སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

བྱིས་པའི་ཞོ་པྲ་བརྟག་ཐབས་མདོར་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.11.2013
བོད་ཀྱི་སྨན་བཅོས་རིག་པ། >>

 

བྱིས་པའི་ཞོ་པྲ་བརྟག་ཐབས་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།


༄༅། །བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་རླབས་ཏུ་གསོལ།


དེ་ལ་འདིར་ཡན་ལག་གཉིས་པ་བྱིས་པ་གསོ་བའི་ཐབས་ལས་བྱིས་པའི་ནད་ཀྱི་བརྟག་ཐབས་ཁོངས་ནས་ནུ་ཞོའམ་ཞོ་པྲ་བརྟག་ཐབས་ཀྱི་རིམ་པ་མདོར་ཙམ་བཤད་པར་བྱ་བ་ནི། དེ་ལ་ས་བཅད་ཀྱི་དབང་དུ་བྱས་ན་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སྔོན་འགྲོ་ལ་རྟེན་གྱི་ན་ཚོད་དང་། བརྟག་བྱེད་སྣོད་དང་དེའི་ཆ་བྱད། ཟས་སྤྱོད་ཀྱི་སྤང་བླང་གི་རིམ་པ་དང་གཉིས། གཉིས་པ་དངོས་གཞི་ལ་ནད་མེད་ཀྱི་ཞོ་པྲ་དང་། ནད་ཅན་གྱི་ཞོ་པྲ། གདོན་ཅན་གྱི་ཞོ་པྲ། འཆི་བའི་ཞོ་པྲ་བཅས་བརྟག་ཐབས་བཞི་དང་།  གསུམ་པ་མཇུག་དོན་བསྟན་པ་བཅས་གསུམ་མོ། །


སྔོན་འགྲོའི་སྤྱི་བཤད་ནི། 

མ་ཡི་འོ་མ་ཆུའི་ནང་དུ་བཏིག་ནས་ཆུ་ལ་ཇི་ལྟར་འདྲེས་ཚུལ་དང་། གནས་ས་སྟེང་འོག་བར་གསུམ་དུ་ཁྱབ་སྟངས། ཁ་དོག་དང་ངོ་བོ་འགྱུར་ཚུལ་གྱི་རྣམ་པ་བཅས་ལ་བརྟག་ནས་ནད་ངོས་འཛིན་པའི་བརྟག་ཐབས་ཤིག་ཡིན། དེས་ན་ནུ་ཞོ་བརྟག་ཐབས་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པའི་ནང་དུ་ཡོད་པ་དེ་ཉིད་ནི་རྗེ་གཡུ་ཐོག་པའི་ཤོག་དྲིལ་མའི་ནང་གི་ཞོ་པྲ་བརྟག་ཐབས་དེར་བཀའ་མའི་ལུགས་ལ་ཁ་གསལ་བོར་བཟོས་ཤིང་གོ་བདེ་རུ་བཏང་བ་ཞིག་ཏུ་མངོན། ད་ལྟ་འཆད་བྱ་འདི་ནི་རྗེ་གཡུ་ཐོག་པའི་ཤོག་དྲིལ་ལས་བྱིས་པའི་བཅོས་ཆུང་དཔྱད་པདྨ་གཅེས་ཕྲེང་ཞེས་བྱ་བ་གཏེར་སྟོན་གྲྭ་པ་མངོན་ཤེས་པས་བསམ་ཡས་ཇོ་མོ་གླིང་གསུམ་ནས་གཏེར་ལས་བཏོན་པ་དེའི་ཁོངས་ནས་ཡིན། ཞོ་པྲ་བརྟག་ཐབས་པདྨའི་ཞལ་ལུང་ཞེས་གཏེར་མར་གྲགས། དེ་ཡང་ཀོང་སྤྲུལ་ཟིན་ཏིག་བདུད་རྩིའི་ཐིགས་པའི་ནང་བྱིས་པའི་བཅོས་ཆུང་དཔྱད་པདྨ་གཅེས་ཕྲེང་སོགས་གཏེར་བྱོན་རྣམས་ལས་ཞིབ་ཏུ་ཤེས་དགོས་ཚུལ་གདམས་པ་བཞིན་སྐབས་དང་དུས་ལ་ཞིབ་རྒྱས་སུ་གསུང་ཡོད་པ་ལྟར་དང་། འདི་ལྟ་བུའི་སྨན་དཔྱད་ཀྱི་རིག་པ་འདི་ཡང་བོད་མདོ་ཁམས་སུ་དུས་ད་ལྟའང་འཚོ་བྱེད་སྨན་པ་རྣམས་ཀྱི་ཁྲོད་ན་ལག་ལེན་བསྟར་བཞིན་ཡོད་པར་འདུག  


དང་པོ་སྔོན་འགྲོ་ལ། 

རྟེན་གྱི་ན་ཚོད་ནི་བྱིས་པ་ཁོ་ནར་གོ་དགོས་པ་དང་། དེ་ཡང་བཙས་ནས་ལོ་གཅིག་ལོན་ཚུན་ལ་བརྟག་དགོས་པ་གཙོར་བྱས་ཤིང་། བྱེ་བྲག་ཏུ་ལོ་ཚད་ལ་ལྟོས་པ་ཆེན་པོ་མེད་པས་ནུ་ཞོ་འཐུང་བཞིན་པ་ཞིག་ཡིན་དགོས། བརྟག་བྱེད་ཀྱི་སྣོད་ནི་ཡུལ་སོ་སོའི་འཁོས་འབྱོར་ལ་དཔག་པའི་དཀར་ཡོལ་དང་། ཤིང་ཕོར། རྫ་ཕོར། འགྱིག་ཕོར། ལྕགས་ཕོར། དངུལ་ཕོར། གསེར་ཕོར་སོགས་གང་ཡིན་ཡང་ནང་ངོས་ཁ་དོག་ནག་པོ་ཅན་ཞིག་ཡིན་དགོས། ནུ་ཞོ་གཏིག་བྱེད་ཀྱི་ཁྱེམ་བུ་ནི་དེ་བཞིན་ཤེལ་དང་། ཤིང་། རྫ། འགྱིག ལྕགས། དངུལ། གསེར་སོགས་རྒྱུ་ཆ་གང་ལས་བཟོས་ཀྱང་ཆོག་ལ། ཁྱེམ་བུའི་སྦོམ་ཕྲ་ནི་རྒྱ་ཁབ་ཆེ་བ་ཙམ་ལ་རྩེ་མོ་ཀོང་ཀོང་ཅུང་ཐུར་དུ་གུག་པ། རིང་ཐུང་ལ་སོར་དྲུག་ཙམ་ལག་ཏུ་བཟུང་ནས་བེད་སྤྱོད་བྱེད་བདེ་ན་འགྲིག ཟས་སྤྱོད་ནི་ནུ་ཞོ་མ་ལས་འབྱུང་བས་ན་མ་ལ་ཤིན་ཏུ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། ཞོ་པྲ་བརྟག་པའི་སྔ་ཉིན་ནས་ཟས་ཀྱི་ངོ་བོ་གྱོང་བ། རླན་ཆེ་བ། སྣུམ་ཚིལ་ཅན་སོགས་འཇུ་དཀའ་བའི་རིགས་དང་། སྤྱོད་ལམ་དྲག་ཤུལ་ཅན་དང་ལྷག་ཏུ་ཉལ་པོ་སྤྱོད་པར་འཛེམ་དགོས་པ་གལ་ཆེའོ། །


གཉིས་པ་དངོས་གཞི་ལ།

ཞོ་པྲ་བརྟག་པའི་ཞོགས་པ་སྔ་མོ་ནས་བུས་མ་ནུས་པའི་སྔོན་དུ་ཕྲུ་གུ་བུ་ཡིན་ན་མའི་ནུ་མ་གཡོན་དང་། བུ་མོ་ཡིན་ན་གཡས་ནས་ཐོག་མར་འོ་མ་ཉུང་ངུ་ཙམ་ཕྱིར་འཕོ་བའི་རྗེས་འོ་མ་མང་ཉུང་བཞོ་སྣོད་ཀྱི་ཆེ་ཆུང་ལས་ཚད་བཟུང་དགོས་ཙམ་ལས་མང་པོ་མི་དགོས། དེང་གི་ཚད་ལྟར་ན་གྷ་རམ་༥༠(50 grams)ཡས་མས་ཡོད་ན་ཆོག ཉི་འོད་ལས་གྲིབ་མའི་ནང་བརྟག་ན་གསལ་ཆ་ཆེ།


ནད་མེད་ཀྱི་ཞོ་པྲ།

བརྟག་སྣོད་གང་ཡིན་པ་དེའི་ནང་ཆུ་གཙང་ཕྱེད་ཙམ་བླུགས་པའི་སྟེང་ནུ་ཞོ་ཁྱེམ་བུས་དལ་བུར་བཏིག་ཚེ། ཆུའི་སྟེང་ཤིང་གི་ལོ་མའི་དབྱིབས་ལྟ་བུ་ལ་དབུས་སུ་མེ་ཏོག་སྟེ་ལྦུ་བ་བྱུང་མ་བྱུང་གཉིས་ཀ་ནད་མེད་པའི་རྟགས་དང་། ཡང་ནུ་ཞོ་བཏིག་པའི་ཚེ་ཆུའི་ཁར་ལྦུ་བ་བྱུང་བའི་རྗེས་སུ་ཡང་བསྐྱར་དེའི་ནང་ལྦུ་བ་བྱུང་བའང་ནད་མེད་ཀྱི་རྟགས་སུ་བཤད། དེ་ལྟར་ནུ་ཞོ་བཏིག་ནས་ཆུའི་སྟེང་མེ་ཏོག་བྱུང་ལ་བར་དུ་ཀ་བ་བཙུགས་ནས་སྣོད་ཞབས་སུ་སླེབས་མ་ཐག་སླར་ཡང་ལྦུ་བ་དང་བཅས་གྱེན་དུ་ཀ་བ་བཙུགས་ན་ཕྲུ་གུ་དེ་བློ་རྣོ་ལ་རིག་པ་གསལ་བ་དང་ནད་དཀོན་པའི་རྟགས་སུ་ངེས་པར་བཤད། ཀོང་སྤྲུལ་གྱིས། བརྟག་སྣོད་གཉིས་སུ་ཆུ་བླུག་པ་ནུ་ཞོ་ཉུང་ངུ་རེ་སོ་སོར་བཞོས་པས། ཁ་ལ་ལིང་གིས་ལྡིང་བ་དང་ཆུ་དང་འོ་མ་འདྲེས་ན་འཚོ། མ་འདྲེས་པར་ཕྲོམ་ཕྲོམ་འདུག་ན་འཆི། གཏིང་དུ་ཧྲིལ་གྱིས་སོང་ན་ན། ཁ་གཏིང་གི་བར་ཀ་བ་བཙུགས་ན་འདྲེ་གདོན་ཡིན་ཅིང་དེ་ཡང་ནུ་ཞོ་གཡས་པ་ཕོ་གདོན་དང་གཡོན་པ་མོ་གདོན་དུ་ངོས་བཟུང་ལ་རིམ་གྲོ་གཏོ་བཅོས་དེ་ལུགས་བྱ། གཉིས་ཀར་མ་འདྲེས་པ་གཏིང་དུ་སོང་ན་སྤང་། གཅིག་འདྲེས་གཅིག་མ་འདྲེས་པའམ། གཅིག་ཁ་དང་གཅིག་ཞབས་སུ་སོང་ནའང་གསོ་དཀའ་བའོ། །ཞེས་གསུངས།

 

ནད་ཅན་གྱི་ཞོ་པྲ། 

ནུ་ཞོ་བཏིག་པའི་ཚེ་ཆུའི་སྟེང་འོག་བར་གསུམ་དུ་ཆགས་པའི་ནུ་ཞོའི་དབྱིབས་ལ་བརྟག་དགོས་ཀྱང་གཙོ་བོ་སྟེང་གི་དབྱིབས་ལ་བརྟག་རྒྱུ་གལ་ཆེ་བ་ཡིན། ནུ་ཞོ་གང་ལའང་མ་འདྲེས་པར་ཕྲོམ་ཕྲོམ་དང་ཤིང་ཏོག་གི་དབྱིབས་ལྟ་བུ་བྱུང་ན་ཚ་བ་དང་མཁྲིས་པའི་རྟགས། ནུ་ཞོ་སླ་བོ་ཡོད་ན་འཁྲུ་བཤལ་བྱུང་བའམ་ཟུངས་ཞན་པའི་རྟགས། ནུ་ཞོ་ཆུ་ཁ་ནས་ཕྱོགས་ཀུན་ཏུ་བྱེར་འགྲོ་ན་རླུང་ནད་དམ་ནད་གཅོང་ཡིན་པའི་རྟགས། སྟེང་དུ་མེ་ཏོག་གམ་ལྦུ་བ་དང་ལོ་མའི་དབྱིབས་ཅན་མེད་པ་འོག་ཏུ་མ་འདྲེས་པར་སྤྲིན་སྟུག་པོ་ལྟ་བུ་བྱུང་ན་གྲང་བའི་རྟགས་སུ་གོ །ཀོང་སྤྲུལ་གྱིས། ནུ་ཞོ་གཏིང་སོང་གྲང་བ། བར་དུ་ཚ་བ། ཁར་རླུང་། མིང་མང་རིས་སུ་བྱུང་ན་ཤི་གསོན་ཕྱེད་མ། ཆུ་མདོག་ཏུ་གྱུར་ན་མི་འཚོ། འདྲེས་ན་འཚོ་བའང་བཤད་དོ། །


གདོན་ཅན་གྱི་ཞོ་པྲ། 

ནུ་ཞོ་བཏིག་པའི་ཚེ་ཆུའི་སྟེང་དུ་མཆིན་པའི་དབྱིབས་ལྟ་བུ་བྱུང་ན་རྒྱལ་གདོན་གྱིས་གནོད་པའི་རྟགས། གློ་བའི་དབྱིབས་ལ་དཀྱིལ་དུ་བུ་ག་བྱུང་ན་བཙན་གྱིས་གནོད་པའི་རྟགས། ལོ་མ་ལྟ་བུའི་དབྱིབས་ལ་དཀྱིལ་དུ་བུ་ག་ཆེ་ཆུང་མང་པོ་བྱུང་ན་གདོན་ཆེན་བཅོ་ལྔས་ཟིན་པའི་རྟགས། གཞན་ནུ་ཞོ་བཏིག་ཚེ་བར་དུ་ཀ་བ་མི་འཛུགས་ལ་མེ་ཏོག་དང་ལོ་མ་ཡང་མི་འབྱུང་བར་བཟང་ངན་གྱི་རྟགས་ཅི་ཡང་མེད་པར་སྣོད་མཐིལ་དུ་གོར་གོར་ཆགས་ལ་གཟུགས་དབྱིབས་མི་འབྱུང་ན་ཆགས་པ་སྤྱད་པའི་རྟགས་སུ་བཤད།


འཆི་བའི་ཞོ་པྲ། 

ནུ་ཞོ་བཏིག་པའི་ཚེ་ཆུའི་སྟེང་དུ་མེ་ཏོག་གམ་ལྦུ་བ་མེད་པ་དང་བར་དུའང་ཀ་བ་མི་འཛུགས་པར་ཐད་ཀར་སྣོད་ཞབས་སུ་ཆུ་དང་མ་འདྲེས་པར་རྡོག་རྡོག་རིལ་བུ་ལྟ་བུ་ཆགས་ན་འཆི་བའི་རྟགས་དང་། ཡང་ནུ་ཞོ་བཏིག་ཚེ་སྟེང་དུ་སྒོར་མོ་མི་ཆགས་པར་ཞབས་སུ་བྱེར་འགྲོ་ན་ཚེ་ཡུན་རིང་མི་བརྟན་པའི་རྟགས་ཡིན་པར་བཤད་དོ། །


གསུམ་པ་མཇུག་དོན་ནི།

དུས་རྒྱུན་མ་ཡི་ནུ་མར་གནོད་སྐྱོན་མི་འབྱུང་སླད་གཙང་སྦྲ་བྱེད་རྒྱུ་དང་། དུས་ཐོག་ཏུ་ཕྲུ་གར་ནུ་ཞོ་བསྣུན་པ། འོ་མ་བླུད་པའི་རྗེས་ནུ་མར་རླུང་སོགས་ནད་མི་ཞུགས་པའི་ཆེད་དེ་མ་ཐག་གྱོན་གོས་ཀྱིས་དགབ་དགོས་པ། ཞོ་པྲ་བརྟག་པའི་ཚེ་ནའང་གཙང་སྦྲ་སོགས་འཛེམ་བྱའི་རིགས་ལ་དོ་སྣང་བྱེད་རྒྱུ་དང་། བརྟགས་ཟིན་པའི་ཚེ་བརྟག་སྣོད་ཀྱི་ཞོ་ཆུ་དེ་ས་གཙང་སར་འབྱོ་དགོས་པ་ལས་འགོམ་མི་རུང་ངོ་། །


འདི་ནི་སྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེས་མྱོང་ཁྲིད་ཞལ་གདམས་བཞིན་སྨན་རམས་པ་འཇམ་དབྱངས་རྒྱ་མཚོ་དང་སྨན་རམས་པ་སྟོན་པ་སྐྱབས་གཉིས་ཀྱིས་ཟིན་བྲིས་སུ་བཏབ།།

མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 2:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།