་གཤིན་པོའི་ཆེད་དགེ་བ་མ་ཡིན་པར་སྡིག་པའི་རྒྱུ་ཡིན་ཅིང༌། ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་ཤ་ནི་དཀོན་མཆོག་གསུམ་ཁས་ལེན་པ་དག་གི་སྐྱབས་འགྲོའི་སྡོམ་པའམ་བསླབ་བྱ་དང་འགལ་བ་ཡིན། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །ཆོས་ལ་སྐྱབས་སོང་བས་བས་ན། །འཚེ་ཞིང་གསོད་གསོད་པའི་སེམས་དང་བྲལ། །དགེ་འདུན་སྐྱབས་སུ་སོང་པས་ན། །མུ་སྟེགས་ཅན་དང་གྲོགས་མི་བྱ། །ཞེས་གསུང་པས་ན་ཤ་ནི་སེམས་ཅན་གཅིག་གི་སྲོག་བཅད་ནས་གཞན་ལ་སྦྱིན་པ་ནི་སྡིག་པའི་ལས་ཡིན་པ་དང༌། ཆང་ནི་སྟོན་པས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། །རྩ་ཆོག་ཟིལ་པ་ཙམ་ཡང་སྤང་བར་བྱ། །ཞེས་དང༌། ཆང་དང་དུག་དང་མཚོན་ཆ་རྣམས། །མ་དག་པ་ཡིས་སྦྱིན་པ་ཡིན། །ཞེས་གསུངས་པས་ཆང་ནི་སྦྱིན་པ་གཏོང་ཡང་དགེ་བའི་ལས་མི་འབྱུང་ཞིང་སྡིག་པའི་ལས་འབའ་ཞིག་ཡིན་པས་གཟབ་དགོས་སོ།། འོན་ཀྱང་གསང་སྔགས་ཀྱི་ཆོ་ག་ཚོགས་ཤ་ཚོགས་ཆང་སོགས་ནི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པས་གནང་བཀག་དོན་རྣམས་མ་ནོར་བར་ཤེས་དགོས་སོ།།


བཅོ་བརྒྱད། ལོ་མཆོད།

འདས་པོ་གཤེགས་ནས་ལོ་འཁོར་གཅིག་སོང་བའི་རྗེས་སུ་ལོ་མཆོད་ཅེས་པའི་མཆོད་འབུལ་བྱེད་སྲོལ་ཡོད། དེ་ནི་གོང་གི་རྣམ་དཀར་རྗེས་མཇུག་དེ་དག་གི་མཐུ་དང་བསོད་ནམས་ལ་བརྟེན་ནས་འདས་པོ་སྐྱེ་བ་བཟང་པོ་ཞིག་བླངས་ཟིན་པའི་དབང་དུ་བྱས་ཏེ་དགའ་སྟོན་གྱི་མཆོད་འབུལ་ཡིན་པས་ཚེས་ཆ་བཟང་བ་ཞིག་གི་ཉིན་དགའ་གཉེན་ནང་མི་རྣམས་ལ་མགྲོན་བརྡ་བཏང༌། བླ་མ་དགེ་འདུན་གདན་དྲངས། ཁྱིམ་གྱི་རྟེན་དྲུང་དུ་མཆོད་པ་སྣ་ལྔའི་བརྒྱ་མཆོད་སོགས་ཚར་དུ་དངར་བ་གཤམས། དགེ་འདུན་རྣམས་ནས་ཡི་དམ་གྱི་བདག་བསྐྱེད་རྒྱས་པ་ཞིག་བཞེས་ཏེ་བླ་མཆོད་ལྟ་བུའི་ཚོགས་ཞིང་སྤྱན་དྲངས་མཆོད་འབུལ་ཞལ་འདོན་གྱི་རིམ་པ་གང་རྒྱས་དང༌། བསྙེན་བཀུར་དང༌། ཚོགས་འཁོར་གཟབ་རྒྱས་ཕུལ། འབྱོར་ན་སྔ་དྲོ་གཙུག་ལག་ཁང་ཡས་མས་ལའང་སྙན་དར་དང༌། མཆོད་ཕུལ་ཞུས། དགེ་འདུན་ལ་སྐུ་ཡོན་དང༌། མཇལ་དར་ཕུལ། དགའ་ཉེ་རྣམས་ལ་ཇ་ཆང་གསོལ་སྟོན་གང་གཟབ་ཐོག་ལྷོད་བཞུགས་གནང་མཐར་མཇལ་དར་རེ་ཕུལ་ཏེ་གྲོལ་བ་དང༌། ནང་མི་རྗེས་ཤུལ་མང་ཆེས་རང་ལ་བཀྲིན་ཆེ་བའི་བླ་མ་དང༌། ཕ་མ་དགེ་རྒན་བཟའ་ཟླ་སྤུན་མཆེད་སོགས་ནས་ཕྱི་ལོ་རེའི་གཤེགས་ཚེས་ཉིན་མོར་དྲིན་གསབ་ཆེད་ལོ་ལྟར་མཆོད་འབུལ་དང་། སྦྱིན་གཏོང་ཆག་མེད་བྱེད་སྲོལ་ཡོད། གོང་གསལ་རྣམས་ནི་སྤྱིར་བཏང་བོད་མི་སེར་སྐྱ་ཕོ་མོ་ཁྱད་མེད་སོ་སོའི་སྐྱེ་བོ་ཕལ་པ་ཞིག་གི་འདས་རྗེས་རིམ་པ་ཇི་ལྟར་ཡོད་པ་རྣམས་ལམ་རོབ་ཙམ་བཀོད་པ་ཡིན་གྱི། སྐྱེ་མཆོག་དམ་པ་རྣམས་ཀྱི་སྐུ་གདུང་གི་རིགས་ཇི་ལྟར་ཞུ་ཕྱོགས་སོགས་གཞུང་ཟུར་དུ་སྔར་ནས་ཡོད་པ་ལས་ཤེས་ནུས་པས་འདིར་བརྗོད་པའི་གོ་སྐབས་མ་ཡིན་ནོ།།


སླར་སྨོན་པ།

དཔལ་ལྡན་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་ཞིང་འདི་ཕྱི་བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ལས་དབུགས་ཕྱུང་ཞིང་བར་དོ་རང་ངོ་ཤེས་པ་དང༌། དག་པའི་ཞིང་དུ་འདྲེན་པར་བྱིན་གྱིས་བརླབ་ཏུ་གསོལ།

སྲིད་པའི་ཚ་གདུང་ཀུན་ལས་སྐྱོབ་མཛད་ཅིང༌། །དྲན་པ་ཙམ་གྱིས་ངན་སོང་སྒོ་འགེགས་པ། །ཐར་པའི་ལམ་སྟོན་དྲིན་ཅན་ཆོས་ཀྱི་རྗེ། །འདྲེན་མཆོག་སྐྱབས་ཀུན་འདུས་ཞལ་ཆེན་པོ་མཁྱེན། །བདག་ཅག་རྩེ་གཅིག་མོས་གུས་ཤུགས་དྲག་པོས། །ཁ་ཞེ་ངོ་ལྐོག་མེད་པར་གསོལ་འདེབས་ན། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་གཟིགས། །བསླུ་མེད་སྐྱབས་ཀྱི་སྙིང་པོ་བླ་མ་མཁྱེན། །འཆི་བའི་ཚེ་ན་གནད་གཅོད་མི་འབྱུང་ཞིང་། །ཤེས་པ་རང་ས་ཟིན་ཅིང་བླ་མ་ལ། །དད་མོས་གདུང་བས་གསོལ་བ་འདེབས་བཞིན་དུ། །འཆི་ཁའི་གདམས་པ་ལམ་དུ་ལོངས་པར་ཤོག །དེ་ལྟར་མཉམ་རྗེས་ཀུན་ཏུ་དྲན་ཤེས་ཀྱི། །ལྕགས་ཀྱུས་བཟུང་ནས་འཁྲུལ་སྣང་འདི་དག་རྣམས། །བར་དོའི་སྣང་བ་ཡིན་པའི་འདུ་ཤེས་ཀྱིས། །སྐྱེ་ཤི་བར་དོ་ལམ་དུ་ཁྱེར་བར་ཤོག །སྣོད་བཅུད་སྣང་བ་ཇི་ལྟར་ཤར་བ་རྣམས། །ཤར་ཡང་བདེན་པས་སྟོང་པའི་རང་བཞིན་དུ། །ཤེས་ནས་ཡི་དམ་ལྷ་དང་ཡེ་ཤེས་སུ། །བསྒྱུར་བས་རྨི་ལམ་བར་དོ་ལམ་བྱེད་ཤོག །ཚེ་འདིའི་སྣང་བ་ནུབ་པར་ཉེ་བ་ན། །རླུང་ལྔ་ཐིམ་ཞིང་འཁོར་ལོ་ལྔ་ཞིག་པས། །ལུས་ཀྱི་སྟོབས་ཉམས་ངག་གི་སྒྲ་མི་གསལ། །དྲན་ཉམས་ཤེས་པ་ཟ་ཟིར་འཕྱོ་བ་དང༌། །དབང་ཤེས་ཐིམ་ཞིང་འདོད་ཡོན་རོ་མི་མྱོང༌། །དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་ཡི། །སྣང་བའི་རྟགས་རྣམས་རང་ངོ་ཤེས་པ་དང༌། །འདའ་ཀ་གསུམ་གྱི་གདམ་པ་ལམ་བྱེད་ཤོག། ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །དཀར་ཆ་ཐུར་བབ་དཀར་ལམ་འཆར་བ་དང༌། །འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགགས། །དེ་ཚེ་སྣང་བའི་ཡེ་ཤེས་ངོས་ཟིན་ཤོག །དེ་ནས་སྣང་བ་མཆེད་པ་ལ་ཐིམ་ཚེ། །དམར་ཆ་གྱེན་གཡོས་དམར་ལམ་སྣང་བ་འཆར། །ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགགས། །མཆེད་པའི་ཡེ་ཤེས་རང་ངོ་ཤེས་པར་ཤོག །དེ་ནས་དཀར་དམར་བར་དུ་རྣམ་ཤེས་བརྒྱལ། །གཏི་མུག་ལས་གྱུར་རྟོག་པ་བདུན་འགགས་ཏེ། །ནག་ལམ་བརྒྱལ་བར་ཕྱོགས་པ་དེ་ཡི་ཚེ། །ཐོབ་པའི་ཡེ་ཤེས་རང་ངོ་ཟིན་པར་ཤོག །དེ་ནས་ཉེར་ཐོབ་གཞི་ཡི་འོད་གསལ་ནི། །བློ་ཡི་ཡུལ་འདས་སྟོན་གནམ་དྭངས་པ་ལྟར། །འཆར་ཚེ་ལམ་གྱི་འོད་གསལ་བུ་ལྟ་བུ། །གཞི་ཡི་འོད་གསལ་མ་དང་འཕྲད་པར་ཤོག །གལ་ཏེ་དུས་དེར་གོམས་འདྲིས་ཆུང་བ་ཡིས། །རང་ངོ་མ་ཤེས་དེ་ཡི་མོད་ཉིད་ལ། །སྲིད་པ་བར་དོའི་སྣང་བ་ཤར་བ་ན། །འཇིགས་པའི་སྒྲ་བཞི་ཉམ་ངའི་གཡང་ས་གསུམ། །མ་ངེས་རྟགས་དྲུག་སྣོམ་བྱ་ཤར་བའི་ཚེ། །བླ་མ་ལྷ་དང་ལྟ་བ་རྗེས་དྲན་ནས། །དག་པ་མཁའ་སྤྱོད་ཞིང་དུ་སྐྱེ་བར་ཤོག །གལ་ཏེ་སྐྱེ་གནས་འཛིན་པར་གྱུར་ན་ཡང༌། །མངལ་སྒོ་ངན་པ་དགག་ཅིང་ཆོས་ལྡན་གྱི། །རྟེན་བཟང་བཙལ་ནས་ཁམས་དྲུག་ལྡན་པའི་ལུས། །ཐོབ་ནས་སྐྱེས་མ་ཐག་པ་དེ་ཉིད་དུ། །དགེ་བའི་བཤེས་དང་འཇལ་ནས་དམ་པའི་ཆོས། །མ་ནོར་ཚུལ་བཞིན་སྤྱོད་པ་ཉིད་གྱུར་ཅིག །མདོར་ན་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བས་བསྔགས་པའི་ལམ་ལ་རབ་ཞུགས་ཏེ། །ཐེག་ཆེན་མདོ་སྔགས་ཆོས་ལ་ལོངས་སྤྱོད་ནས། །སྐུ་བཞིའི་འབྲས་བུ་མངོན་དུ་ཐོབ་པར་ཤོག། །།

 

མཆན་བུ།

 ༡ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བར་དོ་ཐོས་གྲོལ་ཆེན་པོ་ལས༔ ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་དང༔ བར་དོ་ཐོས་གྲོལ་ཆེན་མོ་ལས་སྲིད་པ་བར་དོའི་ངོ་སྤྲོད༔ གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་བརྡར་གྱི་རི་བོ་ནས་གཏེར་ནས་གདན་དྲངས་པའོ༔

 ༢༽བཻ་ཌཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ལས་རྣམ་ཤེས་ཕུང་པོར་གནས་མི་གནས་ཀྱི་གཞི་བླང་བའི་བར་དོའི་སྐོར།  རྩོམ་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།

 ༣༽འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར།  ལོ་ཆེན་དྷརྨ་ཤྲི།

 ༤༽ནག་རྩིས་རྡེལ་འགྲེམ་འབྲས་བཤད་དཔག་བསམ་ལྗོན་ཤིང༌།    ཨ་ཁུ་ལྷ་མོ་ཚུལ་ཁྲིམས།

 ༥༽བར་དོའི་སྨོན་ལམ་དྲན་པའི་གསོས་འདེབས་འཁྲུལ་སྣང་གདུང་སེལ། ངོར་ཆོས་ཀྱི་བློ་གྲོས་ཀྱི་མཛད།

 ༦༽བར་དོའི་སྙིང་ཐིག།    མཛད་པ་པོ། སྐྱབས་རྗེ་འདུད་འཇོམས་རིན་པོ་ཆེ།

 ༧༽བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ལས་གནམ་རིག་སྐར་རྩིས་སོགས་ལས་གཤིན་རྩིས་བསྟན་པ།     སྒྲིག་པ་པོ་བསམ་གྲུབ་རྒྱ་མཚོ་དང༌། ཀུན་དགའ་རིག་འཛིན། རིག་འཛིན། བསོད་ནམས་དཔལ་ལྡན། ཡུམ་པ། ནོར་བུ་དོན་གྲུབ་བཅས་སོ།།

 ༨༽བོད་མིའི་འདས་མཆོད།   ཐུབ་བསྟན་སངས་རྒྱས་ལགས་ནས་འབྲི་རྩོམ་གནང༌། བོད་གཞུང་དཔེ་མཛོད།

 ༩༽བོད་མི་ཚེ་འདས་རྣམས་ཀྱི་འདས་མཆོད་བྱ་ཚུལ་སྐོར།     བྱམས་པ་ཕྲིན་ལས། སྤང་རྒྱན་མེ་ཏོག་དུས་དེབ།

 ༡༠༽སྤུར་སྦྱོང་དུར་འཇུག་གི་རིག་གནས། འགུ་ལོག་དམ་ཆོས་དཔལ་བཟང༌། བོད་གཞུང་དཔེ་མཛོད།

 ༡༡༽བོན་གྱི་ཆོ་ག་དང་འབྲེལ་བའི་བོད་ཀྱི་པོ་གཏོང་རིམ་སྐོར་གླེང་བ། སློབ་དཔོན་བསྟན་འཛིན་རྣམ་དག།


 

 

འབྲེལ་ཡོད་བརྗོད་གཞི།

འདིར་ནོན་ནས་གྲགས་པ་ཚེ་དབང་ནོར་བུས་བརྩམས་པའི་ "བོད་མིའི་འདས་མཆོད་བྱ་ཚུལ་ཀུན་ཕན་བཞིན་སྣོད།" ལྟ་ཀློག་གྱིས། 

 


མཐའ་མའི་འདོན་ཐེངས་།: 16.11.2015 ཉིན། 10:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།