སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

གཟའ་བཅོས་ཀྱི་སྐོར་བཞུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.11.2021
བོད་ཀྱི་སྨན་བཅོས་རིག་པ། >>


 ༄༅། །གཟའ་བཅོས་ཀྱི་སྐོར་བཞུགས་སོ།།

༄༅། །ནམོ་བཛྲ་པཱཎིཡེ། མན་ངག་འདིའི་བརྒྱུད་པའི་ལོ་རྒྱུས་ནི། རྗེ་རིན་པོ་ཆེའི་ཟའ་(གཟའ་)བཟང་བ་དེ་ཉིད་དུས་ཀྱི་ཚེ་རོང་ཁ་ཕྱོགས་ཀྱི་རི་ཁྲོད་གཅིག་ན་སྒྲུབ་པ་དམ་པོ་མཛད་ཅིང་བཞུགས་པའི་དུས་ན། མི་དཀར་པོ་ལག་ན་ཤེལ་ཕྲེང་དང་མཁར་བ་འཁྱེར་བ་གཅིག་མདུན་གྱི་ནམ་མཁའི་བར་སྣང་ལ་ཕར་འགྲོ་ཚུར་འགྲོ་བྱེད་པ་མངོན་སུམ་དུ་གཟིགས་ཏེ། དེ་ལ་བླ་མས་ཁྱོད་སུ་ཡིན་བྱས་པས། ང་གཟའ་བདུད་རཱ་ཧུ་ལ་བྱ་བ་ཡིན་ཟེར་བ་དང་། དེ་ཉིད་ལ་བླ་མས་གཏོར་མ་བྱིན་ཏེ་བདེན་པ་བརྡར་ནས། ཁྱོད་ཀྱི་སེམས་ཅན་ནད་སྣ་ཚོགས་གཏང་ནས། སྡུག་བསྔལ་དྲག་པོ་མི་བཟོད་པས་གཟིར་དུ་བཅུག འདི་འདྲ་ཤིན་ཏུ་སྡིག་ཆེ་བས། སྒྱུ་འཕྲུལ་མང་པོ་མ་བྱེད་ཟེར་བ་བྱས་པས། ཁོ་ན་རེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འདི་འདྲ་ལྟ་བུའི་མི་བྱེད་པའི་དབང་ནི་ང་ལའང་མེད་ཀྱིས་ལས་ཀྱིས་(ཀྱི་)ཤུཌ་ཀྱིས་བྱུང་བ་ཡིན་ཟེར་བ་ལ། བླ་མས། འོ་ན་ནད་ཀྱིས་ཟིན་པ་རྣམས་ལ་ཕན་པ་མ་ཟིན་པ་རྣམས་ལ་བསྲུང་བའི་ཐབས་ཅི་ཡོད་བྱས་པས། ཁོ་ན་རེ། ནད་ཀྱི་མ་ཐེབས་པ་རྣམས་ལ་ཕྱིས་མ་འབྱུང་བ་དང་། ཐེབས་པ་རྣམས་ལ་མྱུར་དུ་ཕན་པར་བྱེད་པའི་མན་ངག་གཅིག་བདག་རང་གི་འབུལ་བ་ཡིན་ཟེར་ནས་མན་ངག་འདི་དངོས་སུ་ཕུལ་ལོ། །དེ་ལ་བླ་མ་ཁམ་བསྒོམ་བྱ་བྲལ་བ་ཉི་མ་རྒྱལ་མཚན་གྱིས་ཞུས། དེ་ལ་མདོ་ཁམས་བསྟོད་པ་བརྩོན་འགྲུས་དཔལ་བས་ཞུས། དེ་ལ་ཆོས་རྗེ་སྟོན་པ། དེ་ལ་བྱ་བྲལ་བ་གཙང་པོ་ཉག་པ་རིན་པོ་ཆེ་རྒྱན་གྱིས་ཞུས། དེ་ལ་མདོ་ཁམས་པ་རིན་ཆེན་དཔལ་བྱང་ཆེན་པས་ཞུས། དེ་ལ་ཆོས་རྗེ་སྟོན་པ་དགེ་བ་དཔལ་བཟང་པོས་སྣར་ཐང་པས་ཞུས། དེ་ལ་ཉག་སྟོན་དཀའ་ཐུབ་དར་མ་བཟང་པོས་ཞུས། དེ་ལ་བླ་མ་ཆོས་རྡོར་སེང་རྩེ་པས་ཞུས། མན་ངག་གི་རིམ་པ་འདི་ལྟ་སྟེ། ཐོག་མར་ནད་ཀྱི་མ་ཐེབས་པ་རྣམས་ལ་མི་བྱུང་བར་བྱ་བ་ནི། ཉི་ཤུ་རྩ་དགུའི་དགོང་མོ་ཉི་མ་མདུང་གང་ཙམ་ཡོད་པའི་ཚེ། ཁ་ནུབ་ཏུ་བལྟས་ནས་ལུས་ཙོག་པུར་བསྡད།

དང་པོ། ནད་མ་ཐེབས་པ་རྣམས་ལ་མི་འབྱུང་བའི་ཐབས།

སྐྱབས་འགྲོ་སེམས་བསྐྱེད་གསུམ་བྱས་ནས། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རི་རབ་བང་རིམ་བཞི་པ། དེའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་པ་སྦྲུལ་གྱི་ཞགས་པ་དང་བཅས་པ་གཡོན་ཕྱོགས་སུ་གདེངས་པ། ཞབས་གཡས་བསྐུམས། གཡོན་བརྐྱངས་པའི་ཚུལ་དུ་བགྲད་པ། སྟག་གི་པགས་པའི་ཤམས་ཐབས་ཅན། དབུ་སྐྲ་དང་སྨ་ར་ཁམ་སེར་གྱེན་དུ་བརྫེས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། ཡི་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་བཛྲ་པཱ་ཎི་ས་པཱ་རི་ལྦཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་ཞེས་པ་ནས། འཛིན་ལ་ཕྱག་འཚལ་ལོ། །ཏདྱཐཱ། ནཱིལཾཝརངྷརབཛྲཔཱཎིརཱཛྙཱཔཡཏི། རང་ཉིད་ཕྱག་རྡོར་དུ་ལེགས་པས་བསྒོམ། རཱ་ཧུ་ལ་སྐུ་མདོག་དུད་ཁ་མགོ་དགུ་ཡོད་པའི་འོག་མ་གསུམ་བསྒྲིགས་གཉིས་བརྩེགས་གཅིག། དེའི་སྟེང་དུ་བྱ་རོག་མགོ་ཅན་ལུས་ཐམས་ཅད་མིག་གིས་གང་བ། སྦྲུལ་འཇུག་འཁྱིལ་བ། ལག་པ་བཞིའི་དང་པོ་གཉིས་སྙིང་གར་ཐལ་མོ་སྦྱར་ཏེ་ཚུར་གུས་པའི་ཚུལ་དུ་འདུད་པ། གཡས་འོག་མ་ན་སྦྲུལ་གྱི་ཞགས་པ་ཐོགས་པ། གཡོན་འོག་མ་ན་མདའ་ལྔ་དང་བཅས་པའི་རྭ་གཞུ་འཛིན་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། གདོང་ཤིན་ཏུ་སྨད་དང་བཅས་པ། མཐེབ་ཚིག་ཙམ་པ། དེ་ཡང་བདག་གི་བཀའ་ཇི་ལྟར་གནང་བ་བཞིན་ཉན་པར་བསམས་ནས་སྔགས་འདི། ཕྱི་མའི་ཉེར་དགུའི་བར་བརྒྱ་རེ་མ་ཆད་པར་བཟླས་ན་སྐྱེ་བ་འདི་ནས་དབུ་བཟུང་ནས་སྐྱེ་བ་འབུམ་ཚོ་གསུམ་གྱི་བར་དུ་སྟེང་གདོན་གཟའི་གནོད་པ་མི་འབྱུང་ངོ་།། སྔགས་ནི། ཨོཾ་ཕྲག་གཡས ཉི་མ་ནན། ཕྲག་གཡོན། ཟླ་བ་ནན། མགོ་བོ་ཐམས་ཅད་ཀྱི་སྤྱི་གཙུག་ཏུ། ཀླད་པ་ནན། ནུ་ཕྲག་ཏུ། སྙིང་མགོ་ནན། ལྟག་ཁུང་དུ། གཞི་རྩེ་ལྟག་ཁུང་ནན། མགྲིན་པར། ཨེ་ཙེ་ཏྲ་མ་ཏྲ་བཟློག། མགོ་བོ་འོག་མ་གསུམ་གྱི་དཔྲལ། ཨེ་ན་ག་ཤིག། བར་པ་གཉིས་དཔྲལ། ན་ག་སོད། སྟེང་མ་གཉིས་དཔྲལ། ན་ག་བཟློག། ཕྲག་གཡས། ཕྲག་གཡོན། ན་ག་སྐྲའི་མགོ་བོ་ལ་ནན། བྱ་རོག་མགོ་བོའི་དཔྲལ། ཞེས་པའོ།། དེ་ལྟར་གྲངས་མི་ཤེས་རྣམས་བསྲུང་བས་ཐུབས།

དེ་ཡང་གྲོ་གའམ། རས་སམ། ཤོག་བུ་གཙང་མ་ལ་མུ་ཁྱུད་རིམ་པ་ལྔ་བསྐོར། ལྟེ་བ་ལ། འཆང་བ་པོ་ལ་དྲང་སྲོང་གཟའི་གནོད་པ་བསྲུང་ཅིག་(སྲུང་ཞིག་)རཀྵཿ དེའི་མུ་ཁྱུད་ལ་གོང་གི་སྔགས། ཉི་མ་ནན་སོགས་བྲིས། དེའི་ཕྱིའི་འཁོར་ལོ་རྩེ་ལྔ་ལ། ཨོཾ་ཏུམ་པོ་ལི་ཏུམ་པོ་ལི་སུ་སུ་མེ་མེ་ཤིག་སྭཱཧཱ། ཤིག་རྩིབས་མཆན་ལ། ཨ་ཡ་མ་ཏྲེ་དུ་དུ་ཏྲེ་ཤ་ན་ལ་འདྲི། དེའི་ཕྱིར་མུ་ཁྱུད་ལ་གསལ་བྱེད་སུམ་ཅུ་དབྱངས་ཡིག་བཅུ་དྲུག་འདྲི། དེའི་ཕྱིའི་རིམ་པ་ལ་རྟེན་འབྲེལ་སྙིང་པོ་འདྲི། དེས་མ་འཁོར་ན་སྔགས་རིང་བྲིས།

མུ་ཁྱུད་རིམ་པ་ལྔའི་འཁོར་ལོ་ཞིག་ཡོད། རི་མོ་དང་པོ།)

འབྱོར་ན་གསེར་དངུལ་སོགས་རིན་པོ་ཆེ་སྣ་ལྔས་བྲིས། མ་འབྱོར་ན་གསེར་རྐྱང་པས་བྲིས། དེ་ཡང་མ་འབྱོར་ན་མཚལ་ལམ། ཐ་མ་རྒྱ་སྣག་གིས་བྲིའོ།། རབ་གནས་བཀྲ་ཤིས་སྤྱི་དང་མཐུན་པར་བྱས་ལ་མི་ལག་མི་བརྒྱུད་པར་གདགས་སོ།།

 གཉིས་པ། ནད་ཐེབས་པ་རྣམས་ལ་མྱུར་དུ་ཕན་པའི་མན་ངག

གཉིས་པ་ནད་ཀྱི་ཐེབས་པ་རྣམས་ལ་ལེགས་པར་བཅོས་པའི་མན་ངག་ལ། བརྟག་པ་དང་འཆོས་པ་དངོས་གཉིས་ལས། དང་པོ་མིག་ལ་བརྟག་པ། ལྕེ་ལ་བརྟག་པ། སེན་མོ་ལ་བརྟག་པ། རྩ་ལ་བརྟག་པ་རྣམས་ཏེ། དེ་དག་ཅན་རིམ་བཞིན། མིག་རྩ་རྒྱུ་མ་བུས་པ་བཞིན་འོང་། མིག་སྤྲིན་དཀར་པོའི་སྟེང་དུ་ནག་ཐིག་འོང་། ལྕེའི་ར་མ་ལུག་རྒྱས་ཏེ་མེ་ཏོག་རྡོལ་འོང་། སེན་མོ་དམར་པའི་མདངས་པ་མི་འོང་། རྩ་ལ་འཐེན་སྡོད་འོང་། དེ་ལྟར་ངོས་ཟིན་ནས། གཉིས་པ་འཆོས་པ་དངོས་ལ། ནད་དུ་ཞི་བར་བྱ་བ་དང་། ཕྱིར་སྤུར་པ་གཉིས་ལས། དང་པོ་འཆོས་ལ་ནི། ནད་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱིན་རླབས་ཅན་བཞུགས་པའི་ལྷ་ཁང་ངམ། མཆོད་ཁང་གི་དྲུང་ངམ། མི་གྲིབ་ཅན་མི་འོང་བའི་དབེན་པའི་གནས་རྣམས་སུ་ཁྲིད་ནས་བཞག་སྟེ། དེའི་སྟེང་དུ་དགེ་སློང་གཙང་མའི་ཆོས་གོས་ཀྱི་བླ་རེ་ཕུབ། མགོ་ལ་རྨ་བྱ་མདོངས་གཟུག། སྐེ་ལ་དཀར་ཕྲ་མིན་(དཀར་ཁྲ་མན་)གདགས། གཞན་ཡང་རྒྱལ་འགོང་ལ་སོགས་པའི་གསེབ་ཏུ་མི་འགྲོ། འཁུར་ཆེན་པོ་ཁུར་བ་དང་། མཆོངས་རྒྱུག་དང་དྲག་པོ་ལས་མི་གཞོལ་ལོ། །ཆུ་བརྒལ་བ་དང་། ཀོ་བ་ལ་འགྲོ་བ་མི་བྱ། མིག་སྔར་རྫས་དམར་པོ་དང་། ཆུ་སྟེང་། སྟེང་དང་། མེ་ལོང་ལ་སོགས་པའི་འོད་ཀྱི་དངོས་པོ་མི་བཞག། མདོར་ནད་འཆོས་པ་ནས། ནད་ལེགས་པར་གྲོལ་གྲོལ་བར་ལ་མི་སྙན་པའི་གཏམ་གྱི་རིགས་གང་ཡང་རྣ་བར་མི་བརྗོད་པ་ལ་སོགས་པའི་འགལ་རྐྱེན་སྤང་བར་བྱའོ། །དེའི་བར་ལ་སྙན་པའི་རིགས་ཀྱི་གཏམ་བརྗོད་པ་སོགས་ཀྱིས་ནད་པའི་གསོ་བ་སོགས་མཐུན་རྐྱེན་སྒྲུབ་པར་བྱའོ། །ཁ་ཡོ་བ་མི་གཡོ་བ་ལ་སྔགས་ཆུ་བཏང་སྟེ། སླ་ང་དཀར་གོང་གི་སྒྱིད་བུ་གསུམ་གཙུགས་པའི་ཁར་བཞག་སྟེ། ནང་དུ་ཁ་མི་གཡོ་བའི་ངོས་ནས་ཡང་ཡང་སྤོ་བར་བྱའོ། །དེ་ནས་ཡང་ལྐུགས་ནས་སྨྲ་མི་ཤེས་ན་སླ་ང་དཀར་གོང་གི་སྒྱིད་བུ་བཙུགས་པའི་ཁར་བཞག་པའི་ནང་དུ། ལུག་མགོ་གཅིག་གི་ཁ་སྐམ་པས་བརྐྱངས་ཏེ། སྐམ་པ་གཅིག་གིས་ནད་པའི་ལོ་གྲངས་གཅིག་ལུག་མགོའི་སྐམ་པ་ལ་བརྡེག་གོ། དེའི་བར་ལ་སྔགས་འདི་ནད་པ་རང་ལ་ཡིད་ཀྱི་བགྲངས་པ་བཅོལ་ལོ།། ཨོཾ་ཀྱེ་ཏ་ཀྱེ་ཏ་རཱ་ཧཱུ་ལ་སྭཱཧཱ། ཡང་ཡན་ལག་ཞ་གྲུས་ལ་སོང་ན། སྔགས་ཆུས་བཀྲུ་སྟེ། ཡང་ཡང་མཐེབ་ཉིད་དང་། བརྐྱང་བསྐུམ་སོགས་བྱའོ། །ཡང་གདོན་སྙིང་ལ་ཟིན་ནས་གཟེར་ཐབས་སུ་ན་བ་ལ། སོ་ཏོག་ལ་སྔགས་བཏབ་སྟེ། གང་ན་སར་དུགས་བྱ་ཞིང་ཁོང་དུ་སྔགས་ཆུ་ཡང་ཡང་བཏང་ངོ་། །གཞན་ཡང་ནངས་རེ་བཞིན་སྔགས་ཆུས་མགོ་མཇུག་ཡན་ལག་རྣམས་བཀྲུའོ། །གཟའ་རྒྱུ་དུས་སུ་མང་དུ་བྲན་ནོ།།

གཉིས་པ་ཕྱི་ལ་སྤུར་པ་ལ། རྫས་བསགས་པ་དང་། སྤུར་པ་དངོས་གཉིས་ལས། དང་པོ་ནི། རོའི་སྟུག་པ་སྤྱང་ཀིའི་བྲུན། ཁྱི་དཀར་པོ་སྣ་དམར་གྱི་བྲུན། རྟ་ནག་པོ་རྟ་བོན་པ་ལ་ཆ། ཤུ་དག་ནག་པོ། བོང་བ་ནག་པོ། སྒོག་སྐྱ་ཚིག་སྐྱེས། ཡུག་ས་མོ་མངལ་ཁྲག། གུ་གུལ་ནག་པོ་རྣམས་ཀྱི་དུད་པས་ཞག་གསུམ་ཙམ་གྱི་གོང་ནས་གདུག་པར་བྱའོ།།

གཉིས་པ་ཕྱིར་སྤུར་བའི་ཆོ་ག་དངོས་ནི། འོ་མ་དང་ཆུ་བསྲེས་པ་གཞོང་པའམ་ཀ་ཊཱུ་ར་ལ་སོགས་པའི་སྣོད་གང་རུང་གིས་ནང་དུ་ཆུ་བླུག་ལ། དེའི་ནང་ཉ་ཆུང་གཅིག་བཟུང་ལ་བཅུད་དེ། དེ་ལ་ནད་པའི་རྣ་བ་གཡོན་པ་གཏད་དེ། ཏུམ་པོ་ལི་ལ་སོགས་པའི་སྔགས་བཏང་དུ་བཅུག་ལ། བླ་མ་ཉིད་ཀྱང་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། གོང་གི་ཕྱག་རྡོར་བསྒོམ་པ་ལ་སྔགས་རིང་བརྒྱ་རྩ་བརྒྱད་དང་། གཞན་ཡང་དྲག་སྔགས་ཀྱི་རིགས་ཤེས་ཚད་བགྲང་བ་ལ། ནད་པའི་རྣ་བ་གཡས་པ་ནས་བརྡེག་གོ། ནད་པ་རང་གི་བསྒོམ་པའི་དམིགས་པ་ནི། བླ་མ་ཕྱག་ན་རྡོ་རྗེ་འོད་ཟེར་རབ་ཏུ་འཕྲོ་བ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་དང་ཁ་བ་བབས་པ་ལྟ་བུ་བྱུང་སྟེ། ནད་པ་རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གྱི་བ་སྤུའི་བུ་ག་རྣམས་ཐམས་ཅད་ནས་ནང་དུ་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་གང་བས་དེའི་འོད་ཟེར་དང་གཟི་བརྗིད་ཀྱིས་རང་གི་ནད་གདོན་ཐམས་ཅད་རྣ་བ་གཡོན་པ་ནས་དམར་ལ་ཐོན་ཏེ། ཆུ་ནང་གི་ཉ་ཆུང་དེ་ཉིད་ལ་ཐིམ་ཞིང་དམིགས་པ་བྱེད་དུ་བཞུག་གོ། དེ་ལྟར་བྱས་པའི་རྟག་བརྟག་ལ་སོགས་པ་ཅི་རིགས་བྱུང་བ་དང་ཉ་དེ་ནུབ་ཏུ་བསྐྱལ་ལོ། །དམིགས་པ་དང་བྱེད་ལུགས་གོང་དང་འདྲ་བ་ལ། ར་ལ་བྱང་དུ་བསྐྱལ་ལོ། དེ་བཞིན་དུ་ཕུག་རོན་ལ་བྱས་ནའང་བྱང་དུ་བསྐྱལ་ལོ། འདི་གསུམ་གང་འཛོམ་གཅིག་ལ་བྱས་པས་ཆོག་གོ། ཡུག་ས་མོའི་དོར་རྟས་མགོ་བསྟུམ་ལ། གོང་གི་རྫས་དེ་རྣམས་ཀྱི་དུད་པས་རྐང་མཐིལ་ནས་རིམ་པ་བཞིན་དུ། མགོ་བོའི་ཐད་ཀར་སླེབ་སླེབ་བདུག་པར་བྱའོ། །དེ་ནས་ནད་ཐོན་པ་དང་ཕྱིས་མི་བྱུང་བར་བྱ་བའི་ཕྱིར་གོང་གི་རྫས་དེ་རྣམས་ལ་བསྲུང་བ་དང་མ་བྲལ་བར་བྱས་ཏེ་འདི་ནི་ཤིན་ཏུ་ཟབ་པའི་མན་ངག་གོ། ༈ ཡང་ན་བསྙེན་པ་བྱེད་པའི་ཚེ། གོང་གི་སྔགས་དེ་ཉིད་ལྔ་བཅུ་ཙམ་སོང་བ་དང་། རཱ་ཧུ་ལ་སྐུ་མདོག་དཀར་པོར་སོང་བར་བསམ། བདུན་ཅུ་ཙམ་སོང་བར་དང་སྦྲུལ་མཇུག་པས་ཁོག་པར་ཐུང་རིལ་ཏེ་ཁོག་པར་ཐིམ་པར་བསམ། དགུ་བཅུ་གོ་ལྔ་ཙམ་སོང་བ་དང་མགོ་བོ་གཡས་གཡོན་གཉིས་ཀྱང་རྩ་བའི་མགོ་བོ་ལ་ཐིམ། སྦྲུལ་མཇུག་དེ་ཡང་ལྷག་མ་མ་ལུས་པར་ཁོང་པར་ཐིམ་པས། ཁོག་པ་ནས་རྐང་པ་གཉིས་སྐྱེས་པར་བསམ། དེ་གཉིས་ལ་ཐིམ་པར་བསམ། ལུས་ཀྱི་མིག་དེ་རྣམས་ཀྱང་རིན་པོ་ཆེའི་བརྒྱན་དུ་གྱུར་པར་བསམ། དེ་ནས་མདུན་དུ་བཤམ་པའི་གཏོར་མ་དེ་ཉིད། ཨ་མྲྀཏས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ཀ་རཱོས་ལྷ་རྫས་འདོད་ཡོན་ལྔ་ཕུན་སུམ་ཚོགས་པར་བྱིན་གྱིས་རླབས་ལ། ཨོཾ་ཀྱེ་ཏ་ཀྱེ་ཏ་རཱ་ཧུ་ལ་བི་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ་གྱིས་བསྡོས་ལ། གོང་གི་ཡི་དམ་གྱི་སྔགས་རྗེས་ལ། ཨ་ཛ་མ་ནྱེ་ཨ་བི་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ཨོཾ་པུཥྤཾ། ངྷུ་པཾ། དི་པཾ། གནྔྷེ། ནཻ་ལྦིངྱ། ཤཔྟ་ཨཱཿཧཱུཾ། དེ་ནས་བསྟོད་པས་བསྟོད་ནས་འཕྲིན་ལས་བཅོལ། རཱ་ཧུ་ལ་ས་པཱ་རི་ཝཱ་ར་གཙྪ། ཞེས་བརྗོད་ཅིང་སེ་གོལ་བརྡབ་པ་ལས་ཕྱིའི་རྒྱ་མཚོའི་གྲམ་དུ་སོང་བར་བསམ། སྟོང་པ་ཉིད་ཀྱི་རྒྱས་འདེབས་པ་གལ་ཆེའོ།། ཨྀཐིཿ

བཛྲ་པཱ་ཎི་ལ་ན་མོ། གཟའ་བརྟག་པ་ནི། སྐྲ་སེན་བསྲེག་ནས་བདུག་པས། མགོ་འཐོམ་འདར་བ་བྱུང་སྟེ། དེ་ལ་རྨི་ལམ་དུ་ཆུ་དང་བཙུན་པ། རྟ་ཕྱུགས་སོགས་རྨིས། ཤ་འཁྲིག་རྩ་རྩིག་པ་དང་། རྣ་འཁྱུག་པ། ཞ་རེངས་དྲན་མེད། འཁྱོམས་པ་བརྒྱལ་བ་ལ་སོགས་འབྱུང་། དམར་ཁྲ་སྔོ་ཁྲ་ལུས་ལ་འབྱུང་། སྙིང་འཕྱོ། སྨྱོ་འབོག། མིག་རྩ་དམར་བ་འབྱུང་། དེའི་སྨན་ནི་སྤོས་དཀར་མཐེ་བོང་ཙམ་གསུམ་གཟའ་དུག་དཀར་སྔོ་གང་རྙེད་ཐུན་གཉིས་ཁོང་དུ་བཏང་། གུ་གུལ་དཀར་ནག་གི་དུས་པས་བདུག གཟའ་བརྩོན་དུ་འཛིན་པའི་གདམས་པའོ།། ༈ ཆུ་ལྕག་གིས་བྲབ། དེ་ནས་ཨ་རུ་ར། སྙིང་ཞོ་ཤ། ཛ་ཏི། རུ་རྟ། སྤོས་དཀར། གུལ། འབྲུག་རུས། གུར་གུམ། ཨ་ཀ་རུ། བཟང་དྲུག་པ་འདིར་ཨ་ཀ་རུ་ཐུན་ཆེ་དགོས། གཞན་ཐུན་པར་མཉམ་པར་བྱས་ནས་ཞིབ་ཏུ་བཏགས་ནས་ཆུ་རྐྱང་ལ་སྦྱར་ནས་བཏང་བས་སེལ་ལོ།། ༈ གལ་ཏེ་མ་སེལ་ན། མི་དབང་ཤ། ཏི་ལོ། སྲེ་མོང་ཤ་གསུམ་སྟེ། དཀར་ནག་གི་སྦྱོར་བ་གཉིས། ས་ཆུ་གཉིས། ས་ཆུའི་རིགས་ལྕི་ཞིང་སེལ་དཀའ། མེ་རླུང་གི་མྱུར་དུ་སེལ། ཆུ་རིགས་འཁྲུགས། མེ་རིགས་དམར་ཁྲ་འབྱུང་། རླུང་རིགས་ཞ་རེངས་བཞུགས་ཏུ་ཕལ་ཆེར་པ་བདག་གི་ནད་འདྲའོ།། ༈ བསྲུང་བའི་ལུགས་གཉིས་པ་ལ། དངུལ་རིང་བསྲེང་། དངུལ་ཐལ། གུལ་དཀར་ནག། མུ་ཟི་ནག་པོ། ཤིང་ཀུན། བཟང་དྲུག་འདི་རྣམས་ཕྱག་རྡོར་ལ་ནུས་པ་འཐོན་པའི་ན་བཟའ་བསྟུམ་ལ་གཏོགས་སོ།། ༈ བྱུགས་པ་གཉིས་ཏེ། དཀར་སྦྱོར་ནི། གླ་རྩི། གུ་གུལ། ཤུ་དག། མུ་ཟི་ནག་པོ། སྒོག་གཅིག་མ། ཚྭ་ཕྱེ་རྣམས་མར་རྙིང་ལ་སྦྱར་ནས་བྱུགས་པར་བྱའོ།། ༈ ཕྱིས་ལངས་འདོགས་ན། བཙན་དུག ར་དུག མུ་ཟི་ནག་པོ། ཟི་ར་ནག་པོ། ཤུ་དག་ནག་པོ། ཉ་ཤ མི་ཤ ཐང་ཕྲོམ་པ། ཡུངས་ནག དུག་སྣ་ཚོགས་བསྲེས་པས་དུད་པས་བདུག་པར་བྱེད་ཅིང་། བྱིས་པ་ལོ་བརྒྱད་པའི་ཆུ་དང་སྦྱར་ནས་མགོ་ལུས་མེད་པར་བྱུགས་པ་དང་ཐུམ་པོ་བྱས་ནས་མགུལ་ཏུ་གདགས་སོ།། ༈ ཡང་བརྗེད་ངས་ཆེ་ཞིང་ལྕེ་མི་བདེ། དབང་པོ་ཤིན་ཏུ་མི་གསལ་ན། ཛ་ཏི། སྙིང་ཞོ་ཤ རྒྱ་ཚྭ། ཚྭ་བ་གསུམ། བུ་རམ་སྲང་གང་དང་སྦྱར་ནས་ཟོས་པས་གསལ་པོར་འགྱུར་རོ།། ༈ ཡང་སྨན་ཁྲུས་ལ། བ་ལུ། ཤུག་པ། འཁན་པ། མཚེ། འོམ་བུ། རྩ་བ་ལྔ། ཨ་རུ་ར། དེ་རྣམས་ཀྱི་ཕྱེ་མས་བཀྲུ། དུག་ཁྲུས་ལ། ར་དུགས་པ། ཐང་ཁྲོམ་པ་དེ་རྣམས་ཆུ་དང་བཅས་པས་བཀྲུ། ༈ བསྲེགས་རྫས་ལ། གུལ། རྟ་བོན་པ། ལ་ཆ། ཡུངས་ཀར་སྲན་མ། སྦྱང་བྲུན། སྤང་སྤོས། ཤུ་དག་རྣམས་རྩ་བའི་རྫས་སོ།། ༈ མེ་རིགས་ལ་བུལ་ཏོག། ཁྱི་ལྕི་བ་དཀར་པོ། ༈ ཆུ་རིགས་ལ་ཚ་བ་གསུམ་གྱི་ཕྱེ་མ། ༈ ཁ་ཅིག་སྨན་ཁྲུས་ལའང་ཁ་བསྒྱུར་གཉིས་པོ་བསྲེག་པའང་འདུག། ༈ སྔགས་ཀྱིས་བསྲུང་བ་ནི། ཤོག་སྔོན་རིང་བ་གཅིག་ལ། ཨོཾ་ནཱིལཾ་ཝར་ངྷར་བཛྲ་པཱཎི་ཙནྚ་མཧཱ་རོཥན་སམཡ། རཱཧཱུ་རཛ། ཏུན་ཤན། ཨོཾ་ཀེཏ་ཀེཏ་སྭཱཧཱ། བཛྲ་ཙཀྲ་ཧྲཱིཥྟི་རཱཧུལ་ཨཔནཡེ་སྭཱཧཱ། ཨ་ཡ་མ་ཏུ་ཙ་ཤ་ན་ལ། འཆང་བ་པོའི་རུས་འདི་ཞེས་བྱ་བ་མིང་འདི་ཞེས་པ་ལ། དྲང་སྲོང་ཆེན་པོའི་བྱད་ཟེར། ནད་དང་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ། ཅེས་པ་གསེར་དངུལ་ལམ་ཟངས་ཀྱི་སྣག་ཚས་གཟབ་ཆུང་ཕྲེང་གཅིག་ལྷག་ཆད་མེད་པར་བྲིས་ལ། མགུལ་དུ་གདགས་སོ།། རྫས་ཀྱིས་བསྲུང་བ་ནི། རྨ་བྱའི་མདོངས། གཟུང་མོ་བྱེ་དུར། གླ་བའི་མཆེ་བ། དུང་ཤོ་ཆ་གཅིག དཀར་ཁྲ་མེན། མེ་ལོང་ཆུང་བ་མཐེ་བོང་ཙམ་གཅིག རིན་པོ་ཆེ་སྣ་བདུན། ནལ་ཁྱད་པར་ཅན་གཅིག གང་ཟག་ནུས་པ་ཅན་གྱི་ཕྲེང་བ་རྣམས་ལུས་ལ་བཅང་བར་བྱའོ།། སྔགས་བསྲུང་ཆེ་བ་ནི། ནཱ་ག་རཀྵེ། ན་ར་སིདྒྷ་ཧ་ལ་ཝ་ར་ཀྵ་ཝ་སུ་ངྔྷེ་ཝ། སི་ལི་རཀྵེ། ཝེ་ན་ཕེ། ཀ་ལེ་རཀྵེ། ཙ་ན་ཏི་ཀ། ས་ཏི་རཀྵེ། ཙ་ཚ་ཡེ་མུ་རུ་རཀྵེ། མུ་རུ་བི་ལི། བི་ལ་ཀན། ཐ་རཀྵེ་ནི་ར་ཀན་ཐ། ཨོཾ་གཻ་རཀྵེ་ན། ཏ་ལ་གྷ་ཧུ། ཏ་ཐ་པ་ལ། བ་ས་ར་མ་ཡ། ཁ་ཏ་ཀ་ནི། ཕ་རུས་ཕ་རུས་ལོ། རེ་བི་ཤ་ཧ་ཧ་རེ། བཛྲ་མགྷོ། ཀ་ཀོན་ཏ། ཚུ་རི་པ་ཀ་ཏ། པོ་ཀ་ཏ། སཽ་ན་ཏི། ཚེ་ར་ཐ་ལ་ཝ། པ་རི་ཐི་ན། པ་ལ་ཧུ་ལུ་ཏ་ན། ར་ན། རུས་དང་མིང་ཆེ་གེ་མོ། ་ར་སི་དྒྷ་རཀྵེ། ཨོཾ་ན་ར་སིདྒྷ་རཀྵེ། བྷི་ངྷ་ར་ངྷ་བྷརྨ། ཀུ་ཧ་ན། མེ་བྷིས་ན། ཙཀྲ་ལ། ཨི་ཤུ་ཤུངྷ་ན་ངྷེ། པྲེ་བན་ཏེ། ཧ་ཨི་བན་ངྷི། ར་ཏ་ཨུངྷི། བྷན་ངྷི་བན་དྷི། གྷན་ངྷི་གྷན་བཛྲ་མོ་གྷེ་རེ། ཁོ་ངྷི་བི་ཐི་མོ། ལི་ཧི་ཧཱུཾ་ཧཱུཾ་ཕཊ། འཆང་བ་པོའི་ལུས་ངག་ཡིད་གསུམ་ལ། གཟའ་བདུད་ཀྱི་བྱད་ཁ་ཐམས་ཅད་ལས་བསྲུང་དུ་གསོལ། རཀྵ་རཀྵ་སྭཱཧཱ། ཅེས་པ་མཚལ་གྱིས་བྲིས་ལ། ཕོ་ཡི་དཔུང་པ་གཡས་ལ། མོ་ཡི་གཡོན། ཁྱིམ་གྱི་ཀ་པ་ལ་མི་ཕྱུགས་ཐམས་ཅད་བསྲུང་བར་འགྱུར། ཐེ་ཚོམ་མི་ཟ་བ་གལ་ཆེའོ།། ཟོས་ན་མི་ཐུབ་བོ།། ཨོཾ་ཉི་མ་ནན། ཟླ་བ་ནན། ཀླད་པ་ནན། སྙིང་མགོ་ནན། གཞི་རྩེ་ལྟག་ཁུང་ནན། ཨེ་རྩེ་པྲ་མ་པྲ་བཟློག། ཨེ་ན་ག་ཤིག ན་ག་སོད། ན་ག་བཟློག ན་ག་སྐེ་མགོ་ནན། 

ཅེས་ཉི་ཤུ་རྩ་དགུ་ནས་ཟླ་བ་ཕྱི་མའི་ཉི་ཤུ་དགུའི་བར་དགོང་རེ་བཞིན་བརྒྱ་རྩ་རེ་མ་ཆག་པར་བསྙེན་པར་བྱས་ན། ཚེ་འདིར་མ་ཟད་སྐྱེ་བ་ལྔ་བརྒྱའི་བར་གཟའི་གནོད་པ་ཡོང་མི་སྲིད་དོ་གསུང་ངོ་ཟབ་པར་གྲགས་སོ།།

གཟའ་བཅོས་ལུགས་གཅིག་ལ། སྲིན་བྱའི་ཀླད་པ། ཡུག་ས་མོའི་མངལ་ཁྲག དཔའ་བོ་གྲིར་ཤི་བའི་ཁྲག་དང་གསུམ། རིལ་བུའི་བསྲེས་བུ་རམ་ལ་བྱས་ནས་ནད་པ་ལ་སྦྱིན། འདི་ལས་ཟབ་པ་མེད་པའི་ཁྱད་ཆོས་སོ།། ༈ ཡང་གཅིག་ལ། གྲི་སྙིང་། བྱ་རོག་གི་སྙིང་། ཙ་ནྡན་དཀར་དམར། གླ་རྩི། མཚལ། ཨ་རུ་ར་གསེར་མདོག རྡོ་མདུང་རྩེ། རུ་རྟ། འདི་རྣམས་ཟས་ཞུ་རྗེས་ལ་ཆང་གིས་ཕུལ་ལ་བཏང་། ཟབ་པར་གདའོ།། ཡང་གཅིག་ལ། ཨོཾ་ཟ་ཁ་ཏྲ་རུ་ཏྲ་ཡེ་སྭཱཧཱ། འདི་ཤོག་བུ་ལ་རྒྱ་ཚྭའི་ཆུའི་གཟབ་ཏུ་བྲིས་ལ་མན་ངག་ལྟར་མྱངས་ནས་དྲིལ། ལ་ཆས་བསྟུམ་ལ་མགུལ་དུ་གདགས་སོ།། འདི་ཟབ་པའི་ཤིན་ཏུ་གཏམ་པར་མཛད་ཀྱི་གདའོ།། ཡང་གཅིག་ལ། རང་ཉིད་ཕྱག་རྡོར་དུ་བསྒོམ་པའི་ཁོང་པའི་ནང་གཙང་ལ་དྭངས་པར་བསྒོམ་པའི་ནང་དུ། ཙ་དབུ་མ་སྤྱི་གཙུག་ནས་གསང་གནས་ཀྱི་བར་ཟུག་ནས། བུག་པ་ཐལ་ལེ་ཡོད་པར་བསྒོམ་པའི་གསང་གནས་སུ། ཕྱག་རྡོར་ཚོན་གང་བ། གར་སྟབས་ལིང་ངེ་བ་སྤྱན་རས་གཟིགས་ལ་ཧྲེག་གེ་བ་གཟིགས་པའི་སྤྱི་བོ་དང་། གསང་གནས་ཀྱི་བར་གྱི་ནམ་མཁར་སྟེང་འོག་སྔོ་སེང་ངེ་ཡོད་པར་བསམ། ནང་བར(ནངས་པར་)བྱ་རོག་གིས་སྒྲ་མི་སྒྲོག་པའི་དུས་སུ། སྔགས་སུམ་བརྒྱ་ལན་མང་དུ་བཟླས་སོ།། ཨོཾ་སུ་བྷི་རོ་ངྷ་ན་ཡེ་ཧཱུཾ་ཕཱཊ། ཅེས་དང་། ཡང་དགོང་མོ་འདི་བཟླས་སོ།། ས་མ་ཡ་དུག་གི་ཤན་ཙ་ལ་ཕ་ལ་ཞེས་ཁ་སྤྲོད་དུ་བགྲངས་སོ།། ལྷ་མིན་འཇོམས་པའི་གདམས་པ་ཟབ་མོ་འདི་སྤའོ།།

ཡང་གཟའ་བཅོས་འཕྲུལ་གྱི་གདམས་པ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ ། མུཿདམར་པོ་ལས་འོད་ཟེར་འཕྲོས། དོན་བྱས། ཚུར་འདུས་པ་ལས་རང་ཉིད་སྲིད་པའི་རྒྱལ་མོ་མུ་ཁ་ལེ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཅང་ཏེའུ། གཡོན་ན་མདའ་གཞུ་འཛིན་པ་བསྒོམ་པའི་བྷ་གར་གཟའ་མཆོག་རཱ་ཧུ་ལ་དུད་ཁ་མགོ་དགུ་པ། སྟེང་བྱ་རོག་གི་མགོ་བོ་ཅན་ཕྱག་གཡས་རྭའི་མདའ་གཞུ། གཡོན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། སྨད་སྦྲུལ་མཇུག་ཏུ་འཁྱིལ་བར་བསྒོམས་ནས། བཟླས་པ་བྱེད་པའི་ཚེལྷ་མོའི་ཐུགས་ཀར་མུཿ དེའི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ནས་བཟླས་པ་ན་གཟའ་མཆོག་འདར་ཞིང་བཀའ་ཉན་པར་བསམ་ནས། ཨོཾ་ཁྲི་མ་ཨ་སུ་སྭཱཧཱ། ཨོཾ་ཧྲི་མི་ཨ་སུ་སྭཱཧཱ། ཧོུཾ་ཁྲི་མ་ཁྲི་ཨ་སུ་སྭཱཧཱ། ཨ་ལ་མ་པྲེ་ཏུན་ངྷེ་ཤ་ན་ལ། ཞེས་པ་ཉི་ཤུ་རྩ་རེ་བགྲངས། གཞན་གསོ་ན། པདྨ་འདབ་བརྒྱད་ཀྱི་སྟེང་དུ་རིན་པོ་ཆེའི་བུམ་པ་བཞག་ལ། བུམ་ནང་དུ་ལྷ་མོ་བསྐྱེད། སྔགས་བཟླས་པས་དམིགས་པ་སྔར་དང་འདྲ། གཡོན་གྱི་མེ་ལོང་ཆུ་སྒམ་པར་བསམ་ཞིང་། ཆུ་གཟའི་བཅོས་པ་ཡིན་ནོ།།

  མེ་གཟའ་ལ་ནི་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བླུགས་པས་མེ་ཉམས་བསད་པར་བསམ། ༈ རིགས་བརྟགས་པ་ནི། མཛོད་སྤུར་མཉེས་པས་ཁ་མདོག་གིས་ཤེས་པས་མན་ངག་ལས་ཤེས་སོ།། ༈ ཡང་གཟའ་སྔགས་དཔའ་བོ་བཅུ་བཞི་པ་བློ་ལ་ཡོད་པའི་ཆོག་པ་ནི། ཨོཾ་ཏུམ་པོ་ལི། ཏུམ་པོ་ལི། བྷིག་ཐུམ། བྷིག་ཐུམ། མི་ཤིག་སོད། ཅེས་བཟླས་པས་ནད་མི་འབྱུང་ངོ་།། འདི་གསེར་ཞོ་གང་མ་བྱུང་པར་མི་སྦྱིན་གསུངས་སོ།། ༈ ཡང་། པུ་ཙི་པུཙི་ད་ན་སྤུ་རྩི་ཡེ་སྭཱ་ཧཱ། ཉིན་རེར་ཉེར་གཅིག་རེ་བཟླས་པས་སྟེང་གདོན་ཐུབ་བོ།། ༈ ཡང་གཅིག་ལ། ཨོཾ་ཧྲིང་མ་ཏི་ཨ་སུ་སྭཱཧཱ། འདི་བློ་ལ་ཡོད་ན་ཡར་མར་གཉིས་ཀའི་གནོད་པ་ཐུབ་ཟེར་རོ།། ༈ ཡང་གཅིག་ལ། སྨུག་སྦུབས་དཀྱིལ་འཁོར་སོར་ལྔའི་ནང་དུ། གཟིང་མོ་བྱི་དུར། རྨ་བྱའི་མདོངས། དར་སྣ་ལྔ། ཕུག་རོན་གྱི་གཞུང་ཁབ། ཟངས་ཁབ་རྣམས་བཅུག་ལ། མགོ་མཇུག་ལ་ཆས་བསྡམ་ཕྱག་རྡོར་སྙིང་པོ་དང་། ཡེ་ངྷརྨཱ་དང་། ཨོཾ་ས་ར་ཙཀྲ་ཧྲཱི་ཥྚི་རཱ་ཧུ་ལ་ཨ་པ་ན་ཡེ་སྭཱཧཱ། ཅེས་སུམ་བརྒྱ་གདབ་ལ་མགུལ་དུ་གདགས་སོ།། ཟབ་ཡང་བསུངས་སོ།།

རང་བསྲུང་གི་གདམས་པ་ནི། ཨོཾ་ཀེ་ཏ་ཀེ་ཏ་སྭཱཧཱ། ཨོཾ་གཟའ་ཁ་དུ་ཏྲ་ཡེ་སྭཱཧཱ། ཨོཾ་ཏུམ་པོ་ལི་ཏུམ་པོ་ལི། བྷིག་ཏུམ་བྷིག་ཏུམ། ཏུམ་པི་ཏུམ་པི་སུ་སུ་མེ་མེ་ཤིག་ཤིག་སྭཱཧཱ། ཨོཾ་ཧྲི་ཨ་བ་ལ། ཨ་ཡུ་གཟའ་བདུད་ཀྱི་གདུག་པ་ལས་བདག་རཀྵ་རཀྵ་སྭཱཧཱ། འདི་བློ་ལ་ཡོད་པས་དྲང་སྲོང་གི་གནོད་པས་མི་ཚུགས་པར་འདུག་པའི་ཤིན་ཏུ་གསང་བར་བྱས་སོ།། ༈ ཡང་རང་བསྲུང་གི་གདམས་པ་སྙན་བརྒྱུད་མ་ལས། བྱ་རོག་གི་སྙིང་ནང་དུ་བོང་ང་ནག་པོའི་མཛུབ་ཚིགས་ཙམ་གཅིག་བཅུག་ལ། ཨ་ཡ་མ་པྲེ་ཏུན་ཏུ་ཤ་ལ་ན། ཅེས་བརྒྱ་རྩ་བརྒྱད་བཟླས་ནས། གླ་ལྤགས་ཀྱིས་བསྟུམ་ནས་དཔུང་པ་གཡོན་པ་ལ་གདགས་སོ།། ལག་ལེན་ཤིན་ཏུ་ཟབ་པའི་སུ་ལའང་མི་སྦྱིན་གསུང་ངོ་།།

  རྒྱ་གར་ཤར་ཕྱོགས་ཀྱི་བྲམ་ཟེ་པ་ཧོཾ་ཞེས་བྱ་བ་དེས་གཟའ་ལ་དབང་ཐོབ་པའི་ནག་པོ་གཟའ་འདུལ་གྱི་མན་ངག་དོན་གསལ་ཞེས་བྱ་བ་ཚིག་ཆུང་ལ་ཕན་ཡོན་ཆེ་བ་འདི་ལ་དོན་གསུམ་སྟེ། སྟ་གོན་དང་། བསྙེན་པ་དང་། དངོས་གཞིའོ།། དང་པོ་ནི། མདའ་བྱ་རྒོད་མ་གཅིག རྨ་བྱའི་མདོངས་གཅིག མེ་ལོང་གཅིག གཟའ་ལམ་གྱི་སྣམ་བུ་གཅིག རས་དཀར་པོ་གཅིག མཁར་སྡེར་གཅིག་གི་ནང་དུ་སྒྲུབ་བྱ་ལུས་ལ་དྲི་མ་བཀྲེས་པའི་ཟན་ལས་བྱས་པའི་ངར་མི་ལྔ། སྒྲུབ་བྱ་ལ་མདུན་བསྟན་ལ་ཕྱོགས་བཞི་དབུས་དང་ལྔར་བཞུགས། གཞི་སྟན་དཀར་པོ་གཅིག་གི་སྟེང་དུ་ནས་ཀྱི་ཚོམ་བུ་དབུས་སུ་གཅིག ཕྱོགས་བཞི་མཚམས་བཞི་སྟེ་དགུ་བཀོད། དེའི་གཡས་སུ་འབབས་ཆུ་ནས་ཁ་ཐུར་ལ་བལྟས་ཏེ་བཅུས་པའི་ཆུ་གཙང་ཁམ་པོར་བཞག གཡོན་དུ་སྡེར་མ་ངར་མི་དང་བཅས་པ་བཞག བལ་དཀར་པོ་གསུམ་གཉིས། ནག་པོ་གསུམ་ཆ་ལ་ཁྱི་རྒྱ་བོ་མིག་བཞི་པའི་སྤུ་ཅུང་ཟད་བསྲེས་པ་ལ་སྐུད་པ་གསུམ་བསྒྲིལ་སྐེ་འདུས་པ་གཅིག དཔུང་བ་འདུས་པ་གཉིས། སྐེད་པ་འདུས་པ་གཅིག རྐང་པ་འདུས་པ་གཉིས་ཏེ་དྲུག་ལ་སྐེད་པ་འདུས་པ་ལ་མདུད་པ་གསུམ་གཞན་རྣམས་ལ་རེ་རེ་བྱ་སྟེ། མདུད་པ་རེ་རེ་ལ་སྔགས་བརྒྱ་རྩ་རེ་བཏབ་སྟེ་བཞག་པ་ནི་སྟ་གོན་ནོ།།

གཉིས་པ་བསྙེན་པ་ནི། གཟའ་ས་རཾ་སོང་ཤིག གཟའ་ཆུ་རཾ་སོང་ཤིག གཟའ་མེ་རཾ་སོང་ཤིག གཟའ་རླུང་རཾ་སོང་ཤིག ཅེས་པ་འདིས་འབྱུང་བ་བཞི་ཀ་ཐུབ་པས། སྔགས་འདི་མདའ་དང་། རྨ་བྱའི་མདོངས་དང་། མེ་ལོང་དང་གསུམ་ལ་ལན་བརྒྱ་རྩ་དྲུག་དྲུག་བརྡེག་གོ། ཆུ་ཕོར་གང་ལ་བརྒྱ་རྩ་གཅིག་བསྲུང་སྐུད་རྣམས་ལ་གོང་དུ་བཤད་པ་བཞིན་བརྡེག་གོ།

གསུམ་པ་དངོས་གཞི་ནི། ནད་པ་རྒྱབ་ཅུང་ཟད་མཉེས་པའི་གན་རྐྱལ་དུ་འདུག་སྟེ། ང་རྐང་པ་གཉིས་བརྐྱངས་པའི་བར་དུ་གནས་ཀྱི་ཚོམ་བུ་དང་། ངར་མི་དང་ཆུ་གཙང་སྔགས་ཆུ་རྣམས་བཞག་ལ། གཟའ་ལམ་ནད་པ་མི་གཟུགས་ཀྱི་བར་དུ་བརྐྱང་ལ། སྣེ་གཅིག་ལ་སྐུད་པ་གཅིག་བཏགས་ལ། དེ་མི་གཟུགས་གཅིག་ལ་བཏགས་ལ་བཞག དེ་ནས་ངར་མི་རྣམས་སྒྲུབ་བྱའི་སྙིང་ག་དང་། གཡས་གཡོན་མདུན་རྒྱབ་ཏུ་བྱས་ཏེ། མདའ་ཡིས་བྱབས་ཤིང་མེ་ཏོག་གི་ཚོམ་བུ་ལ་བསྟིམ། དེ་ནས་ངར་མི་མེ་ཏོག་གི་ཚོམ་བུའི་སྟེང་དུ་གོང་ལྟར་བཞག་ལ། རྨ་བྱའི་དང་མེ་ཏོག་གིས་བྱབས། དེ་ནས་ངར་མི་རྣམས་སྡེར་མའི་ནང་དུ་བྱས་ལ་ཚོམ་བུའི་སྟེང་དུ་བཞག་སྟེ་རྫས་གསུམ་གྱིས་གོང་ལྟར་རིམ་པས་བྱབས། དེ་ནས་གཡས་སུ་མདའ་གཡོན་དུ་སྒྲོ་བཟུང་ནས་བྱབས། དེ་ནས་མེ་ལོང་ཁོ་ནས་བྱབས། དེ་ནས་གཡས་པས་མེ་ལོང་། གཡོན་པས་གཞན་གཉིས་བཟུང་ནས་བྱབས། དེ་རྗེས་ཆུ་གཙང་དེས་མེ་ལོང་ལ་སྒྲུབ་བྱ་བཞིན་ཤར་བ་ལ་སྔགས་བརྗོད་ཅིང་ལན་གསུམ་དུ་ཁྲུས་བྱས་པའི་དྲི་ཆུས་མི་གཟུགས་རྣམས་ཀྱི་སྟེང་དུ་ཡོད་པར་བྱེད་པའོ།། དེ་ནས་གཟའ་ལམ་ངར་མའི་སྟེང་དུ་དཀྲུགས། དེ་རྗེས་མེ་ལོང་མདའ་དང་སྒྲོས་རིམ་པ་བཞིན་བྱབས་ཤིང་དོར་རོ།། གཟའ་ལམ་དེས་ཀྱང་བྱབས་ཤིང་དོར་རོ།། ཆུ་གཙང་ལྷག་མ་སྤྱི་བོར་ལུད། །སློབ་མ་པུས་གཙུགས་སྙིང་ཁ་རུ། །སྔགས་བརྗོད་ལག་པས་བྱབས་མ་ཐག། མི་མངོན་བྱས་ཏེ་སྔགས་ཆུ་བརྡེག། ནད་དང་གནོད་ནི་མ་ལུས་པ། །ངར་མི་སྟེང་དུ་དཀྲུགས་ཤིང་བསྟིམ། །མི་གཟུགས་ནད་བཅས་ཆུ་བོར་རོ། །ཡང་ན་ལམ་གྱི་བཞི་མདོར་དོར། །བསྲུང་སྐུད་ནད་པའི་མགུལ་དུ་བཏགས། །ལག་པ་གཡས་དང་གཡོན་དང་སྐེད་པ་དང་། །གཡས་གཡོན་ལ་རིམ་པ་བཞིན་བཏགས་པར་བྱ། །སྔགས་བཟླས་སྤྱི་བོའི་གཙུག་ཏུ་བརྡེག །སྙིང་ཁ་མདུན་རྒྱབ་རྐང་མཐིལ་གཉིས། །རིམ་བཞིན་བརྒྱ་རྩ་རེ་རེ་བརྡེག །ཨོཾ་ཏུམ་པོ་ལི། ཏུམ་པོ་ལི། ཏུམ་མེ། ཏུམ་མེ། མེ་ཤིག མེ་ཤིག་སྭཱཧཱ། ཅེས་པའི་སྔགས་འདི་ནད་པ་ལ་བྱིན་ནས་མཚམས་བཅད་བཅད་བཟླས་སུ་འཇུག་པར་བྱ། མུ་ཟི་གུ་གུལ་ནག་པོ་དང་། །ཤུ་དག་ནག་པོ་སྤྱང་ཀིའི་བྲུན། །ཕྱི་ནད་བསྲུང་བས་མཆོག་ཏུ་གསུངས། །དཀོན་པ་སྙིང་ལ་ཆོངས། འདིའི་ཞལ་གདམས་མ་འཚུགས་པར། ལག་ཏུ་བླངས་ན། དབུགས་མ་ཆད་པས་མཆོག་ནད་པ་མ་དྲག་པར་འཆི་མི་སྲིད་གསུངས་ནས། བྲམ་ཟེ་དབུ་སྙིང་བཞེས་སོ། །ནད་བབས་ཆེ་ན་གཟའ་སྔགས་དང་རྫས་བཞུགས་བསྲིངས་ཏེ་གོང་སྐབས་བཞིན་སྔགས་བཏབ་བོ། །ནག་པོ་གཟའ་འདུལ་གྱི་མན་ངག་རྫོགས་སོ།།

མན་ངག་འདི་ལ་བརྟེན་ནས་བླ་མ་དེས་སྔར་ནད་པ་བཞི་བཅུ་ཙམ་བཅོས་པས། ངེད་དང་འཕྲད་ནས་ཤི་བ་གཅིག་ཀྱང་མ་བྱུང་གསུངས་ནས། ཟབ་པོར་བྱེད་ཅིང་གྲགས་གདའོ། །བདག་གི་གཟའ་བཅོས་ཀྱི་མན་ངག་ལ་རྩད་གཅོད་མང་དུ་བྱས་པས་ཡི་གེར་བཀོད་པ་འདི་རྣམས་ཟབ་ཤེས་སུ་བྱེད་ཀྱིན་གདའ་བས་ལག་ལེན་ལ་འགེལ་པར་ཞུ། བསླུས་པའི་དཔེ་མེད། འོན་ཀྱང་རང་དང་ཤིན་ཏུ་ཉེན་ཆེ་བའི་ནད་པ་བྱུང་ན་མ་གཏོགས། འདི་དང་རྐྱང་རིང་བར་གྲག་གོ། ཞེས་པ་ཕ་རྒྱབ་ཚབ་པ་ཡང་ཡང་གསུངས་སོ།།

༈ གཟའི་གདམས་པ་འདི་ལ་གཉིས། བརྟག་པ་དང་འཆོས་པའོ། །དང་པོ་ནི། ན་ལུགས་ལ་བརྟག་པ་འདི་རྣམས་འོང་སྟེ། གཡས་གཡོན་གཉིས་བཤལ་ཅིང་ན་བ་དང་། མགོ་འཁོར་བ་དང་། སྙིང་མ་དགའ་བ་དང་། གློ་སྙིང་འཕར་བ་དང་། ཁ་རུ་འཆིངས་པ་དང་། ལུས་པོ་རྐང་ལག་ཕྱེད་སྦྲིད་པ་དང་། མཆུ་སྐམ་ལྟོལ་ལྟོལ་འོང་བ་དང་། ལུས་ལ་ཚ་དཔལ་ཆེན་པོ་འོང་བ་དང་། གྲང་ཤུམ་བྱེད་པ་དང་། དཔེར་ན་ས་བདག་གི་ནད་དང་ན་ལུགས་འདྲ་དྲིལ་ན་མེ་ཆུ་གཉིས་ལས་མེད། མེ་གཡས་སུ་འབབ། ཆུ་གཡོན་དུ་འབབ་པོ།།

༈ གཉིས་པ་འཆོས་པ་ལ་གཉིས། བསྒོམ་བཟླས་དང་། འཁོར་ལོ་བཅོས་སོ།། དང་པོ་ནི་། རང་ཉིད་ཕྱག་ན་རྡོ་རྗེ་གཡས་སྙིང་གཡོན་སྡིགས་མཛུབ་མཛད་པ། དེའི་སྤྱི་བོར་ཤཱཀྱ་ཐུབ་པ་སེར་པོ། ཕྲག་པ་གཡས་ན་འཇམ་དཔལ། གཡོན་དུ་སྤྱན་རས་གཟིགས་དཀར་པོ། འདོམ་དུ་རཱ་ཧུ་ལ་སྔོ་སྐྱ་ཕྱག་གཉིས་པ་རྭའི་མདའ་གཞུ་བསྣམས་པ་། ཞལ་དགུ། ཁྲའི་མགོ་བོ་དང་བཅུ་ཡོད་པ་དེའི་སྟོད་མི་ལུས་མིག་གིས་གང་བ། སྨྲད་སྦྲུལ་དུ་འཁྱིལ་བ། འདར་དགུར་རེ་ཡོད་པར་བསམ་ལ། རཱ་ཧུ་ལ་རྒྱུག་རྒྱུག་ནན་ཞེས་བརྒྱ་ཡན་ཆད་གང་རུང་བཟླས་སོ།།

༈ གཉིས་པ་འཁོར་ལོ་ལ་གཉིས། ལུས་ལ་གདགས་བྱ་དང་ཁོང་དུ་བཏང་བྱའོ། །དང་པོ་ནི། དཔེ་ཆུང་(སྡིག་འཁོར་བསྲུང་བའི་མུ་ཁྱུད་ཀྱི་སྔགས་ཀྱི་འགོར་ཨོཾ་དང་། མཐར་རྒྱུག་རྒྱུག་ནན་ཞེས་བྲིས།) ལྟར་བྲིས་ལ། རྭ་གཡས་པ་ལ་མཚལ། གཡོན་པ་ལ་རམ། རྔ་མ་ལ་སྣག་ཚ། དུ་བ་ལ་རལ་པ་ཅན་ཚ་གསུམ་བསྲེས་ལ་བཀྲུ། རྭ་གཡས་པ་ནས་གཟུགས་དྲིལ། སྨུག་ཚིག་བལ་སྐུད་སྣ་ལྔས་དྲིལ་ཞོགས་གཡོན་དངོས་སུ་གདགས། དེས་ཐེ་ཚོམ་མེད་དོ།། གཉིས་པ་ཁོང་དུ་བཏང་བ་ནི། གཉིས་པོ་ཧའི་འཁོར་ལོ་གཉིས་པོ་དཔེ་ཆུང་བཞིན་བྲིས། ཧ་གཅིག་ཊཧོ་བདུག། གྲི་ཁྲག་གིས་ཡི་གེ་ཡང་ཡང་བྱས་ན་གྲགས་ཐོན་པ་ཡིན་ནོ།། ༈ ཨ་ཙར་ཟླ་བ་ནག་པོའི་གཉན་དྲིལ་ལྐུགས་པ་ཁ་འབྱེད་ཀྱི་གདམས་པ་འདི་ལ། རྩ་ལ་འཁྲིད་པར་བྱེད་པ་གངས་ཐིག ཚད་པ་འཇིག་པར་བྱེད་པ་ག་པུར། གཉེན་པོས་འདུལ་བ་གཟའ་དུག་པ་དང་། ནད་གྲོལ་བར་བྱེད་པ་ཨ་ཀ་རུ་ནག་པོ་དང་། ཕྱིར་མི་ལྡོག་པ་ཟི་ར་ནག་པོ་བསྣོན་པ་མན་ངག་ཡིན་འདི་རྣམས་སྡེབས་པའི་ཐུན་རབ་གཅིག་ཆུ་ལ་བཏབ་ལ་བཏང་བར་བྱའོ།། ཆུ་མདའ་རྡེག་པ་སྨན་ཞུ་བའི་ཚོད་ན་གཅེས། སྐུགས་པ་ཁ་འབྱེད་ཀྱི་གདམས་པ་འཇམ་དཔས་སྤྲུལ་པ་ཟླ་བ་ནག་པོས་མཛད་པའི་གདམས་པ་ཁྱད་པར་ཅན་ཕྱག་བཞེས་མ། ཨྀཐིཿ ༈ གཟའི་ནད་ཡི་གེ་འབྲུ་བརྒྱད་བློ་ལ་ཡོད་པས་དྲང་སྲོང་འབབ་མི་སྲིད། རྩིབས་བརྒྱད་འཁོར་ལོ་རྟེན་འབྲེལ་མེ་རི་དང་བཅས། གང་བསྲུང་བའི་མི་བསྲུང་འདིའི་མིང་རཀྵ་བཅས་པ་དབུལ། རིན་ཆེན་གསེར་གྱིས་བྲིས་མེ་རིས་ནོན། རབ་གནས་བླ་མ་ཞལ་ལ་དྲིས། ཡིག་འབྲུ་ནི། ཨ་ཡ་མ་པྲི་དུ་ཤ་ན་ལ་ཨྀཐིཿ  ༈ ཡང་གཟའི་བསྲུང་བ་ལ། དུང་གི་ཆོ་ལོང་མིག་ཉི་ཤུ་རྩ་གཅིག་པ་ལུས་ལ་བཏགས་ཅིང་སྦྱར་ན་ཐུབ་ངེས་སོ།། ཡང་ན་རྒྱལ་ཡོལ་ལམ། ཉལ་པའམ་གང་འདུག་པར་ ཨོཾ་ཏྲི་ཁྱེ་ད་བཾ་ཧཱུཾ། ཅེས་པ་ཡི་གེ་དབུ་ཅན་དུ་བྲིས་ནས་བླན་ན་ཐུབ་ངེས་ལགས་སོ།། སྤྱིར་གཟའ་ལ་ཞི་མཐུན་པའི་སྒོས་གསོ་བ་དང་། མི་མཐུན་དྲེག་ཤེད་ལྟར་གསོ་བ་གཉིས་འདུས་སོ།། འདི་ནི་མི་མཐུན་དྲེག་ཤེད་ལྟར་གསོ་བའི་བསྐོར། ཟབ་མོ་གནད་ཀྱི་ཞལ་གདམས་ཀྱི་བསྐོར་ལགས་སོ།། ཨྀཐིཿ ༈ སྭསྟི། བསྲུང་བ་འདི་ལ་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་བཏགས་ན། གཟའ་ཐོག་རྦབ་གསུམ་ཐུབ་ཅིང་། ཁྱད་པར་དུ་གཟའ་སྔར་བྱུང་བ་གྲོལ་ཞིང་ཕྱིན་ཆད་ཐུབ། འདི་ལ་ཙཀྲ་དཔེ་ཆུང་ལྟར་བྲིས། ལྟེབ་པ་ལག་ལེན་ལྟར་བྱ། རབ་གནས་ལག་ལེན་ལྟར་བྱ་ཅེས་པ་ནི། ལྟེབ་པ་ལྔ་ལྟབ་ཏུ་བྱ་སྟེ། ལྟེ་བའི་གྲུ་བཞི་མི་ཆག་པ་གནད་ཡིན། རབ་གནས་བྱ་བ་ནི། གཞི་གཙང་མའི་སྟེང་མེ་ཏོག་གི་ཚོམ་བུ་དགུ་པའི་སྟེང་དུ་བཞག་ལ། མཆོད་པ་ལྔ་དང་གཏོར་མ་ཅི་འབྱོར་པ་སྟ་གོན་བྱས་ལ། རང་ཉིད་ཕྱག་རྡོར་རམ་འཇམ་དཔལ་གང་རུང་བསྐྱེད་ལ། དེས་བཟླས་པ་བྱས་ལ་གཏོར་མ་མཐེབ་ཀྱུ་གཙང་མ་གསུམ་གྱིས་ཙཀྲ་ལ་བསྐོར་ཞིང་། གདོན་བགེགས་ལ་བྱིན། བཤད་སྦྱར་བྱ། དེ་ནས་གུ་གུལ་མེ་ལ་བསྲེག་ནས་བདུག་ཅིང་། དྲག་སྔགས་དང་མེ་ཏོག་བྲབ་བགེགས་བསྐྲད་ལ། སྭབྷཝས་ཙཀྲ་སྟོང་པར་བསམ། དེའི་ངང་ལས་ཙཀྲ་ཧཱུཾ་དཾ་མུཾ་ཏུ་བསམས་ཏེ། དེ་ལ་ཕྱག་རྡོར་རམ་འཇམ་དཔལ་དུ་བསྐྱེད། ཡི་ཤེས་པ་འགུག དབང་བསྐུར་ཆུ་ལུད་པ་ལས། མི་བསྐྱོད་པའམ་རྣམ་སྣང་གིས་རྒྱས་བཏབ་ལ་། དེ་ལ་མཆོད་བསྟོད་བྱས་ལ་གཏོར་མ་སྒྲུབ་བྱ་བསྲུང་བར་གསོལ་བ་བཏབ། གང་བསྐྱེད་པ་དེ་ཞུ་བ་ལས་བྱུང་བའི་ཙཀྲར་བསམས་ཏེ། ལྷའི་སྔགས་དང་། རྟེན་འབྲེལ་སྙིང་པོ་བཟླས་ཏེ། མེ་ཏོག་ལ་སྔགས་གཏོར་ཞིང་ཕྱོགས་བཅུའི་སངས་རྒྱས་རབ་ཏུ་གནས་པར་བསམས་ལ་བཀྲ་ཤིས་བརྗོད། བརྟན་བཞུགས་བྱས་ལ་ཕྱོགས་སྐྱོང་བ་སོགས་ཀྱང་བ་ལིཾ་ཏས་མཆོད་དེ་བསྲུང་བའི་ལས་གཞོལ། གདོན་ལ་བྱིན་ཏེ་བདེན་པ་བརྡར་ཏེ་གཏོར་མ་དོར་རོ།། སླར་ཡང་ཤིས་པ་བརྗོད། ཙཀྲ་ལན་འགའ་བྱ། སྐྲ་མཚམས་སོར་ལྔ། འཚོག་མའི་དབུས་སུ་འོད་འབར་མེ་རྩ་ཆུག་ཅིང་རེ་མལ་དུ་བརྒྱད་གསུམ་གང་རུང་། འབིག་བྱེད་བསྣུམ་ལ་དམར་ཙམ་བྱ། འབྲི་སྟོང་བསྲེག་འབིགས་བརྒྱད་དུ་སྤྲད། དེའི་ཁ་དམ་ནས་མ་ཚོར་གྱུར། འདི་དག་ཐམས་ཅད་གསོ་བ་སྟེ། དང་པོ་གཉིས་སོ།། བསྲུང་བ་ཡིན། འདིས་བསླུས་ན་གསང་བདག་བདག་ཉིད་ཀྱང་དམྱལ་བར་འགྲོ་གསུངས། བཀའ་རྒྱ་མ་སློབ་ན་གསེར་སྲང་ཕྱེད་དང་། འདོགས་ན་ཞོ་གང་ཡོད། སྙིང་གི་དཀྱིལ་དུ་སྦའོ།། མན་ངག་ལས་ཤེས་སོ།། ཨྀཐིཿ

དབུས་སུ་ཧ་ཊའི་འཁོར་ལོ་གཉིས་དང་སྡིག་པ་བཅས་རི་མོ་གསུམ། རི་མོ་གཉིས་པ།)

 སྡིག་འཁོར་འདི་ཤིན་ཏུ་ཟབ་སྟེ་ཕྱག་ལེན། ༈ བསྲུང་བ་འདི་རབ་གསེར་དངུལ། འབྲིང་མཚལ། ཐ་མ་སྒྱ་སྣག་གིས་བྲིས་ལ་རབ་གནས་བྱ། སྐུད་སྔོ་དམར་གྱིས་དཀྲིས་ལ་སྣམ་བུ་སྨུག་པོས་ཀོགས་བྱས་ལ་མགུལ་ཏུ་འདོགས་གཟའ་བསྲུང་ཤིན་ཏུ་ཟབ་བོ།། བསྲུང་བ་འདི་ལ་མི་འདྲ་བ་བཞི་ཙམ་འདུག་པས་ལུགས་འདི་དག་པར་མཐོང་ཞིང་སྔགས་ཀྱང་ལུགས་འདི་དག་པར་འདུག། ྋམཁས་གྲུབ་ཆོས་རྗེའི་ཕྱག་ནས་བྱུང་བ་དང་། ྋརྗེའི་དྲུང་དུ་མན་ངག་འདིའི་བདག་པོ་རང་གི་ཕུལ་བའི་དཔེ་གཉིས་འདྲ་བར་འདུག་གོ། མེ་རིས་ཆུ་རིས་རླུང་རིས་གསུམ་ཡང་བྱེད་པར་བཤད་འདུག་བསྲུང་བ་འདིའི་རྒྱབ་ལ་ཨོཾ་ཨཱཿཧཱུཾ་བྲི།། །།

(མུ་ཁྱུད་རིམ་པ་བཞི་པའི་འཁོར་ལོ་དང་སྐརགཟུགས་རལ་གྲི་བཅས་ཀྱི་རི་མོ་གསུམ། རི་མོ་གསུམ་པ།)

༄༅། ལྟབ་སྟེ་ཕྱག་རྡོར་དུ་བསྐྱེད་ནས་ན་བཟའ་སྔོན་པོ་འཇམ་དཔལ་དུ་བསྐྱེད་ན་སེར་པོར་དྲིལ་ཏེ། སྒྲུབ་བྱ་གང་ཡིན་གྱི་མགུལ་དུ་གདགས། ཐུན་མོང་མ་ཡིན་པའི་བསྲུང་བ་ཟབ། ཨྀཐིཿ ཐམས་ཅད་ལ་བྱུག མན་ངག་བཞིན་དུ་བྲིས། ཧ་ཊ་དག་ལ་གྲི་མཚལ་བྱུགས། རྒྱུག་རྒྱུག་སུམ་བརྒྱ་མན་ཆད་བཟླས། ཅི་བདེར། བལྟེབ་ལ་མར་གྱིས་བསྟུམ་ནས་རིམ་བཞིན་ཁོང་དུ་བཏང་།

 -  གཟའ་བཅོས་ཡིག་ཆ་འདི་བཞིན་སྨན་རམས་པ་ལྷ་དབང་ལགས་དམ་པ་ཁོང་གིས་བདག་གཉེར་གནང་ཞིང་ཕྱིས་སུ་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་འགན་རྩིས་རམས་པ་ལྷ་དབང་ལགས་ལ་བསྩལ། དེ་ནི་དཔེ་ཁྲུ་གང་མ་དབུ་ཅན་སུག་བྲིས་ཤོག་གྲངས་ཁྱོན་བཅུ་བདུན་ཡོད་པ་ཞིག་ཡིན། དེའི་ནང་དུ་དབུ་ཅན་ཡིག་གཟུགས་ཚད་གཞི་ཆེ་ཆུང་གང་ཡོད་པ་ཇི་བཞིན་འདིར་བཀོད་ཡོད།

མཐའ་མའི་འདོན་ཐེངས་།: 17.11.2021 ཉིན། 2:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།