སྨན་རྩིས་དྲ་བ། - ཆེད་རྩོམ།

དཔལ་ལྡན་རྒྱུད་བཞིའི་པར་མ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.10.2017
ཆེད་རྩོམ། >>


དཔལ་ལྡན་རྒྱུད་བཞིའི་པར་མ་ལ་དཔྱད་པ།

 

- སྨན་པ་བློ་བཟང་དར་རྒྱས།

 

 ལོ་རྒྱུས་ཀྱི་རྒྱབ་ལྗོངས།

 

མཁས་པ་རྣམས་ཀྱི་བཞེད་ཚུལ་གཅིག་མཐུན་མེད་པ།

དེ་ཡང་སྔོན་བྱོན་བོད་ཀྱི་མཁས་པ་ལ་ལས་དཔལ་ལྡན་རྒྱུད་བཞི་ནི་རྒྱལ་བའི་བཀའ་ཡིན་ཟེར་བ་དང་། ལ་ལས་དེ་ནི་བོད་མཁས་པས་མཛད་པའི་བསྟན་བཅོས་ཡིན་ཟེར་བ་དང་། ཡང་ལ་ལས་དེ་ནི་གཏེར་མ་ཡིན་ཟེར་བ་ལ་སོགས་པའི་དགོངས་པ་མི་མཐུན་པ་གསུམ་བྱུང་ཡོད་པ་རེད། གོང་གི་བཞེད་ཚུལ་གང་ཡིན་ཡང་རང་རང་ལ་ལུང་དང་རིགས་པའི་རྒྱབ་རྟེན་ཡོད་ལ། དེ་དག་མཁས་པའི་རྣམ་དཔྱོད་ལས་ཐོན་པའི་བཞེད་ལུགས་ཁོ་ན་ཡིན་པ་གོར་མ་ཆག  འོན་ཀྱང་རྒྱུད་བཞིའི་རྩོམ་སྟངས་དང་། དེའི་དམིགས་ཡུལ། དགོས་མཚན། ནང་དོན་སོགས་སྐབས་དེའི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་བརྩམས་པར་བརྟེན། དེ་ལ་དམིགས་གསལ་དུས་རབས་ཀྱི་རང་བཞིན་དང་། དེའི་སྐབས་ཀྱི་ཆོས་ལུགས་ཀྱི་རང་བཞིན་ནམ་མང་ཚོགས་ཀྱི་ཆོས་དད་ཁ་ཕྱོགས་ཚུལ་གཉིས་དང་བྲལ་ཐབས་མེད་པ་ཞིག་ཆགས་ཡོད།
 

དང་པོ། རྒྱལ་བའི་བཀའ་ཡིན་པར་བཞེད་པ།

རྒྱུད་བཞི་བཀའ་ཡིན་པར་འདོད་པའི་ལུགས་ནི། གཙོ་བོ་བྱང་ལུགས་པ་རྣམས་ཀྱིས་གསོ་རིག་རྒྱུད་བཞི་འདི་བཀའ་འགྱུར་གྱི་ནང་དུ་བཞུགས་མེད་ནའང་འཆད་པ་པོ་དྲང་སྲོང་རིག་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རྒྱུད་འདི་བཀའ་ཡིན་པར་བཤད་པ་དང་། ཡང་འགའ་ཞིག་གིས། སངས་རྒྱས་ཀྱི་གསུང་རབ་བམ། ཡང་ན་བསྟན་བཅོས་གང་ཡིན་ཡང་ཉོན་མོངས་སེལ་ནུས་པ། ཞི་བ་མྱང་འདས་ཀྱི་ཕན་ཡོན་བསྟན་པ་ནི་སངས་རྒྱས་ཀྱི་བཀའ་ཡིན་ཏེ། དེས་སེམས་ཅན་སྡུག་བསྔལ་ལས་ཐར་བར་བྱེད་ནུས་པའི་ཕྱིར་རྒྱུད་བཞི་འདིས་སེམས་ཅན་མང་པོའི་ལུས་སེམས་ཀྱི་ཟུག་རྔུ་བཅོམ་ནུས་པའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་ཡིན་པར་བཤད། ཡང་འགའ་ཞིག་གིས། སྨན་གྱི་ནགས་སུ་ལོ་བཞི་སྟེ།། ཞེས་པའི་སྨན་གྱི་ནགས་ཚལ་དེར་བཀའ་སྩལ་བ་སོགས་ལུང་དང་རིགས་པའི་སྒྲུབ་བྱེད་དུ་མ་བཀོད་ཡོད་པ་རེད།
 

གཉིས་པ། བོད་མཁས་པས་མཛད་པའི་བསྟན་བཅོས་ཡིན་པར་བཞེད་པ།

རྒྱུད་བཞི་ནི་དེ་བཞིན་གཤེགས་པས་བཀའ་བསྩལ་བ་ཞིག་མིན་པར་བོད་ཀྱི་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་ཁྱད་འཕགས་ཀྱི་བློ་དང་སྐབས་དེའི་བོད་རྒྱ་བལ་གསུམ་ལ་སོགས་པའི་གསོ་དཔྱད་ཀྱི་ཡང་སྙིང་སྟེང་། བོད་ཀྱི་འབྱུང་ཁམས་དང་བསྟུན་ཏེ་བོད་མི་རིགས་ཀྱི་རང་བཞིན་ཟས་སྤྱོད་དང་། རྒྱ་གར་ནས་བསྒྱུར་བའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།》ལ་སོགས་རྩ་བར་བཟུང་ནས་མཛད་པ་ཞིག་ཡིན་ཞེས་གསུངས་ཡོད། དེའི་ཕྱིར་རྒྱུད་བཞི་ནི་བོད་མཁས་པས་མཛད་པའི་བསྟན་བཅོས་སུ་བཞེད་པ་ཡིན།
 

གསུམ་པ། གཏེར་མར་བཞེད་པ།

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གསོལ་བ་བཏབ་པ་བཞིན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་བདེ་གཤེགས་སྨན་བླ་བཻཌྰུརྱ་འོད་ཀྱི་རྒྱལ་པོའི་སྐུར་བཞེངས་ནས་ཇི་ལྟར་རྩ་རྒྱུད་གླེང་གཞིའི་ལེའུར་བསྟན་པ་བཞིན། སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་དང་དྲང་སྲོང་རིགས་ལྔ་བཅས་རིམ་པས་སྤྲུལ་ནས་དཔལ་ལྡན་རྒྱུད་བཞི་ཡོངས་རྫོགས་བཀའ་སྩལ་པ་ལོ་ཆེན་བཻ་རོས་ཕྱག་རིས་སུ་བཏབ་པར་གྲགས། གནས་སྐབས་དུས་ལ་མ་བབས་པར་གཟིགས་ནས་གཏེར་དུ་སྤས་པར་གསུངས། ཕྱིས་སུ་གཏེར་སྟོན་གྲྭ་པ་མངོན་ཤེས་ལ་སྨན་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་གཏེར་ནས་བཞེས་ཏེ་འདྲ་བཤུས་ཀྱི་བུ་དཔེ་བཟོས་ཏེ་མ་དཔེ་སྔ་སོར་གཏེར་དུ་རང་འཇགས་བཞག་རྗེས་བུ་དཔེར་ལོ་གཅིག་གི་རིང་གཞན་ལ་གསང་སྟེ་ཉིད་ཀྱིས་ཉམས་ལེན་མཛད།  དུས་ཕྱིས་སུ་རྒྱུད་གཞུང་མན་ངག་དང་བཅས་པ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ཞུ་བར་གནང་། རེ་ཞིག་བཀའ་རྒྱ་མ་བཀྲོལ་བར་རྗེ་ཉིད་ཀྱིས་ཟབ་བཞེས་མཛད། མཐར་བཀའ་རྒྱ་བཀྲོལ་ཏེ་ཉིད་ཀྱི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ལ་སོགས་པར་སྤེལ་བའི་བརྒྱུད་པ་ནི་རྒྱུད་བཞི་གཏེར་མའི་ལུགས་ཀྱི་ཆགས་ཚུལ་བརྒྱུད་པར་བཅས་པ་ཡིན།
 

བཀའ་བསྟན་གཏེར་གསུམ་གཅིག་འདུས་ཡིན་པར་བཞེད་པ།

དེ་ལྟར་གསོ་རིག་རྒྱུད་བཞིའི་ནང་དོན་ཏེ། ནད་རིགས། རྒྱུ་རྐྱེན། ཟས་སྤྱོད་ཕན་གནོད། ནད་མིང་།  ནད་རྟགས། ནད་བཅོས་ཀྱི་བརྒྱུད་རིམ་སོགས་སྒོ་གང་ནས་བལྟས་ཀྱང་རྒྱ་གར་འཕགས་པའི་ཡུལ་དང་ཆེས་མི་མཐུན་པར་མཐོ་སྒང་བོད་ས་མཐོའི་མི་རིགས་ཀྱི་ཟས་སྤྱོད་རང་བཞིན་དང་ཤིན་ཏུ་མཐུན་པའི་དབང་གིས་རྒྱལ་བའི་བཀའ་མིན་པར་བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ།
 

ཡང་དུས་ཀྱི་བརྒྱུད་རིམ་དང་། ལོ་རྒྱུས་ཀྱི་བྱུང་རིམ་དབང་གིས་ལོ་མང་གཏེར་དུ་སྦས་པ་ལས་གཏེར་མར་འགྱུར་བ་སྟེ་མདོར་ན་བོད་མཁས་པ་རྣམས་ཀྱིས་རྒྱུད་བཞི་ནི་ཕྱི་ནང་གསང་གསུམ་གྱི་ཐོག་ནས་འགྲེལ་བཤད་དང་རང་རང་སོ་སོའི་ལུང་དང་རིགས་པའི་སྒྲུབ་བྱེད་བཀོད་ཡོད་ཅིང་རྒྱུད་བཞི་ནི་རྒྱལ་བའི་བཀའ་ཡིན་ལ་བསྟན་བཅོས་ཀྱང་ཡིན་ཞེས་བརྗོད་པ་དང་།  ཡང་གཏེར་མ་ཞེས་ཀྱང་བརྗོད་པ་ཡིན། འདི་ལྟར་བརྩམས་ཆོས་རིག་གཞུང་གཅིག་ལ་རྒྱལ་བའི་བཀའ་དང་བསྟན་བཅོས། གཏེར་མ་བཅས་ཀྱི་ཆ་ཡོངས་སུ་ཚང་བ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་དཔྱོད་ཀྱི་རྩལ་ཁྱད་འཕགས་ཤིག་ཡིན་པ་མ་ཟད་དཔལ་ལྡན་རྒྱུད་བཞི་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡིན།
 

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

བོད་ཀྱི་རྒྱལ་ཐོག་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་སྨན་པ་གྲགས་ཅན་རྣམས་སྤྱན་འདྲོངས་ཤིག་ཅེས་བཀའ་བསྒོས་པའི་དུས་སུ་རྒྱ་གར་གྱི་སྨན་པ་ཤྰནྟི་གརྦྷ་དང་རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ། ཏ་ཟིག་ནས་ཧ་ལ་ཤནྟི། ཁ་ཆེའི་སྨན་པ་གུ་ཧེ་བཱ་ཛ། གྲུ་གུའི་སྨན་པ་སེར་མདོ་འོད་ཆེན། ཁྲོམ་གྱི་སྨན་པ་བི་ཇི་ཙན་པ་ཤི།  དོལ་པོའི་སྨན་པ་ཁྱོལ་མ་རུ་རྩེ། བལ་པོའི་སྨན་པ་དྷརྨ་ཤྰི་ལ་སོགས་སྨན་པ་མཁས་ཅན་མང་པོ་གདན་དྲངས་ཡོད།
 

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྨན་པ་དང་བོད་ཀྱི་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོའི་ཕྱོགས་ཀྱི་བར་དུ་བསམ་ཡས་སུ་གསོ་དཔྱད་ཀྱི་རིགས་ལ་བགྲོ་གླེང་དང་ཕན་ཚུན་གོ་རྟོགས་སྤེལ་རེས། བསམ་འཆར་བཏོན་རེས་བཅས་གནང་བས་དེ་ནི་དེང་སང་ལྟར་ན་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཐེངས་དང་པོར་ངོས་འཛིན་ཀྱང་བྱས་ཡོད། བགྲོ་གླེང་དེའི་གྲུབ་དོན་ལ་གཞིགས་ནས་《རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ་》བྱ་བ་ཡི་གེར་བཏབ་པ་ལོ་རྒྱུས་ཁག་ཏུ་གསལ་ཡོད། གླེགས་བམ་དེ་ལ་གཞིར་བཞག་བྱས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོས་《རྒྱུད་བཞི་》ཕྱོགས་མཐའི་རྒྱལ་ཁབ་མང་པོའི་གསོ་དཔྱད་ཀྱི་སྙིང་པོ་ཐམས་ཅད་འདུས་པའི་《བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཆེན་མོ་དཔལ་ལྡན་རྒྱུད་བཞི་》ཞེས་པ་དེ་ཉིད་མཛད་པ་རེད་ཅེས་གྲགས།
 

སྐབས་དེའི་རྒྱུད་བཞིའི་མཚན་བྱང་ལའང་《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་》ཅེས་བྱ་ཞིང་དེའི་ནང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྨན་པ་རྣམས་ཀྱིས་གསུངས་པའི་སྨན་མིང་དང་བརྟག་ཐབས་སོགས་ཀྱི་ཐ་སྙད་དེ་དག་ཡུལ་དེའི་སྐད་རང་སོར་བཞག་ནས་བརྩམས་ཡོད་པ་ནི་མངོན་གསལ་ཡིན། བོད་རང་གི་ཐུན་མིན་ཡུལ་སྲོལ་ས་བབ་དང་ཟས་སྤྱོད་ཚུན་ཆད་ཀྱང་གཞུང་ལུགས་དེའི་ནང་ཆ་ཚང་ཞིང་སྐབས་དེ་དག་ཏུ་བོད་ཡུལ་ན་གསོ་བ་རིག་པའི་གཞུང་ལུགས་འདི་ཉིད་གཞན་དང་ཐུན་མོང་མིན་པའི་རིག་གཞུང་ཞིག་གི་གཞི་རྐང་ཚུགས་པ་ཡིན་ཞེས་བརྗོད་ཆོག་པ་རེད།

 

ལོ་ཆེན་རིན་ཆེན་བཟང་པོ།

དེ་ནས་དུས་རབས་བཅུ་གཅིག་པའི་ནང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱ་གར་གྱི་མཁས་པས་མཛད་པའི་སྨན་གྱི་བསྟན་བཅོས་》ཡན་ལག་བརྒྱད་པ་དང་། དེའི་འགྲེལ་པ་ཟླ་ཟེར་《ལ་སོགས་པ་བོད་སྐད་དུ་བསྒྱུར་བར་བཤད། ལོ་ཆེན་འདིས་རྒྱ་གར་གྱི་གསོ་རིག་གཞུང་ཆེན་དེ་དག་འཆད་ཉན་མཛད་པ་ལས་སྤུ་ཧྲེང་ཀྱི་སྨན་པ་མི་བཞི་བྱ་བ་སོགས་སློབ་རྒྱུད་མང་དུ་བྱུང་བར་གྲགས།
 

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།

དེ་ནས་དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་རྙིང་མའི་གདུང་རྒྱུད་བཅུ་གསུམ་ཙམ་དུ་གྲགས་པ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་རྒྱ་གར་ཡུལ་དུ་ལན་དུ་མར་ཕེབས་ཤིང་དེ་སྔའི་གཡུ་ཐོག་རྙིང་མས་བརྩམས་པའི་རྒྱུད་བཞི་འདི་ཉིད་ལ་དག་བཅོས་དང་ལེགས་སྒྲིག་སོགས་མཛད་ཅིང་ལྷག་པར་ལོ་ཆེན་རིན་ཆེན་བཟང་པོའི་སྐབས་རྒྱ་གར་ནས་བསྒྱུར་བའི་《ཡན་ལག་བརྒྱད་པ་》ཁ་བསྣོན་མཛད་ཅིང་བསྟན་བཅོས་གཞན་ཡང་མང་དུ་བརྩམས་པར་གྲགས།
 

མདོར་ན་གཡུ་ཐོག་རྙིང་མས་རྒྱུད་བཞི་རྨང་གཞི་འདིང་གནང་བ་དང་གཡུ་ཐོག་གསར་མས་ལེགས་སྒྲིག་དང་ཁ་བསྣོན་གྱིས་ད་ལྟ་ང་ཚོས་མཐོང་ཆོས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་བཞིའི་བདག་ཉིད་ཅན་མཚན་བྱང་དུ་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་》དེ་ཉིད་ལེགས་པར་གྲུབ་ཐུབ་པ་བྱུང་ཡོད་པ་རེད།
 

དེ་ཡང་བཞུགས་སྒར་སྨན་རྩིས་ཁང་གིས་རྒྱུད་བཞིའི་ནང་ནས་ཕྱི་མ་རྒྱུད་དབྱིན་བསྒྱུར་གྱིས་པར་སྐྲུན་སྐབས་སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་བྲིས་པའི་ཆེད་བརྗོད་ཀྱི་ནང་དུ། "བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་བོད་ཀྱི་རྩོམ་པ་པོས་བོད་སྐད་དུ་བརྩམས་པའི་བོད་གཞུང་འཁྲུལ་མེད་ཅིག་ཡིན་ནའང༌གཞུང་ཁུངས་བཙུན་པར་སྟོན་པ་དང༌། ཉན་པ་པོ་སྤྲོ་བ་སྐྱེད་པའི་ཆེད་དུ་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་སྡེ་རྣམས་དང་མཚུངས་པར་མཚན་ལའང་རྒྱུད་ཀྱི་ཐ་སྙད་སྦྱར་ཞིང༌། གཞུང་གི་དབུར་ཡང་མཚན་སྨྲོས་པ་དང་མཚན་བསྒྱུར་བ་སོགས་མཛད་པ་མ་ཟད། གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུངས་ཚུལ་སོགས་བཀོད་ཡོད་ཀྱང༌། དོན་དུ་གཞུང་འདི་སངས་རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང་། འདིའི་རྩོམ་པ་པོ་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གང་རུང་ཞིག་གམ་གང་ལྟར་བོད་ཀྱི་མཁས་པ་ཞིག་ཡིན་པར་ཚིག་ཐག་ཆོད་པོས་བརྗོད་ནུས།" ཅེས་གསུངས་ཡོད།
 

བྱང་ཟུར་གཉིས་ཀྱི་ལུགས།

དེ་ནས་དཔལ་ལྡན་རྒྱུད་བཞིའི་དགོངས་འགྲེལ་སོགས་ཀྱི་སྐབས་བྱང་པ་དང་ཟུར་པ་ཞེས་གཉིས་སུ་གྱེས་ནས་བོད་ཡུལ་ཀུན་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་ཡིན། དེ་ཡང་བྱང་པ་རྣམ་རྒྱལ་གྲགས་བཟང་ནི་རིག་པའི་གནས་སྤྱི་དང་། ལྷག་པར་གསོ་བ་རིག་པའི་གཞུང་ལུགས་དང་རྒྱུད་བཞིའི་དཀའ་གནད་སྔར་མ་ཁྲོལ་བ་དུ་མ་ཟབ་བཤད་གནང་ཞིང་རྒྱུད་བཞི་འགྲེལ་བ་དང་གསོ་རིག་སྐོར་གྱི་བསྟན་བཅོས་མང་དག་ཞིག་མཛད་པ་དང་། རང་གི་སྲས་བཀྲ་ཤིས་དཔལ་བཟང་གིས་གཙོས་པའི་སློབ་མ་གྲངས་མེད་དུ་འཕེལ་ནས་དཔལ་ལྡན་བྱང་པའི་ལུགས་དེ་ཉིད་བྱུང་བ་ཡིན།

དེ་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེས་བོད་ཀྱི་གསོ་རིག་རྒྱུད་བཞི་ལ་བཀའ་བསྟན་གྱི་འགྲེལ་པ་དང་སྨན་རྫས་ངོས་འཛིན། ནད་པ་བརྟག་ཐབས་སོགས་ལ་དམིགས་གསལ་གྱི་མཛད་པ་བསྐྱངས་གནང་བ་རེད། དེ་ནས་དེའི་གདུང་རྒྱུད་དུ་ཟུར་མཁར་བློ་གྲོས་རྒྱལ་པོ་བྱོན། ཁོང་གིས་ཀྱང་《རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་》ཞེས་བྱ་བ་དང་གསོ་རིག་གི་བསྟན་བཅོས་དུ་མ་མཛད། ལྷག་པར་གཡུ་ཐོག་གིས་བྲིས་པའི་《རྒྱུད་བཞི་གསེར་མཆན་མ་》བྱ་བར་གཞིགས་ནས་རྒྱུད་བཞི་འདི་ཉིད་པར་དུ་ཐོག་མར་བརྐོས་གནང་བ་རེད། ཁོང་ལ་སློབ་མ་མང་དུ་བྱུང་ཞིང་ཟུར་མཁར་གྱི་རྒྱུད་པ་ལས་ནང་སོ་དར་རྒྱས་བྱ་བས་ྋགོང་ས་ལྔ་པ་ཆེན་པོའི་བླ་སྨན་པ་མཛད་པ་རེད།
 

རྒྱུད་བཞིའི་ནང་དོན།

རྒྱུད་བཞི་ཞེས་པ་ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་ལ་བྱ་ཞིང་། དེ་ཡང་རྩ་བའི་རྒྱུད་ཅེས་པ་གང་ཟག་བློ་རབ་ཀྱི་དོན་དུ་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་ས་བོན་གྱི་ཚུལ་དུ་སྨོས་པ་ཚིག་ཉུང་ངུའི་སྒོ་ནས་གསོ་རིག་གི་དོན་རྒྱ་ཆེན་པོ་མདོར་བསྡུས་ཏེ་སྟོན་པས་ན་རྩ་བའི་རྒྱུད་ཅེས་སོ།།

བཤད་པའི་རྒྱུད་ཅེས་པ་གང་ཟག་བློ་འབྲིང་གི་དོན་དུ་གསོ་བ་རིག་པའི་དོན་ཐམས་ཅད་གནས་བཅུ་གཅིག་ཏུ་བསྡུས་ནས་རྩ་བའི་རྒྱུད་དུ་རྒྱས་པར་མི་གསལ་བ་རྣམས་གསལ་བར་བཤད་པ་དང་། གསལ་བ་རྣམས་སུ་མ་ཚང་བ་ཁ་བསྐངས་ཏེ་བཤད་པ། ཆ་མཐུན་པ་རྣམས་ཀྱང་དོན་ངེས་ཤེས་བསྐྱེད་དེ་བཤད་པ། ཚིག་དོན་འགའ་ཞིག་འཐོར་བ་རྣམས་བསྡུས་ཏེ་བཤད་པ། བསྡུས་པ་རྣམས་རྣམ་པར་ཕྱེ་ནས་བཤད་པ་སྟེ། འཐོར་བ་སྡུད། འཁྲུགས་པ་བསྡེབས། གབ་པ་མངོན་དུ་ཕྱུངས་ནས་གསོ་དཔྱད་ཀྱི་དོན་ཐམས་ཅད་བཤད་ཐབས་ཀྱི་སྒོ་ནས་གཏན་ལ་འབེབས་པ་བཤད་པའི་རྒྱུད་ཅེས་སོ།།
 

མན་ངག་རྒྱུད་ཅེས་པ་བློ་ཐ་མའི་དོན་དུ་བརྗོད་བྱ་གསོ་ཡུལ་ཡན་ལག་བརྒྱད་ལ་རྗོད་བྱེད་གསོ་ཐབས་སྐབས་བཅོ་ལྔའི་ལག་ལེན་མཛུབ་ཚུགས་སུ་ནད་རེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་སྤྱི་དང་བྱེ་བྲག་རྣམས་ཕྲ་ཞིབ་རྒྱུ་མཚན་དང་བཅས་ཏེ་མན་ངག་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་གསལ་རྒྱས་རྫོགས་པར་གཏན་ལ་འབེབས་པ་མན་ངག་རྒྱུད་ཅེས་སོ།།
 

ཕྱི་མ་རྒྱུད་ཅེས་པ་བློ་ཤིན་ཏུ་དམན་པ་རྣམས་ཀྱི་དོན་དུ་མདོ་བཞི་རུ་གྱེས་ནས་ཚིག་དོན་གཉིས་ཀ་རྒྱས་བསྡུས་འཚམས་ཞིང་རྟོགས་སླ་བ་དང་ལག་ལེན་རྣམས་ཀྱང་ཤིན་ཏུ་འཁྱེར་བདེ་ཞིང་དོན་གསལ་ལ་གནད་དུ་འདྲིལ་བའི་ཚུལ་དུ་གཏན་ལ་འབེབས་པ་ཕྱི་མའི་རྒྱུད་ཅེས་བྱ་བ་ཡིན། དེ་ལྟ་བུའི་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་འདིར་གསོ་དཔྱད་ཀྱི་དོན་ཐམས་ཅད་བསྡུས་ཏེ་ཚང་བར་བསྟན་པའོ།།

 

རྒྱུད་བཞིའི་པར་མའི་སྐོར།

གོང་གསལ་ལོ་རྒྱུས་ཀྱི་དོན་སྙིང་གང་ཡང་རུང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་འབྲེལ་བའི་དཔེ་ཐོག་པར་གཞི་དང་ཤིང་དཔར་སོགས་མང་དག་ཡོད་ཅིང་ལྷག་པར་《དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་》པར་ཁུངས་ཀྱང་འདྲ་མིན་ནས་བྱུང་ཡོད་ལ་དེ་དག་གི་མཛད་བྱང་ལའང་མིང་འདོགས་འདྲ་མིན་སྣ་ཚོགས་སུ་བཏགས་ཡོད།
 

གསོ་བ་རིག་པའི་གཞུང་དང་མན་ངག་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད་ལ་ཉེ་ཆར་བོད་བཞུགས་བོད་སྨན་མཁས་པ་གོ་འཇོ་དབང་འདུས་གཙོ་བྱས་པའི་མཁས་པ་རེ་ཟུང་དང་ལྷག་པར་མཁས་དབང་དམ་པ་བྱམས་པ་འཕྲིན་ལས་ཀྱི་ཆེད་རྩོམ་སོགས་ཀྱི་ནང་སྡོམ་རྩིས་བྱས་པ་ལྟར་ན། 《རྒྱུད་བཞི་》ལ་ད་ལྟ་དངོས་སུ་ཉར་ཚགས་བྱས་ཡོད་པའི་པར་གཞིའི་རིགས་མི་འདྲ་བ་བཅུ་གཅིག་ཙམ་ཡོད་པར་གསུངས་ཡོད།
 

ཕྲན་རང་ཉིད་ནས་དྲྭ་ལམ་བརྒྱུད་པར་མའི་པར་ཁུངས་ཀྱི་མིང་འཚོལ་ཞིབ་དང་མིང་ཐོ་མང་དག་ཅིག་བཤེར་འབྲས་རྙེད་སོན་བྱུང་བ་རྣམས་ནི། གྲྭ་ཐང་པར་མ་དང་། ལྕགས་པོ་རིའི་པར་མ། སྒམ་པོ་བའི་པར་མ། རྟག་བརྟན་པར་མ། ཨེ་པར་མ། ལོ་རོའམ་ལོར་པར་མ། རྫོང་དཀར་པར་མ། ཞོལ་པར་མའམ་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ། པོ་ཏཱ་ལའི་པར་མ་དང་པོ་དང་གཉིས་པ། སྡེ་དགེའི་པར་མ་དང་པོ་དང་གཉིས་པ། སྐུ་འབུམ་པར་མ། བླ་བྲང་པར་མ། སོག་པོ་ཐུ་མེད་དགོན་པར་མ། བོད་ཀྱི་ལྕགས་པར་མ། འབྲུག་ཡུལ་པར་མ་དང་པོ་དང་གཉིས་པ། ཕྱི་སོག་པར་མ། ཨུ་རུ་སུ་ཨ་ཀོ་པར་མ། པེ་ཅིང་པར་མའམ་ཟུང་ཅུ་ཟེ་བོད་སོག་པར་མ། བོ་དོང་པར་མ། ཅོ་ནེའི་པར་མ། རྫོང་དགའི་པར་མ། སྣར་ཐང་པར་མ། བོད་གཞུང་སྨན་རྩིས་ཁང་གི་འཕྲུལ་པར་མ་སོགས་འདུག་ཅིང་མདོར་ན་པར་ཁུངས་མང་དག་ཞིག་ཡོད་པའི་ནང་ནས་འགའ་ཞིག་ཤིང་པར་མ་དང་ལྕགས་པར་མ། ལག་བྲིས་མ་སོགས་ཡོད་པར་གསུངས་ཤིང་གོང་གསལ་པར་གཞིའི་མིང་གི་རྣམ་གྲངས་དེ་དག་ལམ་ཙམ་ཞིག་གསལ་སྟོན་བྱས་ཡོད་པ་མ་གཏོགས་ཞིབ་ཆའི་པར་གཞིའི་གནས་ལུགས་གཤམ་དུ་གསལ་ཡོད། 
 

གང་ལྟར་པར་ཁུངས་ཀྱི་མིང་འདོགས་སྣ་ཚོགས་ཁྲོད་དཔེར་ན། ཞོལ་པར་མ་དང་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་ཞེས་ལོགས་སུ་པར་ཁང་སོ་སོར་བསྟན་འདུག་པ་དང་ཡང་འགའ་ཞིག་ལ་པར་ཁང་གི་མིང་བྱང་གསལ་ཡང་རྒྱུད་བཞིའི་པར་མ་མཇལ་བར་དཀོན་ཅིང་ཐེ་ཚོམ་སྐྱེ་གཞི་ཡང་བྱུང་སོང་བ་མ་གཏོགས་མཐའ་གཅིག་ཏུ་པར་ཁང་དང་པར་ཁུངས་ཡོད་པ་ཙམ་གྱིས་རྒྱུད་བཞི་འདི་ཉིད་པར་ཡོད་མེད་ལ་ཁ་ཚོན་བཅད་ནས་བཤད་མི་ཐུབ་ཅིང་པར་མ་འགའ་ཞིག་ལ་《རྩོམ་པ་པོ་》ཞེས་གསལ་བ་དང་འགའ་ཞིག་ལ་གང་ཡང་མི་གསལ་བ་སོགས་སྣ་ཚོགས་ཡོད།
 

དེ་ཡང་པར་ཁུངས་འགའ་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་འགྲེལ་པ་དང་སྨན་སྦྱོར། སྨན་དང་འབྲེལ་བའི་དཔེ་ཆ་གཞན་སོགས་ཀྱི་པར་མ་མཇལ་རྒྱུ་ཡོད་པ་མ་གཏོགས་རྒྱུད་བཞིའི་པར་མ་ཡོད་པའི་གསལ་ཆ་གང་ཡང་མིན་འདུག གཤམ་དུ་ཕྱི་ལོ་གསལ་བའི་པར་ཁུངས་ལམ་ཙམ་ཞིག་རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་དབྱིན་ཡིག་དྲྭ་རྒྱའི་ནང་འཁོད་པ་བཞིན་གཤམ་གསལ་རེའུ་མིག་ཐོག་གསལ་སྟོན་ཞུས་ཡོད་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ།

ཨང་།

པར་ཁུངས།

ཞུས་ཆེན་པ།

ཕྱི་ལོ།

སྣར་ཐང་པར་མ།

ཟུར་མཁར་བློ་གྲོས་རྒྱལ་པོ།

1564

པོ་ཏཱ་ལ་པར་མ།

ཟུར་མཁར་བློ་གྲོས་རྒྱལ་པོ།

1564

གྲྭ་ཐང་པར་མ།

ཟུར་མཁར་བློ་གྲོས་རྒྱལ་པོ།

1564

སྡེ་དགེ་པར་མ།

ཚུལ་ཁྲིམས་རིན་ཆེན།

1729

ལྕགས་པོ་རི་པར་མ།

ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་ཁོང་གི་དངོས་སློབ་རྡོ་རྗེ་རྒྱལ་མཚན།

1888

དུས་ཕྱིས་སུ་ཨོ་རྒྱན་བསྟན་འཛིན་དང་དཔལ་ལྡན་ཕུན་ཚོགས།

ཕྱི་ལོ་ 1892 ལོར་བསྐྱར་བཅོས་མཛད།

ལྷ་ས་སྨན་རྩིས་ཁང་པར་མ།

ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་ཁོང་གི་དངོས་སློབ་རྡོ་རྗེ་རྒྱལ་མཚན།

1888

དུས་ཕྱིས་སུ་ཨོ་རྒྱན་བསྟན་འཛིན་དང་དཔལ་ལྡན་ཕུན་ཚོགས།

ཕྱི་ལོ་ 189 2ལོར་བསྐྱར་བཅོས་མཛད།

 

གཅིག   གྲྭ་ཐང་པར་མ།

རྩ་རྒྱུད་པར་བྱང་དུ། ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་བོ། །
 

གྲྭ་ཐང་པར་མ་ནི་ཕྱི་ལོ་༡༥༤༦ལོར་སྡེ་པ་ཡར་རྒྱབ་པས་སྦྱིན་བདག་མཛད་ཅིང་ཟུར་མཁར་བློ་གྲོས་རྒྱལ་པོ་སྐུ་དངོས་ཀྱིས་གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞིའི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ཡི་མ་ཟིན་ལ་ཞུས་ཆེན་དག་བཅོས་མཛད་དེ་བརྐོས་གནང་བ་ཞིག་རེད། ཟུར་མཁར་བློ་གྲོས་རྒྱལ་པོ་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན་ཞིང་རབ་བྱུང་དགུ་པའི་སྤྲུལ་༡༥༠༩ལོར་སྐུ་བལྟམས། མཚན་ལ་ཚེ་བརྟན་རྒྱལ་ཞེས་གསོལ། དེ་རྗེས་ཀརྨ་འཕྲིན་ལས་པས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་གནང་། སྐུ་ཆུང་དུས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱངས་པ་མཛད་ཅིང་ཁྱད་པར་དུ་གསོ་བ་རིག་པའི་ཐད་གླང་བུ་ཆོས་རྗེ་དང་། བྱམས་པ་བཀྲ་ཤིས་དཔལ་བཟང་སོགས་མཁས་དབང་དུ་མ་ལས་གསོ་རིག་གི་གཞུང་དང་ལུང་མང་པོ་གསན་སྦྱོང་གནང་བས་གསོ་བ་རིག་པར་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པར་གྱུར།
 

གྲ་ཐང་རྒྱུད་བཞི་པར་དུ་བརྐོས་པ་དེ་ནི་རྒྱུད་བཞིའི་པར་གཞི་སྔ་ཤོས་སུ་གྱུར་ཡོད། དེས་བོད་ཀྱི་ཡུལ་གྲུ་ཆེན་མོར་རྒྱུད་བཞི་འཆད་ཉན་དང་དར་འཕེལ་འགྲོ་རྒྱུར་ཕན་རླབས་ཆེན་པོ་ཐོན་ཡོད་པར་གྲགས། ནང་སོ་དོན་ཡོད་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་བསྐྱངས་ཅིང་སྐུ་ཚེ་ཧྲིལ་པོར་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཁོ་ན་མཛད་ཡོད།
 

དཔྱད་གཞི།
 

རབ་བྱུང་བཅུ་པའི་ཆུ་བྱ་(༡༥༧༣)ལོར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་གཟིགས་དཔེ་《རྒྱུད་བཞི་སྒོ་ནང་མ་ལ་མ》དཔེ་བྱས་ཏེ་《གྲ་ཐང་རྒྱུད་བཞི་》ཞེས་པའི་ཤིང་དཔར་ཐོག་མར་བསྐོས་པར་མཛད་། དེ་ལ་མ་ཕྱི་བྱས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་རྩེ་པོ་ཏ་ལར་ཡོད་པའི་《རྒྱུད་བཞི་》དཔར་རྙིང་པ་དེ་ཐོག་མར་དཔར་སྐྲུན་གནང་ཞིང་། དེ་རྗེས་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ ༡༦༨༧ ལོར། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གོང་གསལ་གྱི་སྨན་གཞུང་མང་པོ་དང་《གྲྭ་ཐང་རྒྱུད་བཞི་》བཅས་ལ་ཞིབ་འཇུག་དང་ཞུས་དག་མཛད་དེ་《རྒྱུད་བཞི་》དཔར་གསར་པ་དཔར་སྐྲུན་ཐོག དེའི་ཕྱི་ལོ་《རྒྱུད་བཞིའི་འགྲེལ་པ་བེེཌཱུརྱ་སྔོན་པོ་》བརྩམས་ནས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་(༡༦༨༩) ལོར་དཔར་སྐྲུན་གྱིས་དངོས་སུ་འགྲེམས་སྤེལ་བྱས།
 

གཉིས།   ལྕགས་པོ་རིའི་པར་མ།

ལྕགས་པོ་རིའི་པར་མའི་རྩ་རྒྱུད་པར་བྱང་དུ། ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུས་ྋགོང་ནས་པར་བྱང་ལ་གནང་བ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏཱ་ལ་ནས་སྤེལ། །ཞེས་དང་།  ཡང་།  
 

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་།  །སླར་ཡང་སྦས་བཅད་དྲི་ཡིས་སྤགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་ཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་།  །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་།  །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་ྋམི་རྗེ་སཱ་རའི་སྐབས་བསྩལ་འདུག་པ་སོར་བཞག་ཐོག་རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་པའི་པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས།།
 

ལྕགས་པོ་རིའི་པར་མ་ནི་རྩེ་པོ་ཏ་ལའི་པར་མར་ཤིང་ཕོ་ཁྱིའི་ལོ་༡༦༩༤《རྒྱུད་བཞི་》པར་བསྐྲུན་མཛད་པ་དེ་ཉིད་བགྲེས་སྐྱོན་ཆེ་བས་ས་བྱི་ལོར་ཕྱི་ལོ་ 1888 རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་དེ་མོ་རྒྱལ་ཐོག་སྐབས་རྒྱུད་བཞི་པར་གཞི་གསར་བསྐྲུན་དང་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་བླ་མ་མདོ་ཁམས་པ་ཆོས་ཀྱི་སེང་གེས་སྤྱན་གཟིགས་ཞུ་དག་དང་བཅས་པར་བྱང་སྨོན་ཚིག་གནང་སྟེ་པར་དུ་བརྐོས་པ་ཡིན། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་(1876 – 1933) དགུང་ལོ་གསུམ་ཐོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཤིང་མཚན་ལ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་གསོལ། དགུང་ལོ་བཞིའི་ས་ཡོས་སྤྱི་ལོ་ ༡༨༧༩ ལོར་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས་པ་རེད།

 

གསུམ།   སྒམ་པོའི་པར་མ།

སྒམ་པོའི་པར་མ་ནི་པར་བྱང་དུ། བཤད་པའི་རྒྱུད་རྒྱལ་སྐབས་གསུམ་ལམ། །མཁས་མང་འགྲེལ་བའི་ཉིན་བྱེད་མཆོག །རྣམ་དཔྱོད་རྟ་བདུན་གྱིས་དྲངས་པས། །འཁྲུལ་བའི་མུན་པ་དྲུངས་ནས་ཕྱུང་།  །སྐྱེ་དགུའི་བསོད་ནམས་བསྐྲུན་པའི་སླད། །མཚོ་སྣ་རས་པས་བསྐུལ་བའི་མཐུས། །པར་འདིའི་འཕྲུལ་མཆོག་གྲུམ་མདར་བསྒྲུབས། །སྒམ་པོའི་གནས་སུ་འཕྲིན་ལས་སྤེལ། ། ཞེས་དེང་དུས་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་གི་ཁོངས་སུ་གཏོགས་ཤིང་སྔོན་དུས་དྭགས་ལ་སྒམ་པོའི་གཙུག་ལག་ཁང་ཞེས་པ་བཞུགས་ཤིང་ད་ཆར་ཐོར་ཞིག་ཏུ་སོང་སྟེ་བཞུགས་མེད་པར་གྲགས། རྒྱུད་དེ་བཞིན་མཚོ་སྣ་རས་པ་ཅན་ཟེར་བས་བསྐུལ་བ་དང་པར་གཞུང་མཛད་པ་པོ་དྭགས་ལ་སྒམ་པོའི་གདན་རབས་ཉེར་བདུན་པ་དྭགས་པོ་ནོར་བུ་སྦྱིན་པ་དང་སྨན་བླ་དོན་གྲུབ་ཟེར་བས་ཞུ་དག་མཛད་དེ་གྲུམ་མདར་པར་དུ་བསྐྲུན་པ་ཡིན།

 

བཞི།   རྟག་བརྟན་པར་མ།

རྟག་བརྟན་པར་མའི་ཕྱི་མ་རྒྱུད་ཀྱི་པར་བྱང་དུ། ཁྱད་པར་གསོ་བ་རིག་པའི་རྒྱུད་རྣམ་པ་བཞི་ཡང་། རྗེ་བཙུན་ཉིད་ཀྱི་དགོངས་པ་གཏད་པའི་འཕྲོས་སྐྱོང་དུ། རྭ་ལོ་ཙཱ་བ་ཆེན་པོའི་གདུང་།  རྗེ་བཙུན་དེ་ཉིད་ཀྱི་སྐུའི་དབོན་བྱམས་པ་དང་བརྩེ་བའི་བདག་ཉིད་ཅན། ལེགས་བྱས་དཔལ་ཡོན་གྱི་ཁྲི་ལ་མངོན་པར་མཐོ་ཞིང་།  ལུགས་ཟུང་བསྟན་པའི་བྱ་བ་ལ་བཀའི་འཁོར་ལོ་སྒྱུར་པ་པོ། ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་པར་དཀར་བའི་མཛད་བཟང་ལྷུན་གྱིས་གྲུབ་པའི་རང་འགྲོས་ཀྱི་ཤུགས་སམ། ཞལ་ལས་སུ་གནང་བར་བཞེད་པའི་ཞབས་འཇུག་སྐུལ་པ་པོ། འཇམ་དབྱངས་ཀྱི་རྣམ་པར་སྤྲུལ་བ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་སྨན་པར་དབང་བསྐུར་བ། གནང་བ་རིགས་ཀྱི་ཆེ་བའི་སྨན་པ་དགུའི་ཡ་གྱལ། གཉའ་པའི་བརྒྱུད་འཛིན་གཞུང་ལུགས་འདི་ཉིད་ལ་མི་ཕྱེད་པའི་དང་བ་རབ་ཏུ་རྒྱས་ཤིང་ཐོས་བསམ་ཀྱི་བྱ་བ་ཅུང་ཟད་བགྱིས་པ། བྱང་ལྷུན་གྲུབ་སྡིངས་ཀྱི་འཚོ་བྱེད་གཞོན་ནུ་གསོས་སམ། མིང་གཞན་བདུད་རྩི་འགྱུར་མེད་ཅེས་བྱ་བས། མཁས་གྲགས་ཆེ་བའི་སར་བཞུགས་པའི་རྒྱུད་དཔེ་དག་པར་འཛིན་པ་གང་རྙེད་དང་གླེགས་བམ་ཁྲ་མོར་གྲགས་པ་ལའང་ཞིབ་ཏུ་གཏུགས། རྟག་བརྟན་པར་མ་ནི་ཕྱི་ལོ་ ༡༦༦༤ ལོར་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་སྡེར་ཇོ་ནང་ཏཱ་ར་ན་ཐའི་དབོན་པོ་ཀུན་དགའ་རྒྱལ་མཚན་གྱིས་སྦྱིན་བདག་གནང་། ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་ཀྱིས་དོ་དམ་དང་ཞུས་ཆེན་མཛད་དེ་པར་དུ་བསྐྲུན་པ་ཡིན།།

 

ལྔ།   ལོ་རའམ་ལོར་པར་མ།

ལོར་པར་མའི་ཕྱི་མ་རྒྱུད་ཀྱི་པར་བྱང་དུ། ཆོས་རྗེ་ལོ་ཙཱ་ཚེ་དབང་དཔལ་འབྱོར་དང་།  །རྡོ་རྗེ་དར་རྒྱས་ཚེ་བརྟན་བསམ་འགྲུབ་དང་།  །ཝ་ལུའི་ཆོས་རྒྱལ་རྣམས་ཀྱིས་པར་ཤིང་རེ། །བྱོ་བོ་མགོན་པོ་དཔལ་འབྱོར་ཕྱེད་ཕྱེད་དོ། །ཨ་ནེ་ཡེ་ཤེས་དཔལ་མོས་པར་ཤིང་གཅིག །ངག་དབང་རྡོ་རྗེ་བཀྲ་ཤིས་རྩ་རི་དང་།  །འཛོམ་པ་དཔལ་བོ་རྣམས་ཀྱིས་པར་ཤིང་གཉིས། །ཨ་འོ་གཡུལ་རྒྱལ་བསྟན་འཛིན་པར་ཤིང་རེ། །ཡི་གེ་བ་དང་རྐོ་བྱེད་སྔར་ཁོར་ནས། །སླེ་མའི་བསམ་གྲུབ་མངའ་རིགས་ལུང་པ་ནས། །རིག་བྱེད་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་དང་།  །བསམ་གྲུབ་སོས་རྒྱལ་རྩ་རི་བསམ་གྲུབ་དང་།  །དོན་གྲུབ་བཀྲ་ཤིས་རྣམས་ཀྱིས་ལེགས་པར་བརྐོས། །གསོ་རིག་རྒྱུད་ཀྱི་པར་ཆེན་བཞི་པོ་འདི། །འཛམ་གླིང་བྱང་ཕྱོགས་ལོ་རོའི་ཡུལ་དབུས་ཀྱི། །དབྱངས་ཅན་བཞད་པའི་བསྟི་གནས་དམ་པ་ནི། །སྦྱོ་ར་ཐུབ་བསྟན་ཆོས་འཁོར་འདི་རུ་བསྒྲུབས། །འབོགས་ཀྱི་དཔོན་ཚང་བརྒྱུད་པ་ལས་སྐྱེས་པའི། །ཚེ་དབང་བསམ་གྲུབ་གཞན་ཕན་ནོར་བུའམ། །གཞན་ཕན་ཟླ་བ་ཞེས་པ་མིང་གི་གྲངས། །ལྕགས་ཕོ་འབྲུག་དག་ལ་དབུ་བཙུགས་ལྕགས་མོ་སྦྲུལ་ལོ། །ངལ་བ་མ་ཆེས་གཙང་འབྲས་གྲུབ་པར་གྱུར། །ལོ་ངོ་ཞེ་བཞི་ཡན་གྱི་སྒྲུབ་ཚུལ་ལོ། །ཞེས་གསལ།

 

ལོར་པར་མའམ་སྦྱོར་ར་པར་མ།  བོ་དོང་པར་མ་ནི་བོད་ལྗོངས་ལྷོ་ཁར་གཉལ་བྱར་ལོར་གསུམ་དུ་གྲགས་པའི་ཡུལ་མིང་ཆེན་པོ་གསུམ་གྱི་ཕྱི་མ་ལྷོ་ཁ་གཉལ་སྨད་དུ་ལོ་རོ་དཀར་ནག་གཉིས་ཟེར་བ་དང་ཡང་ལོ་རོ་དཀར་ནག་ཁྲ་གསུམ་ཟེར་བའི་ནང་ཚན་ལོ་རོ་དཀར་པོའི་ཕྱོགས་ཀྱི་ས་ཆ་སྦྱོར་ར་ཐམས་ཅད་མཁྱེན་པའི་གདན་ས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པར་མི་དབང་མེས་ཚབ་གྲགས་པས་སྦྱིན་བདག་དང་བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྲུལ་སྐུ་སྦྱོར་ར་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དང་པོ་འཇམ་དབྱངས་བསྟན་འཛིན་གྲགས་པའི་ཞལ་སློབ་སྨན་པ་ཚེ་དབང་བསམ་གྲུབ་ཟེར་བས་གྲྭ་ཐང་པར་མ་སོར་བཞག་ཞུས་དག་སྟེ་པར་དུ་བསྐྲུན་པ་ཡིན།  སྦྱོར་ར་ཐམས་ཅད་མཁྱེན་པའི་གདན་ས་ཐུབ་བསྟན་ཆོས་འཁོར་གླིང་འདི་ཉིད་བོ་དོང་བཀའ་རྒྱུད་ཀྱི་ཆོས་རྒྱུད་འཛིན་པ་ཡིན་བརྟེན་པར་གཞི་འདི་ཉིད་ཀྱི་མཚན་གཞན་དུ་བོ་དོང་པར་མའང་ཟེར་སྲོལ་དུ་གྲགས།

 

དྲུག  རྫོང་དཀར་པར་མ།

རྫོང་དཀར་པར་མའི་ཕྱི་མ་རྒྱུད་ཀྱི་པར་བྱང་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་སྡེ་བཞི། །མི་ཟད་པར་དུ་བསྐྲུན་ལ་རབ་དགའ་བ། །མང་བཀུར་རྒྱལ་པོའི་གདུང་འཛིན་འགྲོ་བའི་དཔལ། །མུ་ཁྲི་བཙན་པོའི་སྐྱེ་མཐའ་ཆོས་སྐྱོང་བ། །རྒྱལ་པོ་ཆེན་པོས་ཡོངས་རྫོགས་སྦྱིན་བདག་མཛད། །གཞན་ཡང་དེ་ལ་གསོལ་འདེབས་ཞབས་འདེགས་པ། །རིག་གནས་འདི་ལ་སྦྱངས་པ་མི་དམན་ཞིང་།  །རབ་ཟབ་རྒྱུད་བཞིའི་ཐོས་བསམ་དོན་ལ་བརྩོན། །ལྡོང་སྨན་རཏྣའི་མིང་ཅན་ངེས་དོན་ལ། །རྩེ་གཅིག་གཞོལ་བས་འགྲོ་བའི་དུག་གསུམ་ནད། །སེལ་ཕྱིར་ལྷག་བསམ་སྦྱོར་བས་ལེགས་པར་བསྒྲུབས། །ཝེ་ལྷའི་རི་མོ་མཁས་བསོད་སྨན་ཐང་ལུགས། །ཡིག་མཁན་མཁས་པ་འཇམ་དབྱངས་ཐོན་མིའི་སྤྲུལ། །དཔོན་ཆེན་ནག་པ་ཚེ་བརྟན་དྲང་སྲོང་གསུམ། །ཝེ་ལྷའི་པར་རྐོས་རྩ་རྒྱུད་པར་ཡིག་མཁན། །སྔོན་སྦྱངས་ལག་པའི་འདུ་བྱེད་མཐར་སོན་པ། །བྱ་བཏང་མགོན་པོ་དཔལ་འབར་སོར་རྩེས་བསྐྲུན། །རྐོ་བྱེད་གཟོ་གནས་གཙང་བ་ཉི་ཤུ་དང་།  །རྫོང་དཀར་གུང་སྟོད་གུང་སྨད་པར་མཁན་ལྔ། །ཞུ་དག་མགོ་ལུང་ཆེད་གཉེར་དོ་དམ་པ། །ས་དཀར་སྔགས་ཀྱི་པཎ་གྲུབ་འདུལ་བ་འཛིན། །མཚུངས་མེད་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དང་།  །ཚད་མ་ལུང་རིགས་རབ་འབྱམས་ཆོས་སྡེ་དང་།  །འ་བ་དགེ་སློང་བཀྲ་ཤིས་ཕྱག་མི་བ། །ཁོ་བོ་རང་དང་བཞི་ཡིས་ལེ་ལོ་སྤངས། །ཕྱི་མོ་ཁུངས་ཐུབ་གོང་དཀར་བྱ་ཡུལ་པར། །སྔོན་གྱི་རྒྱུད་འཕེལ་གསར་རྙིང་དུ་མ་སོགས། །མཆན་བུ་རྒྱས་མིོན་བསྡུས་མིན་འབྲིང་དུ་བྱས། །གཞུང་མཆན་ཆེ་ཆུང་ཕྱེ་ནས་དཀྱུས་མཚམས་བཅུག །པར་ཡིག་བཏབ་པར་པར་ཤིང་ལ་སོགས་ལ། །སྔ་ཞུས་ཕྱི་ཞུས་ཞུ་དག་ཐེངས་བཅུ་བྱས། །འདི་ཡི་དགེ་ལས་བྱུང་བའི་བསོད་ནམས་དེས། །སྤྱིར་ནི་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །གནས་སྐབས་དམིགས་ནས་བསྔོ་བའི་ཡུལ་བསྟན་པ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་།  །བསྟན་འཛིན་རྣམས་ཀྱང་སྐུ་ཚེ་རབ་བརྟན་ཞིང་།  །ཁྱད་པར་གསོ་རིག་བསྟན་དང་བསྟན་འཛིན་རྣམས། །མི་ཉམས་ཡར་ངོའི་ཟླ་ལྟར་རྒྱས་པ་དང་།  །འགྲོ་ཀུན་རྒྱུ་འབྲས་ནད་ལས་རབ་གྲོལ་ནས། །བླ་མེད་སྨན་པའི་རྒྱལ་པོ་འགྲུབ་གྱུར་ཅིག།
 

རྫོང་དཀར་པར་མའི་བཤད་རྒྱུད་པར་བྱང་དུ། དུག་གསུམ་ནད་སེལ་གསོ་བ་རིག་པའི་བསྟན་པ་མཆོག །མི་ཉམས་འཕེལ་ཕྱིར་རྒྱུད་སྡེ་བཞི་ཡི་སྤར་མཆོག་འདི། །བོད་རྗེའི་གདུང་གསོབ་ཁྲི་ལྡེ་བསོད་ནམས་དབང་ཕྱུག་གིས། །མངའ་རིས་རྫོང་དཀར་བསྒྲུབས་དགེས་འགྲོ་རྣམས་བདེ་གྱུར་ཅིག །ཅེས་མངའ་རིས་རྒྱལ་པོ་ཁྲི་ལྡེ་བསོད་ནམས་དབང་ཕྱུག་གིས་སྦྱིན་བདག་བྱས་ཤིང་གོང་དཀར་བྱར་ཡུལ་གྱི་པར་མར་ཁུངས་བཅོལ་ཏེ་ལྡོང་སྨན་རཏྣའི་མིང་ཅན་ཟེར་བ་ཞིག་གིས་ཞུས་དག་གནང་བ་ཡིན།

 

བདུན།   དགའ་ལྡན་ཕུན་ཚོགས་གླིང་གི་པར་མ།

དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་ནི་རྒྱལ་དབང་ལྔ་བ་ཆེན་པོའི་བླ་སྨན་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་སློབ་དཔོན་བྱང་ངོས་ནང་སོ་དར་རྒྱས་ཀྱི་ཐུགས་དགོངས་བཞིན་སྤྱི་ལོ་ ༡༦༦༢ ལོར་གྲ་ཐང་པར་མ་སོར་བཞག་ཏུ་པར་ལས་བྱས་ཤིང་། རྒྱལ་དབང་སྐུ་ཕྲེང་ལྔ་བས་པར་བྱང་སྨོན་ཚིག་གནང་བ་དང་ལྗགས་ཞུས་ཀྱང་མཛད་པར་གྲགས།

 

བརྒྱད།   རྩེ་པོ་ཏ་ལའི་པར་མ།

རྩེ་པོ་ཏ་ལའི་པར་མ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགུང་གྲངས་སོ་བརྒྱད་པར་གྲྭ་ཐང་གི་རྒྱུད་བཞི་པར་བཤུས་མང་པོར་ཆད་ལྷག་ནོར་གསུམ་ཤོར་བའི་རིགས་བསྐྱར་བཅོས་ཀྱིས་ཞུ་དག་གནང་བ་སྟེ་གྲ་ཐང་རྒྱུད་བཞིར་ཚིག་ཆད་པ་དང༌བརྡ་རྙིང་གོ་དཀའ་བའི་རིགས་རྣམས་ལ་རྒྱུད་བཞི་དཔེ་རྙིང་དང་གོ་བསྡུར་དང་ཐུགས་དཔྱད་མཛད་དེ། དཔེར་ན་སྡོམ་ཚིག་ཏུ་བཤད་པ་ནང་གསེས་མ་ཚང་བའི་རིགས་དང༌ནད་རྟགས་བཤད་པར་བཅོས་ཆད་པ། ས་བཅད་འཁྲུགས་པ། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཡོད་པར་འོལ་སྤྱི་རྟོག་བཟོ་མིན་པར་དུས་ཀྱི་འཁོར་ལོ་དང༌། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་། དཀོན་བརྩེགས་སོགས་མདོ་སྡེ། ལུང་གཞི་དང༌ཕྲན་ཚོགས་སོགས་འདུལ་བ། གདགས་པ་དང་མཛོད་འགྲེལ་སོགས་མངོན་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱ་པ། གཅེས་གྲུབ། འཚོ་བའི་མདོ། དངུལ་ཆུ་གྲུབ་པ་སོགས་རྒྱ་གར་ནས་བསྒྱུར་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་བསྒྱུར་རིགས། འཁོར་ལོ་རྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་བསྒྱུར་བ། བདུད་རྩི་བམ་པོ་བདུན་པ་དང༌། བདུད་རྩི་མཆོག་གི་གཞུང་ལུགས་བདུད་རྩི་བུམ་པ། ཡང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རིགས་བི་བྱིའི་པུ་ཏི་ཁ་སེར་དང༌སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཆ་ལག་བཅོ་བརྒྱད་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས་རྩ་བཤད་ཕྱི་གསུམ་ལ་འགྲེལ་པའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན་ཡོད།
 

ལྷག་པར་མན་རྒྱུད་གཡུ་ཐོག་པའི་གསེར་མཆན་ལ་ཡང་ཟོང་མཆན་སྨར་མཆན་གཉིས། བུ་དོན་མ། ཕྱག་དྲེག་མ། ཟུར་མཁར་རྙིང་མའི་རྒྱུད་བཞི་སྒམ་ནང་མ། བྱང་ལུགས་མཁས་པས་མཛད་པའི་དགོས་འདོད་ཀུན་འབྱུང་སོགས་དང༌གཞན་ཡང་རྫོང་ཁའི་རྒྱུད་བཞི་པར་མ་དང༌། སྒམ་པོའི་པར་མ། རྟག་བརྟན་པར་མ། བོ་དོང་པར་མ་སོགས་དང༌དེ་མིན་ལྕགས་སྨྱུག་གིས་བྲིས་པའི་ཡིག་རྙིང་ལེ་ཚན་དང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་ཅོག་གི་སྨན་གཞུང་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་ཞིབ་ཏུ་ཐུགས་དཔྱད་མཛད་ཅིང༌། ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ་ཤིང་ཕོ་ཁྱིའི་ལོ་༡༦༩༤《རྒྱུད་བཞི་》པར་དུ་བསྐྲུན་ཞིང་པོ་ཏ་ལའི་ཞོལ་པར་ཁང་དུ་བཞུགས།

 

དགུ།   སྐུ་འབུམ་པར་མ།

སྐུ་འབུམ་པར་མའི་པར་ཡིག་པ་དགེ་སློང་བསྟན་པ་རབ་རྒྱས། པར་བཀོད་པ་དགེ་སློང་བློ་བཟང་རྣམ་རྒྱལ་དང་དགེ་ཚུལ་བློ་བཟང་ཡར་འཕེལ་བཅས་ཀྱིས་མདོ་སྨད་བྱང་བརྒྱུད་ཀྱི་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་སྨན་པ་གྲྭ་ཚང་གསོ་རིག་དར་རྒྱས་གླིང་དུ་སྐུ་འབུམ་ཨ་ལགས་ཁྲི་ཐོག་བཅུ་བ་ཟི་ན་ལྷ་རམས་པ་བསོད་ནམས་བསྟན་འཛིན་མཆོག་དགུང་ལོ་ལྔ་བཅུ་རྩ་ལྔ་བཞེས་ཤིང་སྨན་པ་གྲྭ་ཚང་གི་ཁྲིར་ཕེབས་ནས་ལོ་ངོ་བཞིར་ཕེབས་སྐབས་རབ་བྱུང་༡༣ པའི་མེ་ཕོ་འབྲུག་ལོ་ཕྱི་ལོ་ 1796 ལོར་གྲ་ཐང་པར་མ་སོར་བཞག་ཐོག་པར་བཤུས་གནང་སྟེ་པར་དུ་བསྐྲུན།

 

བཅུ།   སྡེ་དགེ་པར་མ།

སྡེ་དགེ་པར་མ་ནི་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བོད་རབ་བྱུང་བཅུ་གཉིས་པའི་ཆུ་གླང་སྤྱི་ལོ་ 1733 ལོར་སྔ་སོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུ་དག་དང་པར་དུ་བརྐོས་པའི་རྒྱུད་བཞི་》པོ་ཏཱ་ལའི་པར་མ་》ཇི་ལྟ་བ་བཞིན་སྡེ་དགེའི་པར་མ་གསར་དུ་བརྐོས་ནས་པར་དུ་བསྐྲུན་པ་ཡིན། སྡེ་དགེའི་དཔར་ཁང་ནི་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ་ 1729 ལོར་བཞེངས་པ་རེད། རྒྱལ་པོ་ཡབ་སྲས་ཀྱིས་ཀྱང་རྒྱུད་བཞིའི་འགྲེལ་པ་བེེ་སྔོན་དང་ཆ་ལག་བཅོ་བརྒྱད། གསོ་དཔྱད་རྒྱལ་པོའི་དཀོར་མཛོད། སྨན་དཔྱད་ཟླ་བའི་རྒྱལ་པོ། མན་ངག་བྱེ་བ་རིང་བསྲེལ། མག་ངག་བཀའ་རྒྱ་མ། སྨན་བསྡུས་ཨེ་ཝཾ་སོགས་གསོ་རིག་གི་བསྟན་བཅོས་མང་པོ་པར་དུ་བརྐོས་ནས་པར་བསྐྲུན་མཛད་པར་རོགས་རམ་གང་མང་བགྱིས་པ་བཅས་ལ་བརྟེན་བོད་ཀྱི་གསོ་བ་རིག་པར་བཞག་པའི་བྱས་རྗེས་ཤིག་ཏུ་ངོས་འཛིན་བྱས་ཆོག་པ་ཡིན།  སྡེ་དགེའི་རྒྱུད་བཞིའི་པར་མའི་མཇུག་བྱང་ནང་། འོན་ཀྱང་བར་སྐབས་དུས་དབང་གིས་སྨན་པ་ཁོ་ནར་མ་ཟད་རིག་གནས་གང་ལའང་ཚུལ་བཞིན་སློབ་པ་མི་འབྱུང་ཞིང་། བསླབ་ཀྱང་ཤེས་པ་ཉུང་བས་གཞུང་འདིའང་འཆད་ཉན་གྱི་སྲོལ་ཇི་ལྟ་བ་ནུབ་པ་ལ་ཕྱོགས་པའི་ཚེ། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་མཁས་དབང་བློ་གྲོས་རྒྱལ་པོས་འགྲེལ་བཤད་དང་ཞུས་ཆེན་གྱིས་གཏན་ལ་ཕབ་པ་བཞིན་ནང་སོ་ཡར་རྒྱབ་པས་པར་དུ་བརྐོ་བ་དང་། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས་མི་དབང་སངས་རྒྱས་རྒྱ་མཚོའི་རྣམ་སྤྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ་འདི་ཉིད་ཀུན་གྱིས་ཡིད་རྟོན་པའི་གནས་སུ་རུང་བར་འདུག་པ་ལྟར་དེ་ཉིད་ལས་འབྲུ་ལེན་གྱིས་ཆེ་མོ་ཞུས་ཏེ་ཞེས་གསལ།

 

བཅུ་གཅིག   པེ་ཅིན་པར་མ།

ཟུང་ཅུ་ཟེའི་བོད་སོག་པར་མའམ་པེ་ཅིང་པར་མའི་པར་བྱང་སྨོན་ཚིག་ཏུ། ཤླཽ་ཀ་གཉིས་པོ་འདི་གྲྭ་ཐང་སོར་བཞག་དུས་ྋགོང་ནས་པར་བྱང་ལ་གནང་བ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བའི། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏཱ་ལ་ནས་སྤེལ། །ཞེས་དང་།  ཡང་།
 

ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་།  །སླར་ཡང་སྦས་བཅད་དྲི་ཡིས་སྤགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བཀྲུས་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུངས་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་ཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་།  །བྱམས་མགོན་སྤྲུལ་སྐུར་བྱོན་པར་རྟག་བརྟན་ཅིང་།  །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་ྋམི་རྗེ་སཱ་རའི་སྐབས་བསྩལ་འདུག་པ་སོར་བཞག་ཐོག་རབ་ཚེས་ཀུན་འཛིན་ས་བྱི་ལོར་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་མཛད་པའི་པར་འདི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། །སརྦ་མངྒལཾ།
 

ཡང་།  དེའི་མཇུག་བྱང་མཐའ་མར། 《ཅེས་གསོ་བ་རིག་པའི་གཙུག་ལག་གི་སྙིང་པོ་སྨན་གྱི་རྒྱུད་བཞིའི་གསུང་རབ་ཞཱེ་ཧོ་ཞེས་པའི་ས་ཆར་རྒྱལ་པོའི་ལྷ་ཁང་ཐུ་ཉེར་ཟིའི་སྨན་གྲྭའི་ཏཱ་བླ་མ་སྨན་རམས་པ་ཡེ་ཤེས་དཔལ་འབྱོར་གྱིས་མཐུན་པའི་རྐྱེན་སྦྱར་ཏེ་པར་དུ་བཞེངས་པའི་ཚེ་ཁ་བྱང་སྨོན་ལམ་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཆོས་སྨྲ་བའི་བཙུན་པ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་བྱ་བས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག》  ཟུང་ཅུ་ཟེ་བོད་སོག་ཆོས་ཀྱི་དཔར་ཁང་ཞེས་གསལ།

 

བཅུ་གཉིས།   བླ་བྲང་པར་མ།

བླ་བྲང་པར་མའི་གཞུང་གི་པར་བྱང་དུ། སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་བའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་པོ།།
 

བླ་བྲང་པར་མ་ནི་མདོ་སྨད་ལྷོ་བརྒྱུད་ཆོས་སྡེ་ཆེན་པོ་བླ་བྲང་བཀྲིས་འཁྱིལ་གསུང་རབ་པར་ཁང་དུ་རྒྱུད་གསུམ་སྟེ་རྩ་རྒྱུད་དང་བཤད་རྒྱུད།  ཕྱི་མ་རྒྱུད་བཅས་ལས་མན་ངག་རྒྱུད་བཞུགས་མེད། པར་གཞི་དེ་ཉིད་ཀྱི་བྱེད་པ་པོ་སུ་ཡིན་དང་དུས་ནམ་ཞིག་ལ་ཡིན་མིན་སོགས་ཞིབ་ཆ་མེད། འོན་ཀྱང་ཁ་ཤོག་ནང་མའི་ནང་སྟོན་པ་ཐུབ་པའི་དབང་པོ་སྐུ་བརྙན་ཞིག་དང་དེའི་རྗེས་ཤོག་ཏུ་སངས་རྒྱས་སྨན་བླའི་སྐུ་བརྙན་ཞིག ཡང་དེའི་རྗེས་ཤོག་དེར་འཇམ་དབྱངས་བཞད་པ་ཀུན་མཁྱེན་འཇིགས་མེད་དབང་པོའི་སྐུ་བརྙན་ཞིག་བཅས་འཁོད་ཡོད་པར་གྲགས།
 

བླ་བྲང་དགོན་པའི་དཔར་ཁང་ནི་སྤྱི་ལོ་ 1761 ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་བཞེངས་པ་ཡིན་ཞེས་འཁོད་ཡོད། དེ་ལྟར་ན་བླ་བྲང་པར་མའི་རྗེས་ཤོག་གི་སྐུ་བརྙན་དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་ཡིན་པ་གོར་མ་ཆག་ཤིང་གཞུང་དེའི་ཞུས་ཆེན་གནང་མཁན་ཞིག་མ་ཡིན་པར་བླ་བྲང་དཔར་ཁང་ཕྱག་བཏབ་མཁན་ཡིན་པ་གསལ་པོ་རེད། འོན་ཀྱང་བླ་བྲང་རྒྱུད་བཞིར་ཞུས་ཆེན་སོགས་མཛད་ཡོད་མེད་ཤེས་ཚོད་དཀའ་ཡང་མ་ཤེས་ཤེས་མདོག་གིས་རྟོག་བཟོ་བྱས་ན་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པ་དེ་ཡང་མེད་པར་འགྱུར་ངེས་ཡིན། དེ་བས་དཔྱོད་ལྡན་རྣམས་ཀྱི་དཔྱད་གཞིའི་མདུན་ལྕོག་ཏུ་བཞག་ན་རེ་ཞིག་འོས་འཚམས་ཡིན་ནོ་བསམ་པ་བྱུང་།

 

བཅུ་གསུམ།   ལྷོ་འབྲུག་པར་མ།

ལྷོ་འབྲུག་པར་མའི་ཕྱི་མ་རྒྱུད་ཀྱི་པར་གཞུང་དུ། གྲྭ་པར་ཇི་བཞིན་ལྷག་ཆད་མེད་པ་འདི། །ལུགས་གཉིས་ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ཁབ། །འབྲུག་ལྟར་གྲགས་པའི་སྤུངས་ཐང་བདེ་ཆེན་དུ། །པད་དཀར་གསུམ་པ་ངག་གི་དབང་པོའི་སྡེའི། །བཀའ་ཡི་ཅོད་པན་ཕྱོགས་བཅུར་ངོམས་ནས་ནི། །ཕན་བདེའི་དཔུང་གིས་མི་མཐུན་ཚོགས་འཇོམས་ལ། །གསོ་བྱེད་རྣམས་ཀྱིས་ལེགས་པར་གསོལ་བཏབ་ངོར། །རྒྱུད་བཞིའི་ཆོས་ཆར་དུས་གཏན་འབེབས་པའི་ཕྱིར། །དབང་འདུས་ཕོ་བྲང་ཆོས་འཁོར་རབ་བརྟན་རྩེར། །པར་གྱི་རྒྱལ་མཚན་རྩེ་མོར་ལེགས་བཀོད་པའི། །ཕྱི་མོ་ཇི་ལྟའི་ཞུ་ཏིག་རྒྱས་རས་པ། །སྨྱུག་འཛིན་དབང་པོ་བསྟན་འཛིན་རྒྱ་མཚོ་དང་།  །རྐོས་མཁས་དྷརྨྰ་སློབ་བཅས་ཀྱིས་བསྒྲུབས་པའི། །དགེ་བའི་དཀྱིལ་འཁོར་ཚ་ཟེར་རབ་འཕྲོ་བས། །གསོ་རིག་པདྨོའི་ཚལ་རྣམས་རབ་རྒྱས་ཤིང་།  །རིགས་དྲུག་སྡུག་བསྔལ་སྨག་ཚོགས་གཏན་བརླག་ནས། །བདག་གཞན་སྨན་གྱི་བླ་དང་མྱུར་མཉམ་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །ཅེས་དང་ཡང་བཤད་རྒྱུད་པར་གཞུང་དུ།

དེ་ལྟར་རྒྱུད་འདི་དར་ཕྱིར་འཚོ་བྱེད་པ། །མཆེད་བཅས་རྣམས་ཀྱིས་གསོལ་འདེབས་དཔྱིད་དུས་ཀྱིས། །དཔལ་ལྡན་དབྱར་རྔའི་མཚན་ཅན་ཐུགས་བསྐུལ་བས། །པར་གྱི་ཆར་གཡོས་ནོར་འཛིན་ཁྱོན་འགེངས་པའི། །འདྲ་ཞུས་བྱེད་པའི་མུ་ལྟོ་རྒྱས་རས་པ། །འདུ་བྱེད་ཕུལ་ཕྱིན་བསྟན་འཛིན་རྒྱ་མཚོ་དང་།  །རྐོས་མཁས་ངག་དབང་རྒྱ་མཚོ་མཆེད་བཅས་འཕྲུལ། །དགེ་བའི་སྤྲིན་གྱིས་ནད་རིགས་ཚད་གདུང་ཞི། །བདེ་སྐྱིད་དཔལ་གྱི་ལོ་ཐོག་རབ་རྒྱས་ནས། །བདག་གཞན་སྨན་བླའི་གོ་འཕང་མྱུར་ཐོབ་ཤོག །ཅེས་མདོར་ན་ལྷོ་འབྲུག་པར་མ་ནི་འབྲུག་ཡུལ་བུམ་ཐང་དུ་རྣམ་རྒྱལ་ཆོས་འཁོར་རབ་བརྟན་རྩེར་སྨྱུག་འཛིན་དབང་པོ་བསྟན་འཛིན་རྒྱ་མཚོ་དང་བརྐོས་མཁས་ངག་དབང་རྒྱ་མཚོ་མཆེད་བཅས་ཀྱིས་སྒྲུབ་པའོ།།

 

བཅུ་བཞི།   བོད་གཞུང་སྨན་རྩིས་ཁང་གི་འཕྲུལ་པར་མ།

འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་གི་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་ལྕགས་པོ་རིའི་ཤིང་པར་ལས་མ་ཕྱི་བླངས་ཏེ་སྡེ་དགེའི་པར་མ་དང་ཞིབ་བསྡུར་ཞུས་འབྲས་ཕྱི་ལོ་ ༢༠༠༦ ལོར་པར་རྩ་ཀམ་པུ་ཊར་ནང་བཅུག་བསྒྲིགས་ཀྱིས་ཐེངས་དང་པོར་གློག་འཕྲུལ་ལས་པར་བསྐྲུན་ཞུས་པ་དེ་ཉིད་ད་བར་གྱི་པར་མའི་ཁུངས་དཔེ་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱས་ཡོད།

 

མཐའ་དཔྱོད།

མཐའ་དཔྱོད་དང་པོ།   མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་བསྒྲིགས་པའི་《བོད་ཀྱི་གསོ་རིག་ཀུན་བཏུས་》གཞིར་བཞག་ཐོག་ད་ཐེངས་རྒྱུད་བཞི་པར་མའི་སྐོར་བྲིས་ཡོད་པ་དང་བཤད་སྲོལ་ལྟར་ན་རྒྱུད་བཞི་པར་མའི་པར་གྲངས་བཅུ་གཉིས་ཙམ་ཡོད་པར་གསུངས། འོན་ཀྱང་འདིའི་ནང་རྒྱ་གར་བྱང་ཕྱོགས་རྡ་སའི་ཉེ་འཁྲིས་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་གླིང་དུ་བཞུགས་པའི་ལྷོ་འབྲུག་པར་མའང་ཁ་བསྣོན་བྱས་ཡོད། དེ་ཡང་དེང་གི་དུས་འདིར་བོད་བཞུགས་མཁས་པ་འགས་པོ་ཏཱ་ལ་པར་མར་པོ་ཏཱ་ལ་པར་མ་དང་པོ་དང་གཉིས་པ་ཞེས་གཉིས་སུ་བཤད་པ་དང་།  ཡང་སྡེ་དགེ་པར་མར་སྡེ་དགེ་པར་མ་དང་པོ་དང་གཉིས་པ་ཞེས་གཉིས། འབྲུག་ཡུལ་པར་མར་འབྲུག་ཡུལ་པར་མ་དང་པོ་དང་གཉིས་པ་ཞེས་སོ་སོར་གསུངས་ཡོད་པས་དཔྱོད་ལྡན་རྣམས་ཀྱིས་མཁྱེན་རྟོགས་སླད་ཐོག་མར་འཁྲུལ་གཞི་མིང་དུ་གདགས་པ་གསལ་བའོ། །

 

མཐའ་དཔྱོད་གཉིས་པ།   རྒྱུད་བཞི་པར་མའི་སྐོར་དྲྭ་ལམ་ཁག་ནང་དེ་ཙམ་ཁ་གསལ་མེད་ཅིང་ཡིག་རིགས་ཁག་ལ་དཔྱད་སྐབས་རེས་འགར་རྫོང་དཀར་པར་མ་ཞེས་འཁོད་པ་དང་རེས་འགར་རྫོང་དགའི་པར་མ་ཞེས་འཁོད་པ་སོགས་ཇི་སྙེད་ཅིག་བྱུང་ཡོད་པ་རྣམས་དག་ནོར་ཡིན་ནམ་ཡང་ན་རྩོམ་འབྲི་བ་དག་གིས་མ་དག་རྒྱུན་འབྱམས་སོང་བ་ཡིན་ཤེས་ཚོད་དཀའ་བར་གྱུར། འོན་ཀྱང་རྫོང་དཀར་པར་མའི་སྐོར་གྱི་པར་བྱང་དང་མཛད་བྱང་སོགས་མཇལ་རྒྱུ་འདུག་རུང་རྫོང་དགའི་པར་མའི་སྐོར་གང་ཡང་རྙེད་སོན་མ་བྱུང་།  འོན་ཀྱང་དེའི་སྐོར་རྙེད་སོན་བྱུང་བ་གཅིག་ནི་དྲྭ་ལམ་བརྒྱུད།   དེའུ་དམར་པས། 《མང་ཡུལ་གུང་ཐང་ཁྱུང་རྫོང་དཀར་པོར་མུ་ཁྲི་བཙན་པོའི་སྤྲུལ་པ་ཁྲི་བསོད་ནམས་ལྡེས་སྦྱིན་བདག་མཛད་དེ་དགེ་སློང་རིན་ཆེན་དཔལ་བཟང་གིས་ཁུར་བཞེས། འོ་པ་དགེ་སློང་བཀྲ་ཤེས་དང་རང་ཉིད། ཆོས་རྗེ་ཀུན་དགའ་རྒྱལ་མཚན། རབ་འབྱམས་པ་ཆོས་བདེ་བཞིས་ཞུས་ལེགས་པར་དག་པ་རྫོང་དགའི་པར་མ།》 ཞེས་སྐབས་དེར་རྫོང་དགའི་ཞེས་གསལ་འདུག་པ་མཐའ་གཅིག་ཏུ་དེ་ཉིད་བདེན་པར་འཛིན་མི་དགོས་ཤིང་ད་དུང་ཡང་དཔྱད་གཞིར་ཡོང་རེ་འདུག་པས་དེ་ལྟར་བཀོད་པ་ཡིན། ཡང་།  གསོ་རིག་བྱུང་འཕེལ་ལོ་རྒྱུས་སོགས་ཀྱི་ནང་     《རྒྱུད་རྙིང་རྫོང་ཁ་》 ཞེས་པའི་ཚིག་བརྗོད་དེ་འདྲའང་འདུག་པས་ཡང་སྙིང་རྒྱུད་རྙིང་རྫོང་ཁ་ནི་དཔེ་རྙིང་ཞིག་མིན་ནམ་སྙམ་པའང་བྱུང་།

 

མཐའ་དཔྱོད་གསུམ་པ།   ལྷ་སའི་ཞོལ་པར་ཁང་ནི་ྋགོང་ས་སྐུ་ཕྲེང་ལྔ་པའི་སྐབས་ཕོ་བྲང་པོ་ཏཱ་ལའི་ཞོལ་གྱི་ཤར་ངོས་སུ་བཞེངས་ཤིང་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་གསོལ་ཡོད། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་པར་ཁང་འདི་ཉིད་ཡང་བསྐྱར་ཞིག་གསོ་བྱས་མྱོང་ཡོད་འདུག  འོན་ཀྱང་གོང་གསལ་ལྟར་རྩེ་ཞོལ་པར་མ་དང་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ། པོ་ཏཱ་ལའི་པར་མ་དང་པོ་ཟེར་བ་དང་པོ་ཏཱ་ལའི་པར་མ་གཉིས་པ་ཟེར་བ་སོགས་མང་དག་ཞིག་མཆིས་པས་དཔྱད་པར་འཚལ།

 

མཐའ་དཔྱོད་བཞི་པ།  སྡེ་དགེ་པར་མ་དེ་བཞིན་ཚུལ་ཁྲིམས་རིན་ཆེན་ཟེར་བས་ཞུས་ཆེན་མཛད་པར་གྲགས་ཀྱང་སྡེ་དགེའི་རྒྱུད་བཞིའི་པར་མའི་མཇུག་བྱང་ནང་། 《འོན་ཀྱང་བར་སྐབས་དུས་དབང་གིས་སྨན་པ་ཁོ་ནར་མ་ཟད་རིག་གནས་གང་ལའང་ཚུལ་བཞིན་སློབ་པ་མི་འབྱུང་ཞིང་། བསླབ་ཀྱང་ཤེས་པ་ཉུང་བས་གཞུང་འདིའང་འཆད་ཉན་གྱི་སྲོལ་ཇི་ལྟ་བ་ནུབ་པ་ལ་ཕྱོགས་པའི་ཚེ། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་མཁས་དབང་བློ་གྲོས་རྒྱལ་པོས་འགྲེལ་བཤད་དང་ཞུས་ཆེན་གྱིས་གཏན་ལ་ཕབ་པ་བཞིན་ནང་སོ་ཡར་རྒྱབ་པས་པར་དུ་བརྐོ་བ་དང་། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས་མི་དབང་སངས་རྒྱས་རྒྱ་མཚོའི་རྣམ་སྤྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ་འདི་ཉིད་ཀུན་གྱིས་ཡིད་རྟོན་པའི་གནས་སུ་རུང་བར་འདུག་པ་ལྟར་དེ་ཉིད་ལས་འབྲུ་ལེན་གྱིས་ཆེ་མོ་ཞུས་ཏེ་》 ཞེས་གསལ་བ་ལྟར་ན་སྐབས་འདིར་ཞུས་ཆེན་མཛད་མཁན་སུ་ཡིན་མིན་ལའང་བཞེད་པ་མི་འདྲ་བ་གཉིས་ཙམ་མཆིས་པས་དཔྱད་པར་འཚལ།

 

མཐའ་དཔྱོད་ལྔ་པ།   འབྲུག་ཡུལ་པར་མ་དང་པོ་ཟེར་བ་ཞིག་དང་གཉིས་པ་ཟེར་བ་ཞིག་བཅས་གཉིས་བྱུང་ཡོད། བོད་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ཡུལ་དུ་ཉེན་གཡོལ་ལ་ཕེབས་རྗེས་འབྲུག་ཡུལ་དུ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་སྐབས་འདིར་གསོ་བ་རིག་པའི་བསྟན་པ་དགོས་གལ་ལ་གཟིགས་ནས་འབྲུག་ཡུལ་དུ་རྒྱུད་བཞི་པར་ཐེངས་དང་པོར་དཔར་བར་བཤད། པར་མ་དེ་ཉིད་འབྲུག་ཡུལ་པར་མ་དང་པོར་གྲགས་ཀྱང་ཕྱིས་སུ་པར་གཞི་དེ་ཉིད་རྙེད་སོན་མེད་ཁར་ཀུན་གྱི་སྤྱོད་ཡུལ་དུའང་མེད་པར་གྱུར་ཡོད།

འབྲུག་ཡུལ་པར་མ་གཉིས་པ་ནི་འབྲུག་སྡེ་སྲིད་ཉེར་གཅིག་པ་རྣམ་རྒྱལ་ཟེར་བས་དཔར་ཏེ་འབྲུག་སྤུངས་ཐང་དུ་བསོད་ནམས་དགའ་འཚལ་དཔེ་མཛོད་ཁང་ཞེས་པར་བཞུགས་སུ་གསོལ་ཡང་འགྲོ་བའི་བསོད་ནམས་ཀྱིས་མ་གཅོག་པར་དཔེ་མཛོད་ཁང་འདིར་མེ་སྐྱོན་ཚབས་ཆེན་ཤོར་རྗེས་པར་མ་དེ་ཉིད་རྙེད་སོན་མེད་པར་མཇལ་དུ་མེད་པར་གྱུར་བ་རེད། འོན་ཀྱང་མེ་སྐྱོན་མ་ཤོར་གོང་དཔར་དུ་བཏབ་གནང་བའི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད། ཕྱི་མ་རྒྱུད་བཅས་ཀྱི་པར་མ་ཞིག་སྨན་པའི་ཁྱིམ་ཚང་ཞིག་བརྒྱུད་བསྐྱར་དུ་བཞུགས་སུ་གསོལ་ཡོད་ཅེས་གྲགས། དེའི་ནང་རྕ་བཤད་ཕྱི་གསུམ་མ་གཏོགས་མན་ངག་རྒྱུད་མེད་པར་བཤད་ཀྱང་ད་ཆར་རྒྱ་གར་བྱང་ཕྱོགས་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཞིབ་འཇུག་སྡེ་ཚན་དུ་བཞུགས་པའི་ལྷོ་འབྲུག་པར་མ་འདི་ཉིད་ཡང་སྙིང་པར་གཞི་གང་ཡིན་གསལ་ཆ་མ་ངེས་ཀྱང་དགའ་ལྡན་ཕུན་ཚོགས་གླིང་གི་པར་མའམ་རྩེ་ཞོལ་པར་མ་གང་རུང་ཞིག་ནས་མ་ཕྱི་བླངས་པར་མངོན་ཞེས་གྲགས་སོ།།

 

རྒྱལ་ཁབ་གཞན་གྱིས་རྒྱུད་བཞིར་སློབ་སྦྱོང་དང་ཞིབ་འཇུག་བྱས་ཚུལ་མཚོན་བྱེད་ཙམ་གྱི་རེའུ་མིག

ལོ་ཚིགས།

རྒྱལ་ཁབ།

ལོ་ཙྭ་བ།

ཁ་བྱང་།

གསལ་བཤད།

1638-1650

སོག་པོ།

མོང་གོལ།

སོག་པོ་ཛ་ཡ་པཎྜི་ཏ་སོགས།

རྒྱུད་བཞི་ཆ་ཚང་སོག་ཡིག་ཏུ་བསྒྱུར།

1783

དབྱིན་ཇི།

ཟ་བོའི་ཅེར་སི།

སྙན་ཞུའི་ནང་གི་ཆེད་མངགས་

ལེ་ཚན་ཞིག་ཡིན།

ཡོ་རོབ་གླིང་དུ་བོད་ཀྱི་གསོ་རིག་ཐོག་མར་ངོ་སྤྲོད་བྱས།

1835

ཧང་ག་རི།

ཆའོ་མ།

བོད་ཀྱི་གསོ་རིག་གི་གསུང་རྩོམ་ཞིག་ལ་དབྱེ་ཞིབ་བྱས།

རྩོམ་འདིས་ཡོ་རོབ་གླིང་གི་རིག་གནས་པ་ཚོར་རྒྱུད་བཞི་ཐོག་མར་ངོ་སྤྲོད་བྱས།

1898

ཨུ་རུ་སུ།

པཱ་ཏེ་མ་ཡེ་ཧྥུ།

བོད་ཀྱི་གསོ་རིག་གི་སྨན་བཅོས་མ་ལག་སྐོར་གླེང་བ།

རྩ་རྒྱུད་དང་བཤད་རྒྱུད་གཉིས་ཨུ་ཡིག་ཏུ་བསྒྱུར། འདི་ནི་རྒྱུད་བཞི་ཕྱི་གླིང་གི་ཡི་གེར་བསྒྱུར་བའི་ཐོག་མ་ཡིན།

1937

དབྱི་ཐ་ལི།

ཧྥུས་ལིས་ཨོ་བཀྲ་ཐུ།

རྒྱུད་བཞིའི་ལེའུ་ཁ་ཤས་ཡིག་བསྒྱུར་བྱས།

-

1937

ཇར་པན།

ཝན་ཕོ་ལོ་ཧྥོའུ།

བོད་ཀྱི་གསོ་རིག།

འདི་ནས་ཉི་ཧོང་དུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུའི་འགོ་བརྩམས།

1976

འཇར་མན།

དབྱི་ལིས་ཧྲ་པེ་

ཧྥུན་ཁེ།

བོད་ཀྱི་གསོ་རིག་གི་རྨང་གཞི།

འདི་ནི་མིག་སྔར་རྒྱུད་བཞིའི་ལེ་ཚན་བསྒྱུར་ཡིག་ལེགས་ཤོས་ཡིན།

1988

ཨུ་རུ་སུ།

རྡ་ཞིས་ཡེ་ཧྥུ།

རྒྱུད་ཆུང་གསུམ་ཨུ་རུ་སུའི་ཡི་གེར་བསྒྱུར།

-

1990

ཨུ་རུ་སུ།

རྡ་ཞིས་ཡེ་ཧྥུ།

རྒྱུད་བཞི་ཡོངས་རྫོགས་ཨུ་ཡིག་ཏུ་བསྒྱུར་བར་བཤད།

-

1995

ཨ་མེ་རི་ཁ།

བྷེ་རིས་ཁུ་ལ་ཁུ།

བོད་ཀྱི་གསོ་བ་རིག་པའི་རྒྱུད་ཀྱི་སྙིང་པོ།

རྒྱུད་བཞི་དང་བཤད་རྒྱུད་གཉིས་བསྒྱུར། དེ་ནི་མིག་སྔའི་དབྱིན་ཇིའི་ཡིག་རིགས་ཀྱི་བསྒྱུར་ཡིག་ལས་ཆེས་ཕུལ་བྱུང་གི་བསྒྱུར་ཡིག་ཏུ་བརྩིས་བཞིན་ཡོད།

 

 

 

མཐའ་དོན།

བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་གང་དུ་བལྟས་རུང་ཆོས་སྲིད་གཉིས་ཐད་ནས་འཕེལ་གྲིབ་ཆེ་ཞིང་ལྷག་པར་བོད་ཀྱི་རིག་གནས་བཅུ་པོ་དེ་དག་ཐམས་ཅད་ལའང་གོད་ཆག་བྱུང་བ་ནི་གོར་མ་ཆག དེ་ཡང་གོང་དུ་བོད་ཀྱི་རིག་གནས་བཅུའི་ཡ་རྒྱལ་བོད་ཀྱི་གསོ་བ་རིག་པ་ལྟ་བུར་མཚོན་ན་《དཔལ་ལྡན་རྒྱུད་བཞིའི་》པར་ཁུངས་ཀྱང་འདྲ་མིན་ནས་བྱུང་ཡོད་ལ་དེ་དག་གི་མཛད་བྱང་ལའང་མིང་འདོགས་འདྲ་མིན་སྣ་ཚོགས་སུ་བཏགས་ཡོད། དཔེར་ན། པར་གཞི་འགའ་ཞིག་གི་ནང་རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་དང་ཡང་འགའ་ཞིག་གིས་གྲྭ་པ་མངོན་ཤེས། འགའ་ཞིག་གི་ནང་རྩོམ་པ་པོའང་མི་གསལ་བ་སོགས་སྣ་ཚོགས་ཡོད་པས་དེང་དུས་ཀྱི་དཔྱོད་ལྡན་འཚོ་བྱེད་རྣམས་ཀྱང་མགོ་བོ་རྨོངས་སུ་བཅུག་པ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུར་འགྱུར་ཡོད་ཀྱང་《དཔལ་ལྡན་རྒྱུད་བཞི་》འདི་ཉིད་ཀྱི་འབྱུང་ཁུངས་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་ནི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་རྩོད་མེད་ཡིན།


དེར་བརྟེན་ལོ་རྒྱུས་ཐོག་《གྲྭ་ཐང་པར་མ།》ནི་བོད་ཀྱི་གསོ་བ་རིག་པའི་པར་མའི་ཁུངས་དག་ཤོས་སམ་མཁས་པ་དུ་མས་ཚད་ལྡན་དུ་བརྩིས་པའི་པར་གཞི་རྙིང་གྲས་ཤིག་རེད། ང་ཚོས་པར་གཞི་འདི་ཉིད་ལ་གཞི་འཛིན་གྱིས་བདག་དབང་བྱས་ཀྱང་ཆོག་པ་ཡིན། གསོ་རིག་འཛིན་པ་ཡོངས་ཀྱིས་ཀྱང་ལོ་རྒྱུས་ཀྱི་མགོ་རྙོག་ཁག་ཤེས་པའི་ཐོག་གྲྭ་ཐང་པར་གཞིར་གཞི་འཛིན་གྱིས་གཞུང་ལུགས་འདིའི་རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པར་ཁ་ཚོན་བཅད་ནས་སྨྲ་དགོས་པའི་དུས་ལ་བབ་ཡོད། གལ་སྲིད་དེ་ལྟར་མ་བྱུང་ཚེ་རྒྱུད་བཞི་བཀའ་དང་བསྟན་བཅོས་ཀྱི་དྭོགས་སློང་ཁྲོད་རེ་ཞིག་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་འདི་ཉིད་ཀྱི་བདག་དབང་ནམ་མཁའི་འཇའ་ལྟར་ཡལ་ངེས་རེད། དཔེར་ན། གནས་ཡུལ་རྒྱ་གར་གཞུང་(Ayush)སྨན་གྱི་སྡེ་ཚན་ཁོངས་བོད་ཀྱི་གསོ་བ་རིག་པར་《གསོ་བ་རིག་པ་》ཞེས་བཅོས་མིང་བཏགས་པ་དང་གཞུང་ལུགས་འདི་ཉིད་ཀྱང་སྔོན་གྱི་རྒྱ་གར་མཁས་པའི་གཞུང་ལུགས་ཡིན་པ་དང་ཕྱིས་སུ་བོད་ཀྱི་སྐད་དུ་བསྒྱུར་ཚུལ་གྲགས་པ་ལྟ་བུ་དང་། ལ་དྭགས་པས་གཞུང་ལུགས་འདིའི་མཚན་ལ་《ཨེམ་ཆིའི་ལུགས་》ཞེས་ཐལ་ཆ་ཆེ་བའི་བཅོས་མིང་བཏགས་པ་སོགས་ནི་བོད་མི་རིགས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་ལ་རིག་གཞུང་བཙན་འཛུལ་བྱས་པ་མངོན་སུམ་ཡིན། འབྱུང་འགྱུར་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་བདག་དབང་ཐད་གལ་གནད་ཆེ་ཞིང་ལྷག་པར་འདས་ཟིན་པའི་ལོ་རྒྱུས་ཁྲོད་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་བསླབ་བྱ་ལེན་དགོས་པ་དང་ཕྱིས་འབྱུང་དཔལ་ལྡན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྩ་བ་རྒྱུད་བཞི་འདི་ཉིད་ཀྱི་བསྟན་པ་ཡུན་རིང་གནས་པ་དང་འགྲོ་དོན་ཆེས་ཆེར་ཡོང་བའི་ཆེད་བོད་ཀྱི་གསོ་རིག་འཛིན་པའི་སྨན་པ་ཡོངས་ཀྱི་ཕྲག་ཏུ་བབ་པའི་ལས་འགན་ཨང་དང་པོར་འཇོག་དགོས་པ་གནད་ཀྱི་དམ་པ་ཡིན་ནོ།། །།

 

 

 


དཔྱད་གཞིའི་ཡིག་རིགས་དང་དྲྭ་ལམ་ཁ་བྱང་ཁག

ttps://www.tbrc.org/?locale=bo#!

http://www.buddism.ru

http://copyright.gov.in/documents/copyrightrules1957.pdf

http://www.mentsee.org/pages/f63f7cf0bf62f92fb1f74f66f0d.php

https://baike.yongzin.com/word/viewWord.do?id=0000000051d7e9850151dbefe4db1182

http://ayush.gov.in/about-the-systems/sowa-rigpa/introduction-sowa-rigpa

https://bo.wikipedia.org/wiki/གསོ་བ་རིག་པ།

བོད་ཀྱི་གསོ་རིག་ཀུན་བཏུས།

མཛོད་དགེ་བོད་ལུགས་གསོ་རིག་སྨན་ཁང་གི་གསོ་རིག་དཔེ་ཚོགས།

ལྕགས་པོ་རི་པར་མ།

སྡེ་དགེ་པར་མ།

གྲྭ་ཐང་པར་མ།

ཟུང་ཅུ་ཟེ་བོད་སོག་པར་མའམ་པེ་ཅིང་པར་མ།

ལྷོ་འབྲུག་པར་མ།

 

 

 

 

  

 

 

 

 

མཐའ་མའི་འདོན་ཐེངས་།: 25.10.2017 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།