སྨན་རྩིས་དྲ་བ། - སྣ་ཚོགས།

བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.07.2022
སྣ་ཚོགས། >>



 

༄༅།། བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་

ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་

བཞུགས་སོ།།

 

༄༅། །ངོ་མཚར་བཀོད་པའི་ཞིང་ཁམས་བདུན་དུ་མཚན་དཔེའི་དཀྱིལ་འཁོར་རྟག་གསལ་ཡང་།།

ཆེར་སྙིགས་ལྔ་བདོའི་སྨག་རུམ་བཅིལ་ལ་ལྷག་པར་ཐུགས་རྗེ་ཆེན་པོའི་ཉི།།

ཉེར་གསལ་རླུང་གི་ཤིང་རྟས་རབ་དྲངས་འགྲོ་བློའི་ནམ་མཁར་ཡོངས་ཤར་བས།།

ཕན་བདེའི་སྣང་བས་གཅིག་ཏུ་ཁྱབ་མཛད་བདེར་གཤེགས་མཆེད་བདུན་གཏན་གྱི་སྐྱབས།།

གང་གི་ཁྱད་པར་སྨོན་ལམ་ཚངས་པའི་དབྱངས།། དཔལ་གྱི་མགྲིན་པའི་གཡས་འཁྱིལ་དུང་དཀར་སྒྲས།། བྱང་ཆེན་དེ་སྲིད་རྣ་བར་སྙན་པོའི་གཏམ།། སྦྱིན་མཛད་ཤཱཀྱ་སེང་གེས་འགྲོ་འདི་སྐྱོངས།། ཐུབ་གསུང་བརྒྱད་བརྒྱའི་འདབ་སྟོང་བཞད་ཚལ་ནས།། རྣམ་དཔྱོད་བུང་བས་སྙིང་པོ་ཟེའུ་འབྲུའི་བཅུད།། ལེགས་ཕྱུང་མདོ་ཆོག་སྦྲང་རྕི་བདེ་སྐྱིད་ལུས།། རྟས་བྱེད་མཁན་ཆེན་ཞི་འཚོ་ཕྱག་གི་ཡུལ།། འཇམ་དཔལ་སྒྱུ་དྲ་ལྷ་གཅིག་ཁྲི་སྲོང་རྗེ།། འབངས་བཅས་འདི་ཕྱི་གཏན་འདུན་འགྲུབ་ནུས་སྨན།། རྣམ་རྒྱལ་འཕྲེང་སྤེལ་མཁས་གྲུབ་རིམ་བརྒྱུད་པ།། བཤེས་གཉེན་དམ་པའི་ཚོགས་ལ་སྙིང་ནས་དད།། ཁྱད་པར་ཆོས་འདིའི་བདུད་རྩི་རོ་བདའ་བ།། བདག་བློའི་ཟ་མ་ཏོག་ཏུ་འཁྱིལ་མཛད་པའི།། ཡོངས་འཛིན་རྣམ་གསུམ་བཀའ་དྲིན་བྱང་ཆུབ་བར།། གཞལ་བའི་སྙིང་སྟོབས་སྤོབས་པ་གཟེངས་སུ་མཐོ།། འཁོར་བ་མྱ་ངམ་བཤུལ་རིང་དུབ་པའི་འགྲོན།། རིས་མེད་འགྲོ་ཀུན་མྱང་འདས་སིམ་པའི་གྲོང་།། འཁྲིད་པའི་ས་མཁན་བདེ་གཤེགས་བརྒྱད་མཆོད་སྒོ།། འབྱེད་པའི་ལྡེ་མིག་ཆོག་བསྒྲིགས་འདི་ཀོ་མཚར།། རྡུལ་བྲལ་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས།། ལེགས་དྲངས་ཐོས་བརྕོན་ཡིད་བཞིན་དབང་གི་རྒྱལ།། དཔྱད་བཟང་སྲི་ཞུར་བགྱིད་ལས་ཕན་དང་བདེའི།། འཛད་མེད་འདོད་དགུའི་ཆར་ཆེན་འདི་ན་འབེབས།།

            དེ་ཡང་འོ་སྐོལ་སྙིགས་མའི་འགྲོ་བ་རྣམས་ལ་ལྷག་པར་ཐུགས་རྗེ་ཆེ་བ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་ཀྱི་མཆོད་པའི་ཆོག་འདི་ལ་ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས། དད་པ་བསྐྱེད་པར་བྱ་བའི་ཕྱིར་ཕན་ཡོན། མདོ་སྔགས་ཀྱི་ཁྱད་པར་དང་ལོག་རྟོག་གི་བསྣད་བཞུགས་པ་རྣམས་ལ་དཔྱད་དེ་འཁྲུལ་བ་བསལ་བ། ཉམས་སུ་བླང་བྱའི་ཆོ་ག་དངོས་བཤད་པ་དང་བཞི་ལས།

 

དང་པོ། ཁུངས་བཙུན་པའི་ལོ་རྒྱུས།

དང་པོ། ལོ་རྒྱུས་ལ་མདོ་གསུང་ཚུལ་དང་། བོད་དུ་དར་ཚུལ་གཉིས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡངས་པ་ཅན་གྱི་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་འཁོར་དགེ་སློང་བརྒྱད་ཁྲི། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། བློ་གྲོས་ཆེན་པོ།། བྱམས་པ། སྤོབས་པ་བརྩེགས་ནས་ལག་ན་རྡོ་རྗེའི་བར་མཚན་སྨོས་པ་བཅུ་གཉིས་ལ་སོགས་པ་སུམ་ཁྲི་དྲུག་སྟོང་དང་གཞན་ཡང་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའི་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་དང་ཀླུ་ལ་སོགས་པ་གྲངས་མེད་པའི་ཚོགས་རྣམས་ལ་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཆོས་གསུང་ཞིང་བཞུགས་པའི་ཚེ་འཕགས་པ་འཇམ་དཔལ་སྟན་ལས་ལངས་ཏེ་གཡས་ཕྱོགས་སུ་སྐོར་བ་ལན་གསུམ་མཛད་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཞུས་པ། བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་སོགས་ཀྱིས་གསོལ་བའི་སྒོ་ནས། གང་ཐོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའམ། ལག་ན་རྡོ་རྗེས་དམ་བཅས་པའམ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའམ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱིས་དམ་བཅས་པའི་མདོ་སྡེ་སྟེ་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཞུས་སོ།། བྱང་ཆུབ་སེམས་པ་སྐྱབས་གྲོལ་གྱིས་ནད་པ་དང་འཆི་ཁ་མའི་དོན་ཇི་ལྟར་བགྱི་ཞེས་ཞུས་པ་དང་ནད་པའི་རིམ་གྲོ་བྱེད་ལུགས་ལ་སོགས་པ་གསུངས། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ཀྱང་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་མདོ་སྡེ་འཛིན་པ་དང་མཆོད་པའི་གང་ཟག་ལ་བསྲུང་སྐྱོབ་བྱེད་པར་ཁས་ཀྱིས་འཆེས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་བདུན་གྱི་མཚན་འཛིན་པ་དང་དེ་དག་ལ་མཆོད་པའི་གང་ཟག་དང་མདོ་སྡེ་རིན་པོ་ཆེ་འདི་གང་ན་བཞུགས་པའི་ས་ཕྱོགས་དེར་བསྲུང་སྐྱོབ་བྱེད་པར་ཁས་བླངས་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ། སྐྱབས་གྲོལ། ཀུན་དགའ་བོ་ལ་སོགས་པར་གསུངས་ཤིང་ཕྱོགས་གང་དུ་གཏོགས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འཚང་རྒྱ་བའི་ཚུལ་བསྟན་པའི་ལོ་ཀུན་དགའ་བོ་འཁྲུངས། དེ་ནས་ལོ་བདུན་གྱི་བར་སྟོན་པའི་ཞལ་མ་མཇལ་བས་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པའི་དོགས་པ་མེད་ཅིང་འཁོར་ལོ་བར་པ་ལས་ཀྱང་འཕྱི་བའི་རྒྱུ་མཚན་སྤྱོད་ཕྱོགས་རྒྱ་ཆེན་པོ་གཙོ་བོར་སྟོན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་པས་འཁོར་ལོ་ཐ་མར་གཏོགས་པར་མདོ་ལུགས་གཙོ་བོར་བྱེད་ན་ཁས་ལེན་དགོས་ཤིང་སྔགས་ལུགས་སུ་བྱེད་ན་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་སོ།། དེ་ཡང་ཀུན་དགའ་བོས་བཀའ་བསྡུས་པའི་མཐར་ཡི་གེར་བཏབས།

            གཉིས་པ་བོད་དུ་དར་ཚུལ་ནི། འཕགས་པ་རིགས་གསུམ་མགོན་པོས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་ན་སྟོད་མངའ་རིས་ཀྱི་ཆ་གཡའ་རི་དང་གངས་རིས་བསྐོར་ཞིང་གླང་བོ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་བྲག་དང་སྤང་ལྗོངས་ཀྱིས་བསྐོར་ཞིང་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་རྩི་ཤིང་ནགས་ཚལ་གྱིས་བསྐོར་ཞིང་སྤྲེའུ་དང་བྲག་སྲིན་གྱི་ཡུལ་དུ་ཡོད་པ་ལ་འཕགས་པ་གསུམ་བཀའ་བགྲོས་ནས་ཐུགས་རྗེ་ཆེན་པོ་ཕྱག་ན་པདྨ་དང་འཕགས་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་རིགས་དྲུག་ནས་འཕོས་པའི་ཕྲུ་གུ་དྲུག་བྱུང་བ་རྣམས་རིམ་གྱིས་འཕེལ་ཏེ་བོད་མིའི་རྒྱལ་ཁམས་སུ་གྱུར་པ་ལས། རུས་ཆེན་བཞིར་གྱེས་པའི་ཁམས་ཆེ་སང་དཀར་བོ་གནམ་གྱི་འཇུ་ཐག་ཅན་དང་གཅིག། ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་རྣམས་སུ་དབྱེ་བ་བྱུང་ཞིང་དེ་ལས་རྒྱལ་ཕྲན་སིལ་མ་མང་དུ་བྱུང་ཡང་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མེད་ན་བསྟན་པ་མི་ཚུགས་པར་དགོངས་ཏེ་དེ་བཞིན་གཤེགས་པ་དང་དགུང་ཟླ་མཉམ་པའི་རྒྱལ་བ་ཤར་བའི་བུ་ཐ་ཆུང་སོར་མོ་དྲ་བས་འབྲེལ་བ། མིག་མས་འགེབས་དང་གཡུའི་སྨིན་མ་ཅན། དུང་སོ་ཁོར་མར་ཡོད་པ་མི་ལས་འདས་པའི་མཚན་ལྟས་ཁྱད་པར་ཅན་བྱུང་བ་མཚན་མཁན་གྱིས་དཔྱད་མི་ཤེས་པར་གའུར་བཅུག་སྟེ་གངྒཱའི་ཆུ་ལ་བསྐྱུར་རམ་ཡང་ཟེར། ལུགས་གཅིག་ལ་ལྷ་འདྲེའི་སྤྲུལ་བར་དོགས་ནས་སྤྱུགས་པར་གྲགས་པ་གང་ལྟར་ནའང་སྐྱེ་བ་སྐྱེས་ཏེ་བྱང་ཕྱོགས་ཀྱི་ནགས་ཁྲོད་དུ་འཁྱམས་པ་ལས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་སྣང་བ་བསྒྱུར་ནས་ལྷ་རི་གྱང་ཐོའི་རྩེ་མོར་བྱོན་ཏེ་རིགས་པས་ཡར་ཀླུང་ཡུལ་ཕུན་སུམ་ཚོགས་པར་མཁྱེན་ནས་བཙན་ཐང་སྒོ་བཞིར་ཕེབས་པ་ཕྱུགས་རྫིས་གཉའ་བར་ཁྲི་བཅས་ཏེ་སྤྱན་དྲངས་པ་གཉའ་ཁྲི་བཙན་པོ་ཡིན་ལ།

            དེ་ནས་རྒྱལ་རབས་ཉི་ཤུ་རྩ་ལྔར་ལྷ་འདྲེ་རང་གིས་བསླབས་པའི་སྣང་གཤེན་པས་ལྷ་མཆོད་བྱས་ནས་རིམ་གྲོ་སོགས་ཀྱིས་ཆབ་སྲིད་བོན་སྐྲུང་གིས་བསྐྱངས་པར་གྲགས། དེ་ནས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ཕོ་བྲང་ཡུམ་བུ་གླ་སྒང་དུ་མདོ་སྡེ་ཟ་མ་ཏོག དབང་སྐོང་ཕྱག་རྒྱ་བ། གཙུག་ཏོར་དྲི་མེད། གསེར་གྱི་མཆོད་སྡོང་རྣམས་བབས་པས་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་རྒྱལ་པོ་འདི་སངས་རྒྱས་སྨན་གྱི་བླའི་སྤྲུལ་པ་ཡིན་པར་གྲགས།

            དེ་ནས་རྒྱལ་རབས་ལྔ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མི་རྗེ་སྲོང་བཙན་སྒམ་པོས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་རྣམ་འཕྲུལ་ཀོང་ཇོ་དང་ཁྲི་བཙུན་ཁབ་ཏུ་བཞེས་ཏེ་ཇོ་བོ་རྣམ་གཉིས་སྤྱན་དྲངས། འཕྲུལ་སྣང་དང་ར་མོ་ཆེས་གཙོས་པའི་རྟེན་བརྟེན་པ་མང་དུ་བཞེངས། པཎྜིཏ་ཤཱཀྱ་སིདྡྷས་མཚོན་པའི་རེ་གཉིས་གདན་དྲངས་ཤིང་ཐུ་མིས་བོད་ལ་ཡི་གེ་མེད་པར་གསར་དུ་བཟོས། དེ་དག་ལ་ཉེ་བར་མཁོ་བ་སུམ་རྟགས་སོགས་བསྟན་བཅོས་བརྒྱད་མཛད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། རབ་བྱུང་གི་སྡེ་མ་ཚུགས་ཀྱང་འབངས་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་དེ་བསྟན་པའི་སྲོལ་བཏོད།

            དེ་ནས་རྒྱལ་རབས་ལྔ་ན་འཇམ་དཔལ་གྱི་སྤྲུལ་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསལ་སྣང་སྤྱན་འདྲེན་གྱི་ཕོ་ཉར་བརྫངས་པས་ཟ་ཧོར་གྱི་ཡུལ་དུ་འཁྲུངས་ཤིང་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་འཛིན་པ་པཎ་ཆེན་ཞི་བ་འཚོ་ཞེས་བྱ་བ་ཐུགས་དམ་གྱི་ལྷ་འཇམ་དཔལ་དང་འབྲལ་མེད་དུ་འགྲོགས་ཤིང་ཞལ་གཟིགས་པ། རིག་པའི་གནས་ལྔ་ལ་མཁས་པ། སྐུ་ཚེ་ལ་མངའ་བརྙེས་པས་དགུང་ལོ་དགུ་བརྒྱ་ལྷག་བཅས་བཞེས་པ། རྫུ་འཕྲུལ་གྱིས་བཻཌཱུརྱའི་ཞིང་དུ་བྱོན་པའི་མངོན་ཤེས་ཅན་དེ་གསོལ་པ་བཏབ་པ་བཞིན་ཕེབས། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལས་བརྩམས་པའི་ཆོས་གསུངས་ཀྱང་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ་མི་ཤིས་པ་མང་དུ་བྱུང་བས་ཞི་འཚོས་ལུང་བསྟན་པ་བཞིན་འཛམ་བུ་གླིང་ན་ཚེ་བའི་སྔགས་མཁན་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་གདན་དྲངས། ལྷ་སྲིན་དམ་ལ་བཏགས་ཤིང་ས་གཞི་བཏུལ་བས་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་བཞིན་བསྒྲུབས་ནས་ཆོས་བྱེད་པ་ལ་བར་ཆད་མེད་པར་བརྟེན་མཁན་པོས་སད་མི་མི་བདུན་སོགས་ཤེས་རབ་ཅན་སུམ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་མཛད་པས་མཁན་ཆེན་དང་བྱང་ཆུབ་ཀྱི་ཐུགས་ལྷག་པར་འབྱོངས་པས་བོདྷི་སཏྭར་གྲགས།

            འདིས་རྒྱལ་པོའི་སྐུ་རིམ་ལ་གཙུག་གཏོར་དྲི་མེད་ཀྱི་གཟུངས་ཆོག་དང་སྨན་བླའི་མདོ་ཆོག་གཉིས་མཛད་པའི་ཆོ་ག་འདི་ཉིད་ཤིན་ཏུ་རྒྱས་པའི་སྡེ་སྣོད་མདོ་བརྒྱད་བརྒྱ་པ་ལས་སྔོན་འགྲོ་བཤམས་ཞིང་བསྒོམ་པ་ལ་འགལ་རྐྱེན་སེལ་བ་ཕྱི་ནང་གི་ཁྲུས་དང་། མཐུན་རྐྱེན་བསྒྲུབ་པ་དཀྱིལ་འཁོར་མཆོད་པ། ལྟ་བ་བསྒོམ་ཞིང་སྤྱན་དྲངས་པ། དངོས་གཞིའི་སྐབས་མདོར་བསྟན་སྤྱིའི་ཕྱག རྒྱས་བཤད་སོ་སོའི་ཕྱག་མཆོད་སྨོན་ལམ། མཇུག་ཆོག་གཏང་རག་གི་ཕྱག་སོགས་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བསྡུས་ཏེ་ལག་ལེན་ཁྲིགས་ཆགས་སུ་མཛད་པ་འདི་ཉིད་ཀྱི་རྫས་དང་ཡོ་བྱད་བཤད་ཚོད་བཞིན་དུ་རྒྱལ་པོས་བསྒྲུབས་ཏེ་ཚེས་བརྒྱད་བྱུང་རེས་ཀྱིས་མ་ཆག་པར་གནང་། སྨན་བླའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་པ་གདན་དྲངས་ནས་བསམ་ཡས་དབུ་རྩེའི་ལྷ་ཚོགས་རྣམས་རབ་ཏུ་གནས། ཆོ་ག་འདི་མ་ཆག་པའི་མཐུས་རྒྱལ་པོ་སྐུ་ཚེ་རིང་། མངའ་ཐང་མཐོ་ཞིང་འཇམ། བོད་དང་བོད་ཆེན་པོའི་རྒྱལ་ཁམས་དར་ཞིང་ལོ་ཆུ་ལེགས། མི་ཕྱུགས་ལ་ནད་མེད་ཅིང་དམ་པའི་ཆོས་དར་ཞིང་རྒྱས། དེའི་དུས་ན་བོད་ཀྱི་བདེ་སྐྱིད་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་ཟེར། རྒྱལ་པོས་མདོ་དང་ཆོ་ག་ཆ་ལག་དང་བཅས་པ་དངུལ་ཤོག་ལ་ཛམྦུ་ཆུ་བོའི་གསེར་དང་བཻ་ཌཱུརྱ་སྤེལ་མས་བྲིས་ཏེ་དངུལ་གྱི་སྒྲོམ་བུ་ལ་རིན་པོ་ཆེ་དུ་མས་སྤྲས་པའི་ནང་དུ་དར་སྣ་ཚོགས་པའི་ན་བཟའ་མང་དུ་གསོལ་ནས་བཞུགས་ཏེ་མཆོད་བརྒྱ་ཆེན་པོ་མ་ཆག་པར་ཕུལ། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཡོན་མཆོད་གཉིས་ཀྱིས་སྨོན་ལམ་གཅིག་ཏུ་བཏབ་པ་རང་ཅག་ཁ་བ་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་སྨིན་པར་མངོན།

            ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རིགས་ཀྱི་སྲས་ཆུང་བ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་ལ་གནང་། ཡབ་ཀྱི་མཛད་པ་ལྟར་སྨན་བླའི་མཆོད་པ་བཟུང་བས་ནུབ་གཅིག་བཻཌཱུར་སྣང་བའི་ཞིང་ཁམས་མཐོང་ཞེས་ཞུས་པས་ཇི་ལྟར་བྱུང་གསུང་བར་རྒྱུ་མཚན་རྣམས་གསོལ་བ་ན་ཡང་དགྱེས་ནས་ཤིན་ཏུ་མེད་པར་འདུག སྨན་བླའི་ཞིང་ཁམས་སུ་སྐྱེ་བར་ངེས་པས་ཕྱིན་ཆད་ཀྱང་མཆོད་པ་ལ་བརྩོན་པར་གྱིས་གསུངས། འདིས་སྐར་མའི་ཚད་ལ་བརྟེན་ནས་བརྩིགས་བས་སྐར་ཆུང་རྡོ་རྗེ་དབྱིབས་ཀྱི་ལྷ་ཁང་དུ་གྲགས་པ་བཞེངས། དེས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྲི་ལྡེ་གཙུག་བརྟན་ནམ་རལ་པ་ཅན་ལ་གནང་། འུ་ཤང་རྡོའི་ལྷ་ཁང་བཞེངས་ཤིང་མཆོད་གནས་སྡེ་གཉིས་ལ་བསྙེན་བཀུར་དང་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་མདོའི་མཆོད་པ་ལ་བརྩོན་པར་མཛད། དེས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་གནང་། དེ་ཡང་གླང་དར་གྱིས་བསྟན་པ་བསྣུབས་ནས་ནུབ་པར་ཉེ་བའི་ཚེ་སྲས་མངའ་བདག་འོད་སྲུང་ཆུང་ངུའི་དུས་སུ་ཡབ་མེས་ཀྱི་ཐུགས་དམ་དངུལ་གྱི་གའུའི་ནང་ན་འདུག་པ་གཟིགས་པས་དད་ནས་ཡུམ་ལ་འདི་ཅི་ཡིན་དྲིས་པས་འདི་གོང་མ་རྣམས་ཀྱི་ཐུགས་དམ་ཡིན། རྒྱལ་བུ་རང་གི་ཡང་ཆོས་ལ་གནག་པས་ཚེ་ཐུང་བདེ་སྐྱིད་མ་བྱུང་ཟེར། ད་འདི་སུས་ཤེས་བྱས་པས་ལྷ་ལུང་དཔལ་གྱི་རྡོ་རྗེས་ཤེས་ཟེར། ཁོང་ལ་ཞུ་དགོས་བྱས་པས། མ་ན་རེ་རིགས་ངན་ཟེར། རྒྱལ་བུའི་ཞལ་ནས་རིགས་མི་གཙོ་ཆོས་གཙོ་གསུངས་ཏེ་སློབ་དཔོན་བདེ་བའི་རྡོ་རྗེ་སྤྱན་འདྲེན་དུ་བཏང་ནས་ཕོ་བྲང་དུ་འདིའི་མཆོད་པ་ཞུས་པས་ནམ་མཁའ་ནས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲས་མཆོད་པ་རྒྱལ་བུས་གཟིགས་པས་ངོ་མཚར་སྐྱེས། ང་སྨན་བླའི་ཐུགས་ཀྱིས་འཛིན་པར་འདུག གང་སྨོན་པའང་འགྲུབ་གསུངས་ནས་ཚེས་བརྒྱད་བྱུང་རེས་ཀྱི་སྨན་བླའི་མཆོད་པ་མ་ཆག་པར་མཛད། མྱ་ངན་ལས་འདས་ནས་དབུ་ཐོད་ལ་སྨན་རྒྱལ་གྱི་སྐུ་གསལ་བར་བྱོན།

            འདི་ཡན་ལ་བརྒྱུད་པ་སྔ་དར་དང་མན་ལ་ཕྱི་དར་ཞེས་གྲགས། དེས་སྲས་མངའ་བདག་དཔལ་འཁོར་བཙན་ལ་གནང་བར། ཡབ་མེས་ཀྱི་ལུགས་བཞིན་མཆོད་པ་གནང་བས་གྲོངས་པའི་ཚེ་ལྗགས་ལ་སྨན་བླ་གཙོ་འཁོར་གསུམ་དང་རིང་བསྲེལ་མང་དུ་བྱོན། དེས་སྲས་སྐྱིད་ལྡེ་ཉི་མ་མགོན་ལ་གནང་། ཁོང་མངའ་རིས་སྟོད་དུ་སྤྱུགས་པའི་ཚེ་ཡབ་མེས་ཀྱི་ཐུགས་དམ་ཁྱེར་ནས་མཆོད་པས་སྐུ་ཚེ་མངའ་ཐང་འཕེལ། ཡུལ་ཁམས་རྣམས་བདེ་བར་གྱུར། དེས་སྲས་བཀྲ་ཤིས་ལྡེ་ལ་གནང་། དེས་ཚེས་བརྒྱད་ལ་མ་ཆག་པ་དང་ཆོས་འཕྲུལ་ཟླ་བ་ལ་ནར་མར་མཛད་པ་ན་ལན་ཅིག་སྐུ་ཁམས་མ་བདེ་བས་རིམ་གྲོ་ལ་སྨན་བླའི་མཆོད་པ་དང་གཟུངས་བཟླས་པའི་ཆུས་ཁྲུས་བྱས་ནས་གཟིམས་པས་མནལ་ལམ་དུ་མི་དཀར་པོ་ཞིག་གིས་ཁྱོད་ཀྱི་འདི་ལས་ནད་ཡིན་པས། སྨན་གྱི་མཆོད་པ་འདི་བརྒྱ་རྩ་བརྒྱད་དུ་ཡིི་དམ་དུ་གྱིས་གསུངས། དེ་ཙམ་འབྱོར་བའི་ཆ་རྐྱེན་མེད་བྱས་པས་ཁྱོད་རང་གི་ཁང་པའི་ཕྱོགས་ནས་འདོམ་གསུམ་ཤར་དུ་གཞལ་བའི་ས་ན་གསེར་ཕྱེ་བྲེ་གསུམ་ཡོད། དེ་ཐོན་ལ་མཆོད་པ་གྱིས་གསུང་བར་མནལ་སད་པ་དང་ཐུགས་བདེ་བར་བྱུང་། མི་དཀར་པོ་དེ་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ཡིན་པར་འདུག གསེར་ཕྱེ་བཏོན་ཏེ་མཆོད་པ་བྱས་པས་སྙུན་བདེ་ཞིང་སྐྱེ་བ་སྔ་ཕྱི་ཤེས་པའི་མངོན་ཤེས་ཤར་རོ།། དེས་སྲས་ཁོ་རེ་ལ་གནང་། དེ་ལ་དེཝ་རཱཛ་དང་ནཱག་རཱརྫར་གྲགས་པའི་སྲས་གཉིས་བྱུང་བ་བྱང་སེམས་ཉེ་སྣང་དང་ཟླ་སྣང་གི་སྤྲུལ་པར་གྲགས། ཡབ་སྲས་གསུམ་ག་རབ་ཏུ་བྱུང་བའི་ཡབ་ཀྱི་མཚན་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། དགེ་འདུན་མང་པོ་བསྡུས་ཏེ་ཉན་བཤད་སྒོམ་གསུམ་བཙུགས། བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་མཛད་ཅིང་སྨན་བླའི་མཆོད་པ་མདོ་ནས་བཤད་ཚོད་དང་མཐུན་པར་ཆོ་འཕྲུལ་དང་ཚེས་བརྒྱད་ལ་མ་ཆག་པ་དང་། རྒྱུན་གྱི་ཐུགས་དམ་གྱི་གཙོ་བོར་མཛད། སྐུ་གཤེགས་པའི་དུས་པུར་སྦྱངས་པས་ཉིན་ཞག་བདུན་དུ་འཇའ་འོད་དང་མེ་ཏོག་གི་ཆར་བབས། ཐུགས་ཀྱི་དཀྱིལ་ནས་སྨན་བླ་མཚོན་གང་བ་ཞིག་བྱོན། ནམ་མཁའ་ལ་རོལ་མོའི་སྒྲ་དང་བཅས་ནས་བཻ་ཌཱུརྱའི་ཞིང་ཁམས་སུ་བཞུད་པ་མཐོང་བར་གྲགས་ཤིང་། ལོ་རྒྱུས་ལ་ལར་ཆོས་ཀྱི་དོན་དུ་གསེར་སློང་བར་བྱོན་པས་གར་ལོག་གིས་བཙོན་དུ་བཟུང་བ་དང་འགའ་ཞིག་གཡུལ་སྤྲད་ནས་ཤོར་བ་སོགས་མི་མཐུན་པ་མང་ཞིང་བཙོན་ནང་དུ་གཤེགས་པར་མཐུན་པས་མྱ་ངན་འདའ་ཁའི་ལྟས་སོགས་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེར་ན་མ་གསལ་ཡང་གདུང་བདག་མེད་དུ་བསྒྱུར་པར་གཞན་གྱིས་ཞབས་ཏོག་འདྲ་བྱུང་ངམ་སྙམ། དེས་གཅུང་གི་སྲས་མངའ་བདག་ལྷ་ལྡེ་ལ་གནང་། དེས་སྲས་མངའ་བདག་འོད་ལྡེ་ལ་གནང་། དེས་སྲས་བཙན་ལྡེ་ལ་གནང་། ལྷ་ལུང་དཔལ་རྡོར་མ་གཏོགས་འདི་ཡན་ཆད་བོད་ཆོས་རྒྱལ་གྱི་གདུང་ཤ་སྟག་ཡིན།

            མངའ་རིས་གནར་པ་དགྲ་བཅོམ་བྱང་ཆུབ་ཚུལ་ཁྲིམས་ཞེས་སྡེ་སྣོད་གསུམ་ལ་བློ་སྦྱངས་པ་དེས་མངའ་བདག་རྩེ་ལྡེ་ལ་སྨན་བླའི་མཆོད་ཆོག་ཞུས་ནས་ཐུགས་དམ་དུ་མཛད། རང་གཞན་ཐམས་ཅད་ལ་ཕན་འདིས་ཐོགས། དུས་ལན་གཅིག་ཙ་ན་ཡོན་བདག་ཅིག་གིས་གདན་དྲངས་ནས་ང་ལ་ཆ་རྐྱེན་ཡོད་པ་ལ་བུ་གཅིག་ཀྱང་མེད། སྨན་བླའི་མཆོད་པ་ཞིག་ཞུ་ཟེར་མཆོད་པ་བྱས་ཏེ་ཁྱོད་ལ་བུ་བདུན་ཡོང་བར་ཡོད་པས་བཞི་ངའི་བཙུན་པ་བྱེད་གསུངས་པ་བཞིན་བྱུང་སྟེ་བུ་བཞི་ཕུལ་བ་རབ་ཏུ་བྱུང་ཞིང་ཕྱིས་དགེ་བའི་བཤེས་གཉེན་བཟང་པོ་རེ་བྱུང་སྐད། མངའ་རིས་དགྲ་བཅོམ་པ་དགུང་ལོ་བརྒྱད་ཅུའི་ཐོག་གྲོངས་པའི་ཚེ་སྨན་བླ་མཆེད་བདུན་དབུ་ཐོད་ལ་བྱོན། འདིས་སྦ་གྲོའི་དཔའ་འགོར་བྲག་ནག་ཏུ་བཞུགས་པས་དགེ་བཤེས་བྲག་ནག་པར་གྲགས། དེས་གཙང་གི་ལྷན་དུང་ལྟར་བྱོན། རུས་པ་ཞུ་ཡིན་པས་ཞུ་ལྷན་པ་ཤེས་རབ་གྲགས་བྱ་བར་གནང་། འདིས་སྨན་བླའི་ཆོ་ག་མཛད་པས་བདེ་གཤེགས་འཁོར་བཅས་མངོན་སུམ་དུ་སྤྱན་འདྲོངས་པ་ཕོ་རེག་པ་མདོ་སྡེ་མགོན་གྱིས་བྲག་སྔོན་ཕུག་པ་ནས་གཟིགས་པར་གྲགས། གསེར་བཟང་དྲི་མེད་ཀྱི་ཞིང་ཁམས་མཇལ། ཚ་བོ་ཞིག་བཙོན་དུ་ཤོར་བ་སྨན་བླར་གསོལ་བ་བཏབ་པས་ཐོན། དེས་ར་ས་ཆུ་ལྷ་དང་དར་མ་རྒྱལ་མཚན་ལ་གནང་། སྐྲན་གྱི་ནད་བདུན་ཞུགས་པ་སྨན་བླར་གསོལ་བ་བཏབ་པས་ན། གྲོངས་པའི་ཚེ་དུང་གཡས་འཁྱིལ་དང་རིང་བསྲེལ་མང་དུ་བྱོན། དེས་སྣར་ཐང་གྲོ་མོ་ཆེར་མཚན་ཐོགས་པ་མཚན་དངོས་གྲོ་སྟོན་བདུད་རྩི་གྲགས་ལ་གནང་། ཕ་མའིི་དོན་དུ་མདོ་ཆོག་མང་དུ་མཛད་པས་སྨན་བླའི་ཞིང་ཁམས་ཡང་ཡང་གཟིགས་ཤིང་ཡབ་ཡུམ་གཉིས་ཞིང་ཁམས་དེར་སྐྱེས་པའི་མཚན་མ་རྙེད། གར་བཞུགས་ཀྱང་སྨན་བླའི་ཞིང་ཁམས་ཡིད་ལ་འོང་གསུངས། ལྟ་སྒོམ་ཞིག་པོ་བྱ་བར་མཛེ་བྱུང་བས་གཡུ་དྲུག་དམར་བརྒྱ་རིམ་ཞིག་ཕུལ་ནས་ནད་གསོ་བར་ཞུས་པས་སྨན་བླའི་ལྷ་བཤོས་བྱིན། སྨན་གྱི་གཟུངས་ཆུས་བཀྲུས་པས་ལོ་གཅིག་ན་མཛེ་བསོས་དད་པ་ཐུན་མོང་མ་ཡིན་པ་ཐོབ། ཆ་རྐྱེན་ཐམས་ཅད་སྨན་བླའི་ཐེབས་སུ་ཕུལ་ཞིང་ཤི་ཙ་ན་འཇའ་དང་རིང་བསྲེལ་དུ་སོང་བས་གྲོ་མོ་ཆིབས། མཆོག་ཟུང་ལྟ་བུའི་སྲས་གཉིས་སུ་གྲགས་པའི་སངས་རྒྱས་སྒོམ་པ་སེང་གེ་སྐྱབས་ལ་གནང་། མྱ་ངན་ལས་འདའ་དུས་སྨན་བླའི་ཞིང་ཁམས་སུ་འགྲོ་གསུང་གཤེགས་པའི་ཚེ་ཉིན་ཞག་བདུན་དུ་མེ་ཏོག་གི་ཆར་བབས་ཤིང་དབུ་ཐོད་ལ་སྨན་བླ་བྱོན། དེས་མཆིམས་ནམ་མཁའ་གྲགས་ལ་གནང་། ཐུགས་དམ་གྱི་གཙོ་བོ་སྨན་བླར་མཛད་པས་ཐུགས་ཡིད་ཆེས་བ་ཤ་སྟག་བྱུང་། དེས་བཤེས་གཉེན་ཆེན་པོ་བསོད་ནམས་ཡེ་ཤེས་ལ་གནང་། བླ་མ་འདི་གཉིས་བརྒྱུད་ཡིག་གཞན་ནས་མ་རྙེད་ཀྱང་སྟག་ཚང་པའི་ཉམས་ལེན་བདེ་འཇུག་ནས་བྱུང་། དེས་ཚོགས་ཆོས་ལུང་མཁན་ཆེན་ཞང་སྟོན་བསོད་ནམས་གྲགས་པ་ལ་གནང་། འདི་ཉིད་ཀྱི་ཐུགས་ལ་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་འཁྲུངས་པ་སོགས་རྣམ་ཐར་འགངས་ཆེ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བསྙེན་རྫོགས་ཀྱི་སྡོམ་པའང་འདི་ལ་བཞེས།

            ཡང་ན་སངས་རྒྱས་སྒོམ་པ་ནས། གཉགས་སྙིང་པོ་རྒྱལ་མཚན། དེས་སྤྲུ་ལུང་པ་ཀུན་དགའ་སྨོན་ལམ། དེས་སྤང་ཁང་པ་གགས་པ་དཔལ། དེ་ལ་མཁན་ཆེན་བསོད་ནམས་གྲགས་པས་གསན། དེ་ནས་རིམ་པ་བཞིན་མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། ཐམས་ཅད་མཁྱེན་པ་མཁྱེན་རྩའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། ཞ་ལུ་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་ལ་བདག་གིས་མདོ་ཆོག་གི་ལུང་ནོས།

            ཡང་ན་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་ནས། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། མཁས་གྲུབ་ཆེན་པོ་བློ་མཆོག་རྡོ་རྗེ། དེ་ལ་བདག་གིས་ཞུས།

            གཞན་ཡང་ཞི་བ་འཚོ་ནས། བོདྷི་སཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་ཆེན་པོ་ཨཏི་ཤ ལྷ་བཙུན་བྱང་ཆུབ་འོད། ཏི་སི་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། གྱ་བ་དབང་མཛེས། གྱ་བ་དཔལ་མཛེས། ཡོན་ཏན་དབང་ཕྱུག ཤངས་པ་འདུལ་འཛིན། མཁན་ཆེན་བསོད་གྲགས་པའི་བར་དུ་བརྒྱུད་པའང་སྣང་། མངའ་བདག་རྩེ་ལྡེ་ཡན་གྱི་བརྒྱུད་པ་རྣམས་ལ་ཀུན་མཁྱེན་བུ་སྟོན་གྱི་བཞེད་པར་འདི་དང་མི་མཐུན་ཙམ་འདུག་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ལ་འཁྲུལ་བ་ཅི་ལ་མངའ་ནའང་གང་ལ་གོམས་པ་གཙོ་ཆེའམ་སྙམ་སྣང་ཐར་བའི་བཞེད་པ་བཞིན་བཀོད་ལ། གནར་པ་མན་གྱི་བརྒྱུད་པ་ཕྱི་མ་ལ་ཡིག་རྙིང་འདྲ་དང་གསན་ཡིག་ལ་ལར་མཐུན་མི་མཐུན་ཅི་རིགས་སྣང་བ་ཡིག་སྐྱོིན་ཤོར་བ་ཡིན་ནམ་ཐེ་ཚོམ་གྱི་གཞིར་འདུག་པས་ཐམས་ཅད་མཁྱེན་པ་སྟག་ཚང་བ་དང་ཀུན་མཁྱེན་མཁྱེན་བརྩེའི་གསན་ཡིག་ལ་ཡིད་བརྟན་དུ་བཟུང་ངོ་།།

            བྱ་རྒྱུད་དང་འབྲེལ་བའི་སྨན་བླ་སྤྲུལ་སྐུའི་རྗེས་གནང་ནི་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་ནས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེ་ལ་བདག་གིས་ནོས། སྟག་ཚང་ལོ་ཙཱ་བས་ལོངས་སྐུའི་རྗེས་གནང་དུ་གྲགས་པ་རིག་པའི་དབང་ལྔ་ཙམ་ལ་རིགས་ལྔའི་སྡོམ་གཟུང་བྱེད་པའི་ཕྱག་སྲོལ་ཞིག་འདུག་པ་ནི་མ་དག་པར་ངེས་པས་བདག་གིས་མ་ཞུས་གསུང་བ་དང་། ངོར་པ་རྡོ་རྗེ་འཆང་གིས་སྨན་བླ་ལོངས་སྐུའི་རྗེས་གནང་ཟེར་ནས་དབང་བཞི་མདོར་བསྡུས་ཤིག་སྦྱོར་བ་བླུན་པོ་རྣམས་ཀྱིས་རང་བཟོ་ཡིན་ཚུལ་གསུང་བ་མེད་པར་སྣང་མོད། སྨན་བླ་ལྷ་ང་གཅིག་གི་དཀྱིལ་འཁོར་དུ་བྱ་རྒྱུད་ལུགས་ཀྱི་ཆུ་ཅོད་པན་ལ་བརྟེན་པའི་དབང་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ནས། ཟུར་ཆེན་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་བདག་གིས་ཐོབ་པ་ནི་རྒྱུད་སྡེ་དང་མཐུན་ནམ་སྙམ་མོ།།

 

གཉིས་པ། དད་པ་བསྐྱེད་ཕྱིར་ཕན་ཡོན།

༈ གཉིས་པ་དད་པ་བསྐྱེད་ཕྱིར་ཕན་ཡོན་ནི། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་ནི་མི་འབྱུང་སྟེ།། ས་བོན་མེ་ཡིས་འཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འདི་གཉིས་གཙོ་བོ་ཤེས་རབ་སྟེ།། དེ་ཡི་སྔོན་འགྲོ་དད་པ་ཡིན།། ཞེས་གསུངས་པ་ལྟར་དད་པ་ལ་དཀོན་མཆོག་གི་ཡོན་ཏན་ལ་དད་པ། ལས་འབྲས་ལ་ཡིད་ཆེས་པའི་དད་པ། བདེན་བཞིའི་བླང་དོར་ལ་བྱེད་འདོད་པའི་དད་པ་གསུམ་ལས།

དང་པོ་ཉིད་ལ་ཡིད་ཆེས་བསྐྱེད་དགོས་པ་ནི། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད།། ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད།། རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམ་པར་འགྱུར་སྲིད་ཀྱི།། དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན།། ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫུན་གསུང་བ་ནི་ནམ་ཡང་མེད་ལ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ལས། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་སྤོས་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ན་བཟའ་དང་རྒྱན་རྣམས་ཀྱི་མཆོད་པས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག་གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ་བསྐལ་བ་བྱེ་བ་ལོན་ཡང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་བདུན་བརྟོད་(བརྗོད་)ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་བྱེད་པར་འབྱུར་རོ།། མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གི། གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་བསླབ་པ་གཅིག་ཙམ་འཛིན་ནམ། ཉིན་གཅིག་གམ་མཚན་གཅིག་གམ། ཡུད་ཙམ་ཞིག་དེ་གཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན་དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཞེས་དང་།

            ལུང་བཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས།། སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན།། འཛམྦུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི།། སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན།། ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ།། ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས།། དེས་ན་བདེ་ཞིང་སྐྱིད་པ་འདོད་པས།། དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ།། ཞེས་དཀོན་མཆོག་གསུམ་པོ་དངོས་དང་དེའི་རྟེན་ལ་མཆོད་པའི་ཕན་ཡོན་མཐའ་ཀླས་པ་དེ་བཞིན་གསུངས་པར་མ་ཟད་རང་རྒྱལ་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱ་ལ་ལོ་མང་དུ་བསྙེན་བཀུར་བྱས་པ་བས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དད་པའི་སེམས་ཀྱིས་ཡུད་ཙམ་ཞིག་མིག་གིས་བལྟས་པ་བསོད་ནམས་ཆེ་བར་གསུངས་ཤིང་བྲམ་ཟེ་ཞིག་གིས་ལམ་ཁར་དེ་བཞིན་གཤེགས་པ་ལ་ཚིགས་བཅད་གཅིག་གིས་བསྟོད་པས་བསྐལ་བ་ཆེན་པོ་ཉི་ཤུའི་བར་དུ་ངན་སོང་གི་སྒོ་ཁེགས་པར་གསུངས། དེ་ཡང་སངས་རྒྱས་བཞུགས་པའི་དུས་ལས་ཀྱང་འདས་རྗེས་རིང་བསྲེལ། གསུང་རབ། དེ་འཛིན་པའི་ཆོས་སྨྲ་བ་ལ་མཆོད་པ་ཕན་ཡོན་ཆེ་ཞིང་ཁྱད་པར་ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་།། གདུགས་དང་བ་དན་མར་མེའི་འཕྲེང་བ་ཡིས།། སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱ།། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་།། བདེ་གཤེགས་བསྟན་པ་འགགས་པར་འགྱུར་བའི་ཚེ།། ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱད་པ།། བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས།། ཞེས་དངོས་སུ་བསླབ་པ་ལ་སྦྱར་ནའང་དབྱིབས་མཚུངས་པས་དམ་པའི་ཆོས་འཇིག་པར་ཉེས་ན་ལྷ་བཤོས་སོགས་ཀྱི་མཆོད་པ་ཕུལ་པ་བསོད་ནམས་ཆེ་ཞིང་དེ་ལས་བཀུར་སྟིའི་ཕྱག་འཚལ་དང་བསྟོད་པ། དེ་ལས་རྟེན་གསར་དུ་བཞེང་ཞིང་རྙིང་པ་གསབ། དེ་བས་ཀྱང་ཐོས་བསམ་སྒོམ་གསུམ་སྒྲུབ་པའི་མཆོད་པ་ལྷག་པའི་རྒྱུ་མཚན་ལ་ངེས་པ་དྲང་དགོས་ཞིང་བྱེ་བྲག་ཆོས་འདིའི་ཕན་ཡོན་མཉམ་མེད་ཇོ་བོ་ཆེན་པོ་དཱིཔཾ་ཀཱ་རས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཞིང་ཁམས་རེ་ལ་བསྟོད་པ་རེ་མཛད་སྐབས་བདེ་གཤེགས་གཞན་བདུན་ལ་མཚན་གྱི་མེ་ཏོག་སོགས་དང་སྨན་བླར། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།། ཞེས་སོགས་མཛད་ལ། མདོ་ཆོག་ཆུང་བར་གྲགས་པ་ལ་དྲུང་པ་གྲགས་དོན་བས་མཚན་བུ་ཞིག་བཏབ་པའི་མཇུག་ན་མཚན་གྱི་མེ་ཏོག་མཁན་པོས་མཛད་པའི་ཁ་བྱང་འདུག་པ་ཡི་གེ་མ་དག་པ་ཞིག་ལ་ཡིད་བརྟན་དུ་བཟུང་བ་འདྲ། ཐམས་ཅད་མཁྱེན་པ་སྟག་ཚང་ལོ་ཙཱ་བ་སོགས་མཁས་པའི་གསུང་ལ་ཇོ་བོས་གནང་པར་བཤད་ལ། མཚན་ཙམ་ཐོས་པས་ངན་སོང་གི་འཇིགས་པ་ལས་སྐྱོབ་ཅིང་གལ་ཏེ་ངན་སོང་དུ་སོང་ཡང་དྲན་པ་ཙམ་གྱིས་དེ་ལས་ཐར་བར་འགྱུར་པས་སངས་རྒྱས་ཀྱི་སྤངས་རྟོགས་ལ་ཁྱད་པར་མེད་ནའང་ཐབས་མཁས་པ་དང་སྨོན་ལམ་དང་མཚན་གྱི་ཕན་ཡོན་ལ་བརྟེན་ནས་འགྲོ་བའི་རྒྱུད་ལ་ཐུགས་རྗེ་འཇུག་ཆེ་བའི་དབང་དུ་བྱས་ཏེ་དགེ་བའི་བཤེས་གཉེན་མཆིམས་ཆེན་པོས་བདེ་གཤེགས་གཞན་རྣམས་ལ་ཕྱག་འཚལ་བདུན་བདུན། ཤཱཀྱ་ཐུབ་པ་ལ་བཅོ་ལྔ། སྨན་བླར་ཉེར་གཅིག་བྱ་བའི་ཁྱད་པར་མཛད་ཅིང་ཆོས་འདིའི་འགྲོ་དོན་གྱི་དུས་ཀྱང་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་བྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་བར་གྱུར་བའི་སྐབས་ཡིན་ལ། དེའི་རྒྱུ་མཚན་སྤྱིར་བསྟན་པ་ཉམས་དམའ་བར་སོང་ན་གསུང་རབ་སྤྱི་དང་གཟུངས་སྔགས་སོགས་ཀྱི་མཐུ་ཆུང་དུ་འགྲོ་བར་གསུངས་མོད། མདོ་འདི་ནི་དུས་ངན་སྙིགས་མའི་སེམས་ཅན་གྱི་དོན་དུ་ནན་གྱིས་གསུངས་པས་ནུས་པ་ཆེར་འགྲོ་བ་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བ་དང་བདུད་སྡིག་ཅན་གྱིས་མི་བརྫི་བར་བྱ་བ་སོགས་ཕན་ཡོན་སྤྱི་དང་བྱེ་བྲག་ཏུ་སེར་སྣ་དང་ཚུལ་འཚལ་དང་ང་རྒྱལ་དང་ཕྲག་དོག་དང་ཕྲ་མ་དང་ལས་སྦྱོར་ངན་པ་བྱས་པས་རྣམ་སྨིན་ཆེར་མྱོང་བ་རྣམས་ཀྱང་སྔོན་སྨན་བླའི་མཚན་ཐོས་པ་དྲན་ནས་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་དང་བསླབ་པ་ཐམས་ཅད་འཆལ་ཀྱང་རྣམ་སྨིན་མི་འབྱུང་ཞིང་འཁོར་ལོས་སྒྱུར་རྒྱལ་སོགས་སུ་སྐྱེ་བ་དང་བུད་མེད་ཀྱི་སྐྱེ་གནས་ལས་ཐར་ཞིང་བུ་ནོར་ཚེ་དང་དབང་ཕྱུག་གང་འདོད་འབྱུང་ལ། བུ་བཙའ་བའི་ཚེ་ནད་མི་འབྱུང་བ་སོགས་དེ་བཞིན་གཤེགས་པས་ཕན་ཡོན་རྒྱ་ཆེར་གསུངས་པར་འཇམ་དཔལ་གྱིས་མཚན་བསྒྲག་པར་དམ་བཅས་ཤིང་མདོ་སྡེ་གནས་སར་སྲུང་མ་སྦྲན་ཞིང་སྟོན་པས་ཀུན་དགའ་བོ་ལ་ཆོས་དཀོན་མཆོག་གི་སྨོན་ལམ་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་གྱུར་པ་སོགས་ཀྱིས་ཡིད་ཆེས་སྐྱེད་པར་མཛད། ནད་དྲག་པོས་ཤི་བ་གསོས་ཤིང་རྒྱལ་སྲིད་ལ་ཉེར་འཚེ་མི་འབྱུང་ཞིང་ཞི་བ། ཀུན་དགའ་བོས་སྲོག་དབང་ཚང་བ་སླར་མཚམས་མི་སྦྱོར་བའི་རྩོད་པ་བཀོད་པ་ལ་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་དུས་མིན་གྱི་འཆི་བ་བཅུ་གསོ་བར་ཐེག་ཆེན་གྱི་ལུང་ལས་གསུངས་ཚུལ་གྱི་ལན་བཏབ་པ། མཚན་ཐོས་པས་གནོད་སྦྱིན་བདུན་འབུམ་ཕྲག་བཅུ་གཉིས་ཀྱིས་བདེན་པ་མཐོང་ནས་མདོ་འདི་བསྲུང་བར་དམ་བཅས་པ་རྣམས་ནི་གདན་མ་འཛོམས་པའི་བར་གྱི་བཀའ་མཆིད་དང་ལྷའི་བུ་ཁ་ཅིག་དོན་དེ་དག་ལ་ཡིད་གཉིས་སྐྱེས་ཏེ་སྟོན་པས་སངས་རྒྱས་ཀྱི་ཞིང་བསྐུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་མཛད་དོ།།

            བདེར་གཤེགས་བདུན་སྤྱན་དྲངས་ནས་གདན་འཛོམ་པ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱིས་བཻཌཱུརྱའི་གཟུངས་ཞུས་པར་བརྒྱད་ཀས་མགྲིན་གཅིག་ཏུ་ཕན་ཡོན་རྒྱས་པ་དང་བཅས་པ་གསུངས། གསང་བདག་འཁོར་བཅས་ཀྱིས་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱིས་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས་ཞེས་སོགས་ཀྱི་བཀའ་མཆིད་ཀྱང་བགྱིས། ཕྱག་རྡོར་གྱིས་གཟུངས་བྱིན་གྱིས་བརླབས་ཤིང་ཚངས་པ་ལ་སོགས་པར་བསྲུང་བར་བཀའ་བསྒོས། ཀུན་དགའ་བོས་ཆོས་ཀྱི་རྣམས་གྲངས་ཀྱིས་ཞུས་པ་རྣམས་གདན་འཛོམ་པའི་བཀའ་མཆིད་དེ། ཕན་ཡོན་དེ་དག་ལ་བརྟེན་ནས་མཉམ་མེད་ཇོ་བོ་ཆེན་པོ་ཡབ་སྲས་ཀྱི་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ཞུ་ལན་ནོར་བུའི་འཕྲེང་བར། སྤྲུལ་པའི་ཆོས་རྒྱལ་དཔལ་ལྡན་མར་མེ་མཛད་བཟང་པོ་མ་དག་པའི་གདུལ་བྱ་ལ་དུས་དྲུག་ཏུ་གཟིགས་ཤིང་བཞུགས་པའི་ཚེ་སྙིགས་མའི་མགོན་པོ་རྒྱལ་བ་བདུན་དང་། རང་གི་སྟོན་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས་རྒྱས་དང་། ཞེས་སོགས་ཀྱིས་ཆེད་དུ་བསྔགས་པ་དང་ཇོ་བོ་ཡབ་སྲས་ནས་བརྒྱུད་པའི་བཀའ་གདམས་པ་རྣམས་བདེ་གཤེགས་བརྒྱད་དང་གནས་བརྟན་བཅུ་དྲུག་གི་མཆོད་པ་མཛད་པས་ཕྱོགས་དེའི་མོས་པ་དང་ལྡན་པ་རྣམས་ལ་འབྲེལ་ཆེ་ཤིང་རིས་སུ་མ་ཆད་པའི་ཕན་བདེའི་རྩ་ལག་དམ་པའོ།།

 

གསུམ་པ། མདོ་སྔགས་ཀྱི་ཁྱར་པར་དང་འཁྲུལ་བ་བསལ་བ།

གསུམ་པ་མདོ་སྔགས་ཀྱི་ཁྱད་པར་དང་ལོག་རྟོག་གི་བསླད་བཞུགས་པ་རྣམས་ལ་དཔྱད་དེ་འཁྲུལ་བ་བསལ་བ་ནི། སྤྱིར་བདེར་གཤེགས་བདུན་གྱི་ཆོ་ག་འདི་མདོ་སྔགས་གང་དུ་བཏགས་ཚུལ་ལ། དེ་བཞིན་གཤེགས་པ་བདུན་གྱིས་སྨོན་ལམ་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་ཆེན་པོའི་མདོ་ཤློཀ་བརྒྱད་བརྒྱ་བ་པཎྜིཏ་ཛིན་མིཏྲ། དཱན་ཤཱིལ། ཤཱཻལེནྡྲ་བོདྷི། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་རྣམས་ཀྱིས་བསྒྱུར་བ་དང་། སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ་པཎྜི་ཏ་སྔོན་མ་གཉིས་དང་ལོ་ཙཱ་བ་བཤད་མ་ཐག་པས་བསྒྱུར་བའི་སྨན་མདོ་གཉིས་ག་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་ཚལ་བ་སི་ཏུ་དགེ་བའི་བློ་གྲོས་གཉིས་ཀྱིས་བསྒྲིགས་པའི་བཀའ་འགྱུར་གྱི་སྒྲིགས་རྩོམ་མཐུན་པར་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་མཛད་ཅིང་། ཀུན་མཁྱེན་བུ་དང་ཞ་ལུ་ལོ་ཆེན་གྱི་བསྟན་འགྱུར་གྱི་དཀར་ཆག་གཉིས་སུའང་མཁན་པོས་མཛད་པའི་མདོ་ཆོག་བྱ་རྒྱུད་ཀྱི་དགོངས་འགྲེལ་ཁྲོད་དུ་བཀོད་པ་ཡིན་ལ། རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཡང་བཞེད་པར་བརྟེན་མཁས་གྲུབ་དགེ་ལེགས་དཔལ་དང་པཎ་ཆེན་བསོད་ནམས་གྲགས་པའི་རྒྱུད་སྡེ་སྤྱི་རྣམ་སོགས་མཉམ་མེད་རི་བོ་དགའ་ལྡན་པའི་ཡིག་ཆ་མང་པོར་ཡང་སྔགས་ཕྱོགས་སུ་བཤད་པས་མཁན་པོས་མཛད་པའི་ཆོ་ག་འདི་ཉིད་ཀྱང་སྔགས་ལུགས་སུ་འགྲེལ་བ་དང་། མདོ་ལུགས་སུ་འགྲེལ་བའི་ལུགས་སྲོལ་སྣ་ཚོགས་བྱུང་བ་གཉིས་ཀ་མི་འཐད་པ་མ་ཡིན་ཏེ། བཤད་ཁུངས་ཀྱི་མདོ་འདི་རྒྱུད་དུ་གཏོགས་པས་སྔ་མ་ལྟར་བྱས་པ་འབྲེལ་མི་མཚུངས་པ་མ་ཡིན་ཅིང་། མཁན་པོས་མཛད་པ་དངོས་བསྟན་ལྟར་ན་མདོ་ལུགས་གཙོ་བོར་སྟོན་པས་གནས་ལྔ་ཡོངས་སུ་རྫོགས་པའི་དོན་གྱི་པཎ་ཆེན་སྟག་ཚང་ལོ་ཙཱ་བས་མཛད་པའི་ཉམས་ལེན་བདེ་འཇུག་ལས། ཁ་ཅིག་འདི་བྱ་རྒྱུད་དུ་བསྡུས་ནས་རྒྱུད་ཀྱི་ཆོ་གར་བྱེད་པའང་མི་རིགས་ཏེ་མདོའི་ཆོ་ག་གཏན་མེད་དུ་ཐལ་ཚུལ། མདོ་སྡེ་ལས་བྱུང་བའི་ཆོ་ག་ཞེས་སོགས་ཀྱིས་ཁུངས་སྨོས་པའི་རང་ཚིག་དང་འགལ་ཚུལ། དེ་ཉིད་བསྡུས་པར་ཐེག་པ་ཆེན་པོའི་མདོ་དང་གསང་འདུས་ཀྱི་རྩ་རྒྱུད་མདོ་དང་བསྲེས་ཞེས་པ་ལྟ་བུར་འཁྲུལ་ནས་རིགས་འགྲེ་བྱས་ཏེ་སཱུཏྲ་དང་སཱུཏྲ་ས་ནའི་ཁྱད་པར་མི་ཕྱེད་པས་མདོ་སྔགས་མི་འགལ་བར་འགྱུར་བ། རྒྱུད་སྡེ་གོང་མ་གོང་མ་ནས་འོག་མ་འོག་མར་སྒྲུབ་ཚུལ་ཐུན་མོང་བ་རྣམས་ལེན་དུ་རུང་ཡང་དབང་མ་ཐོབ་པའི་གང་ཟག་གིས་འོག་མ་དང་ཐུན་མོང་དུ་སྦྱར་དུ་མི་རུང་བ་བྱད་ནར་སོན་པ་དང་བྱིས་པ་གཉིས་ཀྱི་རྔོ་ཐེག་མི་ཐེག་གི་དཔེ་དང་བཅས་དོགས་སེལ་རྒྱས་པར་གསུངས་པ་མཁན་པོ་བྱང་ཆུབ་སེམས་དཔའི་མདོ་དང་ཤིན་ཏུ་འབྱོར་ཞིང་རྣམ་དཔྱོད་མཆོག་ཏུ་ཡངས་པའི་ལེགས་བཤད་ཡིན་མོད། འོན་ཀྱང་ཀུན་མཁྱེན་བུ་སོགས་མཁས་པ་མང་པོས་སྔགས་ཕྱོགས་སུ་བཞེད་པ་མཐའ་གཅིག་ཏུ་མི་འཐད་པར་སྨྲ་བ་ནི་རང་ཉིད་ཆོས་མིག་མ་ཐོབ་པས་དཀའ་ཞིང་རང་གི་བློ་གྲོས་ཆུང་ངུའི་མིག་གིས་ཅུང་ཟད་བརྟགས་ན་སྟག་ཚང་ལོ་ཙཱ་བས། གཞན་ཐམས་ཅད་མདོ་འདིར་ཁྲིགས་ཆགས་སུ་མི་གསལ་ཡང་སློབ་དཔོན་བདག་ཉིད་ཆེན་པོ་འདིས་མདོ་གཞན་ནས་འབྱུང་བ་དང་འགའ་ཞིག་བྱ་བ་སྤྱིའི་ཆོ་ག་ནས་ཅུང་ཟད་བླང་དུ་རུང་བ་རྣམས་བསྡུས་པར་གསལ་ལོ།། ཞེས་པ་དང་པཎ་ཆེན་ཤཱཀྱ་མཆོག་པས་མཛད་པའི་འཆི་བ་མེད་པའི་མཛོད་ཀྱི་རྔ་སྒྲ་ལས་རྣམ་པར་ཕྱེ་བཞེས་པས་ཐིག་དང་ཕྱེ་མ་གྲམ་བུར་བརྡལ་བ་ཞེས་པས་ཚོན་འགྱེད་པ་བསྟན་ཚུལ་གྱི་འབྲུ་གཉེར་བ་དང་དོན་ལ་འབྱོར་ཞིང་ཐིག་ཚོན་རྣམ་གཞག་སྔགས་ལུགས་ཡིན་པས་མདོ་རྒྱུད་སོ་སོར་གསལ་ཆོག་པ་ཞིག་ཡོད་པར་མངོན་པས་སྔགས་ལུགས་སུ་བྱེད་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་བདེར་གཤེགས་བརྒྱད་ཀྱི་མཆོད་ཆོག་ལྟར་གཞལ་ཡས་ཁང་སྔགས་ལུགས་ཀྱི་མཚན་ཉིད་ཚང་བ་འོད་ཟེར་ལྔས་བསྐོར་བ། རང་གི་ལྷ་བྲིས་འབུར་གང་རུང་འགོད་ལུགས་དང་འོག་ཏུ་གསོལ་འདེབས་ཀྱི་ཚིག་བརྗོད་པ་མཆི་མས་དང་རྒྱ་སྟོན་གྱི་ཡི་གེ་སོགས་ལ་བརྟེན་ཅིང་ལྷའི་སྐུ་མདོག་རྣམས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་བའི་གསུང་གི་རྗེས་སུ་འབྲངས། གཟུངས་བུམ་ཡང་སྔགས་ལུགས་ལྟར་སྒྲུབ་ཚུལ་དངོས་གཙང་ཞིང་དེའི་སྡོམ་ཚིག་ཀུན་མཁྱེན་མཁྱེན་བརྩེས་མཛད་པར། རྒྱུད་འདི་བྱ་རྒྱུད་ནམ་ཡང་མ་ཡིན་ཏེ།། ཡིན་ན་མདོ་ཆོག་མཚན་གཞི་བསྟན་དགོས་ཞེས།། ལྷ་སྔགས་དགྲ་བཞིན་སྤོང་བར་བྱེད་པ་སོགས།། ཧ་ཅང་མཁས་པས་དཔྱད་དྲགས་སྐུར་འདེབས་ཀྱིས།། རྣམ་པར་བསླད་ཀྱང་དེ་ལྟར་ཤེས་པ་ཉུང་།། སྒྲོ་སྐུར་བྲལ་བའི་བྱ་རྒྱུད་ཉམས་ལེན་འདི།། ཞེས་གསུངས་ལ། སྔགས་ལུགས་ལྟར་ཉམས་སུ་ལེན་ན་སྒྲུབ་པ་པོ་རྣམས་ཀྱིས་རིགས་གསུམ་སྤྱི་འམ་དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པའི་བྱ་རྒྱུད་ཀྱི་དབང་མཚན་ཉིད་པ་ཐོབ་དགོས་ཤིང་ལག་ལེན་ཀྱི་སྐབས་དཀྱིལ་འཁོར་གཞན་ལས་ལྷ་དང་ལྷ་སྟ་གོན་ངེས་པར་དགོས་པ་འདིར་དམིགས་ཀྱིས་བསལ་ཏེ་བཏང་སྙོམས་སུ་འཇོག་ཀྱང་ཐིག་ཚོན་གྱི་ཆོ་ག་གསང་བ་སྤྱི་རྒྱུད་དམ་དེ་ལ་བརྟེན་ནས་རྗེ་དཀོན་མཆོག་ལྷུན་གྲུབ་སོགས་ཚང་ཐུབ་ཀྱི་མཁས་པས་གནང་བའི་ཡི་གེའི་སྟེང་ནས་ངེས་པར་བྱ་དགོས། དེ་ཡང་སྤྱིར་བྱ་རྒྱུད་ལ་ཆོ་གའི་ཆིངས་གོང་མ་ནས་བླངས་ཏེ་མཛད་ཅིང་ལྟ་སྒོམ་ཚུལ་ལ་ཡང་སློབ་དཔོན་སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་།། ཕྱག་རྒྱ་མཚན་མ་བྲུག་ཡིན་ནོ།། ཞེས་ལྷ་དྲུག་གི་རྣམ་གཞག་གསུངས་པ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་རྡོ་རྗེ་འཆང་གི་ལམ་གྱི་རིམ་པར་རྒྱས་པར་གསུངས་ཤིང་ལ་ལ་དེ་ལྟར་མ་བསྒོམས་ན་བྱ་རྒྱུད་ཚད་ལྡན་མ་ཡིན་པ་ལ་བུའི་བློ་ཆུང་བྱེད་ནའང་མཐའ་གཅིག་ཏུ་མ་ངེས་ཏེ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཚེ་དཔག་མེད་ལ་ཆོ་ག་གསུམ་བསྐྱེད་ལ་ས་མེད་པ་སོགས་མཐའ་ཀླས་ཤིང་སྐབས་འདིའི་ཉམས་སུ་ལེན་ཚུལ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། ཡེ་ཤེས་སེམས་དཔའི་བདེ་བ་དམ་དང་བྲལ་བ་དང་བདག་ཉིད་ལྟར་བསྙེམས་པ་དང་། ་་་བས་བསྒྲུབ་པ་ནི་བྱ་བའི་རྒྱུད་ལ་རབ་ཏུ་གནས་ཞེས་པ་ལྟར་བྱ་རྒྱུད་རང་རྐང་གི་ལུགས་གཅིག་ལ་དེ་ལྟར་བཤད་པས་འདིར་བདག་བསྐྱེད་མེད་པ་ལ་ལྷ་སྤྱན་དྲངས་ནས་མཆོད་ཅིང་འདོད་དོན་ཞུ་བ་རྗེ་འབངས་སུ་བྱ་བའི་ལུགས་སོ།། དེ་ཡང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་རྣམས་ལ་ཡང་བསྙེན་སྒྲུབ་ལྟ་ཅི་དབང་ཙམ་ཡང་མ་ཐོབ་པར་ལྟོ་རྒྱབ་ཀྱི་ཆེད་དུ་ཆོ་ག་དེ་དག་ལ་ཚམ་ཚོམ་མེད་པར་འཇུག་ཅིང་ཐོ་བརློམ་འགས་ལག་ལེན་རྣམ་པར་མ་དག་པའི་ཆོ་ག་དྲི་བཅས་དང་རྫུན་ཅན། ལ་ལས་རྒྱུན་མེད་བཞིན་དུ་མགོ་བསྐོར་ཏེ་བསྐུར་བ་ལ་ཡིད་བརྟན་དུ་བཟུང་བ་སོགས་བསྟན་པ་རིན་པོ་ཆེ་བཙོག་ཆུས་བསླད་པའི་དུས་ངན་འདིར་གསང་སྔགས་དང་འབྲེལ་བ་སྐད་ཀྱི་སྙན་གྲགས་ལས་རྗེ་སྟག་ཚང་པའི་བཞེད་པ་བཞིན་མདོ་ལུགས་ཁོ་ན་ཉམས་སུ་ལེན་པ་ཇོ་བོ་བཀའ་གདམས་པའི་གསུང་བགྲོས་སུ། ཁེ་ཆེ་ལ་ཉེན་ཆུང་གསུངས་པ་དང་དོན་མཐུན་པར་མངོན་པས་དངོས་བསྟན་ཉམས་སུ་ལེན་ཚུལ་འོག་ཏུ་སྟོན་ནོ།།

            པཎ་ཆེན་ཤཱཀྱ་མཆོག་པས་མདོའི་ཆོ་ག སྔགས་ཀྱི་ཆོ་ག ཐུན་མོང་ཇི་ལྟར་བྱ་བ་གསུམ་དུ་གསུངས་ཏེ་ཕྱེ་མ་ལ་དཀྱུས་སུ་ཇི་ལྟར་གསལ་བ་བཞིན་བཀླགས་པས་ཆོག་པ་ཡིན་ནོ།། ཞེས་པ་མདོ་ཆོག་ལ་མཆིམས་ཀྱིས་ལྷན་ཐབས་མཛད་པར་མི་མཁས་པ་མང་པོས་བླུན་བཅོས་ཀྱི་མདོ་སྔགས་བསྲེས་པའི་ཉག་ཉོག་སྣ་ཚོགས་ཡོད་འདུག་པ་དེ་ལ་ཐུགས་རྩེ་གཏད་འདྲ་བ་མ་དག་པའི་ཡིག་ཧྲུལ་ལ་ཡིད་བརྟན་ཅི་ལ་ཡོང་ཞིང་མདོ་རྒྱུད་ཀྱི་ཉམས་ལེན་ཅིག་ཅར་དུ་བསྒྲུབ་པ་ལྟ་ཅི་དགོས། མངའ་རིས་སུ་ལོ་ཆེན་རིན་ཆེན་བཟང་པོས་མཐོ་ལྡིང་ལྷ་ཁང་གི་སྟེང་ཐོག་ཏུ་བྱ་སྤྱད། བར་ཁང་དུ་རྣལ་འབྱོར་རྒྱུད། འོག་ཁང་དུ་བླ་མེད་སོགས་སོ་སོའི་ཉམས་ལེན་མཛད་པ་ནི་མཁས་པ་མགུ་བསྐྱེད་བའི་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་བར་མངོན། ཐུན་མོང་གིས་བཅད་འདས་སེང་གེ་དཀར་མོ་ལ་སྣ་གོང་ཅུང་ཟད་ཉག་པའི་མི་ཁར་སང་འཚལ་ཞིང་། དྲུང་པ་གྲགས་པ་དོན་གྲུབ་ཀྱིས་ལྷ་ལུང་ཀླུ་སྡེངས་སུ་མཛད་པ་དེ་ལའང་མདོ་སྔགས་གཉིས་མཉམ་བསྲེ་འདུག་པ་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་ལ་རྒྱུ་མཚན་གླེང་ཡུལ་དུ་མི་སེམས་སོ།། གཉིས་ཀ་འགལ་མེད་དུ་ཉམས་སུ་ལེན་མི་ནུས་ཤིང་མདོ་ལུགས་ལྟར་ཉམས་སུ་ལེན་ན་ཆོ་གའི་འགོ་བོར་སྭབྷཱཝ་སོགས་བརྗོད་པ། ཡོག་དང་བླ་མེད་ཀྱི་མཆོད་པ་བྱིན་བརླབ། གཏོར་བསྔོས་ཀྱི་སྐབས་བཛྲ་ཡཀྵ་དང་ཕྱག་རྒྱས་སྦྱང་བ། བུམ་སྒྲུབ་ས་བོན་ལས་བསྐྱེད་པ། བསྟོད་པའི་སྐབས་གང་དྲིན་མ་སོགས་སྔགས་དང་འབྲེལ་བའི་ཚིགས་བཅད། ཤར་ཕྱོགས་གཞན་གྱིས་མི་ཐུབ་ཞིང་ཁམས་ནས། ཞེས་སོགས་སོ་སོའི་གནས་དང་སྦྱར་བའི་ཚིགས་བཅད་བསྐང་གསོལ་དཔེ་བླངས་བ་ལྟ་བུའི་སྤྱན་འདྲེན་གྱི་ཚིག་སྣ་ཚོགས། དཀྱིལ་འཁོར་གཞན་དག་གི་མ་ཆོད་འབྲེང་མང་པོ་བླངས་ཏེ་གདངས་དང་བཅས་གཞན་སྣང་འདྲིད་པ་ལྷུར་ལེན་ཐབས་སོགས་དགོན་པ་མང་པོའི་བླ་མ་དང་བྱང་འདྲེན་གྱིས་སྣང་བ་ལ་གང་དྲན་བཅུག་པའི་རང་བཟོ་འབའ་ཞིག་ཏུ་ཟད་ཅིང་ལོ་རྒྱུས་འགའ་ཞིག་ཏུ་མཁན་པོས་སྤང་མཆོད་སྤྱན་འདྲེན་རིང་མོ།། མདོ་བསྐུལ་རིང་མོ་ལ་སོགས་པ་མཆོད་མརྗོད་ཀྱི་ཆོ་གའི་རིམ་པ་མཐའ་ཡས་པ་མཛད་ཟེར་བ་སྣང་ཡང་། སྡོམ་གསུམ་རབ་དབྱེར། མདོ་བསྐུལ་རིང་མོ་ཞེས་བྱ་བ།། བཀའ་ལ་ནོར་བ་བྱེད་པ་མཐོང་།། མདོ་རྒྱུད་ཀུན་ལས་འདི་མ་གསུངས།། འདི་འདྲའི་རིགས་ཀྱི་ཆོས་འཕེལ་ན།། བསྟན་པའི་རྩ་བ་ནུབ་པར་འགྱུར།། སངས་རྒྱས་གསུངས་པའི་ཆོ་ག་ཀུན།། སླ་བར་གྱུར་ཀྱང་མི་བྱེད་ལ།། སངས་རྒྱས་ཀྱིས་ནི་མ་གསུངས་ན།། དཀའ་ཡང་འབད་ནས་བྱེད་པ་མཚར།། ཞེས་གསུངས་པས་འདི་དག་ཁ་གཡར་བ་ལས་ཚད་ལྡན་མིན་ནམ་སྙམ་མོ།།

            སློབ་དཔོན་ཤི་ལ་བྷ་དྲ་དང་གཉག་དབེན་བསོད་ནམས་བཟང་པོ་སོགས་མཁས་པའི་མིག་ཆར་གཤིན་དོན་གྱི་ཆོ་ག་བཤད་པའང་སྟག་ཚང་ལོ་ཙཱ་བས། གཤིན་པོ་ལ་རིགས་དྲུག་རྣམ་དག་ཏུ་གྲགས་པའི་སྙིང་མའི་གཤིན་ཆོག་དང་བསྲེས་པ་ནི་ནམ་ཡང་མི་འཐད་ལ། ཞེས་པ་ནི་མི་བཞེད་པར་མ་ཟད། ངོར་ཆེན་གྱིས། བྱེ་བྲག་ཏུ་གཤིན་པོའི་དོན་དུ་བྱེད་ན་སྤྱན་དྲངས་པའི་རྗེས་མིང་བྱང་ངམ་རྟེན་བཤམས་ནས། དེ་ལ་བགེགས་སྦྱང་པ་ནས་སྐྱབས་འགྲོའི་བར་བྱེད་ཅིང་ཁྲུས་ཀྱི་སྐབས་སུ་ཁྲུས་དང་དུག་དབྱུང་སོགས་བྱེད་པ་དང་མཇུག་ཏུ་སྐྱེ་ས་བཅུ་གཉིས་ཀྱི་སྨོན་ལམ་བྱེད་པ་དང་ཞེས་མ་དག་པའི་གྲངས་སུ་མཛད་དེ་སྔགས་ལུགས་ཀྱི་སྐབས་སུའང་མ་བཞེད་པས་སྔགས་ལུགས་སུ་ཁས་བླངས་ཀྱང་རིགས་འགྲེ་ཧ་ཅང་དཔའ་ཐལ་བའི་དེང་སང་གི་བླ་མ་རྣམས་ཀྱིས་བརྒྱུད་ཁུངས་མེད་པར་ལྷ་དང་བླ་མ་ཡིན་ཚད་ལ་འདའ་ཀ་མའི་འཕོ་བའི་ཉམས་ལེན་སྦྱར་བ་དང་འདྲ་བས། རྗེ་མ་བྱིན་བརྩེས། ལ་ལ་ཚོམ་བུ་ཙམ་ཡང་མི་འགོད་ལ།། ཆང་འཐུང་དང་ནས་བློ་ལ་གང་ཡོད་ཀྱི།། ཉག་ཉོག་ཐམས་ཅད་ཆོ་གར་བསྲེ་བ་དང་།། མིང་བྱང་དགུག་གཞུག་ཁྲུས་རྫས་བསྲེག་པ་སོགས།། ཧ་ཅང་བླུན་པས་བྱས་པའི་སྒྲོ་བཏགས་དང་།། ཞེས་གསུངས་པ་ཐོག་ཏུ་བབས། ལ་ལས་ཆོས་དཀོན་མཆོག་མཆོད་པའི་དུས་ཕྱོགས་བཅུའི་སངས་རྒྱས་དང་སྐྱབས་གྲོལ་གྱི་སྐབས་དོན་ཞགས་ལྷ་ལྔའི་ཕྱག་མཆོད་སྦྱོར་བ། ཕྱག་འཚལ་གྱི་ཚེ་བཀའ་གདམས་བརྒྱུད་པའི་ཕྱག་འཚལ་སྦྱོར་བ་སོགས་ཀྱང་འདོན་ཆ་མང་བ་གཙོ་བོར་བཏོན་པའི་སྐྱོན་དང་མདོ་ཆོག་འདི་གའི་ཀླགས་ལུང་གི་བླ་རྒྱུད་ལ། ཕྱག་འཚལ་བ་དེད་དུ་མེད་པར་དགོན་པའི་བླ་རབས་སོགས་མོས་ཚད་བཅུག་པ་སྡེ་དགོན་གོག་པོའི་རྣམ་ཐར་ཁོ་ནར་མངོན། ངོར་ཆེན་གྱིས་ཤཱཀྱ་ཐུབ་ལ་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་སྦྱོར་བ་མི་འཐད་པར་གསུངས་ནའང་སྟག་ཚང་ལོ་ཙཱ་བས་འཐད་པར་གསུངས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་གྱི་གཙོ་བོ་ཐེག་དམན་ལྟར་ན་གནས་བརྟན་བཅུ་དྲུག་ཡིན་པས་དོན་གྱིས་ཐོབ་པར་སེམས་མོད། འོན་ཀྱང་ཕྱག་མཆོད་དངོས་སུ་སྦྱར་ན་ཚིག་ཉོག་གི་རྒྱུ་ཆེ་བས་དེ་ལས་སྔོན་གྱི་ཡིག་རྙིང་ལ་བརྟེན་ནས་གནས་བརྟན་ཕྱག་མཆོད་ལོགས་སུ་བྱས་ན་དངོས་གཙང་ངོ་།།

            རྨེ་རུ་བླ་མ་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱིས་མཁས་པ་བསྟེན་ནས་སྒྲོ་འདོགས་གཅོད་པ་ལྟ་ཅི་སྨོས་ཀླགས་ལུང་མཚན་ཉིད་ཚང་བ་ཙམ་ཡང་མ་བཙལ་བར་རྟོག་གེ་རྒན་པོའི་ཧམ་པས་གཉག་དཔོན་གྱི་པར་མ་དེ་དང་གཞན་ཡང་ཡིག་རྙིང་ཐོར་བུ་མཐོང་བར་བརྟེན་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་གསོལ་འདེབས་སོགས་ལྷན་ཐབས་མ་ཉུངས་པ་ཞིག་བྲིས་ནས་ལེགས་བཤད་དུ་རློམས་ཏེ་པོ་ཏ་ལའི་བཀའ་འགྱུར་ཁང་དུ་ཇ་གྲལ་གྱི་སར་སྨན་བླར་རྒྱས་འབྲིང་བསྡུས་གསུམ་བྱེད་ཀྱིན་ཡོད་ཅེས་གླེང་བ་རྒྱས་པ་ལྷན་ཐབས་དེ་སྦྱར་བ་དང་མ་སྦྱར་བའི་དཀྱུས་མ་འབྲིང་པོ་ལྟ་བུའི་རྩིས་ཀྱི་ཞེ་འདོད་སྣང་བ་སྔགས་ཕྱོགས་སུ་སྦྱར་ན་ཐིག་ཚོན་དཀྱིལ་འཁོར་གྱི་རྣམ་གཞག་སོགས་དགོས་པའི་དོགས་པ་ཙམ་ཡང་མ་ཤར་ཞིང་ལྷའི་སྐུ་མདོག་ཕྱག་མཚན་གསལ་པོར་བསྒོམ་པ་སྔགས་ལུགས་ལ་དགོས་ཤིང་མདོ་ལུགས་ལ་བདེན་པའི་སྟོབས་དང་མོས་པའི་མཐུས་མཆོད་གསོལ་བྱེད་པ་མ་གཏོགས་བསྐྱེད་རིམ་ལྟ་བུའི་གསལ་སྣང་མི་དགོས་ལ། བུམ་པ་མདོ་ལུགས་ལྟར་བསྒྲུབ་པ་དང་གསོ་སྦྱོང་ལེན་ཡུལ་བཛྲ་སམཱཛཿས་སྤྱན་དྲངས་པ་སོགས་འགལ་འདུ་སྣ་ཚོགས་པའི་སྔགས་ལུགས་སྦྱར་བ་དེ་རྒྱས་པ་དང་། མ་སྦྱར་བའི་འབྲིང་བོར་བྱེད་བའི་ལེགས་བཤད་འདི་འདྲ་སྔོན་གྱི་མཁས་པ་རྣམས་ཀྱིས་མ་རྙེད་འདུག་པས་འདི་འདྲའི་རིགས་ལ་ལྟ་ས་ལེགས་བཤད་དུ་མིང་འདགས་དགོས་པར་སྣང་། ཉིད་ལྷ་བསྐུ་སྐྱེའི་རམ་འདེགས་པར་སོང་བས་གསུང་རབ་བྱིངས་དང་མ་མཐུན་པའི་ཆོས་སྐད་འོང་བ་མེད་པར་སྣང་ངོ་།། དེའང་མདུན་གྱི་མཆོད་ཡུལ་དུ་ཆོ་ག་ལས་བྲིས་འབུར་གྱི་རྟེན་འགོད་པར་གསུངས་པ་མདོ་སྔགས་གཉིས་ཀའི་ལུགས་དང་མཐུན་རུང་རྗེ་སྟག་ཚང་པས། པདྨ་འདབ་བརྒྱད་ལ་ཤར་དུ་སྨན་ཐུབ་གཉིས། ལྷོར་མཆན་ཟླ་གཉིས་སོགས་ཀྱིས་བསྐོར་བ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་གུའམ་དམར་སྐྱ་སྟེ། སྨན་བླ་ལན་ནི་བཻ་ཌཱུརྱའི་འོད་ཅེས་གསུངས་ཀྱང་གཞན་རྣམས་ཀྱི་སྐུ་མདོག་ངེས་པར་དཀའ་བས་མཛེས་ཚོན་དུ་གསལ་ལོ།། ཞེས་མདོ་འདི་གའི་བཤད་ཁུངས་ཀྱི་སྐུ་མདོག་ཕྱག་མཚན་མ་གསལ་བས་དིང་སང་བྱེད་པ་རྣམས་ནི་རྗེ་སྟག་ཚང་པས། བདེ་གཤེགས་བྱང་སེམས་སོགས་ཀྱི་སྐུ་མདོག་ཕྱག་མཚན་དིང་སང་གི་མཆོད་འཕྲེང་ལ་གྲགས་པ་ཚོར་བཤད་པ་ལའང་མདོའི་ཁུངས་མེད་ཅིང་རྣལ་འབྱོར་རྒྱུད་ནས་བྱམས་འཇམ་དབྱངས་སོགས་ཀྱི་སྐུ་མདོག་ཕྱག་མཚན་བཤད་པ་སྐབས་སུ་མ་བབས་པ་དང་ཁྱད་པར་གནོད་སྦྱིན་གྱི་ཕྱག་མཚན་ནི་རྒྱུད་ཀྱི་ཁུངས་ཀྱང་མ་མཐོང་བས་དཀའ་ཞེས་གསུང་པ་མདོར་དངོས་བསྟན་ལ་མེད་པས་ཐུགས་བདེན་མོད། འོན་ཀྱང་མདོ་ལུགས་ལ་བསྐྱེད་རིམ་ལྟར་ལྷའི་གསལ་སྣང་མ་དགོས་རུང་བྲིས་འབུར་ལ་གསལ་ཁ་མེད་ན་འབུར་མ་དང་དྲིས་བྱ་བའི་རྔོ་མ་ཐོགས་པས་སྐུ་མདོག་ཕྱག་མཚན་མེད་ཐབས་མ་བྱུང་བར་དགོངས་ཏེ་རྗེ་སྟག་ཚང་བས། ཆོག་འདལ་རྣལ་འབྱོར་མཛད་པའི་གང་ཟག་མང་པོ་བྱང་ཆུབ་སེམས་དཔའ་དག་པའི་སྣང་བ་ཁྱད་པར་ཅན་མངའ་བ་བྱིན་པ་རྣམས་ཀྱི་གཟིགས་སྣང་སོགས་ཡིན་སྲིད་པས་མཐའ་གཅིག་ཏུ་དགག་པར་མི་ནུས་ཤིང་རི་མོར་འདྲི་བ་སོགས་ལ་སྐུ་མདོག་ཕྱག་མཚན་ངེས་པ་ཅན་བྱེད་ན་སྔ་མའི་ཕྱག་ལེན་ལ་བརྟེན་པ་ལས་མ་འདས་པས་ཕྱག་མཆོད་ཀྱི་སྐབས་སུ་འགལ་བ་ཆེར་མེད་པར་མངོན་ནོ།། ཞེས་གསུངས་པ་སྔོན་གྱི་ཡི་གེ་ཁུངས་བཙུན་ལ་བརྟེན་དགོས་པའི་ཤེས་བྱེད་དུ་སོང་ཞིང་། སྔ་རབས་ཀྱི་ཡིག་རྙིང་མཐུན་མི་མཐུན་སྣ་ཚོགས་བྱུང་ནའང་རྗེ་ངོེར་ཆེན་གྱི་ཡི་གེ་ལྟར་བྱས་ན་དཔྱད་བཟོད་པར་མཐོང་། དེ་ཡང་བཞུགས་ཚུལ་ལ་ཤཱི་ལ་བྷ་དྲ། ངོར་ཆེན། སྟག་ཚང་ལོ་ཙཱ་བ། བྱ་རྒྱུད་ལུགས་ཀྱི་དབང་ཆོག་རྡོ་རྗེ་འཆང་ཕ་བོང་ཁ་བས་མཛད་པ་སོགས་ནས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་བཤད་ཅིང་འགོད་ལུགས་དཀྱིལ་ཆོག་ཏུ་གཙོ་བོ་སྨན་བླ་དང་བྱང་ཤར་དུ་ཡུམ་ཆེན་མོ། ངོར་ལུགས་ལ་ལྟེ་བར་ཡུམ་ཆེན་མོ། གཞན་གཉིས་ལ་ལྟེ་བར་ཆོས་དཀོན་མཆོག པཎ་ཆེན་ཤཱཀྱ་མཆོག་གིས་སེང་གེའི་ཁྲི་ཆེན་པོ་བརྒྱད་ཚར་དུ་དངར་བར་བསྒྲིགས་པ། དེ་རེ་རེའི་སྟེང་དུ་དེ་བཞིན་གཤེགས་པ་རེ་རེ་དང་མདོ་འདིའི་པོ་ཏི་ཡང་རེ་རེ་བཞུགས། ཞེས་གྲལ་གཅིག་ལ་སྒྲེང་ཚར་དུ་བསྒྲིགས་པའི་བར་ན་པོ་ཏི་རེ་བཞུགས་པའི་ཁུངས་ཆོ་ག་རྒྱས་པ་ལ་བཅོལ་བ་འདྲ་ཞིང་། མཁན་པོས་མཛད་པའི་མདོ་ཆོག་ཆེ་བར་གྲགས་པར་དེ་བའི་གཡས་གཡོན་གྱི་གྲལ་སྟོང་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་བཞུགས། གཡས་གཡོན་གྱི་གྲལ་སྨད་དུ་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་བཞུགས། གདན་འཛོམ་པའི་དབུས་སུ་པདྨའི་གདན་ལ་བྱང་ཆུབ་སེམས་དཔའ་མཇམ་དཔལ་དང་ཕྱག་ན་རྡོ་རྗེ་དང་སྐྱབས་གྲོལ་གསུམ་གདན་འཛོམ་པ་ལ། ཞེས་བྱུང་བ་གཞལ་ཡས་ཁང་གི་བཞུགས་ཚུལ་དང་མི་མཐུན་པའི་བོད་ཀྱི་ཚོམས་ཆེན་དུ་གྲགས་པ་དང་ཐང་ལ་ཡོལ་བས་བསྐོར་བའི་ནང་དུ་ཆངས་ལྟ་བུའི་གྲལ་སྒྲིག་གི་ཉམས་ཤིག་འདུག་པ་བུ་སྟོན་ཐམས་ཅད་མཁྱེན་པས། ཆོས་འབྱུང་དང་དཀར་ཆག་ཏུ་མདོ་ཆོག་རྒྱས་འབྲིང་བསྡུས་གསུམ་ཚད་མར་མཛད་པ་ཟླ་མེད་པའི་མཁས་པ་ཆེན་པོའི་གསུང་ལ་འཁྲུལ་པ་མི་མངའ་ནའང་ཀུན་རིག་རྩ་བའི་དཀྱིལ་འཁོར། གཙུག་དགུ། འཆི་བདག་འཇོམས་པ་མ་གཏོགས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ལྷག་མ་རྣམས་དང་མཁའ་འགྲོ་རྒྱ་མཚོའི་དབང་མི་བཞེད་པ་སོགས་སྐབས་འགར་དྲང་དོན་དུ་འགྲེལ་དགོས་ཀྱང་སྣང་ཞིང་། ངེས་བར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་རིན་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་བསྟན་འགྱུར་དཀར་ཆག་ཏུ། བདེ་གཤེགས་བདུན་གྱི་སྨོན་ལམ་ཆོ་ག་དང་ཞེས་པ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་ཚུལ་མ་གསུངས་ཤིང་དེར་མ་ཟད། འདི་ཉིད་ཕྱོགས་གཅིག་སྡུས་པའི་བྱེད་པོ་མཆོག། ཁ་བ་ཅན་གྱི་འདྲེན་པ་གཅིག་བུ་པ།། དྲི་མེད་རྒྱལ་བའི་རིང་ལུགས་གཅེས་འཛིན་པའི།། ཀུན་མཁྱེན་གཉིས་པ་བུ་སྟོན་ཁ་ཆེ་ཡིན།། འདི་ལ་བརྟེན་ནས་ཁ་བ་ཅན་ལྗོངས་འདིའི།། ཕྱོགས་ཕྱོགས་དག་ཏུ་ཐུབ་བསྟན་ལ་བསམས་ནས།། འབྱོར་པས་མངོན་མཐོའི་སྦྱིན་བདག་འགའ་ཞིག་དང་།། བསྟན་འཛིན་རྣམས་ཀྱི་རྒྱས་པར་བྱས་པ་ཡིན།། སླར་ཡང་ཆོས་ཀྱི་སྤྱན་ལྡན་མཁས་པའི་ཚོགས།། ཀླད་ནས་འབྱུང་བ་རྣམས་ཀྱིས་འདི་ལ་ཡང་།། མ་ཚང་མ་ཆུད་ནོར་བ་ཆུད་པ་དང་།། ཟློས་དང་གོ་རིམ་འཁྲུགས་པ་ལ་སོགས་པ།། བཅོས་པར་བྱ་བ་དུ་མ་ཡོད་པ་རྣམས།། རྐང་གཉིས་མཆོག་གི་བསྟན་ལ་ལེགས་བསམས་ནས།། རྣམ་དག་ལུང་རིགས་གཟུ་བོའི་བློར་ལྡན་པས།། ལེགས་པར་འཆོས་པའི་རྩོམ་པ་མི་འདོད་ཞུ།། ཞེས་གསུངས་པས་དཀར་ཆག་སྔ་མ་རྣམས་ལའང་དག་མ་དག་གི་དཔྱད་པ་དགོས་པར་བསྟན་པའི་ཕྱིར་དད་པའི་རྗེས་འབྲངས་ཙམ་བྱ་མི་རིགས་པར་སེམས་ལ། ངོར་ཆེན་གྱིས་ཆོ་ག་རྒྱས་བསྡུས་གཉིས་བཀའ་གདམས་པ་ཞིག་གིས་བྱས་ཀྱི་མཁན་ཆེན་ཞི་བ་འཚོས་མཛད་པ་ནི་མ་ཡིན་ནོ་ཞེས་ཐག་བཅད། ཤཱི་ལ་བྷདྲ། སྟག་ཚང་པ། ཤཱཀ་མཆོག་པ་གསུམ་གྱི་ཡིག་ཆར་མདོ་རྒྱས་བསྡུས་གཉིས་ཀྱི་འཕྲོས་ཙམ་ཡང་མི་འདུག་ཅིང་ཤོམས་དང་སྙིང་རྗེ་སེམས་བསྐྱེད་ཀྱི་སྐོར་རྒྱས་པ་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་སོགས་ལྷ་ཀླུ་སྤྱན་འདྲེན་གྱི་ཚིགས་བཅད་སྐོར་དེ་བཞིན་གཤེགས་པ་བདུན་གྱི་སྤྱན་འདྲེན་གོང་དུ་ཡོད་པ། བདེ་བར་གཤེགས་པ་བདུན་གྱི་མཚན་ཡིད་ལ་གཟུང་བར་བྱ་ཞེས་པ་ལས་འཕྲོས་ཏེ། བདེ་གཤེགས་བདུན་སོ་སོ་དང་། བྱེ་བྲག་ཏུ་སྨན་བླའི་ཕན་ཡོན་རྒྱས་བཤད་སོགས་མང་ཙམ་སྣང་ཡང་ཁ་ཐག་རིང་བ་ལས་དགོས་དོན་ལྷག་པོ་ཆེར་མི་འདུག་པས་མཁན་པོ་ཐམས་ཅད་མཁྱེན་པས་མཛད་པའི་མདོ་ཆོག་གཅིག་པུ་འདི་ཀ་ལས་མེད་པར་མངོན་ཞིང་། མདོ་ཆོག་ཆུང་བ་དེ་ལ་སྒོས་ཀྱི་སྨོན་ལམ་བརྒྱད་དོར་ནས་ཐོག་མཐའ་བཟུང་བ་ཙམ་ལས་བརྗོད་བྱ་ཁྱད་ཐོན་མ་བྱུང་མོད། འོན་ཀྱང་གར་ལུགས་དྲུང་པ་གྲགས་པ་དོན་གྲུབ་ཀྱིས་མཛད་པའི་སྨོན་ལམ་ཐམས་ཅད་ནས་ཚྭ་རན་བལྟས་པ་ལྟ་བུའི་ཤེར་སྙིང་ཤློཀ་གཅིག་ལ་བསྡུས་ཟེར་བའི་དཔེ་ཟླ་དེ་འདྲ་ལས་ནི་དྲགས་ཤས་ཆེ།

            སློབ་དཔོན་ཚུལ་ཁྲིམས་བཟང་པོས། ཕྱོགས་སྐྱོང་གི་འོག་ཏུ་མཁན་པོ་དང་ཆོས་རྒྱལ་ཡོན་མཆོད་བཞུགས་པར་གསུངས་པ་ནི་ཧ་ཅང་ཐལ་ཆེས་ཏེ། དེ་ལྟར་ན་རྒྱུད་སྡེ་སོ་སོའི་ལྷ་ཚོགས་ཀྱི་ཁྲོད་དུ་ལོ་པཎ་དང་སྦྱིན་བདག་འཇུག་དགོས་པར་འགྱུར་རམ་སྙམ་ཞིང་ཤཱཀྱ་མཆོག་པས། རྟ་བབས་དྲ་བ་དྲ་ཕྱེད་སོགས་འདུལ་བ་གནས་མལ་གྱི་གཞི་ལས་ཀྱང་བཤད་གསུང་པ་ལེགས་པའི་ཆར་འགྱུར་ན་ཡང་དེ་འདྲ་བྲིས་ཆེ་བླུན་པོ་རྣམས་ཀྱིས་དཀྱིལ་འཁོར་དུ་འཁྲུལ་གཞི་བྱུང་དོགས་པས་སྟག་ཚང་བས་ཕ་གུ་བཤད་པ་རྒྱས་བསྡུས་འཚམ་ལ། བྱིན་བརླབ་གསུམ་བསྟན་བྱིན་བརླབ་ཀྱི་སྐབས་ལྷ་རྣམས་སྔོ་གྲངས་སུ་བྱས་པར་འགའ་ཞིག་ལ་ལྷ་བསྐྱེད་དམ་སྙམ་པའི་ལོག་རྟོག་འབྱུང་སྲིད་མོད། དེ་ནི་སོ་སོའི་སྟན་བཤམས་པ་ལ་ལྷ་རྣམས་སྤྱན་དྲངས་པའི་ཚེ་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་ཡིན་ལ། སྤྱན་འདྲེན་ལུགས་ཀྱང་ཤཱཀྱ་མཆོག་པས། མ་ག་དྷཱ་བཟང་མོའི་རྟོགས་བརྗོད་དཔེར་མཛད་པ་རྣམ་དཔྱོད་ཀྱི་རྩལ་ཡིན་ཅིང་ཆོས་དཀོན་མཆོག་ལ་ལུང་རྟོགས་གཉིས་ལས་ནི་རྟེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་སྤྱན་འདྲེན་པ་དེ་ཉིད་ཀྱིས་ཆོ་ག་ལ། ཆོས་དབྱིངས་ཤིན་ཏུ་རྣམ་དག་གང་གི་ངོ་བོ་ལ་སྤྱན་འདྲེན་མི་དགོས་པས་སྤྱན་འདྲེན་ལོགས་སུ་མ་བཤད། ཅེས་དང་། དེའི་འཕྲོས་ལས། ཡུམ་ཆེན་མོའི་སྐུ་འདྲི་བར་མི་འཐད་པར་བཤད་པ་མདོ་ལུགས་སོར་བཞག་ན་དེ་ལེགས་པར་མངོན་ཏེ། རྗེ་སྟག་ཚང་པས། ཆོས་དཀོན་མཆོག་གཙོ་བོར་ལུང་ལ་སྦྱར་ནས་གསུངས་པ་ལ་སྤྱིར་ལྷ་སྐུ་དང་སྒོས་ཆོས་སྤྱི་ལ་སྦྱོར་རྒྱུ་ཤེར་ཕྱིན་ཁོ་ན་དང་དེ་ཡང་ཡོ་གནས་བཤད་པའི་དམར་སེར་ཕྱག་གཡས་སོགས་ནི་རང་བཟོ་ཁོ་ན་ཡིན་ནོ།། ཞེས་པས་ཤེས་ནུས། སྔགས་ལུགས་ཀྱི་ཆོ་ག་དང་དབང་གི་རྣམ་གཞག་བྱེད་ན་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ངེས་པར་དགོས་ཤིང་ཆོས་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་མེད་པས་སྐྱོན་དུ་མི་འགྱུར་བར་སེམས། ངོར་ཆེན་གྱིས་ལྷ་རྣམས་ཞལ་ཕྱིར་བལྟས་ཀྱི་ཙག་ལི་ལ་ཕོ་བྲང་དུ་མིང་བཏགས་པ་བོན་པོའི་ལུགས་ཀྱི་རྟེན་བཤམ་པ་དང་། ཞེས་གསུང་པ་མདོ་ཆོག་གི་ཚིག་དོན་ལ་དཔག་ཀྱང་ལེགས་པར་མ་མཐོང་ཞིང་བསྟན་པ་སྔ་དར་གྱི་དུས་ཆོས་དར་འཕྲལ་གྱི་དོན་ཚུལ་བཞིན་དུ་མ་གོ་བའི་མིའི་རིགས་དང་བོན་བློན་ཆོས་ལ་གནག་པ་དག་གི་ཆེད་དུ། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་ལ་རྒྱལ་བློན་གྱི་མིང་འདོགས་པ་སོགས་བྱུང་འདུག་པས་དུས་དེར་དགས་དབང་གི་ས་བོན་དང་ཕྱོགས་མཐུན་པར་མཛད་པའམ་ཡང་ན་ལས་དང་པོ་བ་འདྲས་ལག་ལེན་ཁོང་དུ་མ་ཆུད་པའི་རྒྱུན་མ་འབྱམས་པའི་ངེས་པ་མི་འདུག རྗེ་སྟག་ཚང་བས། ཕོ་བྲང་དུ་གྲགས་པ་མང་པོའི་དར་ཤམ་གྱི་ཙ་ཀ་ལི་ལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒོ་དང་སྒོ་ཁྱུད་དྲ་ཕྱེད་སོགས་བྱས་པའང་མི་འཐད་དེ་མདོའི་ཁུངས་མེད་ལ། རྒྱུད་ཀྱི་ཁུངས་རྣམས་དང་སྐབས་མ་འབྲེལ་བའི་ཕྱིར་རོ།། ཞེས་པའི་གསུང་ལ་དཔགས་ན་མདོ་ནས་བཤད་པའི་དཀྱིལ་འཁོར་མ་གྲུབ་པའི་རིགས་ལ་དེ་ཚབ་ཏུ་བྱས་པར་འགལ་བ་མེད་ཅིང་དཀྱིལ་འཁོར་གྱི་སྟེང་དུ་ཕོ་བྲང་བཙུགས་ན་མི་འཐད་པ་ཡིན་ནམ་ཡང་ན་དར་ཤམ་ལ་དཀྱིལ་འཁོར་གྱི་རི་མོ་བྱས་པ་འདྲ་བྱུང་སྲིད་པ་ལ་དགོངས་སམ་སྙམ། པཎ་ཆེན་ཤཱཀྱ་མཆོག་པས། གཞན་དག་སྨན་བླའི་ཕོ་བྲང་དུ་གྲགས་པའི་ཆོས་པོ་ཏི་དབུས་སུ་བཞུགས་པ་ལ་ལྷ་རྣམས་ཞལ་ཕྱིར་བསྟན་ནས་བྲིས་པ་འདི་ནི་མདོ་སྔགས་ཀྱི་ལུགས་གང་དང་ཡང་མི་མཐུན་མོད། བསོད་ནམས་གསོག་པའི་ཡན་ལག་ཏུ་འགལ་བ་མེད་དོ།། ཞེས་པར་དཔགས་ན་དིང་སང་བྲིས་ཐང་ཙམ་རེ་གཉིས་དགྲམ་པ་ལས་ཚོམ་བུས་མཐའ་བརྟེན་པའི་དམིགས་རྟེན་གྱི་རིགས་མི་བཤམ་པའི་སླ་ཆོས་གཙོར་བཏོན་འདི་འདྲ་ལས་ཕོ་བྲང་ཡང་སྐྱོན་དུ་མི་འགྱུར་བ་འདྲ་ལ། འོན་ཀྱང་མཁས་པ་ལ་ལས་ལྷ་རྣམས་རྒྱབ་སྤྲེད་མཛད་པར་བརྟེན་བོད་ཀྱི་རྒྱལ་ཁྲིམས་ཞིག་ཅིང་མི་ཤིས་པ་བྱུང་བ་སོགས་འདུག བསྔགས་རྙིང་མའི་སྒྲས་ཁྲར་ཙ་ཀ་ལི་མང་པོ་འགོད་པ་ནི་རྒྱན་དགོད་ལས་དངོས་གཞི་མ་ཡིན་ལ་འདིར་ནི་རྟེན་བཤམ་པར་བཤད་པ་དེ་དག་དངོས་བསྟན་ཡིན་པས་མི་ཤིས་པའི་དོགས་གནས་ཙམ་འདྲ་ཡང་། ཀཀྞིའི་དཀྱིལ་འཁོར་ཞལ་སྦུབ་པ་སོགས་ལ་དཔགས་ན་བློའི་བྱེ་བྲག་ལས་མཐའ་གཅིག་ཏུ་མ་ངེས་ཤིང་། གཙོ་བོ་ནི་གང་ཟག་གི་རྟོགས་པ་མཐོ་དམའ་ལ་རག་པ་འདྲའོ། །གཞན་མ་ཤཱཀ་མཆོག་པའི་དེར་ཚད་མེད་ཀྱི་རྗེས་སུ་སྟོང་ཉིད་དང་སེམས་བསྐྱེད་ཀྱི་གོ་རིམ་གཞན་དང་མི་མཐུན་པས་མི་འཐད་པར་སེམས་ཤིང་བྷཻཥཛྱེ་མདོ་དང་ཆོ་གར་མེད་གསུངས་པ་བདེན་ཀྱང་ལྷན་ཐབས་ཅུང་ཟད་དགོས་པ་ཁ་འཕངས་བའི་མི་གསལ་བས་གཟུངས་འདི་ཡང་མཁན་པོའི་དགོངས་པར་དོན་གྱིས་འགྲོ་བར་བརྟེན་མཁས་པ་རྣམས་ཀྱིས་སྦྱར་བ་ཡིན་ཅིང་། མ་རིག་མུན་སེལ་མདོ་ཆོག་ན་མེད་གསུང་ནའང་བསྟན་འགྱུར་ཁུངས་བཙུན་པར་ཡོངས་གྲགས་ཀྱི་ཆོ་གར་འདུག་པས་དཔེ་མ་དག་པ་ཞིག་གཟིགས་པ་འདྲ། ཆོ་གར་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ། ཞེས་པར་ལ་ལ་དག་མངོན་པ་མཛོད་དུ། མི་ལྡོག་དེའི་དྲི་ཟའོ།། ཞེས་ཕུང་པོ་རྙིང་པ་ལ་འཇུག་པར་མི་སྲིད་པའི་དོགས་གནས་བྱེད་ནའང་ཐེག་པ་ཆེ་ཆུང་གི་བཤད་ཚུལ་ལ་མཐའ་གཅིག་ཏུ་ཚད་གཟུང་དཀའ་བས་དཔེར་ན་དུས་ཀྱིས་འཆི་བ་ལ་རིམ་གྲོ་སོགས་ཀྱིས་མི་བཟློག་ཅིང་དུས་མིན་ལ་བཟློག་ནུས་པའི་རིག་པས་ཚེ་ཟད་ནས་ཤི་བའི་རྣམ་ཤེས་ཕུང་པོ་རྙིང་པ་ལ་མི་འཇུག་ཅིང་མ་ཟད་ན་འཇུག་ནུས་པའི་གནད་འགག་ཅིག་ཡོད་འདུག་པས་འཇམ་དཔལ་གྱིས་ཆོ་ག་ཞུས་པའི་དགོས་པ་དང་གཉིས་ཀྱི་ཕྱི་མའི་སྐབས་ཡང་མཆོག་པས། མཐར་བྱེད་ཀྱི་གཤིན་རྗེས་ཟིན་པའི་རྣམ་པར་ཤེས་པ་སླར་ལོག་སྟེ་ཚེ་རིང་བར་གྱུར་བ་ལ་སོགས་ཞེས་གསུང་པ་དོན་དང་འབྱོར་བར་མཐོང་ཞིང་མདོའི་དངོས་བསྟན་གྱི་ཚིག་དང་མཁན་པོས་ལྷན་ཐབས་སུ་བླུན་པའི་ཁྱད་པར་ལ་གཞུང་འདིར་ས་གཞི་བརླབས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་བཞུགས་པའི་བར་ནི་སྔོན་མདོ་སྡེ་འདི་གསུང་བའི་དུས་སུ་ལྷའི་བུ་ཤེས་རབ་ཆུང་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་སླད་དུ་དེ་པ་བདུན་ཞིང་འདིར་སྤྱན་དྲངས། ཤཱཀྱ་ཐུབ་དང་ཐབས་ཅིག་ཏུ་བཞུགས་པས་འཇམ་དཔལ་དང་ཕྱག་ན་རྡོ་རྗེ་གཉིས་དང་ཞུ་བ་ཞུ་ལེན་དངོས་སུ་མཛད་ཅིང་མདོའི་དོན་དང་གཟུངས་སྔགས་བསླབ་པར་མཛད་པར་བརྟེན་པའོ། །དེ་ལྟ་མོད་ཀྱི་ཤཱཀྱ་ཐུབ་མན་ཆད་སྤྱན་དྲངས་པའི་ཚིག་རྣམས་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་ཀྱང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་ཞེས་པ་ནས་ལེགས་པར་བརྒྱན་པའི་ས་གཞི་ལ་ཞེས་པའི་བར་ཕལ་ཆེར་མདོར་དངོས་སུ་སྣང་ལ། གཞལ་ཡས་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་པ་བཀོད་པ་ཞེས་པ་ནས་སྨོན་པ་མེད་པ་ནས་འཇུག་པ། ཞེས་པའི་བར་མདོར་མི་སྣང་ཡང་ཐོགས་མེད་ཀྱི་ཐེག་བསྡུས་ལས་བྱུང་བ་བཞིན་བསྣན། ཞིང་ཁམས་དེ་དང་དེ་དག་གི་དབུས་ན་གཞལ་ཡས་ཁང་མཚན་ཉིད་ཚང་བ་ཡོད་པ་སྨན་བླའི་ཐད་ཀྱི་མདོར་གསལ། མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག་དང་ལོངས་སྤྱོད་པར་གྱུར་ཅིག་དང་དེ་བཞིན་དུ་གྱུར་ཅིག། ཅེས་པ་རྣམས་མདོ་དང་སྦྱར་རྒྱུ་མེད། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་ཤེགས་པ་བརྒྱད་བཞུགས་པ་དང་བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་སྟེང་གཞི་ལས་བྱུང་བ་ཞེས་པ་ནི་མདོ་དང་སྦྱོར་རྒྱུ་ཡང་། ཆོས་པོ་ཏི་བཞུགས་པ་དང་འཇམ་དཔལ་ལ་སོགས་པའི་གདན་ལྷག་མ་བཤམ་པ་ནི་མདོ་དང་སྦྱར་རྒྱུ་མེད། ཡང་དེ་པ་བདུན་ལ་ཕྱག་མཆོད་འབུལ་བ་དང་དེ་དག་གི་སྔོན་གྱི་སྨོན་ལམ་དང་མཐུན་པའི་སྨོན་ལམ་འདེབས་པ་ནི་མདོ་དང་སྦྱོར་རྒྱུ་ཡོད། ཤཱཀྱ་ཐུབ་མན་གྱི་ཕྱག་མཆོད་གཉིས་ལ་མདོ་དང་སྦྱོར་རྒྱུ་མེད་ཅིང་ཆོ་གའི་ཚིགས་གཞན་རྣམས་ནི་མདོའི་ཚིག་དངོས་བསྟན་ལ་ཡོད་དོ།། རྗེས་ཆོག་གི་ཚིག་རྣམས་ནི་མཁན་པོ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཉེ་བར་སྦྱར་པ་ཡིན་ནོ།། ཞེས་གསུང་པ་ནི་ལེགས་པར་སྣང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཞེས་སོགས་ནི་སྨོན་ལམ་རྣམས་འགྲུབ་བྱེད་དུ་མདོར་མེད་ཀྱང་མཁན་པོས་མཛད་པ་ཡིན་ནོ།།

 

བཞི་པ། ཉམས་སུ་བླང་བྱའི་ཆོ་ག་དངོས་བཤད་པ།

བཞི་པ་ཉམས་སུ་བླང་བྱའི་ཆོ་ག་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས།

དང་པོ། སྔོན་འགྲོ།

དང་པོ་མདོ་ཆོག་ལས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་ཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ།། ཆོ་ག་བྱེད་པར་འདོད་པས་ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲི་མ་མེད་པ་འགོ་ཞིང་ཁ་བས་གཙང་མ་བཟའ་བར་བྱ།། སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱས་ཏེ། དཀོན་མཆོག་གི་ཡོན་ཏན་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་དད་པ་དང་གུས་པ་བསྐྱེད། ཚད་མེད་པ་བཞི་བསྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། དུས་བཟང་པོ་ཚེས་བརྒྱད་ལྟ་བུ་ལ་བརྩམ། གནས་ཡིད་དུ་འོང་བ་གཙང་མར་བྱས་ལ་གདུགས་དང་རྒྱལ་མཚན་མང་པོས་ལེགས་པར་བརྒྱན་པའི་ནང་དུ་སྨོས་ཀྱི་མཎྜལ་ཆེན་པོ་བྱས་ལ་ཚོན་ཕྱེའམ་མེ་ཏོག་གིས་དགྲམ་པར་བྱའོ།། བླུགས་སྐུའམ་རས་བྲིས་སམ། འཇིམ་པ་ལ་བྱས་པ་ཡང་རུང་སྟེ་རིང་བསྲེལ་དང་བཅས་པ་བྱ། འཁོར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གདན་ཡང་བཤམ། མཆོད་པ་ཅི་འབྱོར་བ་ཡང་བཤམས་ཏེ། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང་ཚོན་སྣ་ལྔ་པའི་བ་དན་བདུན་བདུན་བཞག། གཞན་ཡང་སྤོས་དང་། མེ་ཏོག་དང་། དྲི་དང་ལྷ་བཤོས་དང་། རོལ་མོའི་བྱེ་བྲག་དང་། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། བུམ་པ་ལ་སོགས་པ་སྟ་གོན་བྱའོ།། མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་ཡང་ཅི་ནུས་ཀྱིས་བཀླག གཟུངས་ཀྱི་ཆོ་ག་འདི་ཞག་བདུན་ནམ་ཞག་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་བཅུ་རྩ་དགུ་སྙེད་དུ་བཀླག་པར་བྱའོ།། དེ་ལྟར་མཆོད་པ་བཤམས་པ་དང་། དགེ་འདུན་ཚོགས་ནས་སྟན་བདེ་བ་ལ་འདུག་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ནུས་སུ་བསྒོམ། ཞེས་གསུངས་པའི་དོན་བཤམ་པ་དང་བསྒོམ་པ་གཉིས་ཡོད་པའི་བཤམ་པ་ལ། གནས་ཁྱད་པར་ཅན་ཡིད་དུ་འོང་བར་ཕྱག་དར་དང་ཆག་ཆག་གདབ་ཅིང་ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་པར་སྟེགས་བུའམ་མ་འགྲུབ་ན་ཞལ་ང་སྤོས་དང་སྨན་གྱི་བྱུག་པས་དྲི་ཞིམ་པར་བྱ། དེར་གཞལ་ཡས་ཁང་བྲི་བ་ལ་སྔགས་ནས་བྱུང་བའི་ཐིག་ཚོན་གྱི་ཆོ་ག་མི་དགོས་ཀྱང་ཚད་མི་འཕྱུགས་པའི་ཕྱིར་དུ་ཐིག་ཆེན་བརྒྱད་ནས་སྒོ་ཁྱུད་ཀྱི་བར་གདབ། ཚོན་བཀྱེ་ལུགས་རྟ་བབས་སོགས་སྦངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བའི་དབུས་སུ་ལྷ་སྣམ་དཀར་པོ་གྲུ་བཞི་བ། དེའི་ཕྱི་རོལ་ཏུ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྷ་སྣམ་གྲུ་བཞི་པ་གཉིས་བྱས་ལ། ལྟེ་བར་པདྨ་འདབ་མ་བརྒྱད། བར་མ་ལ་པདྨ་བཅུ་དྲུག ཕྱི་མ་ལ་ཉེར་བཞི། དབུས་དང་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་སེང་གེའི་ཁྲི་རེ་རེ། བར་མར་ཟླ་གདན་རེ། ཕྱི་མའི་ཤར་སྒོ་ནས་བརྩམས་ཏེ་གཡས་གྲལ་ལ་ཕྱོགས་སྐྱོང་བཅུ་དང་ཉི་མ་ཟླ་བར་བྲག་རིའི་གདམ་གཡོན་གྲལ་ལ་སྡེ་དཔོན་བཅུ་གཉིས་ལ་ཟ་འོག་གི་གདན། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་ལ་པད་ཟླའི་གདན་རྣམས་རྡུལ་ཚོན་གྱིས་ལེགས་པར་བཞེངས། དེའི་ཕྱི་རོལ་ཏུ་རིན་པོ་ཆེའི་བྱེ་མ་བརྡལ་བ་དང་ཨུཏྤལ་སོགས་ཞིང་གི་ཁྱད་པར་བཤད་པ་རྣམས་བདེ་བ་ཅན་གྱི་ཞིང་བཀོད་ལྟར་ཐོན་ན་གང་ལེགས་འདུག ཕ་གུའང་སྔགས་ལུགས་ལྟར་རྩིག་པའི་སྟེང་དུ་མ་ཡིན་པར་ཕྱི་རོལ་ནས་མཐའ་བསྐོར་བའི་རྒྱ་ཆེ་བ་སྟེ་དཔེར་ན་སྐྱེད་མོས་ཚལ་ཡངས་པའི་དབུས་སུ་རྒྱ་གར་གྱི་ཁང་བཟང་འདྲ་བ་དང་དེའི་མཐར་ལྕགས་རིས་བསྐོར་བ་ལྟ་བུའི་དོན་སྤྱི་ཤེས་དགོས་ཤིང་རྩིག་པའི་སྟེང་ནས་བྲེ་བུལ་གྱིས་བཏེག་པའི་རིན་པོ་ཆེའི་རྒྱ་བིབས་ཅན་ནོ།།

            དེར་འགོད་པའི་དམིགས་རྟེན་ནི་དབུས་སུ་མཉྫི་ལྟ་བུའི་ཁར་མདོ་བརྒྱད་བརྒྱ་པའི་གླེགས་བམ་བཞུགས། ཤར་ནས་བརྩམས་ཏེ་ལྷ་རྣམས་འགོད་པ་ལ། བྲིས་འབུར་གང་བྱེད་ཀྱང་མངོན་རྟོགས་མེད་བཞེད་དུ་འདུག་པ་བཞེད་ཚུལ་མང་ཡང་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་ལུགས་བཞིན། ཤར་དུ་ཤཱཀྱ་ཐུབ་སེར་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་ཅན། ལྷོར་སྒྲ་དབྱངས་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་ཞག་ཅན། ནུབ་ཏུ་མྱ་ངན་མེད་མཆོག་དམར་སྐྱེ་ཕྱག་གཉིས་མཉམ་གཞག་ཅན་བྱང་དུ་མཚན་ལེགས་སེར་པོ་གཡས་མི་འཇིགས་པ་དང་གཡོན་མཉམ་གཞག་ཅན། བྱང་ཤར་དུ་སྨན་བླ་སྔོན་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་དང་གཡོན་མཉམ་གཞག་སྟེང་ན་ལྷུང་བཟེད་ཅན། ཤར་ལྷོར་གསེར་བཟང་སེར་པ་ཕྱག་གཉིས་ཆོས་འཆད་ཅན། ལྷོ་ནུབ་ཏུ་ཆོས་བསྒྲགས་དཀར་དམར་ཕྱག་གཉིས་ཆོས་འཆད་ཅན། ནུབ་བྱང་དུ་མངོན་མཁྱེན་དམར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་ཅན། ཐམས་ཅད་ཀྱང་ཆོས་གོས་ངུར་སྨྲིག་དང་མཚན་བཟང་གིས་སྤྲས་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན། བར་གྱི་སྣམ་བུ་དང་པོའི་ཤར་དབུས་སུ་འཇམ་དབྱངས་དམར་སེར་གླེགས་བམ་ཅན། དེའི་གཡས་སུ་སྐྱབས་གྲོལ་དཀར་པོ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་བཞག་ནས་བསྙེམས་ཚུལ་གྱིས་ཅུང་ཟད་འགྱིང་བ། བྱང་ཤར་གྱི་གྲྭར་ཉི་མ་ལྟར་སྣང་བྱེད་དམར་སེར་གཡས་ཨུཏྤ་ལའི་སྟེང་ན་ཉི་མས་མཚོན་པའི་གླེགས་བམ། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། འཇམ་དབྱངས་ཀྱི་གཡོན་དུ་ཕྱག་རྡོར་ལྗང་གུ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་རིན་པོ་ཆེའི་འཕྲེང་བ་ཅན། ཤར་ལྷོའི་གྲྭར་ཟླ་བ་ལྟར་སྣང་བྱེད་དཀར་པོ་གཡས་ཨུཏྤལའི་སྟེང་ན་གླེགས་བམ་ཟླ་བ་ཚེས་པས་མཚོན་པ། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ།

            གླེང་གཞི་ནས་བྱུང་བའི་འཛིན་པ་བཅུ་གཅིག་ནི། ལྷོའི་སྣམ་བུ་ལ་སྤྱན་རས་གཟིགས་དཀར་པོ་པདྨ། དེའི་གཡོན་དུ་བློ་གྲོས་ཆེན་པོ་སེར་པོ་མིག་གིས་སྦས་པའི་པདྨ། བྱམས་པ་མགོན་པོ་སེར་པོ་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་རིལ་བ་སྤྱི་བླུགས་ཀྱིས་མཚན་པ། ལྷོ་ནུབ་ཀྱི་གྲྭར་སྤོབས་པ་བརྩེགས་དཀར་པོ་རལ་གྲི། ནུབ་ཏུ་རྣམ་གནོན་དོན་ཡོད་དཀར་པོ་རལ་གྲི། བལྟ་ན་སྡུག་དཀར་པོ་པདྨའི་སྡོང་བུའི་སྟེང་ན་གླེགས་བམ་རིན་པོ་ཆེས་སྤྲས་པ། མུན་པ་ངེས་པར་འཇོམས་པའི་བློ་གྲོས་དཀར་པོ་དབྱུག་པ། ནུབ་བྱང་གི་གྲྭར་བསམ་པ་ལེགས་པར་་་པ་དཀར་པོ་བུམ་པ། བྱང་དུ་ལྷུན་པོ་བརྩེགས་དཀར་པོ་ཟླ་ཕྱེད་ཀྱིས་མཚན་པའི་པདྨའི་སྡོང་བུ། སང་སང་པོའོ་དབྱངས་སྔོ་སྐྱ་ཨུཏྤལ་རིན་པོ་ཆེ་འབར་བ་དང་རྡོ་རྗེས་སྤྲས་པ། ལྷུན་པོ་རྩེ་འཛིན་རྒྱལ་པོ་སེར་པོ་རིན་པོ་ཆེའི་སྙེ་མ། བཅུ་གཅིག་པོ་རྣམས་གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀ་དང་གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་གསོལ་ཞིང་ཞི་བའི་ཉམས་ཅན་སེམས་སྐྱིལ་གྱིས་བཞུགས་པ། སྣམ་བུ་ཕྱི་མའི་ཤར་སྒོའི་གཡོན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཇི་འཇིགས་སེར་པོ་རྡོ་རྗེ། དེའི་གཡས་སུ་རྡོ་རྗེ་སྨུག་ནག་རལ་གྲི། རྒྱན་འཛིན་སེར་པོ་དབྱུག་ཏོ།། བྱང་ཤར་གྱི་གྲྭར་གཟའ་འཛིན་སྔོ་སྐྱ་དབྱུག་ཏོ། བྱང་དུ་རླུང་འཛིན་དམར་པོ་རྩེ་གསུམ། གནས་བཅས་དུད་ཁ་རལ་གྲི། དབང་འཛིན་དམར་པོ་དབྱུག་པ། བཏུང་འཛིན་སེར་པོ་དབྱུག་ཏོ།། ནུབ་བྱང་གི་གྲྭར་སྨྲ་འཛིན་སེར་པོ་སྟེ་རེ། ནུབ་ཏུ་བསམ་འཛིན་སེར་པོ་ཞགས་པ། གཡོ་འཛིན་སྔོན་པོ་དབྱུག་ཏོ། རྫོགས་བྱེད་དམར་པོ་འཁོར་ལོ། གཡས་རང་རང་གི་ཕྱག་མཚན་ཐུགས་ཀ་དང་གཡོན་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་འཛིན་ཅིང་རིན་པོ་ཆེའི་རྒྱན་དང་ངར་ལྷབ་ལྷུབ་མནབས་པ། ལྟོ་བ་དང་གསུས་ཁྱིམ་ཆེ་བ། འཇིགས་ཤིང་རྔམས་པའི་ཆ་བྱད་ཅན། རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་པ། ཤར་སྒོའི་གཡས་སུ་ཤིང་རྟའི་སྟེང་དུ་ཉི་མ་དམར་པོ་ཕྱག་གཉིས་ཉི་མའི་དཀྱིལ་འཁོར། དེའི་གཡོན་དུ་ངང་པའི་སྟེང་དུ་ཟླ་བ་དཀར་པོ་ཟླ་བ། ངང་པའི་སྟེང་དུ་ཚངས་པ་སེར་པོ་གདོང་བཞི་པ་གཡས་འཁོར་ལོ་དང་། གཡོན་བུམ་པ། ཤར་ལྷོའི་གྲྭར་བརྒྱ་བྱིན་དཀར་པོ་གླང་པོ་ལ་གནས་པ་རྡོ་རྗེ། ལྷོར་མེ་ལྷ་དམར་པོར་སྐྱེས་ལ་གནས་པ་མེ་ཐབ། གཤིན་རྗེ་སྔོན་པོ་མ་ཧེ་ལ་གནས་པ་དབྱུག་ཏོ། ། སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ་རལ་གྲི། ཆུ་་ལྷ་དཀར་པོ་ཆུ་སྲིན་ལ་གནས་པ་སྤྲུལ་ཞགས། ལྷོ་ནུབ་ཀྱི་གྲྭར་རླུང་ལྟ་སྔོ་སྐྱ་ཤ་བ་ལ་གནས་པ་བ་དན། ནུབ་ཏུ་གནོད་སྦྱིན་སེར་པོ་རྟ་ལ་གནས་པ་དབྱུག་ཏོ། དབང་ལྡན་དཀར་པོ་གླང་ལ་གནས་པ་རྩེ་གསུམ། སའི་ལྷ་མོ་སེར་མོ་ཕག་ལ་གནས་པ་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པན་དང་དར་གྱིས་མཛེས་པ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་ཕྱག་གཉིས་པི་ཝཾ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིིན་པ། བཞི་གའང་རིན་པོ་ཆེའི་ཅོད་པན་དང་དར་སྣ་ཚོགས་ཀྱིས་ཀླུབས་ཤིང་ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པ་རྣམས་ཀྱི་སྐུ་རབ་གསེར་དངུལ། འབྲིང་སྨན་འདམ། ཐ་མའང་ཙ་ཀ་ལི་བྲིས་པ་གནས་སོ་སོར་དགོད། ཡིག་རྙིང་ཚོར་རས་བྲིས་བྱེད་པའི་གསལ་ཁ་མ་བྱུང་ཡང་ནུ་ཚོན་གྱི་ཕོ་བྲང་ལ་ལྷ་རྣམས་བྲིས་ན་འཇུག་པ་བདེ་བར་མངོན་ཞིང་དེ་ཙམ་ཡོ་བྱད་དང་གནས་དུས་ཀྱིས་མ་འབྱོར་པ་ལ་མཎྜལ་ལྟ་བུར་འབྲས་དཀར་གྱི་ཚོམ་བུ་གོང་གི་འགོད་ཚུལ་ལྟར་བྱས་ན་དེ་ལ་ལྷ་བསྐྱེད་པ་མིན་ཀྱང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཀྱི་གདན་ལྟ་བུ་གནས་མི་འཆོལ་བའི་གནད་ཡོད་ཅིང་བདེན་པའི་བྱིན་རླབས་ཀྱིས་གྲུབ་པའི་གདན་ཡངས་ཤིང་རྒྱ་ཆེ་བ་སྤྱན་དྲངས་པའི་ལྷ་རྣམས་བཞུགས་པ་མ་གཏོགས་བཤད་མ་ཐག་པའི་རྟེན་རྣམས་ལ་བསྟིམ་པ་མ་ཡིན་མོད། སྐུ་གཟུགས་བདུན་བྱའོ། །ཞེས་པའི་ཚིག་གི་ནུས་པས་སྐུ་གཟུགས་བདུན་པོ་ངེས་པར་དགོས་ཤིང་འཁོར་རྣམས་ཀྱང་ཤུགས་ལ་འབྱུང་བར་བརྟེན་མཁས་པ་ཚད་ཐུབ་རྣམས་ཀྱིས་མཛད་ཅིང་འོག་ཏུ་མགྲོན་གྱི་ཚོགས་གཤེགས་སུ་གསོལ་བས་རྟེན་གྱི་ཡེ་ཤེས་པ་གཤེགས་པའི་དོགས་པ་ནམ་ཡང་མི་འཚལ་ལོ།། མཆོད་པའི་གཙོ་བོ་བདེ་གཤེགས་རེ་རེ་ལ་མར་མེ་བདུན་བདུན་ཚོན་སྣ་ལྔ་པའི་བ་དན་བདུན་བདུན་དགོས་པ་ནི་སྐྱབས་གྲོལ་གྱི་སྨོན་ལམ་ནས་འབྱུང་བ་ལྟར་ཤེས་ནུས་ལ། གཞན་ཡང་སྨན་སྤོས་བཟང་པོ་བཏབ་པའི་མཆོད་ཡོན་དང་བྱུག་པ། མེ་ཏོག་དངོས་སམ་བཅོས་མ་དང་སིལ་མ། ཙན་དན་ཨ་ཀ་རུ་དང་དུ་རུ་ཀ་སོགས་བསྲེག་རྫས་དང་ཕྱེ་མ་ཕུར་མས་མཚོན་དྲི་བཟང་པོའི་བདུག་སྤོས། ཟས་སྣ་ཚོགས་སྦྱར་བའི་ལྷ་བཤོས། སིལ་སྙན་སོགས་རོལ་མོ་སྣ་ཚོགས། གདུགས། རྒྱལ་མཚན། ན་བཟའ། རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་སོགས་དངོས་འབྱོར་གྱི་མཆོད་པ་ཕུན་སུམ་ཚོགས་པར་བཤམ་ཞིང་འགྲུབ་ན་སོ་སོར་བདུན་ཚན་བྱ། གནོད་སྦྱིན་ཕྱོགས་སྐྱོང་གཞི་བདག་སོགས་ལ་གཏོར་མ་མ་ཕུལ་ཀྱང་རུང་མོད། མདོ་དང་འབྲེལ་བའི་སྒོ་ནས་འབུལ་ན་བཤོས་རེ་བཤམ། གཟུངས་བུམ་དྲི་བཟང་གི་ཆུས་བཀང་བ་མགུལ་ཆིངས་དང་འབྲས་བུ་ཅན་གྱིས་ཁ་བརྒྱན་པ་བསྟར། དགེ་སློང་གི་དགེ་འདུན་འཛོམ་པ་ལ་བསྙེན་བཀུར་ཞིང་མདོ་བརྒྱད་བརྒྱ་པ་དང་ཤེར་ཕྱིན་སོགས་མདོ་སྡེ་ཟབ་མོ་མང་དུ་བཀླག་པའི་རྒྱབ་ཆོས་བྱ།

            དུས་ནི་ནམ་བྱུང་བའང་བྱར་རུང་ལ། ཁྱད་པར་འོ་སྐོལ་གྱི་སྟོན་པ་འདི་ཉིད་ས་ལུག་དབྱར་འབྲིང་ཆུ་སྟོད་ཀྱིས་ཉ་བའི་ཚེས་བཅོ་ལྔ་ལ་ཡུམ་གྱི་ལྷུམས་སུ་ཞུགས། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། ས་བྱི་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་རབ་ཏུ་བྱུང་། ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས། ལོ་དེ་གའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝ་ར་ཎཱ་སིར་བདེན་བཞིའི་ཆོས་འཁོར་བསྐོར། ལྕགས་བྱི་སྟོན་ཟླ་འབྲིང་པོའི་ཉེར་གཉིས་ལ་ལྷ་ལས་བབས། ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས་པའི་དུས་སྟོན་རྣམས་འཁྲུལ་མང་ཕུག་པའི་ལུགས་སྲོལ་བཞིན་བཀོད་ཀྱི། ཆོས་རྗེས་སྐྱེ་པ་མེ་ཡོས་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་སྐུ་བལྟམས་པ། ཀུན་མཁྱེན་བུ་ཤིང་རྟར་བལྟམས་པ། ཁ་ཆེ་པཎ་ཆེན་དང་ཁྲོ་ཕུ་ལོ་ཙཱ་བ་ཐ་སྐར་ཟླ་བའི་ཉེར་གཉིས་ལ་ལྷ་བབས་སུ་ངོས་འཛིན་པ་སོགས་མཁས་པའི་བཞེད་ཚུལ་ཟབ་ཅིང་བརླིངས་པས་དཔྱད་པར་དཀའ་ཡང་ལོ་ལྟར་གྱི་ཟླ་བར་དུས་ཆེན་དེ་དག་འབྱུང་ཞིང་མཉན་ཡོད་མཆོད་པ་ནི་སངས་རྒྱས་དགུང་ལོ་གང་གི་དུས་བྱུང་བའི་གསལ་ཆ་ཡིད་བརྟན་གྱིི་ངེས་རྙེད་མ་བྱུང་རུང་རྟ་ཆེན་གྱི་ཟླ་བ་ཡིན་པར་ཡོངས་སུ་གྲགས་ཤིང་ལ་ལ་དཔེ་ཟླར་ཡང་ངོས་འཛིན་མེད་བཤད་མ་ཐག་པའི་དུས་དེ་དག་དང་ཁྱད་པར་ཆོ་འཕྲུལ། བྱང་ཆུབ་བརྙེས་པ། ཆོས་འཁོར་བསྐོར་བ། ལྷ་བབས་རྣམས་དུས་ཆེན་བཞི་ཞེས་དགེ་བ་གང་བྱས་བྱེ་བ་ཕྲག་བརྒྱར་འགྱུར་པར་ལུང་སིལ་བུ་དང་མྱང་འདས་སོགས་ལས་གསུངས་པས་ཕན་ཡོན་ལྷག་པར་ཆེའོ།། ཇོ་བོ་ཆེན་པོའི་བཞེད་པར་གྲགས་པའི་སྟོན་པའི་འཁྲུངས་ལོ་ནི་སྟོད་ལུང་ཇོ་བོ་ཟེར་བ་ཞིག་དང་མཚན་གྱི་འཁྲུལ་གཞི་བྱས་པ་ལས་དཔལ་དཱིཔཾ་ཀཱརའི་དགོངས་པ་ནི་མིན་ནོ།།

            གཉིས་པ་བསྒོམ་པ་ནི། ལུས་ལེགས་པར་བཀྲུས་ཤིང་གོས་གཙང་མ་གྱོན་པ་ཕྱིའི་ཁྲུས་དང་ཤ་ཆང་སྒོག་བཙོང་སོགས་མ་དག་པའི་ཟས་སྤངས་ཏེ། དཀར་གསུམ་མངར་གསུམ་གྱིས་མཚོན་པའི་ཟས་གཙང་མ་ལ་བརྟེན་ཅིང་སེམས་ཉོན་མོངས་པ་དང་བྲལ་བ་ནང་གི་ཁྲུས་དང་ལྡན་པའི་སྒོ་ནས་ཁྱིམ་པ་ཡིན་ན་གསོ་སྦྱོང་ལ་གནས་པ་དང་རབ་ཏུ་བྱུང་བ་རྣམས་ཐེག་པ་ཆེན་པོའི་གསོ་སྦྱོང་ལ་གནས་དགོས་པས། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བླ་མ་རྒྱལ་བ་སྲས་དང་བཅས་པ་དང་འདིར་གསོ་སྦྱོང་ལེན་པའི་ཞིང་དུ་འབྱོན་པར་ཅི་གནང་། ཞེས་བདེན་པའི་མཐུས་བྱོན་ཏེ་བཞུགས་པར་མོས་ལ། ཆེར་སྙིགས་འགྲོ་ལ་ཐུགས་རྗེ་ཆེན་པོ་ཡིས།། ཤིན་ཏུ་རྒྱས་པའི་མདོ་སྡེའི་སྙིང་པོའི་དོན།། སྩོལ་མཛད་དངོས་བརྒྱུད་ཡོངས་འཛིན་ལ་སོགས་པ།། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། ཞེས་སོགས་ཤློཀ་བཞི། ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས།། ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས།། ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི།། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། མཐུན་པའི་སྨོན་ལམ་མཆོག་ཏུ་རྨད་བྱུང་ཞིང་།། སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ།། བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ།། བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ།། ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར།། སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་བའི།། བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།། སངས་རྒྱས་རྣམ་གཟིགས་སོགས། མཚན་མཆོག་ལྡན་པ་སོགས། ཐུགས་རྗེ་ཀུན་ལ་སྙོམས་པའི་སོགས། རྫོགས་སངས་གང་དུ་བལྟམས་པ་དང་།། གང་དུ་བྱང་ཆུབ་ལ་རེག་དང་།། ཞི་བའི་འཁོར་ལོ་བསྐོར་བ་དང་། ཟག་མེད་མྱ་ངན་འདས་ཕྱག་འཚལ།། བདེ་གཤེགས་གང་སུ་བཞུགས་པ་དང་།། འཆག་པ་དང་ནི་བཞེངས་པ་དང་།། སེང་གེ་ལྟ་བུར་གཟིམས་པ་ཡིས། གནས་དེ་ལ་ཡང་ཕྱག་འཚལ་ལོ།། སྟེང་དང་འོག་དང་བར་དག་དང་།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་།། སྐུར་བཅས་སྐུ་ནི་མེད་པ་ཡི།། མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ།། སྨྲ་བསམ་བརྗོད་མེད་སོགས། འཇམ་དཔལ་དབྱངས་དང་སྐྱབས་གྲོལ་གསང་བའི་བདག། སྤྱན་རས་གཟིགས་སོགས་རླབས་ཆེན་སྤྱོད་པ་ཡིས།། འགྲོ་ཀུན་སྲིད་ཞི་ལས་སྒྲོལ་ཁུར་འཁྱེར་བའི།། ཐེག་ཆེན་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ།། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ།། བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས།། བསྟན་པ་འཛིན་དང་སྤེལ་དང་སྲུང་མཛད་པའི།། དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ།། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས།། རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི།། འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ།། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ།། ཏེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ།། བསྟན་པ་རིན་ཆེན་བང་མཛོད་ལེགས་བསྲུང་བའི།། རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ།། གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས།། ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས།། སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ།། ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ།། མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ།། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི།། ཁུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས།། རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། ཅེས་པས་ཕྱག་བྱ། དེ་ནས་རང་གནས་སུ་འཁོད་དེ་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་ཞིང་། མེ་ཏོག་དམ་པ་སོགས་ནས་རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། ཞེས་བརྗོད། རོལ་མོ་བཞག་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ཞེས་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། ཞེས་པས་ཡན་ལག་བདུན་པ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་དོན་ཡིད་ལ་དྲན་བཞིན་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས་ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་པར་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ།། ཞེས་པ་ལན་གསུམ་གྱིས་སྡོམ་པ་བླངས་ལ། དེའི་བསླབ་བྱ་འདི་རྣམས་བསླབ་སྙམ་པས། དེང་ནས་སྲོག་གཅོད་མི་བྱ་ཞིང་།། གཞན་གྱི་ནོར་ནི་བླང་མི་བྱ།། འཁྲིག་པའི་ཆོས་ཀྱང་མ་སྤྱད་ཅིང་།། བརྫུན་གྱི་ཚིག་ཀྱང་མི་སྨྲའོ།། སྐྱོན་ནི་མང་པོ་ཉེར་བསྟེན་པའི།། ཆང་ནི་ཡོངས་སུ་སྤང་བར་བྱ།། ཁྲི་སྟན་ཆེན་པོ་མི་བྱ་ཞིང་།། དེ་བཞིན་དུས་མ་ཡིན་པའི་ཟས།། དྲི་དང་འཕྲེང་བ་དང་ནི་རྒྱན།། གར་དང་གླུ་སོགས་སྤང་བར་བྱ།། ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི།། སྲོག་གཅོད་ལ་སོགས་མི་བྱེད་པ།། དེ་བཞིན་སྲོག་གཅོད་ལ་སོགས་སྡང་།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། སྡུག་བསྔལ་མང་འཁྲུག་འཇིག་རྟེན་རྣམས།། སྲིད་པའི་མཚོ་ལས་འདོན་པར་ཤོག། ཅེས་ལན་གསུམ་བརྗོད། ཨོཾ་ཨམོགྷ་ཤཱི་ལ། སམྦྷར་སམྦྷར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བིབྷུཥཱིཏ་བྷུཇ། དྷ་ར་དྷ་ར། སམནྟ། ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ་ནས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་།། སོགས་ཀྱི་སྨོན་ལམ་གདབ་ཅེས་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་ཞིང་དད་པ་གུས་པ་སོགས་བསམ་པའི་ཁྱད་པར་གྱི་སྤྲོ་བ་བསྐྱེད།།

            སྐྱབས་འགྲོ་ནི། ཕྱོགས་བཅུ་དུས་གསུམ་ཞེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་སྤྱི་ལྟར་ལ། བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་བདུན་ནམ་གསུམ་སོགས་ཅི་རིགས་པ་བརྗོད།

       སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་མཆོད་ཐུགས་དམ་བསྐུལ་བ་ལ་སོགས་པའི་ལམ་གྱི་རིམ་པ་ལ་གནས་པར་བྱའོ།། དེ་ཁོ་ན་ཉིད་ཀྱི་ངང་ནས་ཚད་མེད་བསྒོམ་པ་ནི། བདག་དག་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ།། རྗེ་སྟག་ཚང་པས། བདག་མེད་ཀྱི་ལྟ་བའི་ཏིང་ངེ་འཛིན་ཅི་ནུས་སུ་བསྒོམས་པ་ལས་ལངས་ནས། དེ་མ་རིག་པའི་སེམས་ཅན་ལ་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམས་ནས། ཞེས་གསུང་བ་རྒྱུ་འབྲས་སུ་མཛད་པའམ་ཚད་མེད་དེ་གས་གི་བཅད་ནས་གཉིས་པོ་ངོ་བོ་གཅིག་ཏུ་བཞེད་པ་འདྲ་ནའང་སེམས་བསྐྱེད་ལེགས་སུ་བྱེད་པ་གསུང་འདི་གའི་འོག་ཏུ་གསལ་བས་ཆོག་མཁན་པོའི་གཞུང་དང་མཐུན་ནོ།།

            བྱིན་བརླབ་བཞི་སྐོར་ལས་ས་གཞི་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་བྱུང་བའི་ཆོ་ག་བཞིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཅི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ་ཙན་དན་སྤྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱི་གཅལ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང་། དངུལ་དང་། མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུད་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་འཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲངས་པས་ལེགས་པར་བརྒྱན་པའི་ས་གཞི་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག།

            ཁང་བཟང་བརླབ་པ་ནི། དེའི་དབུས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་བྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་བརྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་འདི། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་པ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་། བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོ་འབྱུང་བར་གྱུར་ཅིག།

            གདན་ཁྲི་བརླབ་པ་ནི། དེའི་དབུས་སུ་པདྨའི་གདན་རིན་པོ་ཆེའི་སེང་གེའི་ཁྲི་སྟན་ལ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག།

            མཆོད་པ་བརླབ་པ་ནི། ཕྱི་མ་ཀུན་ཏུ་ཡང་ཆ་རིགས་དང་འཚམ་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་། རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག། འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག། ཅེས་ལན་གསུམ་བཟླས། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བར་མཆོད་པའི་སྤྲིན་གྱི་གཟུངས་འདི་ཉིད་ལྷག་པར་ཕན་ཡོན་ཆེ་བ་མདོ་ལས་གསུངས་པས། ཨོཾ་ནམོ་བྷགཝཏེ་བཛྲ་སཱར་བྲམརྡན། ཏཐཱ་གཏཱཡ་ཨརྷཏེ། སམྱཀྶཾ་བུདྡྷཡ། ཏདྱཐཱ། ཨོཾ་བཛྲེ་བཛྲེ། མཧཱ་མཛྲེ། མཧཱ་ཏེཛཱ་མཛྲེ། མཧཱབིདྱཱ་བཛྲེ། མཧཱ་བོདྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོཔ་སཾཀྲམཎ་བཛྲེ་སརྦ་ཀརྨ་སཱཝརཎ་བིཤྭདྷན་བཛྲེ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་ཅི་རིགས་པ་བརྗོད། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག། ཅེས་ལན་གསུམ་བཟླས།

            མཆོད་པའི་ཚོགས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲངས་པ་ནི། པུས་མོ་བཙུགས་ཏེ་མེ་ཏོག་བླང་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། ཞེས་བྱུང་བའི་སྤྱན་འདྲེན་གྱི་ཚིག་འདི་དག་ངག་ཏུ་བརྗོད་པ་དང་ལྷན་ཅིག་པར་དམིགས་པ་ནི་ཤར་ཕྱོགས་གངྒཱའི་ཀླུང་བྱེ་སྙེད་འདས་པ་ན་གཞན་གྱིས་མི་ཐུབ་རྣམ་པར་དག་པའི་ཞིང་ནས་མཚན་ལེགས། གངྒཱའི་ཀླུང་བདུན་འདས་པ་ན་རིན་ཆེན་ལྡན་པའི་ཞིང་ནས་རིན་ཟླ། གངྒཱའི་ཀླུང་ལྔ་འདས་པ་ན་སྤོས་ཀྱིས་ཡོངས་སུ་གང་བའི་ཞིང་ནས་གསེར་བཟང་། གངྒཱའི་ཀླུང་བདུན་འདས་པ་ན་མྱ་ངན་དང་བྲལ་བའི་ཞིང་ནས་མྱ་ངན་མེད། གངྒཱའི་ཀླུང་བརྒྱད་འདས་པ་ན་ཆོས་ཀྱི་རྒྱལ་མཚན་ཞིང་ནས་ཆོས་བསྒྲགས། གངྒཱའི་ཀླུང་དགུ་འདས་པ་ན་རིན་ཆེན་རྒྱ་མཚོའི་ཞིང་ནས་མངོན་མཁྱེན། གངྒཱའི་ཀླུང་བཅུ་འདས་པ་ན་བཻཌཱུར་སྣང་བའི་ཞིང་ནས་སྨན་བླ་རྣམས་འཁོར་གྲངས་མེད་པ་དང་བཅས་པ་ནམ་མཁའ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཤེགས་པར་མོས་པ་བརྟན་པོ་བྱེད་པ་ནི་གནད་དུ་ཆེའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་མཐའ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིགས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་བཅོམ་པ། ཕོངས་པར་གྱུར་བའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ། མཐུ་དང་བྱིན་གྱིས་བརླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བརྟེན་ཏེ། བླ་མའི་རིགས་ལ་དཔེར་མཚོན་ན་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་མྱ་ངན་ལས་འདས་པའི་དགོངས་པ་ཡོངས་སུ་རྫོགས་པ་དང་བདག་ཅག དེས་མཚོན་དཔོན་ཆེན་གྱི་རིགས་ལ་མིའི་དབང་པོ་རྡོ་རྗེ་རབ་བརྟན་གྱི་སྐུའི་རིམ་གྲོ་དང་བདག་ཅག མིའི་དབང་པོ་རྡོ་རྗེ་རབ་བརྟན་སྐུ་གཤེགས་པའི་དགོངས་པ་རྫོགས་པ་དང་བདག་ཅག བཙུན་པའི་རིགས་ལ་གནས་བརྟན་ནམ་རབ་བྱུང་ངག་དབང་དོན་གྲུབ་ཀྱི་རིམ་གྲོ་དང་བདག་ཅག འདས་པའི་རིགས་ལ་ངག་དབང་དོན་གྲུབ་ངན་སོང་ལས་སྒྲོལ་ཞིང་ཐར་པ་ཐོབ་པ་དང་བདག་ཅག འཇིག་རྟེན་པའི་རིགས་ལ་སྦྱིན་པའི་བདག་པོ་བསོད་ནམས་དབང་པོའི་རིམ་གྲོ་དང་བདག་ཅག འདས་པ་ལ་བསོད་ནམས་དབང་པོ་ངན་སོང་ལས་སྒྲོལ་ཞིང་ཐར་པ་ཐོབ་པ་དང་བདག་ཅག མིང་དངོས་སུ་སྨོས་མ་ཐུབ་པ་དགོན་པ་ལྟ་བུ་ལ་ཆོས་འཁོར་ཡང་རྩེའི་འདུས་སྡེ་དཔོན་སློབ་ཀྱི་སྐུའི་རིམ་གྲོ་དང་བདག་ཅག ཁྱིམ་པའི་རིགས་ལ་སྦྱིན་པའི་བདག་པོ་དཔལ་འབྱོར་གྲགས་པ་ཡབ་ཡུམ་སྲས་འཁོར་རྣམས་ཀྱི་སྐུའི་རིམ་གྲོ་དང་བདག་ཅག་ཅེས་འབྱིན་འཇུག་གང་དགོས་རིག་པས་དཔྱོད་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སྨད་རུ་(སླད་དུ་)མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་།

            དེ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་མངའ་རིས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ་བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བརྟེན་ཏེ། དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གང་ན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་།

            སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོང་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་།

            སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇེ་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་།  གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་གྱི་སྐུའི་རིམ་གྲོ་དང་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་།

            གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ།། ཇི་ལྟར་སྨོན་ཞིང་ཡོད་པ་ལྟར།། དཀར་པོ་འཆར་བའི་ཚུལ་བཞིན་དུ།། འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ།། བདེ་བར་གཤེགས་སོ་བཅོམ་ལྡན་འདས།། བདག་ཅག་བསོད་ནམས་སྐལ་བར་ལྡན།། བདག་གིས་ཕུལ་བའི་མཆོད་ཡོན་འདི།། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཁྱོད་ཀྱི་རང་བཞིན་ཡོངས་དག་པས།། སྲིད་སོགས་འཆིང་བ་མི་མངའ་ཡང་།། བདག་ཅག་སྒྲིབ་པ་སྦྱང་སླད་དུ།། གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ།། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ།། རིན་ཅེན་བུམ་པ་མང་པོ་སྤོས་ཀྱིས་ཆུ།། ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི།། རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ།། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས།། གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ།། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི།། ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ།། སྲབ་འཇམ་ཡང་བ་ལྷ་ཡི་གོས།། མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ།། མི་ཕྱེད་མོས་པས་བདག་འབུལ་ན།། བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག། འགྲོ་བ་ཉོན་མོངས་སྐོམ་གྱིས་གདུངས་པ་ལ།། ཆོས་ཀྱི་ཆུ་ཡིས་ཚིམ་པར་བྱ་བའི་ཕྱིར།། ཉེས་བྲལ་སྒྲུབ་པའི་དོན་ལ་དམིགས་ནས་ཀྱང་།། བདག་གིས་ཁྱེད་ལ་བུམ་ཆུ་དབུལ་བར་བགྱི།། ཆོས་སྟོན་དག་པའི་དཀྱིལ་འཁོར་འདིར།། དཔལ་ཆེན་དག་པའི་གདན་བཤམས་ཏེ།། ཏིང་འཛིན་མི་གཡོ་མཉམ་གཞག་པས།། དགྱེས་པར་དགོངས་ཏེ་གདན་ལ་བཞུགས།། གཙང་དང་གདན་ཁྲི་ཡངས་པ་ལ།། ཐོགས་དང་དག་པ་མེད་པའི་སྐུ།། མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ལ།། བདེ་བར་སྦྱར་བ་བཞེས་སུ་གསོལ།།

            སོ་སོའི་ཞིང་ཁམས་ནས་རྗུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བའམ་ཡང་ན་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པའི་གདན་བཤམས། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པ་ལསྔོན་གྱི་ཐུགས་དམ་བསྐུལ་ཞིང་འཕྲིན་ལས་མཛད་ཅིང་བཞུགས་པར་བསམ། གསུམ་པ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་གདན་བཤམ། གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན་གྱི་གདན་བཤམ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པ་བཞིན་བསྒྲུབ་ཅིང་བཞུགས་པར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེད་པ་བདར་བའི་ཚུལ་དང་འདྲ་བར་མོས་པར་བྱའོ།།

གཉིས་པ། དངོས་གཞི།

            གཉིས་པ་དངོས་གཞི་ལ་དེ་ལྟར་བསམས་པའི་རྫས་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་བས་སོ།། ཞེས་གསུངས་པ་ལྟར་མདོར་བསྟན་སྤྱིའི་ཕྱག་མཆོད། རྒྱས་བཤད་སོ་སོར་ཕྱག་མཆོད་དང་སྨོན་ལམ་གཉིས་སུ་ཡོད་པའི་དང་པོ་ལ། ལྷར་བཅས་སྐྱེ་རྒུའི་འདྲེན་པ་ཟས་གཙང་སྲས།། རྒྱལ་བའི་སྲས་མཆོག་མགོན་པོ་འཇམ་དཔལ་འབྱངས།། བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ།། ཁྲི་སྲོང་ལྡེའུ་བཙན་བཞི་ལ་ཕྱག་འཚལ་ལོ།། ལྷ་ཡི་སྲས་པོ་སད་ན་ལེགས་མཇིང་ཡོན།། གསར་བཅད་སྐད་ཀྱིས་གཏན་འབེབས་ཁྲི་རལ་པ།། ཡིད་སྲུབས་གཤེད་གྱུར་ལྷ་ལུང་དཔལ་རྡོ་རྗེ།། མངའ་བདག་འོད་སྲུངས་བཞི་ལ་ཕྱག་འཚལ་ལོ།། དཀོན་མཆོག་བླ་མར་འཛིན་པ་དཔལ་འཁོར་བཙན།། བསྟན་པ་ཉེར་གུས་སྐྱིད་ལྡེ་ཉི་མ་མགོན།། མངའ་བདག་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་ལྡེ།། ལྷ་ཡི་བླ་མ་བཞི་ལ་ཕྱག་འཚལ་ལོ།། ནོར་འཛིན་སྐྱོང་བ་མངའ་བདག་ལྷ་ཡི་ལྡེ།། མང་བཀུར་རིགས་ཀྱི་བཙུན་པ་འོད་ལྡེའི་ཞབས།། གངས་ཅན་གཉེན་གྱུར་ལྷ་གཅིག་རྩེ་ལྡེའི་མཚན།། མངའ་རིས་དགྲ་བཅོམ་བཞི་ལ་ཕྱག་འཚལ་ལོ།། དགེ་བའི་བཤེས་གཉེན་ཞུ་ལྷན་ཤེས་རབ་གྲགས།། རས་ཆུ་ལྷད་དར་མ་རྒྱལ་མཚན་རྗེ།། སྣར་ཐང་བསྟན་པའི་ཉི་མ་གྲོ་མོ་ཆེ།། སངས་རྒྱས་སྒོམ་པ་བཞི་ལ་ཕྱག་འཚལ་ལོ།། གཉག་གི་རིགས་འཁྲུངས་སྙིང་པོ་རྒྱལ་མཚན་དཔལ།། མཚུངས་མེད་སྤྲུ་ལུང་ཀུན་དགའ་སྨོན་ལམ་ཞབས།། སྤང་ཁང་བླ་མ་གྲགས་པ་དཔལ་བཟང་པོ།། ཞང་སྟོར་བསོད་གྲགས་བཞི་ལ་ཕྱག་འཚལ་ལོ།། ཆོས་ལུང་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ།། འཇམ་དཔལ་དབྱངས་དངོས་རིན་ཅེན་རྒྱལ་མཚན་ཞབས།། འདུལ་འཛིན་མཆོག་གྱུར་རྒྱལ་བ་ཕྱག་ནའི་མཚན།། ཀུན་དགའ་བློ་གྲོས་བཞི་ལ་ཕྱག་འཚལ་ལོ།། སྡོམ་བརྩོན་ཆེན་པོ་ཚུལ་ཁྲིམས་དཔལ་འབྱོར་དང་།། འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར་རྗེ།། ངེས་པར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས།། དབང་ཕྱུག་རབ་བརྟན་བཞི་ལ་ཕྱག་འཚལ་ལོ།། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་དཔལ།། རྩ་བའི་བླ་མ་མཁན་ཆེན་ཞ་ལུ་བ།། གནས་གསར་ཆོས་རྗེའི་ཐུགས་སྲས་རབ་འབྱམས་རྗེ།། རིན་ཆེན་རྒྱ་མཚོ་གསུམ་ལ་ཕྱག་འཚལ་ལོ།། གསུང་རབ་བྱེ་བའི་གཏེར་མཛོད་བློ་གྲོས་ཀྱི།། མཆོག་གི་རྡོ་རྗེ་ཡོངས་འཛིན་རྣམ་གཉིས་ལས།། ཆོས་འདིའི་དྲིན་ཐོབ་ངག་དབང་བློ་གསལ་སྡེ།། བསྐལ་བཟང་རྒྱ་མཚོ་གཉིས་ལ་ཕྱག་འཚལ་ལོ།། སངས་རྒྱས་སྒོམ་པས་རྗེས་བཟུང་ནམ་མཁའ་གྲགས།། བཤེས་གཉེན་ཆེན་པོ་བསོད་ནམས་ཡེ་ཤེས་ཞབས།། ཐམས་ཅད་མཁྱེན་པ་ཞང་སྟོན་བསོད་ནམས་གྲགས།། མཚུངས་མེད་བཀའ་བབས་གསུམ་ལ་ཕྱག་འཚལ་ལོ།། བསྟན་པའི་རྩ་ལག་བོདྷི་སཏྭ་ཡི།། རིགས་དབོན་བོ་དྷི་སཏྭ་ཆུང་བའི་ཞབས།། ཟ་ཧོར་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ།། དཱིཔཾཀཱར་བཞི་ལ་ཕྱག་འཚལ་ལོ།། བསྟན་པའི་སྲོག་ཤིང་ལྷ་བཙུན་བྱང་ཆུབ་འོད།། འགྲོ་བའི་འདྲེན་པ་ཏི་སི་ཆེན་པོའི་མཚན།། བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་རྒྱལ་རྗེ།། ཀོང་པོ་ལོ་ཙཱ་བཞི་ལ་ཕྱག་འཚལ་ལོ།། ཉོན་མོངས་དགྲ་ཚོགས་བཅོམ་པ་རྒྱལ་མཚན་རྗེ།། གྱ་བ་དབང་པོར་མཛེས་པའི་གྲགས་སྙན་འབར།། གྱ་བ་དཔལ་མཛེས་སྡོམ་བརྩོན་བརྟུལ་ཞུགས་ཅན།། ཡོན་ཏན་དབང་ཕྱུག་བཞི་ལ་ཕྱག་འཚལ་ལོ།། མཁས་བཙུན་ཆེན་པོ་ཤངས་པ་འདུལ་བ་འཛིན།། མཁན་ཆེན་བྱང་སེམས་ཞང་སྟོན་བསོད་གྲགས་སོགས།། བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་དང་། མཇུག་གི་ཤློཀ་གཉིས་རྗེ་སྟག་ཚང་བའི་གསུང་ལས། གངས་ཅན་ཕན་བདེའི་དཔལ་འབྱོར་འབྱུང་བའི་སྒོ།། དམན་མཆོག་ཀུན་གྱིས་སྒྲུབ་ཏུ་རུང་བའི་ལམ།། ཆོས་རྒྱལ་ཐུགས་དམ་མདོ་སྡེའི་ཆོ་ག་འདི།། འཛིན་སྐྱོང་སྤེལ་མཛད་རྣམས་ལ་ཕྱག་འཚལ་ལོ།། དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས།། བདེན་གཉིས་ཟུང་འཇུག་བསྟན་པ་དམ་པའི་ཆོས།། ཚོགས་གཉིས་ཉམས་ལེན་འཕགས་མཆོག་དགེ་འདུན་ཏེ།། སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།

            བརྒྱུད་པ་འདི་ངེད་ཀྱི་བཀླགས་ལུང་ནོད་པ་སོར་བཞག་བྲིས་པ་ཡིན་གྱི་རང་གིས་བླ་མ་གཞན་ལ་ཐོབ་ན་ཟོག་ཟོག་མིན་པའི་བླ་མ་རེ་རེ་བཞིན་ནས་བགྲད་དུ་ཡོད་ཚེ་དེ་དོན་ལྟར་བཅུག་ཆོག་པས་འདི་ཁོ་ན་བྱེད་མི་དགོས་ལ། གྲུབ་མཐའ་སོ་སོའི་ཕྱོགས་ཞེན་གྱིས་རང་གང་མོས་བཅུག་པའི་ངོ་མཚར་བརྒྱུད་པ་ཡིན་པ་སྐད་བྱས་ཚེ་འཇིག་རྟེན་པ་ཆོས་སྣང་ཆེ་བའི་རིགས་ཁ་ཏོན་བྱེད་སྐབས་རང་གི་ལམ་སོགས་ཀྱང་མི་འཇུག་པའི་ངེས་པ་མི་འདུག ངས་དགོངས་འཚལ་ལོ།། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའ་འཁོར་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་འཁོར་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ།། གང་གི་སྐུ་ནི་ཨིནྡྲ་ནཱིལའི་མདོག། མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ།། ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས།། བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ།། གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར།། ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད།། ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར།། བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ།། གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་།། དམིགས་མེད་ཐུགས་རྗེའི་རྦ་རླབས་ཆེར་གཡོས་ཤིང་།། སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི།། བཅོམ་ལྡན་སྨན་བླའི་ཐུབས་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།

            སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། མ་རིག་མུན་སེལ་སྒྲོན་མེའི་མཆོག །ཅེས་སོགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ།།

            དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་ཞེས་བྱ་བ་དང་བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་པར་རགས་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་བགྱིས་པ་ཐམས་ཅད་ཡང་དག་པར་འཆགས་སོ།། དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ།། འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ།། དེ་ལྟར་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་ཅི་མཆིས་པ་ཐམས་ཅད་བདག་གཞན་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའི་རྒྱུར་བསྔོའོ།།

            བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ།། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་མཐའ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ཕོངས་པར་གྱུར་བའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཞིང་བྱིན་གྱིས་བརླབས་པ་དང་། འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་སྒྲུབ་པ་དང་སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བསྐང་བའི་སླད་དུ་མདོ་སྡེའི་དོན་སྒྲུབ་པའི་འཕྲིན་ལས་མཛད་པས་འཕགས་པའི་བཀའ་བརྟགས་པས་ཞལ་གྱིས་བཞེས་ཤིང་ཇི་ལྟར་བྱིན་གྱིས་བརླབས་པ་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ་དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང་མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་བསྐྱབ་པར་ཇི་ལྟར་ཞལ་གྱིས་བཞེས་པ་ལ་སོགས་པ་སྔོན་འཕགས་པ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་བའི་མདོ་སྡེ་ལས་བྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་རྣམས་གདན་འཛོམ་པ་མཛད་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་བའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ་མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན་གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་བ་བཞིན་དུ་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་ལ་སོགས་པ་བདག་ཅག་གིས་འཕྲལ་དུ་ཐོབ་པར་སྩལ་བར་ཅི་གནང་།

            བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པ། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་ཡང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། དཔག་མེད་བཞི་ལྡན་གྱི་ཕྱག། ཅེས་གསུངས་པ་ལྟར། ཡུལ་སངས་རྒྱས་དཔག་ཏུ་མེད་པ་ལ། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས། སེམས་ཅན་དཔག་ཏུ་མེད་པའི་དོན་གྱི་སླད་དུ་ཕྱག་དཔག་ཏུ་མེད་པ་བཙལ་བས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་། ཞེས་ཤཱིལ་བྷདྲའི་ཁྲིགས་སུ་དཔག་མེད་བཞི་ཞེས་བྱུང་བ་རྒྱུའི་དཔག་མེད་བཞི་ལ་དགོངས་པ་འདྲའོ།། མོས་པའི་ཁྱད་པར་མཆོད་ཡོན་རྣམས་ཡན་ལག་བརྒྱད་དང་ལྡན་པའི་མཚོ་ཆེན་པོ་རླབས་འཕྲེང་དལ་བུར་གཡོ་ཞིང་དབུ་བའི་དོ་ཤལ་འཁྲིགས་པ་གྲངས་མེད་པ་དང་རང་གི་ལུས་ཀྱང་དེ་བཞིན་དུ་སྤྲུལ་ཏེ་འབུལ་བ་པོའི་ཚུལ་གྱིས་སྐུ་ལ་དབུལ། ཨུ་དུམ་ཝཱར། མནྡཱ་ར་བ། པདྨ། ཨུཏྤལ། བ་ཀུ་ལ་སོགས་ལྷ་མིའི་མེ་ཏོག་སྣ་ཚོགས་པ་ནམ་མཁའི་ཁམས་གང་བ་ཐོད་དུ། ཙན་དན་དཀར་དམར་དང་སྤྲུལ་གྱི་སྙིང་པོ། ཨ་ཀ་རུ། དུ་རུ་ཀ སྨན་སྣ་ཚོགས་བསྲེགས་པའི་དུད་པ་སྤྲིན་ཕུང་འཐིབས་པ་དང་ཕྱེ་མ་ཕུར་མའི་དྲི་ངད་བཟང་པོ་ཤངས་ལ། སྣོད་ཀྱི་འཇིག་རྟེན་ཙམ་གྱི་ཀོང་བུར་འབྲུ་མར་དང་རྩི་བཅུད་ཀྱི་མར་ཡུ་རྒྱ་མཚོ་ལྟ་བུ་གཏམས་པར་སྡོང་བུ་རི་རབ་ཙམ་ལ་སྤར་བའི་མར་མེ་མཐའ་ཡས་པའི་སྣང་བས་ཉི་ཟླ་ཟིལ་གྱིས་གནོན་ནུས་པ་སྤྱན་སྔར། བཟང་དྲུག ག་བུར། ཙན་དན་སོགས་དྲི་ཞིམ་པོའི་སྨན་གྱིས་ཡོངས་སུ་སྦགས་པའི་དྲི་ཆབ་གངྒཱའི་རྒྱུན་ལྟ་བུ་ཐུགས་ཀ ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་རྣམས་ཀྱི་ཟས་གཡས་སུ་བྱས་པ་དང་མ་བྱས་པའི་བཅའ་བའི་རིམ་པ་བཟང་དགུ་རོ་བརྒྱ་ཕྲག་བདའ་བའི་ལྷ་བཤོས་ལྗགས། སིལ་སྙན། གླིང་བུ། ཕེག་རྡོབ། རྫ་རྔ། ཟམ་རྔ་སོགས་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་སྒྲ་སྙན་ལ། གཞན་ཡང་གདུགས་དང་རྒྱལ་མཚན། བ་དན། ལྡ་ལྡི། རིན་ཆེན་ས་བདུན། བཀྲ་ཤིས་རྫས་རྟགས་སོགས་མཆོད་པའི་རྫས་དང་ཡོ་བྱད་ཇི་སྙེད་པ་དངོས་དང་གཟུགས་སུ་བྱས་པ་བློས་མང་པོར་སྤྲུལ་པ་ནི་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། རི་རབ། གསེར་རི། རོལ་མཚོ། གླིང་བཞི། ཉི་ཟླ་སོགས་ཡོངས་སུ་མ་བཟུང་བའི་མཆོད་པ། ལུས་ཡིད་བཞིན་གྱི་ནོར་བུ་ལམ་རིན་པོ་ཆེའི་གཞལ་མེད་ཁང་ངམ་ཡང་ན་འབངས་སུ་ཕུལ་ཏེ་བཀའ་བཞིན་དུ་སྒྲུབ་པ་ནི་ལུས་འབུལ་བའི་མཆོད་པ། གོང་དུ་མཆོད་པའི་སྤྲིན་གྱི་གཟུངས་བཀླགས་པའི་མཐུས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར་པ་ནི་གཟུངས་ཀྱི་མཆོད་པ། མཆོད་པ་དེ་དག་ཚད་བཟུང་དང་བྲལ་ཏེ་བསམ་གྱིས་མི་ཁྱབ་པ་ནི་མོས་པའི་མཆོད་པ། བདེར་གཤེགས་བརྒྱད་འཁོར་དང་བཅས་པ་སྤྱན་དྲངས་པ་ནི་རྟེན་གྱི་སྟོབས། སྔོན་ཆད་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དྲག་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་སྲོག་ལ་བབ་ཀྱང་མི་བགྱི་སྙམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། བཤད་མ་ཐག་པའི་ཕྱག་མཆོད་དང་དེ་ཡང་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་རང་གཞན་གྱི་སྡིག་སྒྲིབ་ཐམས་ཅད་བདག་ཅག ཅེས་བརྗོད་པའི་ཚེ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་སྨན་པ་མཁས་པས་སྐྱུགས་སྨན་བཏང་བ་བཞིན་ཕྱིར་དྲངས་ཏེ་རང་གི་ལུས་ཤེལ་སྒོང་ཕྱིས་པ་ལྟར་མོས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཤགས་པ། རང་གཞན་ཐམས་ཅད་ཀྱི་དུས་གསུམ་གྱི་དགེ་བ་ལ་སེམས་དགའ་བ་སྟེ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་།། རྗེས་སུ་ཡི་རང་དགེ་བ་དེས་ནི་དེ་ལྟ་མིན།། ཞེས་པ་ལྟར་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱས་ན་བསོད་ནམས་མཉམ་པར་ཐོབ་པའི་ཕན་ཡོན་ཡོད། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་སངས་རྒྱས་ནས་རིང་པོར་མ་ལོན་པའི་ཚེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ།། ཞེས་ཆོས་མི་གསུང་བའི་ཚུལ་བསྟན་པའི་ཚེ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་པ་ལྟར་འདིར་ཡང་རང་གི་ལག་ཏུ་འཁོར་ལོ་ལྟ་བུ་ཐོགས་ཏེ་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་དབང་པོ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ། སངས་རྒྱས་དང་བྱང་སེམས་རྣམས་འགྲོ་བའི་དོན་ལ་དུས་དྲུག་ཏུ་མི་གཡེལ་ནའང་སེམས་ཅན་རྣམས་ཉོན་མོངས་པ་ཧྲགས་པས་ཐུགས་འབྱུང་སྟེ་ཞི་བའི་དབྱིངས་སུ་འབྱོན་པར་བཞེད་པ་རྣམས་ལ་བསྐལ་བར་མྱ་ངན་ལས་མི་འདའ་བར་འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་གདབ། དགེ་བ་མཐའ་ཀླས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་བློ་གྲོས་མི་ཟད་པས་ཞུས་པའི་མདོར་ཚིག་ལྷུག་པར་ཡོད་པའི་དོན་བཀའ་གདམས་པ་ཞིག་གིས་མཛད་པར། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཐིགས་ལྷུང་།། རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད།། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་།། བྱང་ཆུབ་མ་ཐོབ་པར་དུ་དེ་མི་འཛད།། ཅེས་དགེ་བ་བྱང་ཆུབ་ཀྱི་རྒྱུར་བསྔོས་པ་ནི་ནམ་ཡང་མི་འཛད་པའི་ཡན་ལག་ཁྱད་པར་ཅན་ཡིན་ཞིང་དེ་ལྟར་ཡན་ལག་བདུན་པ་སོ་ནམ་དང་འབྲས་བུ་སྟོན་ཐོག་དང་འདྲ་བ་ནི་ཐུགས་དམ་བསྐུལ་བ་ཡིན་པས་ཡུལ་ཁྱད་པར་ཅན་རྣམས་ལ་གདུང་ཤུགས་རྩེ་གཅིག་པས་སྔོན་གྱི་ཐུགས་དམ་བཅང་བ་རྣམས་དེ་ལྟ་བདག་ཅག་ལ་འགྲུབ་པར་མཛད་དུ་གསོལ། ཞེས་སྤྱིའི་ཐུགས་དམ་བསྐུལ་བ་ཞེས་ཀྱང་བྱ། མཆོད་པ་འགྲུབ་པའི་རྒྱུར་གསོལ་བ་གད་བ་པ་ཞེས་ཀྱང་བྱའོ།།

            གཉིས་པ་རྒྱས་བཤདསོ་སོའི་ཕྱག་མཆོད་སྨོན་ལམ་ལ་བདེར་གཤེགས་བརྒྱད། ཆོག་(ཆོས་)དགེ་འདུན། ཞར་བྱུང་གཟུངས་བུམ་སྒྲུབ་པ་རྣམས་ཡོད་པ་ལས།

༈ བདེ་གཤེགས་བརྒྱད་ཀྱི་དང་པོ་མཚན་ལེགས་ནི། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་བར་བགྱིའོ།། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ནས་བརྗོད་དེ་མཆོད་ནས་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས་ལ་ཞེས་བྱུང་ཡང་དེང་སང་ལན་བདུན་མི་མཛད་པའི་སླ་ཆོས་མཁན་མང་བ་ཆད་ལྷག་ཏུ་འགྱུར་ཉེན་ཆེ་བས་ངེས་པར་བལྡབས་པ་ལེགས་ཤིང་སྐབས་འདིར་མཆོད་པ་དབུལ་ཞེས་བྱུང་བ་གོང་གི་འཕགས་པའི་ཚོགས་དེ་དག་ལ་ཞེས་སོགས་ལྷག་མ་དྲུག་པ་སྦྱར་བ་འགྲོ་བ་ཀུན་ལ་འགྲོ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག རབ་ཏུ་མེད་པར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ་དམ་པའི་ཆོས་སྤོང་བ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིང་། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་པ་དང་རྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག འཇིགས་པ་མེད་པར་རྒལ་བར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས།། སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས།། དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས།། དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག། ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིད།། ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི།། འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ།། རབ་རྫོགས་བྱང་ཆེན་མྱུར་དུ་ཐོབ་བྱིན་རློབས།།

༈ གཉིས་པ་བདེར་གཤེགས་སྒྲ་དབྱངས་རྒྱལ་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་གྱི་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམ་ཞིང་སོ་སོར་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང་བཞོ་བ་དང་བཅུ་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་བ་ཕུན་སུམ་ཚོགས་པར་གྱུར་ཅིག དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱར་ཅིག སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོན་པ་དང་སེམས་ཅན་གང་དག་བཙའ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་བུ་ཉིད་ཐོབ་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག མྱ་ངན་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ་སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣམས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེདདེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་འབྱུང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག བསིལ་བའི་དངོས་པོ་ཐོབ་བར་གྱུར་ཅིག ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག བཅོམ་ལྡན་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡིས།། སྔོན་ཚེ་སྨོན་ལམ་རྣམ་བརྒྱད་བཏབ་པའི་འབྲས།། མན་གོང་བཞིན་སྦྱར།

༈ གསུམ་པ་བདེར་གཤེགས་གསེར་བཟང་དྲི་མེད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་[ཞུགས་]གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ་སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག ནད་མེད་པར་གྱུར་ཅིག སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་དྲལ་ལ་དང་བས་ཕྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཞིང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་གནས་པར་གྱུར་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག ཏདྱཐཱ། སིདྡྷེ་སིདྡྷེ་སུསིདྡྷེ་མོཙནི། མོཀྵཎི་མུཀྟེ་བིམུཀྟེ། ཨམལེ་བིམལེ་མཾགལྱ། ཧརནྱགརྦྷེ་རཏྣ་གརྦྷེ། སརྦ་ཨརྠ་སཱདྷནི། པརམཱརྠ་སཱདྷན། མནསེ། མཧཱ་མནསེ། ཨདྡྷུཏེ། ཨཏྱདྡྷུཏེ། བྷཱིཏ་བྷཡེསུཔརྞེ་བྲཧྨགྷོཥེ། པྲཧཱདྷྱུཥིཏེ། སརྦ་ཨརྠེཤུ་ཨཔརཱཛིཏེ། སརྦཏྲ་ཨཔྲཏིཧཏེ། ཙཏུཿཥཥྛིབུདྡྷཱ་ཀོཊི་བྷཱཥིཏེ། ནམཿསརྦ་ཏཐཱགཏཱནཱཾ་སྭཱཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་བ། ཚེ་བསྐལ་བར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་གྱུར་ཅིག བཅོམ་ལྡན་གསེར་བཟང་དྲི་མེད་སྣང་བ་ཡིས།། སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས།། མིན་སྦྱོར།

༈ བཞི་པ་བདེར་གཤེགས་མྱ་ངན་མེད་མཆོག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་གུས་པས་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་མང་བ་དེ་དག་རབ་ཏུ་ཞི་བར་གྱུར་ཅིག སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག ཚེ་རིང་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིག་མཐོང་བར་གྱུར་ཏེ་དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ་གཞན་གྱི་རྫས་ཕྲོགས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་བདོག་པ། གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་བཀྲེས་པ་དང་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འགོ་བ་དང་བཟང་བ་དང་བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག བཅོམ་ལྡན་མྱ་ངན་མེད་མཆོག་རྒྱལ་པོ་ཡིས།། སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས།། མན་སྦྱོར།

༈ ལྔ་པ་བདེར་གཤེགས་ཆོས་བསྒྲགས་རྒྱ་མཚོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གཞན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ནས་སངས་རྒྱས་ཀྱི་སྒྲ་མི་གྲག་པ། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཏེ་ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གོས་དང་རྒྱན་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང་རྒྱན་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་ལོངས་སྤྱོད་རྣམས་བསམས་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ་གཅིག་ལ་གཅིག་གནོད་པར་བྱ་བ་དང་བསད་པར་བྱ་བའི་ཕྱིར་རྟུལ་བ་མཚོན་དང་མདའ་དང་དབྱིག་པ་དག་གིས་བསྣུན་ཏེ་སྡུག་བསྔལ་བར་གྱུར་བ་དེ་དག་མདའ་དང་མཚོན་དང་དབྱིག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག ཕྱིར་ཕྱོགས་པར་གྱུར་ཅིག དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོའི་དབྱངས་མཆོག་གིས།། སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས།། མན་སྦྱོར།།

༈ དྲུག་པ་བདེར་གཤེགས་མངོན་མཁྱེན་རྒྱལ་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པའི་མཚན་ཐོས་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་ཚོང་བྱེད་པ་དང་འཐབ་མོ་དང་རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམས་མ་ཐག་ཏུ་འཚོག་ཆོས་ཐམས་ཅད་འབྱོར་བར་གྱུར་ཅིག གནོད་སེམས་མེད་པར་གྱུར་ཅིག རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དང་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ་ཆར་པས་བཅད་པ་དང་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་བསད་པའི་སོས་སུ་གྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་པ་དང་རྡེག་པ་ལ་སོགས་པ་ལས་ཐར་པར་གྱུར་ཅིག བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་གྱུར་བའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་འཆི་བར་གྱུར་པ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག འཆི་ཁར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲག་ཅིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུགས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག། བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མངོན་མཁྱེན་གྱིས།། སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་འབྲས།། མན་སྦྱོར།

༈ བདུན་པ་བདེར་གཤེགས་སྨན་གྱི་བླ་མ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་གུས་པས་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླ། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་ཡོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱད་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལངས་པ་དག་ལྷམ་མེ་ལྷེན་ནེ་ལྷང་ངེར་གྱུར་ཅིག ལུས་ནོར་བུ་རིན་པོ་ཆེ་བཻཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་དྲི་མ་མེད་ལ་འོད་གསལ་བ་དང་ཁོ་ལག་ཡངས་ཤིང་ཆེ་བ་དང་དཔལ་དང་གཟི་བརྗིད་འབར་བ་དང་ལེགས་པར་གནས་པ་དང་ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་ཐམས་ཅད་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལངས་པ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ་སུ་ཡང་ཅིས་ཀྱང་བྲེལ་བར་མེད་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སམ་ངན་པར་ཞུགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམས་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་བེམ་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་པོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་སྐྱབས་མེད་པ་མགོན་མེད་པ་འཚོག་ཆོས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ་སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པ་གྱུར་བ་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པ་ལས་ལོག་པར་གྱུར་ཅིག བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག ལྟ་བ་ཐ་དད་པ་མི་མཐུན་པ་ཟང་ཟིང་བས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་པ་དང་རྡེག་པ་དང་གོ་རར་གཞུག་པ་དང་བསད་པར་འོས་པ་རྒྱུ་དུ་མས་ཀུན་ཏུ་བཅས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པོ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ་སྡུག་བསྔལ་བ་གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་འཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག ཉོན་མོངས་པའི་གདུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྡེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག བཅོམ་ལྡན་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱིས།། སྔོན་ཚེ་སྨོན་ལམ་བཅུ་གཉིས་བཏབ་པའི་འབྲས།། མན་སྦྱོར།

༈ བརྒྱད་པ་བདེར་གཤེགས་ཤཱཀྱའི་རྒྱལ་པོ་ནི། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་གཟུང་ཞིང་ལྷ་དང་མིའི་དོན་དང་སྨན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུར་ནས་འདི་སྐད་དུ། འཇམ་དཔལ་དེ་ལྟ་བས་ན་ཡོན་ཏན་ཐམས་ཅད་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་རྣམས་དང་མ་འདྲེས་པར་དེ་བཞིན་གཤེགས་པ་བདུན་གྱི་མཚན་གཟུང་བར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་ཡིད་ལ་བྱ། གུས་པས་དད་པར་བྱ། སྐུ་གཟུགས་ཀྱང་བྱ། མེ་ཏོག་དང་བདུག་པ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བྱ། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཉིན་བདུན་གཙང་མར་བྱས་ཏེ་ས་ཕྱོགས་གཙང་མར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་བར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་སུ་བྱ་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་ཏདྱཐཱ། གྷུམེ་གྷུམེ། ཨིམེནིམིཧིམཏི་མཏི་སཔྟ་ཏཐཱགཏ་སམཱདྷྱདྷིཥྛིཏ། ཨཏཡཏ། པཱལེ་པཱཔ་ཤོདྷནི། སརྦཔཱཔ་ནཱཤཡ་མམ་བུདྡྷ་བུདྡྷོཏྟམ། ཨུམེཀུམེ། བུདྡྷ་ཀྵེཏྲ་པརིཤོདྷན། དྷམེ་ནིདྷམེ་མེརུ་མེརུ་ཤིཁརེ། སརྦ་ཨཀཱལ་མྲྀཏྱུ། ནིབརཎི། བུདྡྷེ་སུབུདྡྷེ། བུདྡྷ་ཨདྷིཥྛན། རཀྵནྟུམེ། སརྦདེབ་སམེ་ཨསམེ་སམནྟཧརནྟུ། སརྦ་བུདྡྷ་བོདྡྷིསཏྭ། ཤམེ་ཤམེ་པྲཤམནྟུ་མེསརྦ་ཨིདྱུཔདྲབབྱཱཏཡཿཔཱུརཎེ་པཱུརཎེ་པཱུརཡམེ། སརྦཨཱཤཱཡ། བཻཌཱུརྱ་པྲཏདྷཱས་སརྦཔཱཔཀྵཡངྐརི་སྭཱཧཱ། བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདི་འཆང་ངམ་ཀློག་གམ་མཆོད་དམ་ལན་སྟོང་རྩ་བརྒྱད་དུ་བཏོན་ན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་སྲུང་བར་འགྱུར། ལྷ་ཐམས་ཅད་དང་བརྒྱ་བྱིན་དང་ཚངས་པ་དང་རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་། འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་འགྲོ་བར་མི་འགྱུར། ཅི་བསམ་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་པ། ཞེས་ཇི་སྐད་བཀའ་སྩལ་པ་དེ་དག་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པའི་དོན་དུ་མིང་ལས་བྱུང་བའི་ཆོ་ག་བཞིན་དུ་དེ་བཞིན་གཤེགས་པ་བདུན་དང་སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་ཅིང་སྨོན་ལམ་གསལ་བ་དང་གཟུངས་སྔགས་བཟླས་པས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྕལ་པ་བཞིན་དུ་བྱིན་གྱིས་བརླབ་ཅིང་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩོལ་བར་ཅི་གནང་། བཅོམ་ལྡན་མཉམ་མེད་ཤཱཀྱ་ཐུབ་པ་ཡིས།། བཻཌཱུརྱ་གཟུངས་ཕན་ཡོན་གསུངས་པའི་འབྲས།། མན་སྦྱོར།

 

༈ གཉིས་པ་དམ་པའི་ཆོས་ནི། མ་རིག་མུན་སེལ་སྒྲོན་མེའི་མཆོག། སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ།། དམ་ཆོས་དཀོན་མཆོག་ཐམས་ཅད་ལ།། ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི།། ལན་བདུན་བཟླས་སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་བ། འགྱུར་བ་མི་མངའ་བ་དེས་བདག་ཅག་ལ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནས་མཚན་ཐོས་ཙམ་གྱིས་སྐྱོན་སེལ་ཡོན་ཏན་འཕེལ།། ཞེས་སོགས་བདེ་གཤེགས་བཀའ་ལུང་འགྱུར་མེད་འབྲས།། མན་སྦྱོར།

༈ གསུམ་པ་དགེ་འདུན་ལ། འཇམ་དཔལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ་སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་མི་དང་ལྷ་མ་ཡིན་དང་ཀླུ་དང་རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྒྲིབས་པ། ལམ་དང་ས་མིན་པར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། གང་ཐོས་པ་ཙམ་གྱིས་ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་བས་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དང་གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་འདོད་རྒུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང་གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གང་དག་མདོ་སྡེ་འདི་འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་སྩལ་བ་དང་གླེགས་བམ་དུ་བྲིས་ཏེ། མེ་ཏོག་དང་བདུག་པ་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་གདུགས་དང་རྒྱལ་མཚན་རྣམས་ཀྱིས་བཀུར་སྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བྱའོ།། ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ།། ཚོན་སྣ་ལྔ་བའི་རས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོའི་ཞི་འཁོར་དང་བཅས་པ་དང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆིས་པར་འགྱུར། མདོ་སྡེ་འཛིན་པ་དེ་དག་དུས་མ་ལགས་པར་འཆི་བར་མ་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ་ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་བས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་བླངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། འཇམ་དཔལ་གང་གིས་ཟང་རྒྱས་མདོ་སྡེ་འདི།། ནན་གྱིས་ཞུ་བར་མཛད་པའི་ཕན་ཡོན་འབྲས།། མན་སྦྱོར།

༈ སྐྱབས་གྲོལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། བཅོམ་ལྡན་འདས་འཕགས་པ་སྐྱབས་གྲོལ་དུས་ངན་པའི་སེམས་ཅན་འོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར་འདི་སྐད་དུ། བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་ཡུན་རིང་པོར་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུ་ནི་བསྐམས། འགུམ་པ་ལི་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཆལ་བའི་གནས་དེར་མཆིས་ཏེ་ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་གྱུར་ཏེ་སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ།། མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཡིད་ལ་བྱ། མདོ་སྡེ་འདི་ཡང་ལན་བཞི་བཅུ་རྩ་དགུར་གདོན་པར་བྱའོ།། ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ།། སྐུ་གཟུགས་བདུན་བྱའོ།། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་བཞག་མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ་ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ།། ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ།། བཙུན་པ་ཀུན་དགའ་བོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱི་གདོན་པ་དང་རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ་རྒྱུ་སྐར་རམ་གཟའ་ཟླ་བའམ་གཟའ་ཉི་མའི་གནོད་པའམ་དུས་མ་ཡིན་པའི་རླུང་ངམ་ཆར་རམ་ཐན་པའི་གནོད་པ་ཡང་རུང་གདོན་པ་དང་ནད་འགྲོ་བའམ་འཁྲུགས་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་བཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་ལོ་ལེགས་པ་དང་ཆར་དང་རླུང་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་བདེ་བ་དང་མཆོག་ཏུ་འགའ་བ་མང་བར་འགྱུར། ཡུལ་དེར་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་མ་རུང་བས་སེམས་ཅན་རྣམས་ལ་འཚེ་བར་མི་འགྱུར། ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར། རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང་ནད་མེད་པ་དང་དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ།། ཞེས་བགྱི་བ་ལ་སོགས་པ་བཀའ་སྩལ་བ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་བས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པའི་ཐུགས་དམ་ལས་གླེང་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ། མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། སྐྱབས་གྲོལ་མཛད་པས་ནད་འཆི་སྲིད་ཉམས་སོགས།། ཉེས་ཞི་བདེ་སྐྱིད་དར་བའི་སྨོན་ལམ་འབྲས།། མན་སྦྱོར།

༈ ཕྱག་ན་རྡོ་རྗེ་སོགས་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་བདུན་བཟླས། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བཻར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕྱོགས་སྐྱོང་བ་བཅུ། རྒྱལ་ཆེན་བཞི་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་འཕྲིན་ལས་མཛོད་ཅིག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བཻར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས་ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར་ལྷའི་ཚིག་བདེན་པར་མངོན་གསོལ་དུ་གསུང་གཅིག་ཁོ་ནར་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས། དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་དུ་མཐོང་སྟེ་མཆོད་པ་ཡང་བགྱིས་སོ།། ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མཆི་བར་བགྱིའོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང་ཀློག་པ་དང་མཆོད་པར་བགྱིད་པ་དང་ཡི་གེར་འདྲིར་སྩོལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང་འདྲི་བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ།། གྲོང་དང་གྲོང་ཁྱེར་དང་ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ།། འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། བྱས་པ་གཟོ་བ་ལགས་ཏེ་དུས་ན་ལགས་པས་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ།། འཐབ་པ་དང་འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། ཇི་ལྟར་བསྒྲུམ་པ་ཡོད་བཞིན་དུ་འགྲུབ་པ་དང་སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང་དབང་ཕྱུག་དང་ནོར་དང་འབྲུ་རྣམས་འཕེལ་བར་བགྱིའོ།། ཐམས་ཅད་དུ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་བདག་ཅག་རང་གིས་བྲོ་བོར་བ་དང་དམ་བཅས་པ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ།། ཏདྱཐཱ། ཨགྷུམགྷུཏརགྷུ། མ་མགྷུ། གྷུརེ། ཧཧུཧེ། མྲམྲམྲམྲ། ཛུཛུརེཛུརེ་སྭཱཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་ཀློག་པ་དང་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་སྩོལ་བ་དང་རབ་ཏུ་གུས་པས་མཆོད་པར་བགྱིད་པ་དེ་དག་ངན་སོང་གསུམ་དུ་མི་མཆི་བར་རིག་པར་བགྱིས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་ཐོབ་པར་འགྱུར་ཞེས་གསུངས་ཤིང་ཞལ་གྱིས་བཞེས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་དོན་བདག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་སྩལ་བར་བགྱི་ཡི་སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ།། རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ།། ཏདྱཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ་བཛྲཔཱཤབྷརཎཱི། སམསམ། སམནྟ། ཨཔྲཏིཧཏ་བཛྲེ། ཤམཤམ། པྲཤམནྟུ་སརྦ་བྱཱདྷཡ། ཀུརུ་ཀུརུ་སརྦ་ཀརྨཱཎི་སམཡམནུསྨར་བྷགབན། བཛྲཔཱཎི། སརྦཤིམེ་པརིཔཱུརམེ་སྭཱཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིའོ།། དོན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བགྱིའོ།། གལ་ཏེ་དེས་བདག་མཐོང་བར་འཚལ་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིར་སྩལ་བར་བགྱི། དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུགས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པར་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ། སྤོས་དང་བདུག་པ་དང་མར་མེ་དང་འཕྲེང་བ་དང་རྒྱན་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུགས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་བར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང་བྱམས་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ་ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ་ཟླ་བ་ཕྱི་མ་བཅོ་ལྔ་ཉའི་བར་དུ་ཉིན་གཅིག་བཞིན་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་ལ་བདག་གིས་རྨི་ལམ་དུ་མཐོང་བ་སྩལ་བར་བགྱི་འཕེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་ཡོངས་སུ་བསྐང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་འཕགས་པའི་བཀའ་མི་འགྱུར་བར་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཏོག་མ་རུངས་པར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པ་སྔོན་གྱི་ལས་ཀྱིས་བདས་པ་འམ་འཕྲལ་གྱི་རྐྱེན་ལས་བྱུང་བའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པ་རྣམས་ཀྱི་ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐོབས་ཀྱིས་འདུལ་ཞིང་། འཁོད་དང་གནོད་པའི་བསམ་པ་འདོར་དུ་སྕལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་འགྱུར་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླད་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྐྲག་ཅིང་གདན་འཇོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་འཕྲིན་ལས་མཛད་པར་ཅི་གནང་། གསང་བདག་ལ་སོགས་རྣམས་ཀྱིས་དམ་བཅས་ཤིང་།། གཟུངས་སྩལ་ཕྱག་རྡོར་སྒྲུབ་ཐབས་བསྟན་པའི་འབྲས།། ཞེས་པ་ནས། ཁྱད་པར་སྦྱིན་པའི་བདག་པོས་གཙོ་བྱས་པའི།། བར་འདྲ་བ་ལ། འགྲོ་བ་རྣམས་ཀྱི་སྒྲིབ་བྱང་ཚོགས་རྫོགས་ཤིང་།། བགེགས་རིགས་བཟློག་ཅིང་མཐུན་རྐྱེན་ཚང་བར་མཛོད།།

༈ གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ནི། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་བཅུ་གཉིས་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། དེས་འགྲེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། ལན་གསུམ་བཟླས། སྐབས་འདིར་མཆོད་པ་དབུལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སྦྱིན་བདག་གི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་པའི་སྤྱན་སྔར་ལྷའི་ངག་བདེན་པས་གསུང་གཅིག་ཏུ་འདི་སྐད་དུ་སངས་རྒྱས་ཀྱི་མཐུས་བདག་ཅག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨན་པ་དང་བདེ་བའི་སླད་དུ་སྤྲོ་བར་བགྱིའོ།། བྱེ་བྲག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་འཆང་བ་དང་མཆོད་པ་དང་རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ་བདག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ་ཐུགས་དམ་དུ་བཞེས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་། གང་གི་ཕྱིར་ཁྱེད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ་ཞེས་རྗེས་སུ་གནང་བ་སྟོན་པ་དེ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་འཁོར་དང་ལྡན་པར་བྱམས་པ་དང་ཐུགས་བརྩེ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་བ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་། ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཏོག་མ་རུངས་པར་བགྱིད་པ་དང་། གནོད་པ་དང་མཚན་མ་ངན་པ་དང་། བཀྲ་མི་ཤིས་པ་མང་པོ་སྟོན་ཞིང་སེམས་ཅན་ལ་སྡང་ཞིང་སེམས་ཅན་ལ་སྡང་བའི་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཁམས་དང་། ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སོ་འཆལ་དང་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པ་སྔོན་གྱི་ལས་ཀྱིས་བབས་པའམ་འཕྲལ་གྱི་རྐྱེན་ལས་གྱུར་བའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་བརྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པ་སེམས་ཅན་རྣམས་ཀྱི་ལུས་དང་སྲོག་དང་ཆབ་སྲིད་དང་། དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འདུལ་བའི་ཐབས་ཀྱིས་གདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་དགག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་འཕྲིན་ལས་མཛད་པར་ཅི་གནང་། གནོད་སྦྱིན་རྣམས་ཀྱིས་བདེན་མཐོང་མདོ་འདི་ཉིད།། བསྲུང་བར་དམ་བཅས་མཛད་པ་ཇི་བཞིན་འབྲས།། སོགས་ཕྱག་རྡོར་ལྟར་སྦྱོར།

            གཞི་བདག་ལ་གཏོར་མ་བསྔོ་བ་ནི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མས་གཙོ་བྱས་བོད་ཁ་བ་ཅན་པའི་རྒྱལ་ཁམས་སྲུང་ཞིང་སྐྱོབ་པའི་སྲུང་མ་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་འདི་དག་གི་དགོན་གྲོང་གནས་མལ་བསྲུང་བའི་ལྷ་ཀླུ་བསྟན་མ་བཅུ་གཉིས་སོགས་མི་མ་ཡིན་མཐུ་བོ་ཆེ་རྣམས་ལ་འབུལ་ལོ།། མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་སྒྲུབ་པར་མཛད་དུ་གསོལ། རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་རྫོགས་པའི་སྐབས་འདིར་གཟུངས་སྔགས་བཟླས་ལ་ཁྲུས་བྱ། ཞེས་བྱུང་བ་ལྟར།

༈ བཞི་པ་ཞར་བྱུང་གཟུངས་སྒྲུབ་ནི། གཟུངས་ཀྱི་བུམ་པ་ལ་དམིགས་ཏེ་སྐབས་འདིར་བྱ། ཞེས་གསུངས་པས། ཏདྱཐཱ། གྷུ་མེ་སོགས། ཏདྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ་མཧཱ་བྷཻཥཛྱེ་བྷཻཥཛྱེ་རཱཇ་སམུདྒཏེ་སྭཱཧཱ། ཞེས་མང་དུ་བཟླ། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ་བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབ་པར་བསམས་པའི་ཆུས་ལྷ་ལའང་ཁྲུས་གསོལ་ཞིང་རང་གཞན་རྣམས་ལ་ཁྲུས་བྱ། གཤིན་པོའི་རུས་པ་སོགས་ལ་གཏོར་ན་ཕན་ཡོན་ཆེ་བ་ལས་མི་འགལ་བར་སེམས་སོ།། གསུམ་པ་མཇུག་ཆོག་ལ་གཏང་རག་གི་ཕྱག་འཚལ་ན། ལྷར་བཅས་སྐྱེ་རྒུའི་འདྲེན་པ་ཟས་གཙང་སྲས།། ཞེས་པ་ནས། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པའི་བར་གོང་ལྟར་ལ། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ།། དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ།། གང་གི་མཐོང་ཐོས་དྲན་པའི་དཔལ་གྱུར་བའི།། སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ།། རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་།། ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།། རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི།། སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ།། ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ།། ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར།། དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ།། གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ།། མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ།། འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་།། འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི།། མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ།། ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས།། རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་།། འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི།། ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ།། ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ།། རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང་།། ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ།། མངོན་མཁྱེན་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།། བཻཌཱུརྱའི་འོད་ལ་ཕྱག་འཚལ་ལོ།། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།། ཞེས་དང་། རྒྱས་པར་སྤྲོ་འདོད་ན་སྟག་ཚང་ལོ་ཙཱ་བས་མཛད་པའི་བསྟོད་པ་འདི་ཉིད་ཚིག་སྦྱོར་ལེགས་པས་ཡང་བསྐྱར་གྱི་ཚུལ་དུ་བྱས་པ་མི་འགལ་ཞིང་མི་བྱེད་ནའང་ཆོས་དཀོན་མཆོག་མན་འདི་ནང་བཞིན་སྦྱོར། ཤར་ཕྱོགས་གངྒཱའི་ཀླུང་གི་བྱེ་སྙེད་ན།། གཞན་གྱིས་མི་ཐུབ་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་བདུན་བྱེ་སྙེད་ན།། རིན་ཆེན་ལྡན་པ་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་ལྔའི་བྱེ་སྙེད་ན།། སྤོས་ཀྱིས་ཡོངས་གང་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་བདུན་བྱེ་སྙེད་ན།། མྱ་ངན་བྲལ་བའི་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་བརྒྱད་བྱེ་སྙེད་ན།། ཆོས་ཀྱི་རྒྱལ་མཚན་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་དགུའི་བྱེ་སྙེད་ན།། རིན་ཆེན་རྒྱ་མཚོའི་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། མངོན་མཁྱེན་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་གངྒཱའི་ཀླུང་བཅུའི་བྱེ་སྙེད་ན།། བཻཌཱུརྱར་སྣང་རྣམ་དག་ཞིང་གི་དཔལ།། བགྲང་ཡས་སེམས་དཔས་བསྐོར་བའི་བཅོམ་ལྡན་འདས།། སྨན་གྱི་བླ་མའི་ཞབས་ལ་ཕྱག་འཚལ་ལོ།། ཐུགས་རྗེ་བརྩོན་འགྲུས་མཆོག་གི་རྩེར་གཤེགས་པས།། སྙིགས་དུས་རྒྱལ་བ་གཞན་གྱིས་མི་འདུལ་བའི།། མི་མཇེད་ཚེ་ལོ་བརྒྱ་པའི་ཞིང་གི་དཔལ།། འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ།། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་།། སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིན།། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ།། ཆོས་ཀྱི་རྒྱལ་བུ་གཞོན་ནུ་མཁྱེན་པའི་གཏེར།། བདག་ཅག་ཉེས་བརྒྱས་གཟེར་བའི་འགྲོ་བ་ལ།། ཟབ་ཡངས་ལམ་འདི་མངོན་དུ་གྱུར་མཛད་པ།། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཐབས་མཁས་ཐུགས་རྗེ་ཕུལ་དུ་བྱུང་བའི་མཐུས།། དུས་མིན་འཆི་གོས་རྒྱལ་སྲིད་སྦེལ་སོགས་སླད།། མཆོད་པའི་སྦྱོར་བ་གསལ་བར་སྟོན་མཛད་པ།། འཕགས་པ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ།། ཡངས་པ་ཅན་དུ་བདེ་གཤེགས་བརྒྱད་འཛོམ་ནས།། སྤྱི་སྒོས་བསྟན་པ་བསྲུང་བར་བཀའ་བསྒོས་ཤིང་།། རང་རང་བདེན་པའི་ངག་གིས་ཞལ་བཞེས་པ།། གསང་བདག་འཁོར་དང་བཅས་ལ་ཕྱག་འཚལ་ལོ།། ཡངས་པ་ཅན་དུ་སྨན་བླའི་མཚན་ཐོས་པས།། བདེན་མཐོང་མདོ་འདི་བསྲུང་བར་དམ་བཅས་པ།། བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ།། གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ།། མཁའ་ཁྱབ་ཞིང་གི་ཕྱག་འོས་ཐམས་ཅད་ལ།། ཡོན་ཏན་ཞིང་དུ་ལྷག་པས་མོས་པའི་བློས།། འགྲོ་ཀུན་ཞིང་རྡུལ་གྲངས་སྙེད་ལུས་སྤྲུལ་ནས།། སངས་རྒྱས་ཞིང་མཐར་རྟག་ཏུ་གུས་ཕྱག་འཚལ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། སོགས་ཡན་ལག་བདུན་པ་བྱ།

            དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་དང་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་མཆོད་ཅིང་དེ་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་། དེ་དག་གི་མཐུ་དཔལ་དང་བྱིན་གྱིས་བརླབས་ཀྱི་སྔོབས་ཀྱིས། བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་གྱུར་བ་དབང་ཕྱུག་དམ་པ་རྣམས་ཀྱི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཅི་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག སྐུ་ལ་སྙུན་མི་མངའ་ཞིང་སྐུ་ཚེ་རིང་བ་དང་དབུ་རྨོག་བཙན་པ་དང་ཆབ་སྲིད་འཇམ་དར་ཆེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག། མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་དང་དགྲའི་གནོད་པ་དང་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང་ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་བདེ་སྐྱིད་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞལ་མཐོང་སྟེ་གདམས་ངག་ཐོབ་ནས་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་གྱུར་ཅིག ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག

དེ་ནས་བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་འཁོར་དང་བཅས་པ་དང་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་རིན་ཆེན་དང་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་ལས་མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་། གཙང་སྦྲ་མ་ཕྱེད་པ་དང་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། མ་འབྱོར་པ་དང་ཉམས་པ་དང་།། གང་ཡང་བདག་རྨོངས་བློ་ཡིས་ནི།། བགྱིས་པ་དང་ནི་འགྱིད་སྩལ་གང་།། དེ་ཡང་བཟོད་པར་མཛད་དུ་གསོལ།། དུས་ངན་སེམས་ཅན་བསོད་ནམས་དམན།། མ་རིག་ཉོན་མོངས་དང་འདྲེན་པ།། འཕགས་པའི་ཐུགས་དགོངས་མ་རྫོགས་པ།། དེ་ཡང་བཟོད་པར་མཛད་དུ་གསོལ།། སེར་སྣའི་དབང་གྱུར་མི་མཁས་པས།། མཆོད་པ་ངན་ཞིང་བཤམ་ཉེས་པ།། མགོན་པོ་ཐུགས་རྗེ་ཆེ་ལྡན་པས།། དེ་ཡང་བཟོད་པར་མཛད་དུ་གསོལ།། བག་མང་སྤྱོད་པ་མ་དག་པས།། མདོ་ལས་བྱུང་བའི་ཆོ་ག་བཞིན།། མ་ལྕོགས་འཁྲུལ་བ་ཅི་མཆིས་པ།། དེ་ཡང་བཟོད་པར་མཛད་དུ་གསོལ།། ལྷག་པ་དང་ནི་ཆད་པ་དང་།། ཆོ་གའི་ཡན་ལག་ཉམས་པ་དང་།། བདག་གིས་བརྗེད་ངས་ཅི་མཆིས་པ།། དེ་ཡང་བཟོད་པར་མཛད་དུ་གསོལ།།

དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་ཐུགས་རྗེས་འབྱོན་པར་མཛོད།། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱི་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ།། འཇམ་དཔལ་དཔའ་བོ་སོགས་ཤླཽཀ་གཉིས།། དགེ་བ་འདི་ཡིས་སོགས་འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ་སོགས།། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།། བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས།། རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག།

ཤིས་བརྗོད་ནི། སྙིགས་མའི་འགྲོ་ལ་ཐུགས་རྗེ་ཉི་མའི་འོད།། ཆེས་ཆེར་རབ་འབར་བཅོམ་ལྡན་བདེ་གཤེགས་བདུན།། སྨོན་ལམ་གསུང་བ་དོན་ཀུན་གྲུབ་པ་སོགས།། རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག། ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས།། རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི།། སྙིང་པོ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པ།། གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག། ཞུ་གསོལ་བསྲུང་སྐྱོབ་མཛད་པའི་སེམས་དཔའ་ཆེ།། ཉན་ཐོས་ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་སོགས།། ཆོས་འདི་ཡུན་དུ་འཕེལ་ཞིང་གནས་བྱེད་པའི།། དགེ་འདུན་འདུས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མདོ་ལས་བྱུང་བ་ཇི་ལྟར་རིགས་པ་བརྗོད་དེ་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་དགྲམ་པར་བྱའོ།། རྒྱལ་བའི་འཕྲིན་ལས་འཇུག་པ་ནམ་མཁའི་མཐའ།། ཚད་མའི་སྲང་ལ་ཀུན་མཁྱེན་ཡེ་ཤེས་ཀྱིས།། གཞལ་མིན་སྒྲིབ་པའི་ལུས་ཅན་བློས་རྟོགས་པའི།། སྐལ་པ་རྡུལ་ཕྲན་ཚེ་ཡོང་སུ་ཡིས་རྙེད།། ཁོལ་བུར་ལུས་མིན་གྱུར་ཏོ་ཅོག་སོན་དྲི།། ཉེར་བགྲུངས་ཡོན་ཏན་མཐའ་དག་ཡོངས་རྫོགས་པར།། གཅིག་ཏུ་མཉམ་པའི་རྒྱལ་རྣམས་སྐལ་དམན་འགྲོར།། ཉེ་རིང་བར་མའི་ཁྱད་པར་ག་ལ་ཞིག། འོན་ཏེ་ཆེར་སྙིགས་བདོ་བའི་སྨག་རུམ་འདིར།། ལྷག་པར་ཐུགས་རྗེའི་མཐུ་དཔུང་ཉིན་མོར་བྱེད།། འཆར་ནུབ་སྤངས་པའི་སྣང་བ་དམ་པའི་གཟི།། བདེ་གཤེགས་མཆེད་བདུན་སྨོན་ལམ་རླུང་གིས་དྲངས།། ལྷ་གཅིག་ཁྲི་སྲོང་ལེགས་བྱས་ཛམྦུའི་འབྲས།། མདོ་ཆོག་རྒྱ་མཚོར་རོ་གཅིག་འདྲེས་པ་ལས།། ཕན་བདེའི་གསེར་གྱི་སྙེ་མ་གཡུར་ཟ་མཁན།། གངས་ཅན་སྐུ་དྲིན་མཚུངས་མེད་ཞི་བ་འཚོ།། རྒྱས་པའི་སྡེ་སྣོད་སྨན་མདོ་བརྒྱད་བཅུ་པ།། ཚིག་དོན་ཟབ་བརླིང་རིན་ཆེན་འབྱུང་གནས་ཆེར།། གངས་ཅན་བསོད་ནམས་རི་བོ་བསྒྲིལ་བ་ལས།། མདོ་ཆོག་གཉིས་སྐྱེས་རྒྱལ་པོའི་དཀྱིལ་འཁོར་ཐོན།། འོན་ཏེ་མཁས་བླུན་དུ་མའི་སྒྲགས་རྩོམ་གྱིས།། ལོག་རྟོག་ཆུ་འཛིན་བུ་མོའི་ཕང་ཉལ་བ།། དཔྱད་གསུམ་དག་བྱེད་དྲི་བཞོན་གྱིས་བསལ་ཏེ།། གཅིག་ཏུ་དཀར་བའི་གཟེགས་མ་བསིལ་ཟེར་འཕྲོ།། སྲས་བཅས་རྣམ་མཁྱེན་སྲུང་མར་བཅས་པ་ཡིས།། སྔོན་བཏབ་སྨོན་ལམ་བགྲང་ཡས་མུཀྟིཀཿ།། རིས་མེད་སྐྱེ་རྒུའི་ཉ་ཕྱིས་ཁོག་ཡངས་པོར།། སྒྲུམ་པའི་སྐལ་བཟང་མངོན་སུམ་མྱོང་བར་ཤོག།

            ཅེས་བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཆོ་ག་འདི་ཉིད་གངས་ཅན་ཕན་བདེའི་རྩི་སྨན་གྱི་ལྗོན་པ་ཆེན་པོ་ཡིན་པར་མཆིམས་ནམ་མཁའ་གྲགས་ཀྱིས་མཁན་པོའི་གཞུང་ལ་དགོས་ངེས་ཀྱི་ལྷན་ཐབས་མཛད་པའི་ཁུངས་བཙུན་ནའང་བར་སྐབས་སུ་མདོ་ཆོག་རྒྱས་བསྡུས་ཀྱི་དབྱེ་བ་སོགས་མཁན་པོར་ཁ་གཡར་བ་དང་མཚམས་ཀྱི་ཆོག་བསྒྲིགས་མ་ལ་གཞན་གྱིས་འབྲེལ་མེད་མང་དུ་སྦྱར་བའི་ཉི་མ་འཕུལ་ཐབས་དང་གཞན་མགོ་བསྐོར་བ་ལྷུར་བླངས་ཤིང་། ལ་ལ་ཉུང་བ་ཙམ་གྱིས་ཡ་མཚན་བར་རློམས་ཏེ་ཚིག་སྣ་བསྡུས་པའི་ཤོག་ལྡེབས་གསུམ་བཞི་ལ་ཚད་པའི་ཡི་གེ་མང་པོས་ལུགས་སྲོལ་འདི་ཉིད་ཚོང་འདུས་འོ་མ་ལྟར་བསླད་པ་མཐོང་བས་རྐྱེན་བྱས་མཁའ་མཉམ་གྱི་སྐྱེ་རྒུ་མཐའ་དག་ལ་ཕན་འདོད་ཀྱི་ལྷག་པའི་བསམ་པས་དྲངས་ཏེ་སྔ་མོ་ནས་རྩོམ་འདུན་ཡོད་པ་དང་དབུས་གཙང་དུ་ཆོས་སྡེ་གསར་བཙུགས་ཕལ་ཆེར་ལའང་མདོ་ཆོག་ཚུགས་ཡོད་པར་ཕན་སླེབས་ཆེ་འདྲ་སྙམ་པའི་སྟེང་ཐོས་བསམ་དར་རྒྱས་གླིང་བའི་སློབ་དཔོན་པ་འཕྲིན་ལས་རྒྱ་མཚོ། ཤངས་དགའ་ལྡན་ཆོས་འཁོར་བའི་སློབ་དཔོན་དོན་གྲུབ་རྒྱ་མཚོ། དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། གསོལ་དཔོན་གེ་རབ་བློ་བཟང་མཁྱེན་བརྩེ་རྣམས་ཀྱིས་བསྐུལ་བ་དང་ཕྱག་མཛོད་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྨི་རུ་བ་ཚོར་གྲག་སྒོ་རབ་འབྱམས་པས་སྣང་བར་གང་དྲན་གྱིས་རྒྱས་འབྲིང་བསྡུས་པ་སོགས་སྣ་ཚོགས་བྱས་ཚུལ་གྱི་སྒྱུར་སྦྱང་ལ་བརྟེན་ཆོག་བསྒྲིགས་ཤིག་དགོས་ཞེས་རྨི་རུ་བླ་མ་རིན་ཆེན་རྒྱ་མཚོས་བསྐུལ་བས་ཀྱང་རྐྱེན་བྱས། ཉེ་ཆར་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་སའི་ཆ་ཁལ་ཁ་གཡོན་རུ་ནས་འཇམ་དབྱངས་སྤྲུལ་པའི་སྐུ་བློ་བཟང་སྟན་པའི་རྒྱལ་མཚན་གྱིས་གསེར་གྱི་མཎྜལ་དང་ཧོར་གོས་མངགས་བཏགས་སོགས་ཀྱི་ཁྱད་ནོར་དང་བཅས་གསུང་གིས་བསྐུལ་བས་མཚམས་སྦྱར་ཏེ་ཡིད་ཆེས་ཤིང་སྤྲོ་བ་བསྐྱེད་པ་མདོ་སྔགས་ཀྱི་ཁྱད་པར་འབྱེད་པའི་དཔྱད་པ་སྔོན་དུ་བཏང་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་གསུང་དངོས་མར་མད་དུ་མི་རུང་བའི་མཚམས་སྦྱར་དང་གསལ་བྱེད་ཀྱིས་བརྒྱན་པའི་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་ཞེས་པ་འདི་ནི་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཆོས་འདི་ལ་ལྷག་པར་མོས་པའི་དད་པ་ཐོབ་པ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་བག་ཡོད་ཅེས་བ་ཆུ་གླང་མགོས་ཉ་བའི་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་གྱི་དུས་དགེ་བར་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་ལུས་ཅན་མཐའ་དག་སྨནགྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱེད་པར་རྒྱུར་གྱུར་ཅིག། །།

ཤིང་རྟ་ལོར་༧ལྔ་པ་ཆེན་པོའི་གསུང་པར་ཉམས་གསོས་སྐབས་གསར་བརྐོས།། །།




མཐའ་མའི་འདོན་ཐེངས་།: 22.07.2022 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།