སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་དོན་རིག་པའི་ལུས་སེམས་སྲོག་གི་རྒྱུ་རྐྱེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.12.2016
ཆེད་རྩོམ། >>

 


ནང་དོན་རིག་པའི་ལུས་སེམས་སྲོག་གི་རྒྱུ་རྐྱེན།

- དགའ་བྱང་དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ།

 

                                    འཇིགས་རུང་ཀུན་འབྱུང་མི་སྡོད་དུས་འགྱུར་གྱིས།།

                                    སྲིད་པའི་གཡང་བསྐྱུར་རིགས་དྲུག་མཛོ་མོ་དཀར།།

                                    བརྩེ་ཆེན་རླུང་གིས་ཞི་བསིལ་མཁའ་དབྱིངས་སུ།།

                                    འདྲེན་མཛད་སྟོན་མཆོག་གཡོ་བྱེད་མགོན་དེ་རྒྱལ།།

                                    གང་གི་དགོངས་མཐིལ་གཞལ་མེད་ནོར་གྱི་དཔྱ།།

                                    ཡིད་འཕྲོག་ལུང་རིགས་སྟོང་གི་སྐྱ་བར་ནས།།

                                    ཕྱོགས་ཀྱི་སྐལ་ལྡན་ལག་ཏུ་གཏོད་མཛད་པ།།

                                    གངས་ཅན་འདྲེན་པ་རྒྱལ་བའི་དབང་པོར་འདུད།།

                                    རབ་མཛེས་ཅང་ཤེས་རྐྱང་སེར་དྲེ་འུའི་སྟེང་།།

                                    སྲིན་མོའི་གཟུགས་ལ་བྱམས་པའི་ཐུགས་མངའ་བ།།

                                    ལེགས་ཉེས་ཤན་འབྱེད་འཕྲིན་ལས་ལྷ་མོ་ཡིས།།

                                    རྣམ་དཀར་བྱ་བ་སྒྲུབ་པའི་གྲོགས་མཛོད་ཅིག།

            ཅེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་ཅིང་འཕྲིན་ལས་བཅོལ་བ་སྔོན་དུ་བཏང་སྟེ་སྐབས་དོན་ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར་རོབ་ཙམ་བཤད་པ་ལ།

 

ལུས་ཀྱི་རྒྱུ་རྐྱེན།

            སྤྱིར་ལུས་ཞེས་པ་ཡན་ལག་དུ་མ་ཚོགས་པ་ཞིག་ལ་འཇོག་སྟེ། སྨྲ་སྒོ་མཚོན་ཆ་ལས། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ། ཞེས་གསུངས་སོ།། དེ་ལྟ་བུའི་ལུས་ལ་དབྱེ་ན་མངོན་རྟོགས་རྒྱན་གྱི་ལུས་མདོར་བསྟན་གྱི་ཚིག་ལྟ་བུའི་རྗོད་བྱེད་ཀྱི་ལུས་དང་། དངོས་བརྒྱད་དོན་བདུན་ཅུ་ལྟ་བུའི་བརྗོད་བྱའི་ལུས་གཉིས་ཡོད་དེ། རིགས་ཐིགས་རྒྱ་ཆེར་འགྲེལ་ལས། རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ། སྒྲ་དང་དོན་ཏོ།། ཞེས་གསུངས་པ་ལྟར་རོ།། ཡང་ལུས་ལ་དབྱེ་ན་རང་རྒྱུད་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལྟ་བུའི་ནང་གི་ལུས་དང་། རང་ལ་ལྟོས་ཏེ་རྒྱུད་གཞན་གྱི་ཤ་ཁྲག་གི་ཕུང་པོ་དང་རྒྱུད་ཀྱིས་ཡེ་ནས་མ་བསྡུས་པའི་རྡུལ་ཕྲན་ལྟ་བུའི་ཕྱིའི་ལུས་གཉིས་སུ་ཡང་ཡོད་དེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། འདི་ལ་ནང་གི་ལུས་ལ་སོགས་པ་རྣམས་ཅི་ཡིན། ཕྱིའི་ལུས་ལ་སོགས་པ་རྣམས་ཅི་ཡིན་ཞེ་ན། སྨྲས་པ། རང་གི་རྒྱུད་ཀྱིས་བསྡུས་པའི་གཟུགས་ནི། ནང་གི་ལུས་ཞེས་བྱ་བ་དང་། གཞན་གྱི་རྒྱུད་ཀྱིས་བསྡུས་པའི་གཟུགས་དང་སེམས་ཅན་དུ་མི་བགྲང་བའི་གཟུགས་རྣམས་ནི། ཕྱིའི་ལུས་ཞེས་བྱའོ།། ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་བཤད་པ་ཆེན་པོ་འདིར་གཞན་རྒྱུད་ཀྱི་གཟུགས་དང་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་གཉིས་ཕྱིའི་ལུས་སུ་གསུངས་པ་ནི། ཕྱིའི་ལུས་ཀྱི་དངོས་བཏགས་མ་ཕྱེ་བར་དཔེ་མཚོན་ཙམ་བཞག་པ་ལས་ཁྱབ་མཐའ་བཟུང་བ་མིན་ཞིང་། དོན་དུ་ན་གོང་དུ་དྲངས་པའི་ལུང་གཉིས་དང་ཁོག་གཅིག་པར་སྣང་བས་བསྟན་བཅོས་ལ་གྲགས་པ་དང་བསྟུན་ན་ཆ་བཅས་ཤིག་ཡིན་ཕྱིན་ཕྱི་ནང་གང་རུང་གི་ལུས་སུ་ཁས་ལེན་དགོས་པ་འདྲའོ།། ཡང་བཤད་ཆེན་དེར་ད་ལྟ་བའི་ཆོས་རྣམས་ཕལ་ཆེར་གྱི་དབང་གིས་སེམས་ཅན་གྱིས་འཛིན་ཆགས་བྱེད་པས་ནང་གི་ལུས་དང་། འདས་པ་དང་མ་འོངས་པ་དང་འདུས་མ་བྱས་རྣམས་ཕལ་ཆེར་གྱི་དབང་གིས་སེམས་ཅན་གྱིས་འཛིན་ཆགས་མི་བྱེད་པས་ཕྱིའི་ལུས་སུ་བཙུན་པ་པཱ་ཤ་རཱས་བཞེད་པར་གསུངས་པ་ནི་བཙུན་པ་ཁོང་གི་བཤད་སྲོལ་བཀོད་པ་ཙམ་ཡིན།


            རང་གི་ལུགས་ནི། སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་ཆོས་ལ་ནང་གི་ལུས་དང་། སྐྱེས་བུའི་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ལ་ཕྱིའི་ལུས་སུ་འཇོག་སྟེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གཞན་དག་ན་རེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ལུས་ནི་ནང་གི་ལུས་ཞེས་བྱ་བ་དང་། སེམས་ཅན་གྱི་གྲངས་སུ་མི་གཏོགས་པའི་ལུས་ནི་ཕྱིའི་ལུས་ཞེས་བྱ་བའོ།། ཞེས་གཞན་གྱི་འདོད་པ་བརྗོད་པའི་ཚུལ་གྱིས་རང་གི་ལུགས་གསུངས་པ་ལྟར་རོ།། འདིར་སེམས་ཅན་གྱི་གྲངས་སུ་མི་གཏོགས་པའི་ལུས་ནི་ཕྱིའི་ལུས་ཞེས་བྱ་བའོ་ཞེས་པ་དང་། གོང་དུ་དྲངས་པའི་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་གཟུགས་དང་སེམས་ཅན་དུ་མི་བགྲང་བའི་གཟུགས་རྣམས་ནི། ཕྱིའི་ལུས་ཞེས་བྱའོ་ཞེས་པ་གཉིས་གོང་འོག་བསྒྲིལ་ན་གཞན་རྒྱུད་ཀྱི་གཟུགས་རང་རྒྱུད་ཀྱིས་བསྡུས་པ་ལ་ལྟོས་ཏེ་ཕྱིའི་ལུས་ཡིན་ཡང་སྤྱིར་ཕྱིའི་ལུས་མིན་ཞེས་ཞིབ་ཆ་འབྱེད་དགོས་པ་གཞུང་གི་དོན་ནོ།།


            ཡང་ལུས་ལ་དབྱེ་ན་རགས་པའི་ལུས་དང་། ཕྲ་བའི་ལུས། ཤིན་ཏུ་ཕྲ་བའི་ལུས་གསུམ་དུ་ཡང་ཡོད་དེ། རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་སེམས་ཀྱི་གནས་ཐབས་ལ། །རགས་དང་ཕྲ་དང་ཤིན་ཏུ་ཕྲ།། ཞེས་གསུངས་སོ།། པཎ་ཆེན་ནཱ་རོ་པའི་གསུངས་ཚུལ་འདི་ནི་འཇིག་རྟེན་ལ་གྲགས་པ་དང་ལུས་རགས་པ་གཅིག་པུའི་སྒོ་ནས་མཚུངས་ཤིང་། བླ་ནས་ཕེབས་སྒོ་ལྟར་གྱི་བརྗོད་གཞི་ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར་ཞེས་པའང་འཇིག་རྟེན་ལ་གྲགས་པ་ཉིད་གཞིར་བཟུང་ཡིན་ཚོད་འདུག་པ་དང་། འདིའི་ལུས་རགས་པའི་ངོས་འཛིན་དང་རྒྱུ་རྐྱེན་སྐོར་བཤད་ན། བརྗོད་གཞི་དེའི་ལུས་ཀྱི་རྒྱུ་རྐྱེན་སྐོར་ཡང་བཤད་པར་འགྱུར་ཕྱིར་འདི་ལྟར། ད་ལྟ་ང་རང་ཚོའི་རྒྱུད་ཀྱི་ཤ་ཁྲག་རུས་གསུམ་ཚོགས་པའི་ཟག་ཕུང་འདི་ལྟ་བུ་ལུས་རགས་པ་ཡིན་ཞིང་། སྔར་ང་ཚོའི་ཕ་མ་གཉིས་འདུས་པའི་ཁུ་ཁྲག་དཀར་དམར་གཉིས་ལྟ་བུ་ང་ཚོའི་ཟག་ཕུང་འདིའི་ཉེར་ལེན་ནམ་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྒྱུ་དང་། ང་ཚོས་སྐྱེ་བ་སྔ་མའི་སྐབས་ནས་བསགས་པའི་ཟག་ཕུང་འདི་འཕེན་བྱེད་ཀྱི་ལས་ལྟ་བུ་ང་ཚོའི་ཟག་ཕུང་འདིའི་ལྷན་ཅིག་བྱེད་རྐྱེན་དང་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྐྱེན་ཡིན་ནོ།། དེ་ཡང་མངལ་དུ་འཇུག་པའི་མདོ་ལས། ཕ་མ་ཡང་ཆགས་པའི་སེམས་སྐྱེས་པར་གྱུར། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། གོང་མ་ལྟ་བུའི་སྐྱོན་མང་པོ་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ལྡན་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ།། ཞེས་གསུངས། དེ་ཡང་ཆགས་པའི་སེམས་སྐྱེས་པར་གྱུར་ཅེས་པས་བརྟེན་པ་ཙམ་གྱི་ཆགས་པ་དངོས་སུ་བསྟན་ནས་བླ་མེད་ཀྱི་རྣལ་འབྱོར་པ་ཕོ་མོར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟེན་དང་ཐ་མལ་པར་ཆགས་པའི་རྟེན་ཙམ་གྱི་ཉེར་ལེན་ཕ་མའི་ཁུ་ཁྲག་དོན་གྱིས་བསྟན་ཅིང་། ལས་ཀྱི་རྐྱེན་དང་ཞེས་པས་ལྷན་ཅིག་བྱེད་རྐྱེན་སྔོན་གྱི་ལས་དངོས་སུ་བསྟན། གཞན་ཡང་དུས་འཁོར་བསྡུས་རྒྱུད་ལས། ས་བོན་པདྨར་གནས་པ་དག་ནི། ཞེས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ས་བོན་བདག་ཉིད་འབྱུང་བ་ཆེ།། ཞེས་པ་གཉིས་ཀྱིས་ཀྱང་ཉེར་ལེན་ས་བོན་ཁུ་ཁྲག་དངོས་སུ་དང་ལྷན་ཅིག་བྱེད་རྐྱེན་ལས་མཚོན་ནས་བསྟན་ཏོ།། ང་ཚོའི་འབྱུང་ལུས་རགས་པ་འདི་ཙམ་དུ་མ་ཟད་འདུས་བྱས་གང་ཡིན་ཡང་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་མ་ཚང་བར་སྐྱེས་པ་ཞིག་ཡུལ་དུས་གང་ན་ཡང་གཏན་ནས་མེད་དེ། སྐྱེས་རབས་ལས། རྒྱུ་གཅིག་གིས་ནི་ཀུན་འགྲུབ་པ། །གང་ན་ཡང་ནི་ཡོད་མ་ཡིན།། ཞེས་དང་། སྤྱོད་འཇུག་ལས། རྐྱེན་གཅིག་གིས་ནི་ཀུན་བཏུས་པ། །གང་ན་ཡང་ནི་ཡོད་མ་ཡིན།། ཞེས་གསུངས་པའི་ཕྱིར། དེ་ཡང་སྐྱེས་རབས་ལས་ཉེར་ལེན་ཁོ་ན་ལས་འབྲས་བུ་སྐྱེས་པ་མེད་པ་དང་སྤྱོད་འཇུག་ལས་ལྷན་ཅིག་བྱེད་རྐྱེན་ཙམ་ལས་འབྲས་བུ་སྐྱེས་པ་མེད་པར་བསྟན་ཏོ།། དེ་ལྟར་ང་ཚོའི་རྣམ་སྨིན་གྱི་ལུས་འདི་རྒྱུ་རྐྱེན་གཉིས་ཚོགས་པ་ལས་སྐྱེས་པར་ལུང་གིས་འགྲུབ་པར་མ་ཟད་རིགས་པས་ཀྱང་འགྲུབ་སྟེ། ང་ཚོའི་ཤ་རུས་ཀྱི་ལུས་འདི་རྒྱུ་ཉེར་ལེན་ཕ་མའི་ཁུ་ཁྲག་མེད་པར་རྐྱེན་སྔོན་གྱི་ལས་གཅིག་པུ་ལས་སྐྱེས་པ་ཡིན་ན་རྐྱེན་ལས་བསགས་ཤིང་རྒྱུ་ཁུ་ཁྲག་མ་ཚང་བའི་སྐབས་ང་ཚོ་མའི་མངལ་དུ་ཅིའི་ཕྱིར་མ་ཞུགས། ཡང་ང་ཚོའི་ལུས་འདི་རྐྱེན་ལས་ལ་མ་ལྟོས་པར་ཉེར་ལེན་ཕ་མ་འདུས་པའི་ཁུ་ཁྲག་ཙམ་ལས་སྐྱེས་པ་ཡིན་ན་སྤྱིར་བུ་རྙེད་པའི་ལས་བསགས་ཀྱང་རེ་ཞིག་ལས་ཀྱི་འབྲས་བུ་སྨིན་པའི་དུས་ལ་མ་བབ་ཅིང་ཉེར་ལེན་ཁུ་ཁྲག་ཙམ་ཚང་བའི་ཚེ་ང་ཚོ་མའི་མངལ་དུ་མ་ཞུགས་པའི་རྒྱུ་མཚན་ཅི་ཞེས་བརྟག་པ་བྱའོ།། རིགས་པ་འདི་འོག་ནས་འཆད་འགྱུར་གྱི་སེམས་དང་སྲོག་གཉིས་ལ་ཡང་ཁ་སྤོ་སྟངས་ཤེས་པ་གལ་ཆེ། བྱེ་བྲག་བཤད་ཆེན་དུ་བཙུན་པ་དབྱིག་བཤེས་ཀྱི་འདོད་པ་བརྗོད་པའི་ཐད་སྐྱེ་བ་སྔ་མའི་ལུས་ཀྱིས་ཚེ་འདིའི་ལུས་དང་དེས་ཕྱི་མའི་ལུས་ཀྱི་ཉེར་ལེན་བྱེད་པའི་བཟོ་འདྲ་ཞིག་གསུངས་པའི་དོན། ཤ་ཁྲག་གི་ལུས་སྔ་མ་ཕྱི་མར་མཚམས་སྦྱོར་བའི་དོན་མིན་པར་དབང་པོ་གཟུགས་ཅན་པ་སྔ་མ་ཕྱི་མར་མཚམས་སྦྱོར་བའི་དོན་ཡིན་པ་འདོད་པ་བརྗོད་པ་དེའི་མཚམས་སྦྱོར་དང་བསྒྲིགས་ན་ཤེས་སོ།།


            ང་རང་ཚོའི་ལུས་ལ་གནས་པའི་རྩ་རླུང་ཐིག་ལེ་ནི་ལུས་ཕྲ་བ་དང་། སྟོང་པ་བཞིའི་སེམས་ཀྱི་བཞོན་པར་གྱུར་པའི་རླུང་ནི་ཤིན་ཏུ་ཕྲ་བའི་ལུས་ཡིན་ནོ།། རིགས་པ་སྨྲ་བ་ཁ་ཅིག འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཆ་ཤས་དུ་མ་ཚོགས་པ་ཡིན་ཡང་ཡན་ལག་དུ་མ་ཚོགས་པ་མིན་པས་ལུས་མིན་ཟེར། འོན་ཀྱང་ཚུལ་འདི་ཁ་ཚོན་གཅོད་མི་སྔ་བར་དཔྱད་དགོས་པ་ཞིག་སྟེ། སྔར་དྲངས་པའི་གཞུང་དག་གིས་བརྗོད་བྱ་རྗོད་བྱེད་ཀྱི་ལུས་གཉིས་དང་སེམས་ཅན་དུ་མི་བགྲང་བའི་གཟུགས་རྡུལ་ཕྲན་ལྟ་བུ་དང་སྟོང་པ་བཞིའི་སེམས་ཀྱི་བཞོན་པའི་རླུང་རྣམས་ལུས་སུ་གསུངས་པས་ཡན་ལག་དུ་མ་ཚོགས་པ་ཡིན་ཞིང་། དེ་ཡིན་ཚུལ་ཡང་ཆ་ཤས་དུ་མ་ཚོགས་པ་ཡིན་པའི་རྒྱུ་མཚན་ལས་མ་འདས་པས་ནམ་མཁའ་ལ་སོགས་པ་ཡན་ལག་དུ་མ་ཚོགས་པ་མིན་དོན་ཅི། དེས་ན་དམན་བུའི་བློ་ཚོད་ཀྱི་གོ་བའི་འགྲོས་དང་བསྟུན་པའི་རིགས་པས་དཔྱད་ན་ཆ་བཅས་ཡིན་ན་ལུས་ཡིན་དགོས་ཀྱང་ཤ་ཁྲག་གི་ལུས་ཡིན་མི་དགོས་ཞེས་ཁས་བླངས་ན་ཚིག་འཁྲི་སྐམ་པོ་རེ་གཏོང་ས་ཡོད་སྲིད་ཀྱང་གཞུང་ཆེན་གྱི་སྒྲས་ཟིན་དང་མཐུན་ཚབས་ཆེ་སྙམ་མོ།།


            ཆོས་གྲོགས་འགའ་ཞིག ལུས་དང་ལུས་དབང་དོན་གཅིག་ཟེར། འདི་ཡང་ད་དུང་བསྒྲུབ་དགོས་པ་ཞིག་སྟེ། ལུས་ཁྱབ་ཆེ་བ་སྔར་བཤད་པ་ལྟར་ལ་ལུས་དབང་དེ་ལས་ཁྱབ་ཆུང་བའི་ཕྱིར། ཡང་དེ་གཉིས་དོན་གཅིག་ཡིན་ཏེ། མིག་དང་མིག་དབང་དོན་གཅིག་ཡིན་པ་བཞིན་ཟེར་ན། དེ་ནི་རིགས་འགྲེས་ཕོངས་པ་ཙམ་ལས་དེ་གཉིས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་འབྲེལ་པ་ཅི་ཡང་མ་མཐོང་ངོ་།། ཡང་ཞིབ་མོར་བརྟགས་ན་དེ་གཉིས་དོན་གཅིག་ཟེར་བ། ཤ་ཁྲག་གི་ལུས་དང་དེའི་དབང་པོ་གཉིས་ལ་བསམས་པར་སྣང་ཡང་འདི་གཉིས་ཀྱང་དོན་གཅིག་ཏུ་ཁས་ལེན་དཀའ་སྟེ། ཤ་ཁྲག་གི་ལུས་ནི་རྟེན་སའི་གནས་དང་དེའི་དབང་པོ་ནི་ཤ་ཁྲག་གི་ལུས་ལ་བརྟེན་པ་ཡིན་པ་གང་ཞིག ཤ་ཁྲག་གི་ལུས་ཀྱི་དབང་པོའི་ཉེར་ལེན་ལ་ཁུ་ཁྲག་མི་འཇོག་པར་རང་གི་རིགས་འདྲ་སྔ་མའི་དབང་པོ་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། དབུ་མ་བཞི་བརྒྱ་བ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ།། ཞེས་གསུངས། གཉིས་པ་གྲུབ་སྟེ། ཚད་མ་རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན།། ཞེས་དང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་ཚེ་འདི་ཉིད་ཀྱི་དབང་པོ་ལྔའི་ངོ་བོ་ཅན་ཏེ་ལུས་ཀྱི་ཐ་མ་ནི་ལུས་གཞན་སྐྱེ་བའི་རྒྱུ་ཡིན་ནོ།། ཞེས་གསུངས་པའི་ཕྱིར། ཡང་འདིར་དྲངས་པའི་རྣམ་འགྲེལ་རྩ་འགྲེལ་གཉིས་ཀར་ཚེ་ཕྱི་མའི་ལུས་ཀྱི་དབང་པོ་ལ་ལུས་ཀྱི་ཐ་སྙད་མ་བཏགས་སམ་སྙམ་ན། དེ་ནི་རྟེན་དང་བརྟེན་པའི་འབྲེལ་པ་རྒྱུ་མཚན་དུ་བྱས་ཏེ་བརྟེན་པ་ཕྱི་མའི་ལུས་དབང་ལ་རྟེན་ལུས་ཀྱི་མིང་བཏགས་པ་ཙམ་ཡིན་ནོ།། ལུས་ཀྱི་སྒྲ་དོན་ནི། ཡན་ལག་དུ་མ་ཅན་གྱི་ངོ་བོ་ཉིད་དུ་གྲུབ་པ་དང་། ཡན་ལག་དུ་མ་བསགས་པ་དང་། རང་གི་ཡན་ལག་ལ་ཁྱབ་པ་དང་། རང་གི་ཡན་ལག་གི་རྟེན་བྱེད་པས་ལུས་ཞེས་བྱའོ།།


 

སེམས་ཀྱི་རྒྱུ་རྐྱེན།

            སྤྱིར་བཏང་སེམས་ཞེས་པ་འཇིག་རྟེན་ལ་གྲགས་པའི་དབང་དུ་བྱས་ན་ཤེས་པ་སྤྱི་ཙམ་ལ་གོ་ཞིང་། ཤེས་པ་ནི་དཔེར་ན་མེ་ལོང་གཙང་མ་ལ་གཟུགས་བརྙན་འདྲ་མིན་འགོག་མེད་དུ་འཆར་བ་ལྟར་རང་ཡུལ་ཕྱི་ནང་གི་ཆོས་ཅི་རིགས་སྣང་བས་གསལ་བ་དང་། གང་སྣང་བ་དེ་དག་དངོས་པོའི་གནས་ཚུལ་དང་མཐུན་པར་རིག་པར་བྱེད་པས་རིག་པ་སྟེ་གསལ་བ་དང་རིག་པ་གཉིས་ཚོགས་ཤིག་ཡིན་ནོ།། དེ་ཡང་ཚད་མ་རྣམ་འགྲེལ་རྒྱན་གྱི་ཊཱི་ཀ་ལས། རྟོགས་པའི་རང་བཞིན་ཞེས་བྱ་བ་ནི་ཤེས་པའི་རང་བཞིན་ཏེ། རྣམ་པར་རིག་པ་ཙམ་གྱི་རང་བཞིན་ཡིན་གྱི། ཞེས་དང་། སྔོན་པོ་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་འཛིན་པར་བྱེད་པ་ཅན་གང་ཡིན་པ་དེ་ལ་སྟེ། གསལ་བའི་བདག་ཉིད་ལའོ།། ཞེས་གསུངས།


            བསྟན་བཅོས་ལ་གྲགས་པ་ལྟར་ན་སེམས་ཞེས་པ་སེམས་དང་སེམས་བྱུང་གཉིས་ཀྱི་ནང་ནས་སེམས་ལ་གོའོ།། དེ་ཡང་སེམས་དང་ཡིད་དང་རྣམ་ཤེས་གསུམ་དོན་གཅིག་ཅིང་རིམ་བཞིན་ལེགས་སྦྱར་གྱི་སྐད་དོད་ཙིཏྟ་དང་། མནྶ་དང་། བིཛྙཱན་ཞེས་པའི་སྟེང་ནས་ངེས་ཚིག་བཤད་ན། བག་ཆགས་གསོག་པས་ན་སེམས་དང་། ཡུལ་རྟོགས་པས་ན་ཡིད་དང་། ཡུལ་གྱི་རྣམ་པ་སོ་སོར་ཤེས་པས་ན་རྣམ་ཤེས་ཞེས་བྱའོ།། ཡང་དངོས་པོའི་གནས་ཚོད་ལ་དེ་ལྟར་མིན་ཡང་གདུལ་བྱ་སེམས་ཙམ་པའི་བསམ་པ་ལ་ལྟོས་ཏེ་སེམས་ཀུན་གཞི་རྣམ་ཤེས་དང་ཡིད་ཉོན་ཡིད་དང་རྣམ་ཤེས་འཇུག་ཤེས་དྲུག་ལ་གོ་བའི་སྐབས་ཀྱང་ཡོད་དེ། ལང་ཀར་གཤེགས་པའི་མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ།། ཞེས་གསུངས་སོ།།


            སེམས་ལ་ཕྲ་རགས་ཀྱི་སྒོ་ནས་དབྱེ་ན་སེམས་རགས་པ་དང་། སེམས་ཕྲ་བ། ཤིན་ཏུ་ཕྲ་བའི་སེམས་གསུམ་ཡོད་དེ། རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་སེམས་ཀྱི་གནས་ཐབས་ལ། །རགས་དང་ཕྲ་དང་ཤིན་ཏུ་ཕྲ།། ཞེས་པའོ།། སྒོ་ལྔའི་རྣམ་ཤེས་ལྟ་བུ་སེམས་རགས་པ་དང་། འདོད་ཆགས་སོགས་ཉོན་མོངས་དང་རང་བཞིན་བརྒྱད་ཅུའི་རྟོག་པ་དང་མཚུངས་ལྡན་གྱི་སེམས་ལྟ་བུ་སེམས་ཕྲ་བ། སྟོང་པ་བཞིའི་སེམས་ལྟ་བུ་སེམས་ཤིན་ཏུ་ཕྲ་བ་ཡིན་ནོ།། སེམས་དེ་ལ་མིག་གི་རྣམ་པར་ཤེས་པ་སོགས་ཚོགས་དྲུག་གའི་ངོ་བོ་ཡོད་པས་དབང་ཤེས་དང་ཡིད་ཤེས་གཉིས་ཀ་ཡོད་ཀྱང་། བརྗོད་གཞི་འདིའི་སྐབས་སུ་སྤྱི་མིང་སྒོས་ལ་བཏགས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་སེམས་ཀྱི་བརྡ་སྦྱར་བ་ཡིན་པར་རྒྱུ་རྐྱེན་བརྗོད་གཞིར་བཞག་པས་ཤེས་པར་ནུས་ལ། རང་ཅག་ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་རྐྱེན་ནི། ཁ་ཙམ་ཚིག་ཙམ་དུ་མ་སོང་བར་མ་མཐའ་ཡང་ཡིད་དཔྱོད་ཙམ་ཚུན་ཆད་ཀྱིས་ཀྱང་ངེས་པར་རྟོགས་དགོས་པའི་གནད་ཆེན་པོ་ཞིག་ཡིན།


            དེས་ན་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་དང་དེའི་རྒྱུ་རྐྱེན་སྐོར་བཤད་ན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་བྱུང་བའི་གཙོ་བོ་ཡིད་ཀྱི་རྣམ་རིག་ཅིག་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཟེར། ང་ཚོ་རང་རང་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི། ང་ཚོའི་སྐྱེ་བ་འདིའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་ཉེར་ལེན་དང་རྒྱུ་རྐྱེན་གཉིས་ཀྱི་ནང་ནས་རྒྱུར་འཇོག་སྟེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཇི་ལྟར་ན་ཤི་ནས་ཆད་པ་མ་ཡིན་པར་ཤེས་ཤེ་ན། བཙུན་པ་དབྱིག་བཤེས་ན་རེ། ད་ལྟར་བྱུང་བའི་སེམས་སྐད་ཅིག་དུ་མ་རྒྱུན་འཆགས་པར་མཐོང་སྟེ། སྔ་མ་སྔ་མ་འགགས་པ་ལས། ཕྱི་མ་ཕྱི་མ་སྐྱེ་ཞིང་། སེམས་ཕྱི་མ་ནི་གདོན་མི་ཟ་བར་སེམས་སྔ་མ་ལ་བརྟེན་ནས་འབྱུང་ལ། སེམས་སྔ་མ་ནི་གདོན་མི་ཟ་བར་སེམས་ཕྱི་མ་འདྲེན་པའི་སྟོབས་ཡོད་དོ། །ཤིན་ཏུ་ཡིད་བྱུང་བའི་རྐྱེན་དང་ཕྲད་པ་ཁོ་ནས་ཕྱི་མ་འབྱུང་བར་མི་འགྱུར་བས། དེ་ལྟ་བས་ན་ཚེ་འདིའི་དང་པོ་སྐྱེ་བ་ལེན་པའི་སེམས་ནི། གདོན་མི་ཟ་བར་སེམས་སྔ་མའི་རྒྱུས་བསྐྱེད་པ་ཡོད་ལ། འཆི་བར་ཕྱོགས་པའི་གནས་སྐབས་སུ་ཤིན་ཏུ་ཡིད་བྱུང་བའི་རྐྱེན་མེད་ན། འཆི་བཞིན་པའི་སེམས་ནི། གདོན་མི་ཟ་བར་ཕྱི་མ་འདྲེན་པར་བྱེད་དོ།། ཞེས་བཙུན་པ་དབྱིག་བཤེས་ཀྱི་འདོད་པ་བརྗོད་པའི་ཚུལ་གྱིས་རང་ལུགས་བཞག་པ་ལྟར་དང་། ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། ཅེས་དང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཡིན་གྱི། རྣམ་པར་ཤེས་པ་མ་ཡིན་པའི་མ་ཡིན་ཞིང༌། རྣམ་པར་ཤེས་པ་མ་ཡིན་པའི་ངོ་བོ་ལུས་ལ་སོགས་པ་ཉེ་བར་ལེན་པ་མ་ཡིན་ནོ།། ཞེས་གསུངས། གཞན་ཡང་ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་དང་། འཕགས་པ་དེས་པས་ཞུས་པའི་མདོ། དབུ་མ་བཞི་བརྒྱ་པ། རྟོག་གེ་འབར་བ། འཇིག་རྟེན་ཕ་རོལ་གྲུབ་པ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། དབུ་མ་སྙིང་པོ། སྐྱེས་རབས་སོགས་མདོ་དང་བསྟན་བཅོས་ལས་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པ་ཤིན་ཏུ་མང་བར་སྣང་ངོ་།། གལ་ཏེ་སེམས་ཅན་གྱི་ཡིད་ཀྱི་རྣམ་ཤེས་ཀྱི་ཉེར་ལེན་ལ་རང་རང་གི་ཕ་མའི་ཁུ་ཁྲག་བཞག་ན། སེམས་ཅན་གྱི་ལུས་སེམས་གཉིས་རྫས་གཅིག་ཏུ་དོན་གྱིས་ཁས་བླངས་པས། སེམས་ཅན་གྱི་ལུས་ནམ་གཏན་མེད་དུ་སོང་བ་ན་ཡིད་ཀྱི་རྣམ་ཤེས་ཀྱང་གཏན་མེད་དུ་སོང་ཞིང་། དེ་ལྟ་ན་སེམས་ཅན་གྱི་སྐྱེ་བ་སྔ་ཕྱིའི་རྣམ་ཤེས་ལ་འབྲེལ་པ་མེད་པར་འགྱུར་ཞིང་། སེམས་ཅན་གྱི་སྐྱེ་བ་ཕྱི་མའི་དྲན་པས་སྔ་མའི་གནས་དང་ལོངས་སྤྱོད་ཇི་ལྟར་དྲན་པར་འགྱུར། ཡང་རང་རང་གི་ཕ་མའི་རྣམ་ཤེས་སེམས་ཅན་གྱི་ཡིད་ཀྱི་རྣམ་ཤེས་ཀྱི་ཉེར་ལེན་དུ་བཞག་ན། ཕ་མ་གླེན་པ་ཡིན་ན་བུ་ཡང་གླེན་པ་དང་ཕ་མ་མཁས་པ་ཡིན་ན་བུ་ཡང་མཁས་པ་ཡིན་པའི་ཐལ་བ་མི་འཇུག་པར་སུས་ཀྱང་སྨྲ་བར་མི་ནུས་སོ།། ང་ཚོ་རང་རང་གི་སྐྱེ་བ་སྔ་མས་བསགས་པའི་འཕེན་འགྲུབ་ཀྱི་ལས་ནི་ང་ཚོའི་སྐྱེ་བ་འདིའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་བྱེད་རྐྱེན་དང་རྒྱུ་རྐྱེན་གཉིས་ཀྱི་ནང་ནས་རྐྱེན་ཡིན་ནོ། །དེ་ཡང་མཛོད་རྩ་བ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཞེས་དང་། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། སེམས་ཅན་རྣམས་ཀྱི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བྱ་བ་སྨོས་ཏེ། གང་ཅི་རིགས་པར་འབྲས་བུ་བཞིའི་སྒོ་ནས་ལས་ཀྱི་འབྲས་བུ་མ་ཡིན་པའི་དངོས་པོ་གཞན་སྐྱེ་བ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ།། ཞེས་གསུངས། ང་ཚོའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྐྱེ་བ་སྔ་མ་ནས་འདིར་འོངས་ཏེ་རྣམ་སྨིན་མྱོང་བ་པོ་དང་འདི་ནས་ཕྱི་མར་འགྲོ་བྱེད་ཀྱི་ལས་གསོག་པ་པོ་ཡིན་ཏེ། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ།། ཞེས་གསུངས་སོ།།


 

སྲོག་གི་རྒྱུ་རྐྱེན།

            སྤྱིར་སྲོག་ཅེས་པ་དྲོད་དང་རྣམ་ཤེས་ཅི་རིགས་ཀྱི་རྟེན་བྱེད་པའི་ཚེ་ལ་ངོས་འཛིན་ཏེ། མཛོད་རྩ་བ་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ།། ཞེས་དང་། མཛོད་རང་འགྲེལ་ལས། ཚེ་ཞེས་བྱ་བའི་ཆོས་ནི་འདི་ལྟར། དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པ་འོ།། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང༌། །བོར་ནས་དེ་ཚེ་སེམས་མེད་པར། །འདུག་པ་སྡོང་དུམ་ཇི་བཞིན་ནོ།། ཞེས་གསུངས་ཏེ་དེ་བས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེ་ཡིན་ནོ།། ཞེས་གསུངས་སོ།།


            བྱེ་བྲག་སྨྲ་བས་གཟུགས་མེད་ཁམས་པའི་ཚེ་དེ་དྲོད་ཀྱི་རྟེན་མ་ཡིན་ཡང་རྣམ་ཤེས་ཀྱི་རྟེན་ཡིན་པས་ཚེའི་མཚན་ཉིད་འཇོག་པའི་ཚེ་དྲོད་དང་རྣམ་ཤེས་ཅི་རིགས་ཞེས་སྨོས་པ་ཡིན་ཟེར་རོ།། ང་ཚོ་རང་རང་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་སྲོག་དེ་ད་ལྟའི་ང་རང་ཚོའི་རྒྱུད་ཀྱི་སྲོག་གི་ཉེར་ལེན་དང་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྒྱུར་འཇོག་སྟེ། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།། ཞེས་དང་། དེའི་ཐད་ཀྱི་རྣམ་འགྲེལ་འགྲེལ་པ་ལས། ཕྱིས་ཀྱང་དབུགས་དབྱུང་བ་དང་རྔུབ་པ་ལ་སོགས་པ་དག་གིས་མཚམས་སྦྱོར་བ་ཁོ་ན་ཡིན་ནོ།། ཞེས་དང་། ཚད་མ་རྣམ་འགྲེལ་རྒྱན་གྱི་ཊཱི་ཀ་ལས། འབྱུང་རྔུབ་ལ་སོགས་པ་ནི་རང་གི་རིགས་ལ་ལྟོས་པ་མེད་པར་མི་འཐད་དོ།། ཅིའི་ཕྱིར་དེ་ལྟར་མི་འཐད་ཅེ་ན། གཡོ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རང་བཞིན་གྱི་ཁྱད་པར་ལས་ཏེ་དེ་དེའི་ཕྱིར་རོ།། ཞེས་དང་། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། སྲོག་གི་དབང་པོ་ནི་ཞེས་བྱ་བ་ལ། འདིར་རིས་མཐུན་པར་མཚམས་སྦྱོར་བ་ནི་འཆི་བའི་སྲིད་པའི་མཇུག་ཐོག་ཏུ་སྲིད་པ་བར་མ་དོར་མཚམས་སྦྱོར་བའམ། སྐྱེ་བའི་སྲིད་པར་མཚམས་སྦྱོར་བ་བཟུང་སྟེ། གཟུགས་མེད་པ་དག་ཏུ་ཡང་དེ་རྙེད་པ་ཡིན་དང་སྐྱེ་བ་ངེས་པའི་ཕྱིར་རོ།། ཞེས་གསུངས་སོ།།


            དེ་ཡང་རྗེས་འབྲང་མཁན་པོ་སློབ་དཔོན་གང་སྤེལ་བྱེ་བྲག་སྨྲ་བ་ཡིན་པ་ལ་རྩོད་པ་མེད་ཀྱང་སྲོག་མཚམས་སྦྱོར་བའི་ཐད་འདིར་མཐའ་གཅིག་ཏུ་བྱེ་སྨྲ་སྤྱིའི་ལུགས་མ་བཟུང་བར་འདམ་ག་བརྗོད་པའི་ཚུལ་གྱིས་སྐྱེ་བ་སྔ་མའི་སྲོག་དེ་ཕྱི་མའི་སྐྱེ་སྲིད་ཀྱི་སྲོག་ལ་མཚམས་སྦྱོར་བ་ཁས་བླངས་འདུག་གོ། ང་ཚོ་རང་རང་གིས་སྐྱེ་བ་སྔ་མའི་སྐབས་བསགས་པའི་འཕེན་འགྲུབ་ཀྱི་ལས་དེ་ད་ལྟའི་ཚེ་འདིའི་སྲོག་གི་ལྷན་ཅིག་བྱེད་རྐྱེན་དང་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྐྱེན་དུ་འཇོག་སྟེ། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་པས། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན།། ཞེས་གསུངས་སོ།།


            བྱེ་བྲག་སྨྲ་བའི་ལུགས་ལ་ང་ཚོ་རང་རང་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་སྲོག་དེ། ད་ལྟའི་ང་རང་ཚོའི་རྒྱུད་ཀྱི་སྲོག་གི་ཉེར་ལེན་དུ་འདོད་ཀྱང་དེ་ལ་མཚམས་སྦྱར་བར་མི་འདོད་ཅིང་། ཚེ་འདིའི་སྲོག་དང་ཡིད་གཉིས་ཀྱི་ཁྱད་པར་ཡང་། ཚེ་འདིའི་སྲོག་ནི་བར་སྲིད་ཀྱི་སྲོག་ཁོ་ནར་མཚམས་སྦྱོར་བ་ལས་སྐྱེ་སྲིད་ཀྱི་སྲོག་ལ་མཚམས་མི་སྦྱོར་ལ། ཚེ་འདིའི་ཡིད་ནི་བར་སྲིད་ཀྱི་ཡིད་དུ་མ་ཟད་སྐྱེ་སྲིད་ཀྱི་ཡིད་ལ་ཡང་མཚམས་སྦྱོར་བར་འདོད་དེ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། འདི་སྲོག་གི་དབང་པོ་ལས་ཁྱད་པར་ཅི་ཡོད་ཅེ་ན། སྲོག་གི་དབང་པོ་ནི་སྲིད་པ་བར་མ་ཁོ་ནར་མཚམས་སྦྱོར་བ་ཡིན་ལ། ཡིད་ཀྱི་དབང་པོ་ནི་སྐྱེ་བའི་སྲིད་པར་ཡང་ཡིན་ནོ།། ཞེས་དང་། མཛོད་རང་འགྲེལ་ལས། སྲོག་གི་དབང་པོ་རིས་མཐུན་པར་མཚམས་སྦྱོར་བ་དང༌། ཡང་དག་པར་འཛིན་པ་གཉིས་ལའོ།། ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང༌། དབང་བསྒྱུར་བ་ལའོ།། ཞེས་དང་། ཆོས་མངོན་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ལས། སྲོག་གི་དབང་པོ་ནི་རིས་མཐུན་པར་མཚམས་སྦྱོར་བ་དང༌། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་དོ།། ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང༌། རང་གི་ངོ་བོ་དང་མཐུན་པར་བྱེད་པ་དག་ལ་དབང་བྱེད་དོ།། ཞེས་གསུངས་པའི་ཕྱིར། འདིར་བྱེ་བྲག་སྨྲ་བའི་ལུགས་གཞིར་བཞག་པ་ལ། ཚེ་འདིའི་སྲོག་དེ་བར་སྲིད་ཀྱི་སྲོག་ལ་མཚམས་སྦྱོར་ཚུལ་ནི། ཚེ་འདིའི་སྲོག་དང་བར་སྲིད་ཀྱི་སྲོག་གཉིས་ཀྱི་བར་སྲིད་པ་གཞན་གྱི་སྲོག་གིས་མ་ཆོད་པར་དེ་གཉིས་སྔ་རྗེས་སུ་ངོ་བོ་རིགས་མཐུན་པར་འབྱུང་ཚུལ་དང་། ཚེ་འདིའི་སྲོག་དེ་སྐྱེ་སྲིད་ཀྱི་སྲོག་ལ་མཚམས་མི་སྦྱོར་བའི་ཚུལ་ནི། ཚེ་འདིའི་སྲོག་དང་སྐྱེ་སྲིད་ཀྱི་སྲོག་གཉིས་ཀྱི་བར་སྲིད་པ་གཞན་གྱི་སྲོག་གིས་མ་ཆོད་པར་དེ་གཉིས་སྔ་རྗེས་སུ་ངོ་བོ་རིགས་མཐུན་པར་མི་འབྱུང་བའི་དོན་ཡིན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་དང་མཛོད་རང་འགྲེལ་དང་འགྲེལ་པ་གནད་ཀྱི་སྒྲོན་མ་གསུམ་དྲངས་པ་གུང་བསྒྲིགས་པས་ཤེས་ནུས་སོ།། དེས་ན་བྱེ་བྲག་སྨྲ་བ་དང་ནང་པའི་གྲུབ་མཐའ་སྨྲ་བ་གཞན་ལ་ཚེ་འདིའི་སྲོག་དེ་སྐྱེ་སྲིད་ཀྱི་སྲོག་གི་ཉེར་ལེན་དུ་འདོད་མི་འདོད་ལ་ཁྱད་པར་མེད་ཀྱང་། ཚེ་འདིའི་སྲོག་དེ་སྐྱེ་སྲིད་ཀྱི་སྲོག་ལ་མཚམས་སྦྱོར་བར་འདོད་མི་འདོད་ལ་ཁྱད་པར་ཡོད་ཅེས་ཐ་སྙད་སྦྱོར་སྟངས་ཀྱི་ཁྱད་པར་འབྱེད་དགོས་པར་མངོན་ནོ།།


            བྱེ་བྲག་སྨྲ་བའི་མཁས་པ་ནང་ཕན་ཚུན་གྱི་བཞེད་ཚུལ་ལ་སྲོག་དང་ཚེ་གཉིས་དོན་གཅིག་ཏུ་མི་འདོད་པར་ཁྱད་པར་འཚོ་འཆིའི་ཆ་ནས་འཇོག་པ་དང་། གཞག་བྱ་དང་གཏང་བྱའི་ཆ་ནས་འཇོག་པ་དང་། སྐྱེར་རུང་བ་དང་མི་རུང་བའི་ཆ་ནས་འཇོག་པ་དང་། རེ་ཞིག་གནས་པ་དང་རིས་མཐུན་གནས་པའི་ཆ་ནས་འཇོག་པ་དང་། བརྟེན་པ་དང་བཅས་པ་དང་དེ་མཚུངས་ཀྱི་ཆ་ནས་འཇོག་པ་དང་། རྒྱུ་བསྒོམས་པ་དང་ལས་ཀྱི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་ཟག་མེད་དང་ཟག་བཅས་ཀྱི་ལས་ཀྱི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་རིག་པ་དང་མ་རིག་པའི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་ལས་གསར་རྙིང་གི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་འབྲས་བུ་སྦྱིན་པའི་ལས་དང་མི་སྦྱིན་པའི་ལས་ཀྱི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་ཉེ་བའི་ལས་དང་རིང་བའི་ལས་ཀྱི་འབྲས་བུའི་སྒོ་ནས་འཇོག་པ་དང་། རྒྱུ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་ལན་གྲངས་གཞན་ལ་མྱོང་འགྱུར་མ་ངེས་པའི་ལས་རྣམས་ཀྱི་འབྲས་བུའི་སྒོ་ནས་འཇོག་པ་སོགས་མི་འདྲ་བ་མང་དུ་སྣང་སྟེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཁ་ཅིག་ན་རེ། འདིའི་ཕྱིར་འཚོ་བ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། འདིའི་ཕྱིར་འཆི་བ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། གཞག་པར་བྱ་བ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། གཏོང་བར་བྱ་བ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། སྐྱེར་རུང་བའི་ཆོས་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། སྐྱེར་མི་རུང་བའི་ཆོས་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། རེ་ཞིག་གནས་པ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། རིས་མཐུན་པར་གནས་པ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། བརྟེན་པ་དང་བཅས་པ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། དེ་དང་མཚུངས་པ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། བསྒོམས་པའི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། ཟག་པ་དང་བཅས་པའི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། རིག་པའི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། མ་རིག་པའི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། ལས་གསར་པའི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། ལས་རྙིང་པའི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། འབྲས་བུ་སྦྱིན་པའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། འབྲས་བུ་མི་སྦྱིན་པའི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། ཉེ་བའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། རིང་བའི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་ཅེས་བྱ་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་མྱོང་བར་མ་ངེས་པའི་ལས་རྣམས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་ཅེས་བྱའོ་ཞེས་ཟེར་རོ།། ཞེས་གསུངས་པ་ལྟར་རོ།།


            དེ་ལྟར་བཞེད་པ་སྣ་ཚོགས་པ་ཡོད་ཀྱང་རང་ལུགས་ལ་སྲོག་དང་ཚེ་གཉིས་དོན་གཅིག་ཡིན་ཏེ། མཛོད་རྩ་བ་ལས། སྲོག་ནི་ཚེ་ཡིན། ཞེས་དང་། མཛོད་རང་འགྲེལ་ལས། སྲོག་གང་ཞེ་ན། སྲོག་ནི་ཚེ་ཡིན། ཆོས་མངོན་པ་ལས་འདི་སྐད་དུ་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་སྟེ། ཞེས་དང་། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། སྲོག་གི་འདུ་བྱེད་དང་ཚེའི་འདུ་བྱེད་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཁ་ཅིག་ན་རེ། ཁྱད་པར་མེད་དེ། རབ་ཏུ་བྱེད་པ་ལས། སྲོག་གི་དབང་པོ་གང་ཞེ་ན། འདི་ལྟར་ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་གསུངས་པ་ལྟར་རོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། གཉིས་པོ་འདི་ལ་ཁྱད་པར་ཡོད་དེ། འདི་ལྟར་མིང་ཉིད་ཁྱད་པར་ཡིན་ཏེ། སྲོག་གི་འདུ་བྱེད་དག་ཅེས་བྱ་བ་དང་ཚེའི་འདུ་བྱེད་དག་ཅེས་བྱ་བའི་ཕྱིར་རོ་ཞེས་ཟེར་རོ།། ཞེས་རང་ལུགས་གཞན་ལ་ཁ་འཕངས་པའི་ཚུལ་གྱིས་གསུངས་སོ།། དེ་ཡང་ཁ་ཅིག་དང་པོས་ཁྱད་པར་མེད་པར་གསུངས་པ་ནི་དོན་ལ་ཁྱད་པར་མེད་པ་ལ་དགོངས་པ་དང་། གཉིས་པས་ཁྱད་པར་ཡོད་པར་གསུངས་པ་ནི་མིང་ཙམ་ལ་ཁྱད་པར་ཡོད་པ་ལ་དགོངས་པ་ལུང་ཚིག་ཉིད་ཀྱིས་གསལ་ཞིང་གཉིས་ཀས་ཀྱང་དོན་གཅིག་ཏུ་བཞེད་པ་ལ་ཁྱད་པར་མེད་དོ།། བྱེ་བྲག་སྨྲ་བ་དང་རང་སྡེ་གྲུབ་མཐའ་གོང་འོག་ཐུན་མོང་གིས་སྲོག་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་ལྡན་མིན་འདུ་བྱེད་ཅིག་ཏུ་འདོད་དེ། མཛོད་རྩ་ལས། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་པ་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་།། ཞེས་དང་། མངོན་པ་ཀུན་བཏུས་ལས། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པ་ཅན་དང༌། སྲོག་གི་དབང་པོ་དང༌། ཞེས་གསུངས་པ་ལྟར་རོ།། འོན་ཀྱང་སྔགས་ལུགས་ཙམ་དུ་མ་ཟད་ཕར་ཕྱིན་ཐེག་པའི་ལུགས་ལྟར་ན་ཡང་སྲོག་དེ་གཟུགས་སམ་རླུང་དུ་བཞེད་པའི་རིགས་པའི་རྗེས་འབྲང་གི་དབུ་སེམས་ཀྱི་མཁས་པ་ཞིག་ངེས་པར་ཡོད་དགོས་ཚོད་འདུག་སྙམ་སྟེ། རྣམ་འགྲེལ་འགྲེལ་བཤད་ལས། སྲོག་ནི་དབུགས་འབྱུང་བའོ།། སོགས་པའི་སྒྲས་ནི་དབུགས་རྔུབ་པ་ལ་སོགས་པ་གཟུང་ངོ་།། ཞེས་དང་། སྤྱི་དོན་རོལ་མཚོ་ལས། གཞན་ཡང་། ལུས་སྲོག་རྫས་ཐ་དད་དུ་འདོད་པ་མི་འཐད་དེ། སྲོག་རླུང་ཡིན་ལ་རླུང་ལུས་ཀྱི་བྱེ་བྲག་ཡིན་པའི་ཕྱིར་རོ།། ཞེས་གསུངས་སོ།། དེས་ན་དེང་གི་དུས་ན་འཆད་ཉན་གྱི་ཁུར་འཛིན་པའི་བཤེས་གཉེན་རིགས་པ་སྨྲ་བ་མང་པོས། མ་བགྲོས་ཐུགས་སེམས་གཅིག་མཐུན་གྱིས་རང་སྡེའི་གྲུབ་མཐའ་སྨྲ་བའི་མཁས་པ་སུའི་ལུགས་གཞིར་བྱས་ཀྱང་། ཚེའི་མཚན་ཉིད་ཀྱི་ཟུར་དུ་དྲོད་དང་རྣམ་ཤེས་ཅི་རིགས་ཞེས་སྨོས་པའི་དགོས་པ་གང་ཡིན་དང་། གཟུགས་མེད་ཅེས་པའི་མེད་ཚིག་མེད་པའི་དགག་ཚིག་ཡིན་མིན་མཐའ་གཅིག་ཏུ་བྱེ་བྲག་སྨྲ་བའི་མཁས་པ་དང་སྒོ་བསྟུན་ཅི་ཐུབ་བྱེད་པ། རང་སྡེའི་མཁས་པ་ཕན་ཚུན་ལ་མཐུན་ལམ་ཡིན་ན་དེར་ཟད་ལ་དེ་མིན་དཔྱད་གཞི་ཆེ་སྙམ་པ་ནི་རྨོངས་པའི་ཁོ་བོ་བདག་གི་རྟོག་འཆར་རོ།།


                                    སྨྲས་པ། མུན་ནག་ཁྲོན་པའི་ཞབས་ཀྱི་སྦལ་ཆུང་མགོར།།

                                    བཀའ་ལུང་མེ་ཏོག་ལྷུང་བ་ལྕི་དྲགས་པས།།

                                    མ་ཐེག་རྣར་གཟན་གཅོང་སྐད་བསྒྲགས་པ་ལ།།

                                    ལེགས་བཤད་གསར་པའི་སྙན་ཆ་ཡོད་རེ་སྐན།།

                                    འོན་ཀྱང་རང་སེམས་གཉིས་འཐུང་རྒོད་པོ་འདིས།།

                                    མནོག་ཆུང་ལས་ཀྱི་ཀིམ་འབྲས་རྒྱང་བསྐྱུར་ཏེ།།

                                    ཐོས་བསམ་སྤོས་དཀར་ལྕུག་ཕྲན་རབ་ཟོས་ཕྱིར།།

                                    འབེལ་གཏམ་ཟས་སྒྲེགས་ཅུང་ཟད་དབང་མེད་ཤོར།།

                                    དགེ་བས་རྒྱལ་བའི་ཞབས་བརྟན་ཐུབ་བསྟན་དར།།

                                    འགྲོ་རྣམས་བདེ་ཞིང་སྨན་རྩིས་སློབ་གླིང་འདིའི།།

                                    ལེགས་མཛད་ཡར་ལྡན་འཕྲིན་ལས་དར་ཡུག་ཆེ།།

                                    འཛམ་གླིང་གསེར་ལྡན་ཁྱོན་ལ་རྐྱོང་གྱུར་ཅིག།

            ཅེས་བརྗོད་མེད་ཕན་བདེ་དང་ངོ་མཚར་རིག་པའི་འབྱུང་གནས་བོད་ཀྱི་སྨན་རྩིས་ཁང་གི་བཀའ་ལུང་བཟློག་མ་ནུས་པར། གངས་ལྗོངས་རྒྱན་གྱི་པཎྜིཏ་ཆེན་པོ་ྋཆོས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མི་ཕམ་དབྱངས་ཅན་དགྱེས་པའི་རྡོ་རྗེའི་མཚན་ཞབས་དང་རྩོམ་ཞབས་པ་ཆེན་མོ། དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་ཕྱག་འདེབས་མཁན་པོ་བཅུ་ཕྲག་རིག་པའི་གཏེར་མཛོད་རྗེ་དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོ་ཀུན་ཕན་ཡིད་བཞིན་དབང་པོའི་སྐྱེ་བར་སྒྲོ་བཏགས་པ། ཀུན་བཏུས་ཆེན་མོའི་ྋབཀའ་འབྲེལ་ལག་བསྟར་རྩོམ་སྒྲིག་པ་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་ཞེས་བྱ་བས་བྲིས་ཁུལ་ལོ།། །།

 

- 《ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་དང་པོའི་གསུང་བཤད་ཁག》ཅེས་པའི་དེབ་ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 05.12.2016 ཉིན། 4:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གསར་འགོད་གསལ་བསྒྲགས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།