སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་པའི་ཚན་རིག་ལས་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.09.2014
ཆེད་རྩོམ། >>

 


མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག

༦ འཕྲོད་དོན་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག

(ཀུན་བཏུས། པོད་དང་པོ།) 

 

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཚོགས་ཆུང་།

 

 

༡) གསང་སྔགས་བླ་མེད་ཀྱི་གཞུང་ལས་གསུངས་ཚུལ།

 

འཕགས་ཡུལ་གྱི་ནང་པའི་གཞུང་ལས། གསང་སྔགས་བླ་མེད་ཀྱི་གཞུང་དང་། དེ་བཞིན་དུ་སྨན་གྱི་གཞུང་ལས་ལུས་ལ་ད་ལྟའི་ཤ་རུས་གདོས་བཅས་ཀྱི་ལུས་རགས་པ་འདི་ཙམ་མིན་པར་ཕྲ་བའི་གནས་སྐབས་ཀྱི་ལུས་གསུངས་ཤིང་། དེ་ལྟ་བུའི་ཕྲ་བའི་ལུས་ཀྱིས་རགས་པའི་ལུས་ལ་བྱ་བ་འཇུག་ཚུལ་དེ་གཙོ་བོར་གནས་པ་རྩ་དང་། གཡོ་བ་རླུང་། བཀོད་པ་ཐིག་ལེ་བཅས་གསུམ་གྱི་བྱེད་ལས་ཀྱི་སྟེང་ནས་བཤད་པའི་རྣམ་གཞག་འབྱུང་བ་འདིར་ངོ་སྤྲོད་ཀྱི་ཚུལ་དུ་འགོད་པ་ལ། ཕྲ་བའི་ལུས་རྩ་རླུང་གི་རྣམ་གཞག་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་ཚུལ་ནི། སྤྱིར་ནང་པའི་གཞུང་ལས་ལུས་ལ་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་དང་གསུམ་དུ་ཡོད་པར་གསུངས་ཤིང་། ཤ་རུས་གདོས་བཅས་ཀྱི་འབྱུང་ལུས་དེ་ལུས་རགས་པ་དང་། རྩ་རླུང་ཐིག་ལེ་དང་། རྨི་ལམ་དང་བར་དོའི་ལུས་རྣམས་ཕྲ་བ་དང་། སྟོང་པ་བཞིའི་གནས་སྐབས་ཀྱི་སེམས་ཀྱི་བཞོན་པར་གྱུར་པའི་རླུང་དང་། ཁྱད་པར་དུ་སྟོང་པ་བཞི་པ་འོད་གསལ་གྱི་བཞོན་པའི་རླུང་ནི་ལུས་ཤིན་ཏུ་ཕྲ་བར་གསུངས། དེ་བཞིན་དུ་འོག་ཏུ་འཆད་འགྱུར་ལྟར་སེམས་ལའང་སྒོ་ལྔའི་རྣམ་ཤེས་རྣམས་རགས་པ་དང་། རྩ་ཉོན་ཉེ་ཉོན་རྣམས་དང་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་དང་མཚུངས་ལྡན་གྱི་སེམས་རྣམས་ཕྲ་བ་དང་། སྟོང་པ་བཞིའི་ངོ་བོར་གྱུར་པའི་སེམས་རྣམས་ཤིན་ཏུ་ཕྲ་བ་ཡིན་པར་གསུངས། དེ་ལྟ་བུའི་ལུས་སེམས་རགས་པ་ཚོགས་པ་དེ་ལུས་སེམས་ཐུན་མོང་བའི་གནས་ཚུལ་རགས་པ་ཞེས་པ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་པར་གནས་པ་དེ་ལ་ལུས་སེམས་ཐུན་མོང་བའི་ཕྲ་བའི་གནས་ཚུལ་ཞེས་གསུངས་ཏེ། དཔེར་ན་དཔལ་ནཱ་རོ་པའི་རིམ་ལྔ་བསྡུས་པ་གསལ་བ་ལས།

         དངོས་པོའི་གནས་ལུགས་གཉིས་ཡིན་ཏེ།། སེམས་དང་ལུས་ཀྱི་གནས་ཐབས་ལས།།

         རགས་དང་ཕྲ་དང་ཤིན་ཏུ་ཕྲ།། ཐུན་མོང་དབྱེར་མེད་རིམ་ཞེས་བྱ།།66 ཞེས་འབྱུང་།

ཕྲ་བའི་ལུས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་གཞག་གསང་སྔགས་བླ་མེད་ཀྱི་གཞུང་ལས་བྱུང་བ་མདོ་ཙམ་ཞིག་བཤད་པ་ལ། ཐོག་མར་རྩའི་རྣམ་གཞག་ནི། རྩ་ཞེས་པ་རླུང་དང་ཁམས་སོགས་གནས་ཤིང་རྒྱུ་བ་དང་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྦུབས་འདབ་ཀྱི་རྣམ་པ་ཅན་ཕན་ཚུན་འབྲེལ་བའི་ལུས་ཀྱི་ཆ་ཤས་ཤིག་འཇོག རྩའི་སྒྲ་དོན་ཡང་། རང་རྒྱུད་ཀྱི་རླུང་དང་ཟུངས་ཁྲག་ཕྱི་ནང་ཀུན་ཏུ་བུ་གའི་ལམ་ནས་རྒྱུ་ཞིང་འབྲེལ་བའི་གཞིར་གྱུར་ཅིང་ལུས་ཐོག་མར་གྲུབ་ཅིང་འཕེལ་བ་དང་། བར་དུ་ཡུན་རིང་དུ་གནས་ཤིང་འཚོ་བ་དང་མཐར་འཆི་བ་སོགས་ཀྱི་རྩ་བར་གྱུར་པས་ན་རྩ་ཞེས་བྱའོ། །དེ་ཡང་དགའ་བོ་མངལ་དུ་འཇུག་པ་བསྟན་པའི་མདོ་ལས།

ཞག་བདུན་ཕྲག་བཅུ་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་སྐུད་པའི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩ་རྒྱུད་དགུ་བརྒྱ་བསྐྱེད་ནས་ལུས་ཀྱི་མདུན་དང་། རྒྱབ་དང་། གཡས་གཡོན་སྣོལ་མར་གཡོག་པར་བྱེད་དོ། །ཞག་བདུན་ཕྲག་བཅོ་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་པད་མ་ཞེས་བྱ་སྟེ། རླུང་དེའི་སྟོབས་ ཀྱིས་རྩར་རྒྱུ་བ་ཉི་ཤུ་བསྐྱེད་ནས་བཟའ་བ་དང་། བཏུང་བའི་རོ་གང་ཡིན་པ་རྩ་འདིར་ཞུགས་ནས་ལུས་ལ་ཕན་འདོགས་པར་བྱེད་དོ། །ཉི་ཤུ་ གང་ཞེ་ན། ལུས་ཀྱི་མདུན་དང་རྒྱབ་དང་། གཡས་གཡོན་རེ་རེ་ལ་ཡང་རྩ་ལྔ་ལྔ་ཡོད་དེ། རྩ་འདི་དག་རེ་རེ་ལ་ཡང་རྩ་ཕྲ་མོའི་ཡན་ལག་བཞི་ བཅུ་བཞི་བཅུ་ཡོད་དོ། །རྩ་དེ་དག་རེ་རེ་ལ་ཡང་ཡན་ལག་བརྒྱ་བརྒྱ་ཡོད་དོ། །ལུས་ཀྱི་མདུན་ན་ཡོད་པ་ཉི་ཁྲི་ནི་ས་ག་ཞེས་བྱའོ། །ལུས་ཀྱི་རྒྱབ་ ན་ཡོད་པ་ཉི་ཁྲི་ནི་སྟོབས་ཞེས་བྱའོ། །ལུས་ཀྱི་གཡོན་ཕྱོགས་ན་ཡོད་པ་ཉི་ཁྲི་ནི་བརྟན་པ་ཞེས་བྱའོ། །ལུས་ཀྱི་གཡས་ཕྱོགས་ན་ཡོད་པ་ཉི་ཁྲི་ ནི་ མཐུ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་རྩའི་ཡན་ལག་ཆེ་ཕྲ་བརྒྱད་ཁྲི་ལུས་དེ་ལ་སྐྱེ་བར་འགྱུར་རོ། །རྩ་དེ་དག་ཀྱང་ཁ་དོག་རྣམ་པ་སྣ་ཚོགས་ དང་ལྡན་ཏེ། འདི་ལྟ་སྟེ། སྔོན་པོ་དང། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། མར་དང་། ཞོ་དང་། འབྲུ་མར་གྱི་ཁ་དོག་གོ། །རྩ་ བརྒྱད་ཁྲི་བོ་དེ་དག་རེ་རེ་ལ་ཡང་རྩ་བ་རེ་རེ་ཡོད་དེ། རྩ་བ་རེ་རེ་ལ་ཡང་བུ་ག་སྣ་ཚོགས་ཡོད་དེ། བུ་ག་གཅིག་དང་། བུ་ག་གཉིས་ནས་བུ་ག་ བདུན་གྱི་བར་དང་ལྡན་ཏེ། རེ་རེ་ཡང་སྤུའི་བུ་ག་དང་ཕན་ཚུན་འབྲེལ་ཏེ་དེ་ནི་དཔེར་ན། པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་ བ་བཞིན་ནོ།།67

ཞེས་གསུངས་པ་ལྟར་མདོར་ན་མདོ་དེ་ལས་ལུས་ཀྱི་གཡས་གཡོན་རྒྱབ་མདུན་གཉིས་ཏེ་བཞི་པོ་རེ་རེ་ལ་རྩ་ཉི་ཁྲི་ཉི་ཁྲི་སྟེ། བསྡོམས་པས་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་གསུངས་སོ།།

 

གསང་སྔགས་བླ་མེད་སྤྱིའི་ལུགས་ལྟར་ན། ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་གསུངས་ཏེ། དེ་ཡང་ལུས་ཀྱི་སྙིང་གར་ཐོག་མར་ཆགས་པའི་རྩ་གསུམ་ནི། སྙིང་གའི་ཐད་ཀྱི་རོ་མའམ་ར་ས་ན་དང་། རྐྱང་མའམ་ལཱ་ལ་ན། དབུ་མའམ་ཨ་ཝ་དྷཱུ་ཏཱི་གསུམ་མོ། །དེ་ལྟར་ཡང་དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས།

         ལ་ལ་ནཱ་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ།།68 ཞེས་དང།

བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས།

         ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་ཞེས་བྱའི་མིང་།།69

ཞེས་གསུངས་པ་ལྟར་རོ།།

 

སྙིང་གར་ཐོག་མར་ཆགས་པའི་རྩ་ལྔ་ནི། སྔ་མ་གསུམ་གྱི་སྟེང་དུ་སྙིང་གའི་ཤར་གྱི་སུམ་སྐོར་མ་དང་། ལྷོའི་འདོད་མ་སྟེ་གཉིས་བསྣན་པས་ལྔ་ཡིན་ལ། ལྔ་པོ་དེ་དག་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཀྱི་ཁྱིམ་མ་དང་། བྱང་གི་གཏུམ་མོ། དབུ་མ་དང་ལྷན་ཅིག་ཏུ་གཤིབས་པའི་བདུད་བྲལ་མ་སྟེ་གསུམ་པོ་དེ་དག་དུས་མཉམ་དུ་ཆགས་ལ། སྔ་མ་ལྔའི་སྟེང་དུ་དེ་གསུམ་བསྣན་པས་བརྒྱད་པོ་དེ་དག་ལ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཅེས་བྱའོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས།

         དེ་རྣམས་སྤྲོས་པའི་སྦྱོར་བ་ཡིས། །རེ་རེའི་རིམ་གྱིས་ཐུན་བརྒྱད་བརྒྱད།།70 ཅེས་སོ།།

 

ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ་བཞིའི་སྟེང་དུ་སུམ་སྐོར་མ་ལས་གྱེས་པའི་ཤར་ལྷོ་དང་། འདོད་མ་ལས་གྱེས་པའི་ལྷོ་ནུབ་དང་། ཁྱིམ་མ་ལས་གྱེས་པའི་ནུབ་བྱང་དང་། གཏུམ་མོ་ལས་གྱེས་པའི་བྱང་ཤར་གྱི་རྩ་འདབ་སྟེ་དེ་བརྒྱད་ལ་སྙིང་གའི་རྩ་འདབ་བརྒྱད་ཅེས་བྱ། དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་གཉིས་དོན་མི་གཅིག་གོ།

 

ཤར་གྱི་སུམ་སྐོར་མ་སོགས་རྩ་འདབ་བརྒྱད་ལ་སྐུ་གསུང་ཐུགས་ཀྱིས་དབྱེ་བས་རྩ་ཉེར་བཞི་ལ་གནས་ཉེར་བཞིའི་རྩ་ཞེས་བྱ་སྟེ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ལས།

         ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་ལྔ་རྣམས་ནི་རྣམ་པར་གནས།།

         སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད།།71 ཅེས་གསུངས།

 

གནས་ཉེར་བཞིའི་རྩའི་སྟེང་དུ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་བསྣན་པས་བྱང་སེམས་འབབ་པའི་རྩ་སོ་གཉིས། གནས་ཉེར་བཞིའི་རྩ་རེ་རེ་ལས་གསུམ་གསུམ་གྱེས་པས་རྩ་བདུན་ཅུ་རྩ་གཉིས་དང་། དེ་རེ་རེ་ལས་སྟོང་སྟོང་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་ཡིན་ལ། དེ་ཐམས་ཅད་བསྡུ་ན་རོ་རྐྱང་དབུ་མ་གསུམ་དུ་འདུའོ། །དེ་ཡང་ཀྱེའི་རྡོ་རྗེའི་རྒྱུད་ལས། “བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ། །”72 ཞེས་དང་། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། རིམ་གྱིས་གྲངས་ནི་བདུན་ཅུ་གཉིས།།73 ཞེས་དང་། ཡང་དེ་ཉིད་ལས།

         སླར་ཡང་དེ་སྤྲོ་སྦྱོར་བ་ཡིས། །རེ་རེའང་སྟོང་སྟོང་དབྱེ་བ་ཡི།།

         རྟག་ཏུ་གྲངས་ཉིད་འགྱུར་བ་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ།།74 ཞེས་གསུངས།

 

རྩའི་གཙོ་བོ་དོན་གཉིས་པོ་རེ་རེ་ལ་འཁོར་སྟོང་ཕྲག་རེ་རེར་གྱེས་པ་རྣམས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུན་དུ་འདུ་ལ། དེའང་ཁུ་བ་འབབ་པ་ཉེར་བཞི། ཁྲག་འབབ་པ་ཉེར་བཞི། རླུང་འབབ་པ་ཉེར་བཞིར་གསུངས་ཏེ། དེ་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས།

 

         སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་ནི་རྟག་ཏུ་རྨད་བྱུང་བ།།

         བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ།།

         རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི།།

         ཁྲག་འབབ་པར་ནི་ཤེས་པར་བྱ། །ཉི་མ་འཕོ་བའི་བདག་ཉིད་ཅན།།

         རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི།།

         རླུང་རྒྱུ་བར་ནི་ཤེས་པར་བྱ།།75 ཞེས་སོ།།

 

རྩ་དེ་རྣམས་ཀྱི་ནང་ནས་བྱང་སེམས་དཀར་པོ་ཤས་ཆེར་འབབ་པའི་རྩ་རྣམས་ལ་སྐུའི་རྩ་དང་། དམར་པོ་ཤས་ཆེར་འབབ་པའི་རྩ་རྣམས་ལ་གསུང་གི་རྩ་དང་། རླུང་ཤས་ཆེར་འབབ་པའི་རྩ་རྣམས་ལ་ཐུགས་ཀྱི་རྩ་ཞེས་བྱ་ཞིང་རྩ་གཞན་རྣམས་དེ་དག་ཏུ་འདུ་བར་བཤད་དོ།།

         རྩའི་གཙོ་བོ་ཡང་། དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས།

         ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྱུར།།

         རྩ་རྣམས་དང་ནི་ཉེ་བའི་རྩ། །དེ་དག་གནས་ལ་བརྟེན་པ་སྟེ།།

         བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། །གཙོ་བོ་ཞེས་ནི་བྱ་བར་བརྗོད།།76 ཅེས་དང་།

 

དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས།

འཁོར་ལོ་བཞི་ཡི་པདྨོ་རུ། །རྩ་ནི་བརྒྱ་དང་ཉི་ཤུ་འོ།།77 ཞེས་གསུངས་པ་ལྟར་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་རྩ་འདབ་རྣམས་སོ། །དེ་ཡང་སྤྱི་བོའི་རྩ་འཁོར་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་རེ་བཞི་རྣམས་བསྡོམས་པས་བརྒྱ་དང་ཉི་ཤུའོ། །

 

དེ་དག་གིས་རླུང་དང་རྣམ་ཤེས་ཀྱི་རྟེན་བྱེད་པས་རྩའི་གཙོ་བོར་བཤད་ལ། དེ་ལས་ཀྱང་བསྡུས་ན། སོ་དང་སེན་མོ་བསྐྱེད་པ་སོགས་ཁམས་ཀྱི་རྟེན་བྱེད་པས་ཡུལ་སོ་གཉིས་ཀྱི་རྩ་རྣམས་གཙོ་བོ་དང་། དེ་ལས་ཀྱང་བསྡུས་པའི་གནས་ཉེར་བཞིའི་རྩ་རྣམས་གཙོ་བོ་དང་། ཡང་དེ་ལས་ཀྱང་བསྡུས་ན། རོ་རྐྱང་གི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་འོད་གསལ་ལྷན་སྐྱེས་ཀྱི་བདེ་ཆེན་འཆར་བས་རོ་རྐྱང་དབུ་མ་གསུམ་གཙོ་བོ་དང་། དེ་གསུམ་གྱི་ནང་ནས་ཀྱང་དབུ་མ་གཙོ་བོ་ཡིན་ནོ། །དབུ་མ་ལའང་གཞི་དུས་སུ་རྣམ་ཤེས་འཇུག་གནས་འཕོ་གསུམ་བྱེད་པའི་གཞི་དང་འོད་གསལ་རྫོགས་པར་འཆར་བའི་གནས་ཡིན་པས་སྙིང་གའི་ཐད་ཀྱི་དབུ་མ་གཙོ་བ་ཡིན་ནོ།།

 

རྩ་འཁོར་བཤད་པ་ལ། སྤྱི་བོའི་རྩ་འཁོར་བདེ་ཆེན་གྱི་འཁོར་ལོ་ནི། ཀླད་རྒྱ་དང་ཐོད་པའི་བར་ཙམ་གྱི་དབུ་མ་ལ་རོ་རྐྱང་གཉིས་ཀྱིས་ལུ་གུ་རྒྱུད་དུ་དཀྲིས་པའི་མཚམས་ནས་གྱེས་པའི་རྩ་འདབ་བཞི། དེ་ལས་བརྒྱད། དེ་ལས་བཅུ་དྲུག དེ་ལས་གྱེས་པའི་རྩ་འདབ་སུམ་ཅུ་སོ་གཉིས་སོ། །དེ་དག་གི་ཁ་དོག་ནི་སྣ་ཚོགས་པ། སྦོམ་ཕྲ་འཇག་མ་སྦོམ་ཤོས་ཙམ། དེའི་ལྟེ་བ་གྲུ་གསུམ་པ། དབྱིབས་གདུགས་ཕུབ་པ་ལྟ་བུའོ། །བདེ་ཆེན་གྱི་འཁོར་ལོ་ཞེས་པ་ནི་བདེ་བ་སྐྱེ་བའི་རྟེན་ཀུནྡ་ལྟ་བུའི་བྱང་སེམས་དཀར་པོ་སྤྱི་བོའི་རྩ་འཁོར་དེར་གནས་པས་དེ་སྐད་དུ་བརྗོད།

 

མགྲིན་པའི་རྩ་འཁོར་ལོངས་སྤྱོད་ཀྱི་འཁོར་ལོ་ནི། མགྲིན་པར་ཨོལ་མདུད་ཀྱི་ཐད་ཙམ་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་མདུད་མཚམས་ནས་གྱེས་པའི་རྩ་འདབ་བཞི། དེ་ལས་བརྒྱད། དེ་ལས་གྱེས་པའི་རྩ་འདབ་བཅུ་དྲུག་གོ །དེ་དག་གི་ཁ་དོག་དམར་པོ། རྩ་འཁོར་དེའི་ལྟེ་བ་ཟླུམ་པོ། དབྱིབས་གདུགས་མགོ་མཇུག་བཟློག་པ་ལྟ་བུའོ། །ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་པ་ནི་རོ་དྲུག་ལ་ལོངས་སྤྱོད་བྱེད་མགྲིན་པའི་རྩ་འཁོར་དེ་ཡིན་པས་ན་དེ་ལྟར་བརྗོད།

 

སྙིང་གའི་རྩ་འཁོར་ཆོས་ཀྱི་འཁོར་ལོ་ནི། ནུ་མ་གཉིས་ཀྱི་བར་དབུས་ཐད་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་སུམ་དཀྲིས་བྱས་པའི་མཚམས་ནས་གྱེས་པའི་རྩ་འདབ་བཞི། དེ་ལས་གྱེས་པའི་རྩ་འདབ་བརྒྱད་དོ། །དེ་དག་གི་ཁ་དོག་དཀར་པོ། རྩ་འཁོར་དེའི་ལྟེ་བ་གྲུ་གསུམ་པ། དབྱིབས་གདུགས་ཕུབ་པ་ལྟ་བུའོ། །ཆོས་ཀྱི་འཁོར་ལོ་ཞེས་པ་ནི་ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་སྙིང་གའི་རྩ་འཁོར་དེར་གནས་པས་དེ་ལྟར་བརྗོད།

 

ལྟེ་བའི་རྩ་འཁོར་སྤྲུལ་པའི་འཁོར་ལོ་ནི། ལྟེ་བའི་བུ་གའི་ཐད་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་དཀྲིས་པའི་མཚམས་ནས་གྱེས་པའི་རྩ་འདབ་བཞི། དེ་ལས་བརྒྱད། དེ་ལས་བཅུ་དྲུག དེ་ལས་སོ་གཉིས། དེ་ལས་གྱེས་པའི་རྩ་འདབ་རེ་བཞིའོ། །དེ་དག་གི་ཁ་དོག་ནི་སྣ་ཚོགས་པ། རྩ་འཁོར་དེའི་ལྟེ་བ་ཟླུམ་པོ། དབྱིབས་གདུགས་མགོ་མཇུག་བཟློག་པ་ལྟ་བུའོ། །སྤྲུལ་པའི་འཁོར་ལོ་ཞེས་པ་ནི་བདེ་བ་ཆེན་པོ་སྤྲུལ་པའམ་སྐྱེད་པའི་གཞི་གཏུམ་མོའི་མེ་གཙོ་བོར་ལྟེ་བའི་རྩ་འཁོར་དེར་གནས་པས་དེ་ལྟར་བརྗོད།

 

གསང་བའི་རྩ་འཁོར་བདེ་སྐྱོང་གི་འཁོར་ལོ་ནི། འདོམས་ཀྱི་སྤུ་དཀར་ནག་གི་མཚམས་ཀྱི་ཐད་དུ་དབུ་མ་ལ་རོ་རྐྱང་གིས་མདུད་མཚམས་ནས་གྱེས་པའི་རྩ་འདབ་བཞི། དེ་ལས་བརྒྱད། དེའི་ཕྱོགས་བཞིའི་ཆ་རེ་རེ་ལ་ལྔ་ལྔ་སྟེ་ཉི་ཤུ། ཕྱོགས་བཞིའི་མཚམས་ཀྱི་བཞི། གྱེས་གཞིའི་བརྒྱད་དེ་སོ་གཉིས་སོ། །དེ་དག་གི་ཁ་དོག་དམར་པོ། རྩ་འཁོར་དེའི་ལྟེ་བ་གྲུ་གསུམ་པ། དབྱིབས་གདུགས་ཕུབ་པ་ལྟ་བུའོ། །བདེ་སྐྱོང་གི་འཁོར་ལོ་ཞེས་པ་ནི་ལུགས་འབྱུང་ལུགས་ལྡོག་གི་ལྷན་སྐྱེས་ཀྱི་བདེ་བ་གཙོ་བོར་གསང་གནས་ཀྱི་རྩ་འཁོར་དེ་ནས་སྐྱོང་བས་དེ་ལྟར་བརྗོད་དོ།།

 

ཡང་རྩ་འཁོར་ཆེ་བ་ལྔ་དང་ཆུང་བ་གསུམ་སྟེ་བརྒྱད་ཅེས་པ་ནི། སྤྱི་བོའི་རྩ་འཁོར་སོགས་ལྔའི་སྟེང་དུ་སྨིན་མའི་དབུས་ཀྱི་རླུང་འཁོར་རྩ་འདབ་དྲུག་པ། མགྲིན་སྙིང་གཉིས་ཀྱི་བར་གྱི་མེ་འཁོར་རྩ་འདབ་གསུམ་པ། ནོར་བུའི་དབུས་ཀྱི་རྩ་འཁོར་འདབ་མ་བརྒྱད་པ་རྣམས་བསྣན་པས་བརྒྱད་དོ། །རྩ་འདབ་རྣམས་ཀྱི་རྩ་བ་ཐམས་ཅད་དབུ་མ་ལ་ཟུག་ཅིང་དེ་ཡང་རོ་རྐྱང་གཉིས་ཀྱི་ཐད་ཀྱི་རྩ་བ་ཐམས་ཅད་ཀྱང་རོ་རྐྱང་གཉིས་ལ་ཐལ་བྱུང་དུ་ཕུག་སྟེ་དབུ་མ་ལ་ཟུག་པར་བཤད་དོ།།

 

རྩ་དེ་རྣམས་སུ་རླུང་དང་བྱང་སེམས་འབབ་ཚུལ་ནི། རོ་མའི་ནང་ནས་མེའི་རླུང་རྒྱུ་ཞིང་ཁྲག་འབབ། རྐྱང་མའི་ནང་ནས་རླུང་གི་རླུང་རྒྱུ་ཞིང་ཁུ་བ་འབབ། ས་རླུང་དང་ཆུ་རླུང་གཉིས་རོ་རྐྱང་གཉིས་ཀ་ནས་རྒྱུ་ཞིང་འབབ་པ་ཡིན། གཞིའི་དུས་སུ་འཆི་བའི་སྐབས་ཁོ་ནར་ལས་དབང་གིས་སྙིང་གའི་མདུད་པ་གྲོལ་ནས་རྩ་དབུ་མར་རླུང་རྒྱུ་བ་མ་གཏོགས། ལམ་མ་བསྒོམས་པར་སྙིང་གའི་མདུད་པ་འགྲོལ་བའི་སྐབས་མེད་དོ། །རོ་རྐྱང་གཉིས་ཀྱིས་རྩ་དབུ་མ་ལ་ལུ་གུ་རྒྱུད་དུ་འཁྱུད་པའི་མདུད་པ་ཤིན་ཏུ་དབྱེ་དཀའ་བར་དཀྲིས་པའི་ཚུལ་ནི། སྙིང་གའི་ཐད་དུ་དབུ་མ་ལ་རོ་མས་གཡས་ནས་གཡས་སྐོར་དུ་ལན་གསུམ་དང་། རྐྱང་མས་གཡོན་ནས་གཡོན་སྐོར་དུ་ལན་གསུམ་དུ་མདུད་པས་དཀྲིས་ཤིང་། གཞན་གསང་གནས་ལྟེ་བ་མགྲིན་པ་སྤྱི་བོ་རྣམས་སུ་མདུད་པ་རེ་རེ་ཡོད་དོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས།

         དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས།།78 ཞེས་གསུངས།

 

རོ་རྐྱང་གཉིས་ཀ་ལ་སྟེང་འོག་གི་བུག་པའི་སྒོ་གཉིས་གཉིས་ཡོད་པར་འདྲ་ཡང་རྐྱང་མ་ཁ་ཐུར་དང་རོ་མ་ཁ་གྱེན་ལྟར་བཤད་པ་ནི་ཁུ་ཁྲག་འཕེན་འཛིན་བྱེད་མི་བྱེད་ཀྱི་སྒོ་ནས་སོ། །རྩ་ཉེར་བཞི་པོ་དེ་རྣམས་ཀྱི་ནང་ནས་བྱང་སེམས་དཀར་པོ་ཤས་ཆེར་འབབ་པའི་རྩ་རྣམས་ལ་སྐུའི་རྩའམ་སྙིང་སྟོབས་ཀྱི་རྩ་ཞེས་བྱ་ལ། དམར་པོ་ཤས་ཆེར་འབབ་པའི་རྩ་རྣམས་ལ་གསུང་གི་རྩའམ་རྡུལ་གྱི་རྩ་ཞེས་དང་། རླུང་ཤས་ཆེར་འབབ་པའི་རྩ་རྣམས་ལ་ཐུགས་ཀྱི་རྩའམ་མུན་པའི་རྩ་ཞེས་བྱའོ། །ཕྱོགས་བཞིའི་རྩ་འདབ་བཞི་ལས་འབྱུང་བ་བཞིའི་རླུང་རྒྱུ་ཞིང་། མཚམས་བཞིའི་རྩ་འདབ་བཞིའི་ནང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་འབབ་པས་མཆོད་པའི་རྩའམ་ཡུལ་ལྔ་འབབ་པའི་རྩ་ཞེས་བྱ་ལ། རྩ་འདབ་བརྒྱད་པོ་དེ་ལས་བཤང་བ་དང་གཅི་བ་ཁུ་བ་ཁྲག་བད་ཀན་ཏེ་བདུད་རྩི་ལྔ་འབབ་པར་གསུངས་སོ།།

 

སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཀྱི་ནང་ཚན་གྱི་བདུད་བྲལ་མ་ལ་འགོག་པའི་རྩའམ་དུས་ཀྱི་རྩ་ཞེས་བྱ། དེ་ཡང་གཞི་ལ་འཆི་དུས་མ་གཏོགས་རྩ་དེའི་ནང་ནས་རླུང་དང་བྱང་སེམས་མི་འབབ་པར་མ་ཟད་རྩ་གཞན་གྱི་ནང་ནས་ཀྱང་རླུང་དང་བྱང་སེམས་འབབ་པ་ལ་གེགས་བྱེད་ཅིང་འཆི་བའི་དུས་སུ་དེའི་ནང་ནས་རླུང་དང་བྱང་སེམས་འབབ་པས་འགོག་པའི་རྩའམ་དུས་ཀྱི་རྩ་ཞེས་བྱའོ།།

 

རྩའི་ཆགས་རིམ་ནི། ཐོག་མར་ཕ་མའི་ཁུ་ཁྲག་དཀར་དམར་གཉིས་ཀྱི་དབུས་སུ་རྣམ་ཤེས་ཞུགས་རྗེས་ཞོའི་སྤྲིས་མ་ལྟ་བུ་ཞིག་ཆགས་ཤིང་། དེ་ལས་རིམ་གྱིས་སྙིང་གའི་ཐད་ཀྱི་རོ་རྐྱང་དབུ་མ་གསུམ་དང་། སྙིང་གའི་རྩ་འདབ་བརྒྱད་ཀྱི་སུམ་སྐོར་མ་དང་འདོད་མ་གཉིས་ཏེ་ལྔ་པོ་དེ་དག་དུས་མཉམ་དུ་ཆགས། དེའི་རྗེས་སུ་ཁྱིམ་མ་དང་གཏུམ་མོ་བདུད་བྲལ་མ་གསུམ་ཆགས། དེའི་རྗེས་སུ་སྙིང་གའི་རྩ་འཁོར་གྱི་མཚམས་བཞིའི་རྩ་འདབ་བཞི་ཆགས། དེའི་རྗེས་སུ་སྙིང་གའི་རྩ་འདབ་བརྒྱད་ལས་གསུམ་གསུམ་གྱེས་པའི་གནས་ཉེར་བཞིའི་རྩ་དང་རྩ་འཁོར་གཞན་རྣམས་དང་། གནས་ཉེར་བཞིའི་རྩ་ཉེར་བཞི་ལས་གྱེས་པའི་རྩ་བདུན་ཅུ་རྩ་གཉིས་དང་དེ་དག་ལས་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་རྣམས་རིམ་གྱིས་ཆགས་སོ།།

དུས་ཀྱི་འཁོར་ལོའི་རྒྱུད་ལྟར་ན་ལྟེ་བ་ཡན་ཆད་ཀྱི་རྩ་རོ་མ་དང་རྐྱང་མ་དབུ་མ་གསུམ་གྱི་ནང་ནས་རྩ་རོ་མ་ལ་ཉི་མའི་རྩ་དང་། དམར་སེར། ར་ས་ནཱ། ཉི་མའི་ལམ་ཞེས་དང་། རྩ་རྐྱང་མ་ལ་ཟླ་བའི་རྩ་དང་། ཨི་ག་ས། ལ་ལ་ནཱ། ཟླ་བའི་ལམ་ཞེས་དང་།རྩ་དབུ་མའི་མིང་ལ་སྒྲ་གཅན་གྱི་རྩ་དང་། མཆོག་གི་རྩ་ཞེས་བྱའོ། །ཡང་ལྟེ་བ་མན་ཆད་ཀྱི་རྩ་རོ་མ་དང་རྐྱང་མ་དབུ་མ་གསུམ་གྱི་ནང་ནས་རོ་མའི་རྩ་རྒྱུན་ལ་གཅི་བའི་རྩ་དང་། རྐྱང་མའི་རྩ་རྒྱུན་ལ་བཤང་བའི་རྩ་དང་། དབུ་མའི་རྩ་རྒྱུན་ལ་དུང་ཅན་མ་དང་། དུས་མེའི་རྩ། ཁུ་བ་འབབ་པའི་རྩ། མཆོག་གི་རྩ་ཞེས་བྱའོ།།

 

རྩ་ཨ་ཝ་དྷཱུ་ཏཱི་ལ་རོ་རྐྱང་གིས་འཁྱུད་པའི་གནས་ན་ཡོད་པའི་རྩ་འཁོར་ཆེ་བ་དྲུག་ནི། གསང་གནས་ཀྱི་རྩ་འཁོར་རྩ་འདབ་སོ་གཉིས་པ་དང་། ལྟེ་བའི་རྩ་འཁོར་རྩ་འདབ་རེ་བཞི་པ། སྙིང་གའི་རྩ་འཁོར་རྩ་འདབ་བརྒྱད་པ། མགྲིན་པའི་རྩ་འཁོར་རྩ་འདབ་སོ་གཉིས་པ། དཔྲལ་བའི་རྩ་འཁོར་རྩ་འདབ་བཅུ་དྲུག་པ། གཙུག་ཏོར་གྱི་རྩ་འཁོར་རྩ་འདབ་བཞི་པ་རྣམས་སོ། །དེ་ཡང་རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་དྲི་མེད་འོད་ལས། “གཙུག་ཏོར་ལ་ཐུན་མཚམས་བཞིའི་དབྱེ་བས་དེ་ཉིད་བཞིའི་མིང་རྣམས་ཀྱིས་སོ། །ཞེས་པ་ནས། གསང་བར་འདབ་མ་སུམ་ཅུ་རྩ་གཉིས་པ་སྟེ།”79 ཞེས་གསུངས་པ་ལྟར་རོ།། རྩ་དེ་དག་གི་ནང་དུ་རྒྱུ་བའི་རླུང་གི་རྣམ་གཞག་ནི་གཙོ་བོར་གསང་སྔགས་བླ་མེད་ཀྱི་གཞུང་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་པ་དང་བཅས་པ་ལས་རྒྱས་པར་གསུངས་ལ། དེ་དག་ཏུ་རླུང་གི་དབྱེ་བ་འཆད་པ་ན། སྲོག་འཛིན། ཐུར་སེལ། གྱེན་རྒྱུ། ཁྱབ་བྱེད། མཉམ་གནས་ཏེ་རྩ་བའི་རླུང་ལྔ་དང་། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་དང་བཅུར་གསུངས། དེ་ཡང་གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་ལས།

         སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། །མཉམ་གནས་ཁྱབ་བྱེད་ཅེས་བྱ་དང་།།

         ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་གཞུ་རྒྱལ་ཞེས་བྱ་བ།།80 ཞེས་དང་།

 

ཀླུ་སྒྲུབ་ཀྱི་རིམ་ལྔ་ལས་ཀྱང་།

         འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན།།81

ཞེས་གསུངས། དེ་ཡང་རྣམ་ཤེས་བཞོན་པ་ཞེས་པ་ནི་རླུང་ངོ་།།

 

རྡོ་རྗེ་འཕྲེང་བ་ལས།

         ཉིན་དང་མཚན་མོ་རྟག་ཏུ་ནི། །བརྒྱ་དང་བརྒྱད་ལྷག་གསལ་བར་ཡང་།།82

ཞེས་སོགས་ཀྱིས་གཟུང་བའི་རླུང་ང་བཞི་དང་འཛིན་པའི་རླུང་ང་བཞི་སྟེ་རླུང་བརྒྱ་རྩ་བརྒྱད་གསུངས་པ་ཡང་རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་འདིའི་ན་དུ་འདུའོ།།

 

མངལ་དུ་ཐོག་མར་ཉིང་མཚམས་སྦྱར་བ་ན་སྲོག་འཛིན་ཤིན་ཏུ་ཕྲ་བ་རང་ཆས་སུ་ཡོད་ལ། དེ་ནས་ཟླ་བ་དང་པོ་ལ་སྲོག་འཛིན་ཤིན་ཏུ་ཕྲ་བ་ལས་སྲོག་འཛིན་རགས་པ་སྐྱེ། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་ལས་ཐུར་སེལ་དང་། ཟླ་བ་གསུམ་པར་ཐུར་སེལ་རགས་པ་ལས་མཉམ་གནས་དང་། ཟླ་བ་བཞི་པར་མཉམ་གནས་རགས་པ་ལས་གྱེན་རྒྱུ་དང་། ཟླ་བ་ལྔ་པར་གྱེན་རྒྱུ་རགས་པ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་བ་དང་། ཟླ་བ་དྲུག་པར་ཁྱབ་བྱེད་ལས་རྒྱུ་བ། ཟླ་བ་བདུན་པར་རྒྱུ་བ་ལས་རྣམ་པར་རྒྱུ་བ། ཟླ་བ་བརྒྱད་པར་རྣམ་པར་རྒྱུ་བ་ལས་ཡང་དག་པར་རྒྱུ་བ། ཟླ་བ་དགུ་པར་ཡང་དག་པར་རྒྱུ་བ་ལས་རབ་ཏུ་རྒྱུ་བ། ཟླ་བ་བཅུ་པར་རབ་ཏུ་རྒྱུ་བ་ལས་ངེས་པར་རྒྱུ་བ་སྐྱེའོ། །མངལ་ན་གནས་སྐབས་སུ་རླུང་རྣམས་སྐྱེས་མོད་ཀྱང་འབྱུང་འཇུག་མི་བྱེད་ལ་བཙས་མ་ཐག་པ་ནས་སྣ་སྒོ་སོགས་ལས་འབྱུང་འཇུག་བྱེད་པ་ཡིན་ནོ།།

 

རླུང་དེ་དག་གང་དུ་གནས་པའི་ཚུལ་དང་བྱེད་ལས་ནི། སྲོག་འཛིན་སྙིང་ག ཐུར་སེལ་གསང་གནས། གྱེན་རྒྱུ་མགྲིན་པ། མཉམ་གནས་ལྟེ་བ། ཁྱབ་བྱེད་ལུས་ཀུན་ལ་ཁྱབ་པར་གནས། བྱེད་ལས་ནི། སྲོག་འཛིན་གྱིས་རླུང་གཞན་རྣམས་དབང་པོའི་སྒོར་འདྲེན་ཞིང་ཚེ་བསྲིང་བའི་བྱ་བ་སོགས་བྱེད། ཐུར་སེལ་གྱིས་དྲི་ཆུ་དང་རླུང་དང་བཤང་བ་དང་ཁུ་བ་སོགས་འོག་གི་ཕྱོགས་སུ་འདྲེན་པར་བྱེད། གྱེན་རྒྱུས་རླུང་སྟོད་དུ་འདྲེན་ཞིང་ཟས་ཟ་བ་དང་ངག་སྨྲ་བ་སོགས་ཀྱི་བྱ་བ་བྱེད། མཉམ་གནས་ཀྱིས་ཟས་སྐོམ་གྱི་དྭངས་སྙིགས་འབྱེད་ཅིང་དྭངས་མ་རྣམས་ལུས་ལ་འདྲེན་པའི་བྱ་བ་བྱེད། ཁྱབ་བྱེད་ཀྱིས་ལུས་གཡོ་འགུལ་འགྲོ་འོང་སོགས་ཀྱི་བྱ་བ་བྱེད་དོ། །དེ་ལྟར་ཡང་འཕགས་པ་ལྷའི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། “དེ་ལ་སྲོག་ལ་སོགས་པའི་རླུང་ལྔ་ནི་ཕུང་པོ་ལྔ་ལ་བརྟེན་ཏེ་ཕུང་པོའི་བྱ་བ་རྣམས་བྱེད་དོ། །”83 ཞེས་གསུངས།

 

ཡན་ལག་གི་རླུང་ལྔ་པོའི་གནས་ཀྱི་ཁྱད་པར་ནི་ཤས་ཆེར་སྲོག་འཛིན་གྱི་ཡན་ལག་ཡིན་པས་འདི་རྣམས་འཆར་བ་དང་ནུབ་པ་གཉིས་ཀ་གཙོ་བོའི་གནས་ནི་སྙིང་ག་ཡིན་ཞིང་། སྙིང་གའི་རྩ་འདབ་བརྒྱུད་དེ། རྒྱུ་བ་ནི་མིག་དང་། རྣམ་པར་རྒྱུ་བ་རྣ་བ། ཡང་དག་པར་རྒྱུ་བ་སྣ། རབ་ཏུ་རྒྱུ་བ་ལྕེ། ངེས་པར་རྒྱུ་བ་ལུས་ལ་ཁྱབ་པར་རྒྱུ་ཞིང་ཡུལ་ལ་ལོངས་སྤྱོད་པ་སྟེ། དེ་ཡང་རྒྱུ་བས་མིག་ཤེས་ཀྱིས་གཟུགས་མཐོང་བའི་བྱ་བ་བྱེད། རྣམ་པར་རྒྱུ་བས་རྣ་བས་སྒྲ་ཐོས་པའི་བྱ་བ་བྱེད། ཡང་དག་པར་རྒྱུ་བས་སྣ་ཤེས་ཀྱིས་དྲི་ཚོར་བའི་བྱ་བ་བྱེད། རབ་ཏུ་རྒྱུ་བས་ལྕེ་ཤེས་ཀྱིས་རོ་མྱོང་བའི་བྱ་བ་བྱེད། ངེས་པར་རྒྱུ་བས་ལུས་ཤེས་ཀྱིས་རེག་བྱ་འཛིན་པའི་བྱ་བ་བྱེད་དོ། །དེ་ནི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། “ལྡང་ཞིང་རྒྱུ་བ་ལ་སོགས་པའི་རླུང་ལྔ་ནི་དབང་པོ་རྣམས་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་རྣམས་བྱེད་དོ། །”84 ཞེས་སོགས་ཀྱིས་ཞིབ་ཏུ་གསུངས་སོ།།

 

རླུང་བཅུ་པོ་དེ་དག་རྒྱུ་ཚུལ་ནི། ཉིན་ཞག་རེ་ལ་ཐུན་ཚོད་བཅུ་གཉིས་དང་། ཐུན་ཕྱེད་ཀ་ཉེར་བཞི་རེ་བྱས་པའི་ཐུན་ཕྱེད་ཀ་རེ་ལ་ཁྱབ་བྱེད་ཀྱི་རླུང་མ་གཏོགས་པ་རྣམས་རླུང་འབྱུང་འཇུག་ཁུགས་པ་རེ་ལ་རླུང་རེ་རེར་བརྩིས་པའི་དགུ་བརྒྱ་རེ་རྒྱུ་ཞིང་། དེ་ལྟར་ན་བསྡོམས་པས་ཉིན་ཞག་རེར་ཁྱབ་བྱེད་མ་གཏོགས་པའི་རྩ་བ་དང་ཡན་ལག་གི་རླུང་དགུ་བོ་རེ་རེ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་རྒྱུའོ། །དེ་ཡང་སྲོག་འཛིན་གྱི་རླུང་རྒྱུ་བའི་ཚེ་རོ་རྐྱང་གཉིས་ཀ་ནས་སྣ་བུག་གཉིས་ཀར་མཉམ་དུ་བར་མ་ཆད་པར་ཐུན་ཕྱེད་ཀ་རེར་དགུ་བརྒྱ་ཕྲག་གཅིག་དལ་བརརྒྱུ་བ་དང་། ཐུར་སེལ་གྱི་རླུང་རྒྱུ་བའི་ཚེ་རོ་རྐྱང་གཉིས་ཀ་ནས་སྣ་བུག་གཉིས་ཀར་བར་མ་ཆད་པར་ཐུན་ཕྱེད་ཀ་རེར་དགུ་བརྒྱ་ཕྲག་གཅིག་དྲག་ཏུ་རྒྱུ། གྱེན་རྒྱུའི་རླུང་རྒྱུ་བའི་ཚེ་རོ་མ་ནས་སྣ་བུག་གཡས་པར་ཐུན་ཕྱེད་ཀ་རེར་དགུ་བརྒྱ་ཕྲག་གཅིག་བར་མ་ཆད་པར་དྲག་ཏུ་རྒྱུ། མཉམ་གནས་ཀྱི་རླུང་རྒྱུ་བའི་ཚེ་རྐྱང་མ་ནས་སྣ་བུག་གཡོན་པར་ཐུན་ཕྱེད་ཀ་རེར་དགུ་བརྒྱ་ཕྲག་གཅིག་བར་མ་ཆད་པར་དལ་བར་རྒྱུ། ཁྱབ་བྱེད་ཀྱི་རླུང་ནི་འཆི་དུས་མ་གཏོགས་གཞིའི་དུས་སུ་སྣ་སྒོ་ནས་མི་རྒྱུ་བར་བཤད་ལ། དུས་འཁོར་ལྟར་ན་ཁྱབ་བྱེད་ཀྱི་རླུང་ཡང་སྣ་སྒོར་རྒྱུ་ཚུལ་རླུང་གཞན་དང་འདྲ་བར་བཤད། ཡན་ལག་གི་རླུང་ལྔ་རྒྱུ་ཚུལ་ལ། རྒྱུ་བ་ནི་མིག་སྒོར་རྒྱུ། རྣམ་པར་རྒྱུ་བ་ནི་རྣ་བའི་སྒོར་རྒྱུ། ཡང་དག་པར་རྒྱུ་བ་ནི་སྣ་སྒོར་རྒྱུ། རབ་ཏུ་རྒྱུ་བ་ནི་ལྕེ་ལ་རྒྱུ། ངེས་པར་རྒྱུ་བ་ནི་ལུས་ཀྱི་རྩ་ཐམས་ཅད་ཀྱི་ནང་ནས་བརྒྱུད་དེ་བ་སྤུའི་བུ་ག་ཐམས་ཅད་ནས་རྒྱུའོ།།

 

ཐིག་ལེའི་རྣམ་གཞག་བཤད་པ་ནི། རླུང་སེམས་གཉིས་དང་ཁུ་ཁྲག་གི་དྭངས་མ་གཉིས་ཏེ་བཞི་པོ་ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་འདུས་པའི་གོང་བུ་ལ་སྐབས་འདིའི་ཐིག་ལེ་ཞེས་བྱ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བའི་སྦུབས་སྟོང་གི་ནང་དུ་གནས་པའི་ཕ་མ་གཉིས་ཀྱི་བྱང་སེམས་དཀར་དམར་མི་ཤིགས་པའི་ཐིག་ལེའི་བུས་སུ། ཤིན་ཏུ་ཕྲ་བའི་གཉུག་སེམས་དང་དེའི་གཞོན་པའི་རླུང་གཉིས་ཀྱི་མི་ཤིགས་པའི་ཐིག་ལེ་ཇི་སྲིད་འཚོའི་བར་རྟག་ཏུ་གནས་ཤིང་། སྙིང་གའི་ཐིག་ལེ་དཀར་པོ་ལས་འཕེལ་ཆ་གཅིག་སྤྱི་བོར་སོང་སྟེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འཁོར་གྱི་ལྟེ་བར་གཙོ་ཆེར་གནས་ཤིང་། དེ་ལས་རིམ་གྱིས་འཕེལ་ནས་དཔྲལ་པ་དང་དྷཱུ་ཏཱིའི་མར་སྣ་ནོར་བུའི་དབུས་སོགས་གནས་གཞན་དུ་ཡང་འགྲོའོ། །སྙིང་གའི་ཐིག་ལེ་དམར་པོ་ལས་འཕེལ་ཆ་གཅིག་ལྟེ་བར་སོང་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་གྱི་ལྟེ་བར་གཙོ་ཆེར་གནས་ཤིང་། དེ་ལས་རིམ་གྱིས་འཕེལ་ནས་མགྲིན་པ་དང་གསང་གནས་སོགས་ལུས་ཀྱི་གནས་གཞན་དུ་ཡང་འགྲོ་བར་གསུངས་སོ།།

ཐིག་ལེ་ལ་ཐིག་ལེ་དཀར་དམར་གཉིས་སམ། ༡ གཉིད་འཐུག་པོ་སྐྱེད་པའི་ཐིག་ལེ། ༢ རྨི་ལམ་སྐྱེད་པའི་ཐིག་ལེ། ༣ སད་པ་སྐྱེད་པའི་ཐིག་ལེ། ༤ བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་དང་བཞི། ཐིག་ལེ་དེ་དག་ཀྱང་ཁུ་ཁྲག་རླུང་གསུམ་འདུས་པ་ཡིན་ལ། ཐིག་ལེ་དཀར་དམར་གཉིས་ཐོག་མར་སྙིང་གར་ཆགས་པ་ལ་དེ་ལས་ཆད་དེ། ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་གཙོ་ཆེར་སྤྱི་བོ་དང་། མ་ལས་ཐོབ་པའི་ཐིག་ལེ་དམར་པོ་གཙོ་ཆེར་ལྟེ་བར་གནས་སོ།།

 

གཉིད་འཐུག་པོ་སྐྱེད་པའི་ཐིག་ལེ་ནི། སྙིང་ག་དང་ནོར་བུའི་དབུས་ན་གནས་ཤིང་། སྟོད་ཀྱི་རླུང་རྣམས་སྙིང་གར་འདུས་པ་དང་སྨད་ཀྱི་རླུང་རྣམས་ནོར་བུའི་དབུས་སུ་འདུས་ཚེ་གཉིད་འཐུག་པོ་འབྱུང་ངོ་།།

 

རྨི་ལམ་གྱི་གནས་སྐབས་སྐྱེད་པའི་ཐིག་ལེ་ནི། མགྲིན་པ་དང་གསང་གནས་སུ་གནས་ཤིང་། སྟོད་ཀྱི་རླུང་རྣམས་མགྲིན་པར་འདུས་པ་དང་སྨད་ཀྱི་རླུང་རྣམས་གསང་གནས་སུ་འདུས་ཚེ་རྨི་ལམ་འཆར་རོ།།

 

སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ནི། སྤྱི་བོ་དང་ལྟེ་བར་གནས་ཤིང་། སྟེང་གི་རླུང་རྣམས་སྤྱི་བོར་འདུས་པ་དང་སྨད་ཀྱི་རླུང་རྣམས་ལྟེ་བར་འདུས་ཚེ་གཉིད་སད་པར་བྱེད་པར་གསུངས།།

 

བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ནི། སྤྱི་བོ་དང་གསང་གནས་སུ་གནས་ཤིང་། ཕོ་མོ་སྙོམས་འཇུག་གི་གནས་སྐབས་ཀྱི་བདེ་བ་སྐྱེད་པར་བྱེད་པར་གསུངས་སོ།།

 

གསང་སྔགས་བླ་མེད་ཀྱི་གཞུང་ལས། རྩ་རླུང་ཐིག་ལེའི་རྣམ་གཞག་རྒྱས་པ་ནི་གཙོ་བོ་དཔལ་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་འགྲེལ་པ་དང་བཅས་པ་ལས་འབྱུང་ལ། དེ་བཞིན་དུ་བདེ་མཆོག་གི་རྒྱུད་སྡོམ་འབྱུང་། ཀྱེའི་རྡོར་གྱི་རྒྱུད། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་པ་དང་བཅས་པ་རྣམས་སུའང་བཤད་པ་རྒྱས་པར་འབྱུང་།

 


༢) ནང་པའི་སྨན་གཞུང་ལས་བྱུང་བའི་རྩ་རླུང་གི་རྣམ་གཞག

 

དེ་ལ་གསོ་བ་རིག་པའི་གཞུང་རྣམས་ལས་རྩ་རླུང་གི་རྣམ་གཞག་རྒྱས་པར་བཤད་པ་ལས་འདིར་མདོ་ཙམ་ཞིག་འཆད་པ་ལ། ཐོག་མར་མངལ་དུ་ལུས་ཆགས་པའི་སྐབས་སུ་རྩ་འཁོར་རྣམས་བདུན་ཕྲག་གང་གི་སྐབས་སུ་ཆགས་པའི་ཚུལ་གསོ་བ་རིག་པའི་གཞུང་ལས་གསུངས་པའི་ཚུལ་ནི། རྒྱུད་བཞིའི་ (གསོ་རིག་རྒྱུད་བཞི་ནི། ལེགས་སྦྱར་ལས་བསྒྱུར་བའམ་དུས་རབས་བརྒྱད་པའི་ནང་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་བོད་སྐད་ཀྱི་རང་གཞུང་ཡིན་མིན་ལ། བོད་ཀྱི་གསོ་བ་རིག་པའི་མཁས་པ་རྣམས་བཞེད་པ་མི་མཐུན་པ་ཡོད།) བཤད་རྒྱུད་ལས།

         ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ།། མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས།།

         དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས།། བདུན་པར་མིག་གི་དབང་པོ་གཟུགས་སུ་དོད།།

         བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས།།86*

 

ཞེས་པ་ལྟར་མངལ་དུ་ལུས་ཆགས་པའི་ཟླ་བ་གཉིས་པའི་ནང་གི་བདུན་ཕྲག་ལྔ་པ་ལ་མངལ་ན་གནས་པའི་སེམས་ཅན་གྱི་ལུས་ཀྱི་ཆ་ཤས་རྣམས་ལས་དང་པོར་ལྟེ་བ་སྤྲུ་པའི་འཁོར་ལོ་རྩ་འདབ་བཞིའི་རྣམ་པ་ཙམ་ཆགས་ལ། བདུན་ཕྲག་དྲུག་པ་ལ་ལྟེ་བའི་རྩ་འདབ་ཀྱི་དབུས་དེ་ལ་བརྟེན་ནས་སྲོག་པ་རྩ་ཞེས་པ་གསང་སྔགས་ཀྱི་གཞུང་ལས་རྩ་དབུ་མ་ཞེས་མིང་བཏགས་པ་དེ་ཉིད་གྱེན་དུ་སོང་སྟེ་ཡར་སྣ་ལ་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བཞིའི་རྣམ་པ་དང་བཅས་པ་ཆགས། འདིར་དངོས་སུ་མ་གསུངས་ཀྱང་། བདུན་ཕྲག་བདུན་པ་ལ་སྙིང་ག་ནས་སླར་ཡང་སྲོག་རྩ་དེ་ཉིད་གྱེན་དུ་སོང་སྟེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་ཆགས། དེ་ནས་ཡང་སྲོག་རྩ་དེ་ཉིད་གྱེན་དུ་སོང་སྟེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མིག་དབང་དང་བཅས་པའི་གཟུགས་དོད་ནས། བདུན་ཕྲག་བརྒྱད་པའི་མཇུག་ཏུ་མིག་དབང་དང་བཅས་པའི་རྩའི་འཁོར་ལོ་དེ་ལ་བརྟེན་ནས་མགོ་བོའི་དབྱིབས་ཙམ་ཞིག་ཆགས། མགྲིན་པའི་རྩ་ཆགས་པ་དང་དུས་མཉམ་དུ་སྲོག་རྩ་དེ་ཉིད་ལྟེ་བ་ནས་ཐུར་དུ་སོང་བ་ལས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་རྩ་འདབ་ཆགས་པ་ཡིན་ནོ།།

 

ཡང་གསོ་བ་རིག་པའི་གཞུང་དུ་རྩའི་རྣམ་གཞག་འཆད་སྐབས་བཤད་རྒྱུད་ལས།

         འབྲེལ་པ་རྩ་ཡི་གནས་ལུགས་བསྟན་པ་ནི།།

         ཆགས་སྲིད་འབྲེལ་པ་ཚེ་ཡི་རྩ་དང་བཞི།།87

ཞེས་གསུངས་པ་ལྟར། རྩ་ཐམས་ཅད་ཀྱི་ཐོག་མར་ཆགས་པའི་རྩ་དང་། སྲིད་པའི་རྩ་དང་། འབྲེལ་པའི་རྩ་དང་། ཚེ་གནས་པའི་རྩ་བཅས་རྣམ་པ་བཞིའི་སྒོ་ནས་བཤད་ཅིང་། རྩའི་རིགས་ཐམས་ཅད་རླུང་རྩ། ཁྲག་རྩ། ཆུ་རྩ་གསུམ་དུ་བསྡུས་སོ། །གསོ་རིག་རྒྱུད་བཞི་སོགས་གསོ་རིག་གི་རྩ་བའི་གཞུང་རྣམས་ལས་རྩ་དབུ་མ་དང་རྐྱང་མ་དང་རོ་མ་སོགས་ཀྱི་ཐ་སྙད་དངོས་སུ་མ་བྱུང་ཡང་གསང་སྔགས་ཀྱི་ཐ་སྙད་དང་བསྟུན་ན་རླུང་རྩ་ཐམས་ཅད་དབུ་མ་དང་། ཁྲག་རྩ་ཐམས་ཅད་རོ་མ་དང། ཆུ་རྩ་ཐམས་ཅད་རྐྱང་མ་ལས་གྱེས་པར་བཤད་དོ།།

རྩ་བཞི་པོ་དེ་དག་ལས་ཆགས་པའི་རྩ་ཞེས་པ་ནི། མའི་མངལ་དུ་ལུས་ཆགས་པའི་སྐབས་སུ་རྩ་ཐམས་ཅད་ཀྱི་ཐོག་མར་ཆགས་པའི་ལྟེ་བའི་རྩ་ཡིན་ལ། དེ་ལས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་ལས་ཆུ་ཁམས་ཤས་ཆེར་རྒྱུ་བའི་རྩ་གཅིག་སྤྱི་བོར་སོང་སྟེ་ཀླད་པ་ཆགས་པའི་ཚུལ་ནི་འོག་ཏུ་སྨན་གཞུང་ལསབྱུང་བའི་ཀླད་པའི་རྣམ་གཞག་གི་སྐབས་སུ་འཆད་ལ། ཡང་རྩ་གསུམ་དུ་གྱེས་པ་དེ་ལས་ཁྲག་གམ་མེའི་ཁམས་རྒྱུ་བའི་རྩ་གཅིག་ལུས་ཀྱི་བར་མཆིན་པའི་ལུང་ཆེན་དུ་དྭངས་མ་ལེན་པའི་རྩ་ལ་ཟུག་ཅིང་། རྩ་དེའི་ཡལ་ག་གཉིས་ཚིགས་པ་བཅུ་གསུམ་པར་སོང་བ་དེ་ལ་བརྟེན་ནས་སྲོག་རྩ་ནག་པོ་ཡན་ལག་དང་བཅས་པ་ཆགས་ལ། ཁྲག་གིས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ཞེ་སྡང་དང་། ཉེར་ལེན་བྱས་ནས་མཁྲིས་པ་སྐྱེ་བས་ཞེ་སྡང་ཡང་ཁྲག་རྩ་ནག་པོ་དང་ཁྲག་ལ་བརྟེན་པའི་ཚུལ་གྱིས་གནས་ཤིང་། ཞེ་སྡང་གིས་མཁྲིས་པ་སྐྱེད་པས་ཞེ་སྡང་གློ་བུར་དུ་སྐྱེས་པའི་ཚེ་ལུས་ཀྱི་བར་ཉིད་ནས་འཁྲུག་པ་སྐྱེ་བར་མཐོང་ངོ་། །དེ་ལྟར་ཡང་བཤད་རྒྱུད་ལས།

         རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས།།

         ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས།།

         དེ་ལས་མཁྲིས་པ་སྐྱེད་པས་བར་ན་གནས།།88 ཞེས་པ་ལྟར་རོ།།

 

ཡང་རྩ་གསུམ་དུ་གྱེས་པ་དེའི་རྩེ་མོ་གཅིག་འོག་ནས་ཐུར་དུ་ཟུག་པ་དེ་ལས་བདེ་བའི་ཁམས་རྒྱུ་བའི་གསང་བའི་གནས་ཆགས་ལ། དེ་ཡང་ཁུ་བས་ནི་རླུང་གི་ཉེར་ལེན་དང་འདོད་ཆགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པས་འདོད་ཆགས་ནི་ཕོ་མོ་གཉིས་ཀའི་གསང་བར་གནས་པར་མཐོང་ཞིང་། འདོད་ཆགས་དེ་ལས་རླུང་སྐྱེའོ།།

དེ་ལྟར་ཡང་བཤད་རྒྱུད་ལས།

         རྩ་གཅིག་ཐུར་དུ་ཟུག་པས་གསང་བ་ཆགས།།

         འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ།།

         དེ་ལས་རླུང་སྐྱེད་སྨད་ན་གནས་པ་ཡིན།།89

ཞེས་གསུངས་པ་ལྟར་རོ།།

 

དེ་ལྟར་ཆགས་པའི་རྩ་བཤད་པའི་སྐབས་འདིར་བཤད་རྒྱུད་ལས། རྩ་གཅིག་གྱེན་ལ་སོང་བས་ཀླད་པ་ཆགས།། ཞེས་སོགས་ཀྱིས་རྩ་རྐྱང་མ་དང་། ཡང་། རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས།། ཞེས་སོགས་ཀྱིས་རྩ་རོ་མ་དང་། ཡང་། རྩ་གཅིག་ཐུར་དུ་ཟུག་པས་གསང་བ་ཆགས།། ཞེས་པས་ལྟེ་བའི་འོག་མན་ཆད་ཀྱི་རྩ་དབུ་མ་བསྟན་པར་བཤད་དོ།།

སྲིད་པའི་རྩ་ནི། ལུས་འདིར་སྲིད་པའམ་གནས་པའི་རྩ་བོ་ཆེ་གཙོ་ཆེ་བ་བཞི་ཡོད་པ་ལས། ཀླད་པར་གནས་པའི་རྩའི་སྡེ་ཚན་འཁྱིལ་བ་ཞེས་པ་དབང་པོ་ལྔ་སྐྱེད་པར་བྱེད་པ་དང་། ཡང་སྙིང་ཀར་གནས་པའི་རྩའི་སྡེ་ཚན་ཡིད་བཟང་མ་ཞེས་པ་དྲན་པའི་དབང་པོའམ་ཡིད་ཀྱི་དབང་པོ་གསལ་བར་བྱེད་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེད་པར་བྱེད་པ་དང་། ཡང་ལྟེ་བ་ལ་གནས་ཤིང་། ས་བོན་འཕེལ་འཛིན་གྱི་རྟེན་བྱེད་པའི་རྩའི་སྡེ་ཚན་བསྟེན་པ་ཞེས་པ་ལུས་ཀྱི་ཕུང་པོ་འདི་ཉིད་ཆགས་ཤིང་འཕེལ་བར་བྱེད་པ་དང་། ཡང་གསང་གནས་ལ་གནས་ཤིང་། བདེ་བའི་ཁམས་ཀྱི་རྟེན་བྱེད་པའི་རྩའི་སྡེ་ཚན་མཚན་ཉིད་ཅན་ཞེས་པ་བུ་ཚ་རིགས་རྒྱུད་མི་ཉམས་པར་སྐྱེད་ཅིང་འཕེལ་བར་བྱེད་པ་བཅས་སྡེ་ཚན་བཞི་ཡོད་ལ། རྩའི་སྡེ་ཚན་དེ་དག་རེ་རེའང་རྩ་ཕྲན་ལྔ་བརྒྱ་ལྔ་བརྒྱས་བསྐོར་ཏེ་གནས་པ་དང་། དེ་ལྟ་བུའི་རྩ་བོ་ཆེ་དེ་དག་ཀྱང་ལུས་ཀྱི་སྟེང་དང་འོག་དང་ཐད་ཀ་སོགས་ཀུན་ལ་གྱེས་པས་ལུས་ཀྱི་ཕུང་པོ་འདི་རྩའི་དྲ་བས་རྗེས་སུ་འཛིན་ཅིང་རིངདུ་འཚོ་བར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་བཤད་རྒྱུད་ལས།

         སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ།། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།།

         ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ།།

         སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།། ལུས་ཀྱི་ཕུང་པོ་ཆགས་པར་བྱེད་པའི་རྩ།།

         ལྟེ་བ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། བུ་ཚ་རིགས་བརྒྱུད་འཕེལ་བར་བྱེད་པའི་རྩ།།

         མཚན་མ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། སྟེང་འོག་ཐད་ཀར་ལུས་ཀུན་རྗེས་སུ་འཛིན།།90ཅེས་གསུངས་སོ།།

 

འབྲེལ་པའི་རྩ་ནི། བཤད་རྒྱུད་ལས།

         འབྲེལ་པའི་རྩ་ལ་དཀར་ནག་གཉིས་ཡོད་དེ།།91

ཞེས་པ་ལྟར་རོ་རྐྱང་དང་འབྲེལ་བའི་རྩ་ལ་ནང་དུ་ཁམས་དཀར་དམར་རྒྱུ་བའི་དབང་གིས་རིམ་བཞིན་སྲོག་རྩ་དཀར་པོ་དང་། སྲོག་རྩ་ནག་པོ་བཅས་རྩའི་རིགས་ཆེན་པོ་གཉིས་སུ་ཡོད་དོ།།

 

སྲོག་རྩ་དཀར་ནག་གཉིས་ལས་ཐོག་མར་རྩ་རོ་མ་དང་འབྲེལ་བའི་སྲོག་རྩ་ནག་པོ་ནི། ཁྲག་རྩའི་ཡལ་ག་ཐམས་ཅད་སྐྱེད་པའི་གཞི་སྡོང་པོ་ལྟ་བུ་ཡིན་ལ། དེ་ལས་ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཤ་ཁྲག་འཕེལ་བར་བྱེད་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་ཡོད་ཅིང་། དེ་དག་ནི་དོན་སྣོད་དང་ནང་དུ་འབྲེལ་བའི་སྦས་པ་ལྟ་བུའི་རྩ་ཆེན་བརྒྱད་དང་། ཡན་ལག་དང་ཕྱི་རོལ་ཏུ་འབྲེལ་བའི་མངོན་པར་གསལ་བའི་རྩ་བཅུ་དྲུག་བཅས་ཉེར་བཞིའོ།།

 

དེ་དག་ལས་གྱེས་པ་སྨན་པས་གཏར་བར་རུང་བའི་རྩ་བདུན་ཅུ་རྩ་བདུན་དང་། གཏར་བར་མི་རུང་བའི་གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་རྩ་ཕྲན་གྱི་གྲངས་བརྒྱ་དང་བརྒྱད་ཅུ་རྩ་དགུ་ཡོད་ལ། དེ་རྣམས་ལས་ཕྱི་རུ་པགས་པ་དང་འབྲེལ་བ་བརྒྱ་དང་ཉི་ཤུ། ནང་དུ་དོན་སྣོད་དང་འབྲེལ་བ་བརྒྱ་དང་ཉི་ཤུ། བར་དུ་རུས་རྐང་དང་འབྲེལ་བ་བརྒྱ་དང་ཉི་ཤུ་སྟེ་བསྡོམས་པས་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་པ་ཡིན་ནོ། །དེ་དག་ལས་ཀྱང་ལུས་ཀྱི་ཕྱི་ནང་བར་གསུམ་དུ་གྱེས་པའི་རྩ་ཕྲན་བདུན་བརྒྱ་དང་། དེ་ལས་ཀྱང་ཡང་ཕྲན་དུ་གྱེས་པའི་རྩ་ནི་ལུས་ལ་དྲ་བར་འབྲེལ་བས་ལུས་ཀྱི་ཕུང་པོ་འདི་ནི་རྩའི་ཕུང་པོ་ཆེན་པོར་གྲུབ་བོ། །དེ་ལྟར་ཡང་བཤད་རྒྱུད་ལས།

         སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ།། ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པ་ཡི།།

         ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི།། དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད།།

         ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག། དེ་ལས་གྱེས་པའི་གཏར་རྩ་བདུན་ཅུ་བདུན།།

         གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ།། འདྲེས་པའི་རྩ་ཕྲན་བརྒྱ་དང་བརྒྱད་ཅུ་དགུ།

         དེ་ལས་ཕྱི་ནང་བར་གསུམ་བརྒྱ་ཉི་ཤུ།། རྩ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་པ་ཡིན།།

         དེ་ལས་རྩ་ཕྲན་བདུན་བརྒྱ་དག་ཏུ་གྱེས།། དེ་ལས་ཡང་ཕྲན་ལུས་ལ་དྲ་བར་འབྲེལ།།92 ཞེས་གསུངས་སོ།།

 

རྩ་རྐྱང་མ་དང་འབྲེལ་བའི་སྲོག་རྩ་དཀར་པོ་ནི། རྐྱང་མའི་ཡར་སྣས་བསྐྱེད་པའི་ཀླད་པ་ནི་རྩ་དཀར་ཐམས་ཅད་སྐྱེད་པའི་གཞི་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེ་ལས་ཁ་ཐུར་བལྟས་སུ་ཟུག་པའི་རྩ་རྒྱུངས་པ་ནི་སྲོག་རྩ་དཀར་པོ་ཡིན་ལ། དེ་ལས་རྩ་ཕྲན་རྣམས་གྱེས་ཚུལ་ཀླད་པའི་རྣམ་གཞག་དང་འབྲེལ་ཆེ་བས་འོག་ཏུ་འཆད་དོ།།

 

ཚེ་གནས་པའི་རྩ་ཞེས་པ་ནི། མིའི་ལུས་ཀྱི་ཆ་ཤས་འགའ་ཞིག་ལ་འཕོ་ཞིང་རྒྱུ་བའི་ཚེའམ་སྲོག་ལ་རྩའི་མིང་གིས་བཏགས་པ་ཡིན་ལ། དེ་ལ་གསུམ་ཡོད་དེ། གཅིག་ནི་ཡི་གེའི་རྣམ་པ་ཅན་གྱི་ཁམས་རྣམས་ལ་རེས་མོས་ཀྱིས་འཕོ་ཞིང་། ཉ་སྟོང་གི་དུས་སུ་མགོ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་ཞིག་དང་། གཅིག་ནི་སྣའི་སྒོ་ནས་འབྱུང་བའི་དབུགས་དང་མཉམ་དུ་འགྲོགས་པའི་ཚུལ་གྱིས་རྒྱུ་ཞིང་ཕྱི་རུ་སོར་བཅུ་དྲུག་ཙམ་དུ་ཕྱིན་ནས་སླར་ཡང་ནང་དུ་འཇུག་ཞིག་དང་། གཅིག་ནི་བླ་འཁྱམས་པ་ཞེས་འཇིག་རྟེན་ན་གྲགས་པ་དེ་དང་འདྲ་སྟེ། རྟག་ཏུ་ལག་པའི་ཆུ་རྒྱུས་ཀྱི་གསེབ་ནས་བརྒྱུད་དེ་ཕྱི་རོལ་ཏུ་རྒྱུ་བ་ཞིག་དང་གསུམ་མོ། །འདི་དག་ཀུན་ཀྱང་སྲོག་གི་ཆ་ཤས་སུ་གྱུར་པ་ཡིན་པས་ན་ཚེ་ཞེས་པའི་མིང་བཏགས་པ་ཡིན་ནོ། །དེ་སྐད་དུ་བཤད་རྒྱུད་ལས།

         མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ།། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས།།

         གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ།། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན།།93 ཞེས་གསུངས།

 

ཡང་ཚེའི་རྩ་ངོས་འཛིན་ཚུལ་གཞན་ཞིག་ནི། ཡུན་རིང་དུ་གནས་ཤིང་སྲོག་འཚོ་བའི་རྩ་རིགས་གཙོ་བོ་གསུམ་སྟེ། གཅིག་ནི་མཆིན་པ་དང་གཙོ་ཆེར་འབྲེལ་ཞིང་མཆིན་པ་ལས་གྱེས་པའི་ཁྲག་རྩའི་སྡོང་པོ་གཙོ་བོ་དེ་ཡིན་ལ། རྩ་དེའི་ཡན་ལག་རྩ་ཕྲན་རྣམས་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དང་། གཅིག་ནི་སྙིང་ལས་གྱེས་ཤིང་རླུང་ཁྲག་གཉིས་འཛོམས་ཀྱི་རྩ་གཙོ་བོ་དེ་ཡིན་ལ། དེའི་ཡན་ལག་རྩ་ཕྲན་དང་བཅས་པ་རྣམས་དབུགས་དང་འགྲོགས་ནས་འཕར་བ་དང་། གཅིག་ནི་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས་གྱེས་པའི་ཆུ་རྩའམ་རྩ་དཀར་གྱི་སྡོང་པོ་གཙོ་བོ་དེ་ཡིན་ལ། དེའི་ཡན་ལག་རྩ་ཕྲན་རྣམས་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་བླ་དང་འདྲ་བར་ལུས་ཐམས་ཅད་ལ་འཁྱམས་པའི་ཚུལ་དུ་གནས་པ་སྟེ་དེ་གསུམ་ལ་ཚེ་ཡི་རྩ་གསུམ་ཞེས་བཤད།

 

གཞན་ཡང་ཕྱི་མ་རྒྱུད་ལས།

         ཐ་མལ་རྩ་ལ་རྩ་རྒྱུད་གསུམ་དུ་བརྟག །

ཅེས་འབྱུང་བ་ལྟར། ནད་ཀྱིས་མ་བསླད་པར་ཐ་མལ་དུ་གནས་པ་རྣམས་ལ་རེག་པའི་སྒོ་ནས་བརྟག་པར་བྱ་བའི་རྩ་རྣམས་ཕོ་རྩ་མོ་རྩ་བྱང་ཆུབ་སེམས་རྩ་བཅས་གསུམ་དུ་འདུ་ཞིང་། དེ་དག་ལས་ཕོ་རྩ་ཞེས་པ་ནི་སྦོམ་ལ་རགས་པར་འཕར་བ་དང་། མོ་རྩ་ཞེས་པ་ནི་ཕྲ་ལ་མྱུར་བའི་ཚུལ་དུ་འཕར་བ་དང་། བྱང་ཆུབ་སེམས་རྩ་ཞེས་པ་ནི་རྒྱུན་རིང་ཞིང་འཇམ་ལ་མཉེན་པར་འཕར་བའི་རྩ་ཞིག་ལ་ངོས་འཛིན་པ་སོགས་གསོ་བ་རིག་པའི་གཞུང་རྣམས་སུ་རྩའི་རྣམ་གྲངས་་པར་འབྱུང་བ་ལས་འདིར་མཚོན་ཙམ་བཀོད་དོ།།

 

རྩའི་ངོ་བོ་ནི། བཤད་རྒྱུད་ལས།

         རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན།། འབྲེལ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང་།།

         སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།། ཞེས་པ་ལྟར།

རླུང་དང་ཁྲག་དང་དྭངས་མ་རྣམས་དང་སྙིགས་མ་ཐམས་ཅད་རྒྱུ་བའི་བུ་ག་ཕྲ་རགས་རྣམས་ཀྱིས་ལུས་ཀྱི་ཕྱི་ནང་ཀུན་ཏུ་འབྲེལ་བར་བྱས་པས་ལུས་འདི་སྐྱེད་ཅིང་ཡུན་རིང་དུ་གནས་པར་བྱེད་པས་ལུས་ཀྱི་རྩ་བ་ལྟ་བུ་དང་། སྲོག་གནས་པའི་རྩ་བ་ལྟ་བུ་ཡིན་པས་ན་རྩ་ཞེས་བྱའོ།།

རྩ་དེ་དག་གི་སྦུབས་རྣམས་སུ་རྒྱུ་བའི་རླུང་གི་རྣམ་གཞག་མཚོན་ཙམ་འཆད་པ་ལ། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ལས། “དེ་ལ་རླུང་ནི་རྩུབ་ཅིང་ཡང༌། །གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཉེས་པ་དེ་རྣམས་ཀྱི་ནང་ནས། རླུང་ནི་རྩུབ་པ་དང༌། ཡང་བ་དང༌། གྲང་བ་དང༌། སྲ་བ་དང༌། ཕྲ་བ་སྟེ། རྩ་སྦུབས་ཕྲ་མོ་ལ་འཇུག་པ་དང་གཡོ་བ་སྟེ། འགྲོ་བའི་ངང་ཚུལ་ཅན་གཅིག་ཏུ་མི་གནས་པ་ཡིན་ནོ། །”95 ཞེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ (གཞུང་འདི་ཤིན་ཏུ་རྒྱས་ལ་བསྟན་འགྱུར་དུ་མི་བཞུགས་ཤིང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་ལ་སྔོན་གྱི་མཁས་པ་རྣམས་བཞེད་པ་མི་མཐུན་ཡང་། སྨན་གཞུང་རྙིང་གྲས་ཤིག་ཡིན་མིན་ལ་རྩོད་པ་མེད་པར་མངོན་ཏེ། གཞུང་རང་ཉིད་ཀྱི་འགྱུར་བྱང་དུ་ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་བར་བཤད་ཅིང་། ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་ཕྱི་མས་བརྩམས་པའི་རྒྱུད་བཞིའི་འགྲེལ་པ་ཆ་ལག་བཅོ་བརྒྱད་དུའང་གཞུང་དེ་དྲངས་པ་དང་། བཀའ་ཐང་སྡེ་ལྔའི་བློན་པོ་བཀའ་ཐང་དུའང་གཞུང་དེ་ཀླུ་སྒྲུབ་ཀྱི་ཡིན་ཚུལ་འབྱུང་བས་སོ།།) ལས།

         རླུང་གི་མཚན་ཉིད་ཡང་བ་སྟེ།།

ཞེས་རྩའི་སྦུབས་སུ་རྒྱུ་བའི་རླུང་གི་རང་བཞིན་གསུངས།


རླུང་ལ་དབྱེ་ན། ཕན་པ་དང་གནོད་པའི་རང་བཞིན་ཅན་གྱི་རླུང་གཉིས་ཡོད་ཅིང་། ཕན་པའི་རླུང་ལ་དབྱེ་ན། ༡ སྲོག་འཛིན། ༢ ཀུན་ལ་ཁྱབ་པ། ༣ མེ་འདྲ་འཇུ་བྱེད། ༤ ཐུར་སེལ། ༥ གྱེན་རྒྱུ་བཅས་ལྔ་ཡོད་ལ། དེ་དག་གི་གནས་དང་བྱེད་ལས་ནི། སྲོག་འཛིན་ལྟེ་བ་ལ་གནས་ཏེ་དབུགས་ནང་དུ་འཛིན་ལ། ཀུན་ལ་ཁྱབ་པ་ལུས་ཀུན་ལ་ཁྱབ་ཅིང་། ལུས་འདེགས་འཇོག་དང་དབང་པོ་ལྔ་གསལ་བའི་བྱ་བ་བྱེད། མེ་དང་འདྲ་བས་ཟས་འཇུ་བ་དང་ཟས་ཀྱི་དྭངས་སྙིགས་འབྱེད། གྱེན་རྒྱུ་འབྱུང་བ་ལྔ་དང་འགྲོགས་ཏེ་སྣ་བུག་གཡས་གཡོན་དུ་རྒྱུ། ཐུར་སེལ་གྱིས་བཤང་གཅི་འཕེན་པ་དང་འཛིན་པའི་བྱ་བ་བྱེད་ཅིང་། གློ་བ་དང་ལོང་ག་ལ་གནས་པར་བཤད་དེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

         རླུང་ལ་དབྱེ་ན་རྣམ་པ་གཉིས། །ཕན་དང་གནོད་པ་དག་ཡིན་ནོ།།

         ཕན་པས་སྟོབས་བསྐྱེད་གནོད་པས་ཉམས། །དབང་པོ་དག་ལ་ལྔ་དག་ནི།།

         སྲོག་འཛིན་པ་དང་ཀུན་ལ་ཁྱབ། །མེ་འདྲ་འཇུ་བྱེད་གྱེན་དུ་རྒྱུ།།

         ཐུར་དུ་སེལ་དང་ལྔ་དག་གོ། །སྲོག་འཛིན་པ་ནི་ལྟེ་བ་ན།།

         གནས་ཏེ་དབུགས་དག་ནང་དུ་འཛིན། །ཀུན་ལ་ཁྱབ་པས་ལུས་ཀུན་ལ།།

         འདེགས་འཇོག་དབང་པོ་ལྔ་གསལ་བྱེད། །མེ་དང་འདྲ་བ་ཟས་འཇུ་སྟེ།།

         དྭངས་མ་དག་དང་སྙིགས་མར་འབྱེད། །གྱེན་དུ་རྒྱུ་བས་འབྱུང་བ་ལྔ།།

         བསྡོངས་པས་སྣ་བུག་གཡས་གཡོན་དུ། །ཐུར་སེལ་བཤང་དང་གཅི་བའོ།།

         གནས་ནི་གློ་དང་ལོང་དག་ལ། །གནས་པས་ལུས་དང་སྟོབས་བསྐྱེད་པའོ།།97 ཞེས་སོ།།

གནོད་པའི་རླུང་ནི། རྐྱང་པ་དང་། ཚ་བ་དང་བསྡོངས་ནས་ནད་སྐྱེད་པ་དང་། གྲང་བ་དང་བསྡོངས་ནས་ནད་རྒྱས་པར་བྱེད་པའི་རླུང་གསུམ་ཡོད་ཚུལ་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

         གནོད་པའི་རླུང་ནི་རྣམ་གསུམ་སྟེ། །རྐྱང་པ་དག་དང་ཚ་བ་དང་།།

         གྲང་བ་དག་དང་བསྡོངས་པའོ།། ཞེས་དང་།

         ནད་ཀུན་རླུང་གིས་རྒྱས་པར་བྱེད།། ཅེས་གསུངས་སོ།།

 

དེ་བཞིན་དུ་གསོ་རིག་རྒྱུད་བཞི་ལས་ཀྱང་རླུང་གི་དབྱེ་བ་དང་། གནས་དང་། བྱེད་ལས་བཅས་གསུངས་པའི་ཚུལ་ནི། བཤད་རྒྱུད་ལས།

         རླུང་ལ་དབྱེ་ན་སྲོག་འཛིན་གྱེན་རྒྱུ་དང་།།

         ཁྱབ་བྱེད་མེ་མཉམ་ཐུར་སེལ་རྣམ་པ་ལྔ།།98 ཞེས་དང་།

 

ཡང་དེ་ཉིད་ལས།

         ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས།། གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད།།

         དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེག་པ་འབྱིན།། བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད།།

         གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས།། སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་ལ།།

         སྟོབས་མདངས་ཁ་དོག་འབད་རྩོལ་དྲན་གསལ་བྱེད།། ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ།།

         ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ།། བརྐྱང་བསྐུམ་འབྱེད་འཛུམ་བྱ་བ་ཕལ་རག་ལུས།།

         མེ་དང་མཉམ་པའི་རླུང་ནི་ཕོ་བར་གནས།། ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ།།

         དྭངས་སྙིགས་འབྱེད་ཅིང་གནོད་བྱ་སྨིན་པར་བྱེད།། ཐུར་དུ་སེལ་བའི་རླུང་ནི་གཞང་ལ་གནས།།

         ལོང་དང་ལྒང་པ་གསང་བ་བརླ་ནང་རྒྱུ།། ཁུ་ཁྲག་གཤང་གཅི་མངལ་གནས་འབྱིན་སྡོམ་བྱེད།།99 ཅེས་འབྱུང་བ་ལྟར་རོ།།

 

 

ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་བཞག་གི་མཆན།

 

66         སྡེ་དགེ བསྟན། རྒྱུད་འགྲེལ། ཞི ཤླཽཀ ༢ ཤོག ༢༧༦ བ། དཔེ་བསྡུར་མ། དེབ། ༢༦ ཤོག ༡༧༤༧

67         སྡེ་དགེ བཀའ། དཀོན་བརྩེགས། ག བམ་པོ་དང་པོ། ཤོག ༢༤༡ ན། དཔེ་བསྡུར་མ། དེབ། ༤༡ ཤོག ༧༤༡

68         སྡེ་དགེ བཀའ། རྒྱུད། ཁ། རིམ་པར་ཕྱེ་བ་བདུན་པ། ཤླཽཀ ༢༠ ཤོག ༢༧༣ ན། དཔེ་བསྡུར་མ། དེབ། ༧༨ ཤོག ༧༩༣

69         སྡེ་དགེ བཀའ། རྒྱུད། ཅ། ལེའུ་སུམ་ཅུ་པ། ཤླཽཀ ༩ ཤོག ༢༤༢ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༣༣

70         གོང་མཚུངས། ཤླཽཀ ༡༠ ཤོག ༢༤༢ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༣༣

71         སྡེ་དགེ བཀའ། རྒྱུད། ག བརྟག་པ་དྲུག་པའི་རབ་བྱེད་གཉིས་པ། ཤླཽཀ ༡༤-༡༥ ཤོག ༡༡༢ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༣༠༥

72         སྡེ་དགེ བཀའ། རྒྱུད། ང་། ལེའུ་དང་པོ། ཤོག ༢ བ། དཔེ་བསྡུར་མ། དེབ། ༨༠ ཤོག ༤

73         སྡེ་དགེ བཀའ། རྒྱུད། ཅ། ལེའུ་སུམ་ཅུ་པ། ཤླཽཀ ༡༡ ཤོག ༢༤༢ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༣༤

74         གོང་མཚུངས། ཤླཽཀ ༡༡-༡༢ ཤོག ༢༤༢ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༣༤

75         གོང་མཚུངས། ཤླཽཀ ༢-༤ ཤོག ༢༤༢ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༣༣

76         སྡེ་དགེ བཀའ། རྒྱུད། ཁ། རིམ་པར་ཕྱེ་བ་བདུན་པ། ཤླཽཀ ༡-༢ ཤོག ༢༧༢ ན། དཔེ་བསྡུར་མ། དེབ། ༧༨ ཤོག ༧༩༢

77         སྡེ་དགེ བཀའ། རྒྱུད། ཁ། ལེའུ་ལྔ་པ། ཤླཽཀ ༢ ཤོག ༡༥༣ བ། དཔེ་བསྡུར་མ། དེབ། ༧༨ ཤོག ༤༤༣

78         སྡེ་དགེ བཀའ། རྒྱུད། ཅ། ལེའུ་དྲུག་པ། ཤླཽཀ ༡༠ ཤོག ༢༡༦ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༧༧༢

79         སྡེ་དགེ བསྟན། རྒྱུད་འགྲེལ། ཐ། ནང་ལེའི་མདོར་བསྡུས་གཉིས་པ། ཤོག ༢༣༩ བ། དཔེ་བསྡུར་མ། དེབ། ༦ ཤོག ༥༦༥

80         སྡེ་དགེ བཀའ། རྒྱུད། ཅ། ལེའུ་དང་པོ། ཤླཽཀ ༢༧-༢༨ ཤོག ༡༥༨ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༦༡༤

81         སྡེ་དགེ བསྟན། རྒྱུད་འགྲེལ། ངི་། རིམ་པ་དང་པོ། ཤླཽཀ ༡༢ ཤོག ༤༥ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༢༩

82         སྡེ་དགེ བཀའ། རྒྱུད། ཅ། ལེའུ་གསུམ་པ། ཤླཽཀ ༨ ཤོག ༢༡༣ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༧༦༥

83         སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ལེའུ་གཉིས་པ། ཤོག ༦༤ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༡༨༠

84         གོང་མཚུངས། ཤོག ༦༤ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༡༨༠

85       གསང་སྔགས་བླ་མེད་ཀྱི་གཞུང་ལས། རྩ་རླུང་ཐིག་ལེའི་རྣམ་གཞག་རྒྱས་པ་ནི་གཙོ་བོ་དཔལ་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་འགྲེལ་ པ་དང་བཅས་པ་ལས་འབྱུང་ལ། དེ་བཞིན་དུ་བདེ་མཆོག་གི་རྒྱུད་སྡོམ་འབྱུང་། ཀྱེའི་རྡོར་གྱི་རྒྱུད། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ པ་ དང་བཅས་པ་རྣམས་སུའང་བཤད་པ་རྒྱས་པར་འབྱུང་།

86         མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༧ སྡེ་དགེ་དཔར་མར་མ་ཕྱི་བྱས་ཏེ་པར་དུ་བཏབ་པའི་གསོ་རིག་རྒྱུད་བཞི། བཤད་རྒྱུད། ལེའུ་གཉིས་པ།             ཤླཽཀ ༢༣-༢༤ ཤོག ༢༧

87         རྒྱུད་བཞི། བཤད་རྒྱུད། ལེའུ་བཞི་པ། ཤླཽཀ ༨ ཤོག ༣༡

88         གོང་མཚུངས། ཤླཽཀ ༩ ཤོག ༣༢

89         གོང་མཚུངས། ཤླཽཀ ༡༠ ཤོག ༣༢

90         གོང་མཚུངས། ཤླཽཀ ༡༡-༡༣ ཤོག ༣༢

91         གོང་མཚུངས། ཤླཽཀ ༡༣ ཤོག ༣༢

92         གོང་མཚུངས། ཤླཽཀ ༡༣-༡༦ ཤོག ༣༢

93         གོང་མཚུངས། ཤླཽཀ ༡༨ ཤོག ༣༢

94         གོང་མཚུངས། ཤླཽཀ ༡༩ ཤོག ༣༢

95         སྡེ་དགེ བསྟན། གསོ་རིག ཀོ ལེའུ་དང་པོའི་འགྲེལ་པ། ཤོག ༧ བ། དཔེ་བསྡུར་མ། དེབ། ༡༡༣ ཤོག ༡༦

96         སྨན་དཔྱད་ཟླ་བའི་རྒྱལ་པོ།ལེའུ་ཉེར་ལྔ། ཤླཽཀ ༥ ཤོག ༨༦ མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༧ལོར་དཔར་སྐྲུན་བྱས་པ།

97         སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་ལྔ་པ། ཤླཽཀ ༡༥-༡༩ ཤོག ༢༧98 རྒྱུད་བཞི། བཤད་རྒྱུད། ལེའུ་ལྔ་པ། ཤློཀ ༡༨ ཤོག ༣༦

99         རྒྱུད་བཞི། བཤད་རྒྱུད། ལེའུ་ལྔ་པ། ཤླཽཀ ༢༥-༢༨ ཤོག ༣༦


འབྲེལ་ཡོད་རྩོམ་ཡིག་གཞན།

 
  1. ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར། 
  2. ནང་པའི་སྨན་གཞུང་ལས་ཀླད་པའི་རྣམ་གཞག
  3. ནང་པའི་ཚན་རིག་ལས་ལུས་སེསམ་འབྲེལ་ཚུལ་ལ་དཔྱད་པ།

 

 

ཀུན་བཏུས་པོད་ལྔ་པའི་འབྲེལ་ཡོད་རྩོམ་གཞུང་གཞན།

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

དུས་འཁོར་རྒྱུད་དང་སྨན་གཞུང་ལས་མངལ་ཆགས་རིམ་སྐོར།

མདོ་སྡེ་ལས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་ཚུལ།

སྐྱེ་བའི་གནས་བཤད་པ།

ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།



མཐའ་མའི་འདོན་ཐེངས་།: 22.09.2016 ཉིན། 4:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།