སྨན་རྩིས་དྲ་བ། - ཆེད་རྩོམ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2017
ཆེད་རྩོམ། >>

 

 

༄༅། །བསླབ་བྱ་དང་སྐྱོ་མགུར་འགའ་ཞིག་བཞུགས་སོ།།

- གཙང་སྨན་ཡེ་ཤེས་བཟང་པོ།

 

གང་གི་རྣམ་སྤྲུལ་གོས་པའི་མང་། །སྐུ་གསུང་ཐུགས་ཡོན་གང་འཚམ་སྤྲུལ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས། །རྒྱུད་བཞིའི་དྲིས་ལན་དཔལ་དུ་གྱུར། །གསོ་རིག་གཙུག་ལག་ཉིན་མོར་གསལ། །དྲང་སྲོང་མཆེད་གཉིས་གུས་པས་འདུད། །གྲྭ་སློབ་འཚོ་བྱེད་མིང་བཟུང་རྣམས། །ནད་མུན་འཇིགས་ལས་བསལ་འདོད་ན། །གཞུང་ཆེན་ཉིད་ལ་འདྲིས་གོམས་དགོས། །གཞུང་དོན་རྩ་འགྲེལ་ཉམས་ལེན་མཛོད།།
 

རྩ་རྒྱུད་དགོངས་དོན་མ་ཤེས་ན། །ས་བོན་མ་བརྒྱབ་སོ་ནམ་འདྲ། །ལོ་སྡོང་ཡལ་འབྲས་གང་ནས་རྒྱས། །ས་བོན་དཔེར་གཞོག་ཉམས་སུ་ལོང་། །བཤད་རྒྱུད་དགོངས་དོན་མ་ཤེས་ན། །ཉི་ཟླ་མེད་པའི་མུན་ནག་འདྲ། །ཚིག་དོན་སྒྲིབ་མེད་གང་གིས་གསལ། །ཉི་འོད་དཔེར་གཞོག་ཉམས་སུ་ལོང་། །མན་རྒྱུད་དགོངས་དོན་མ་ཤེས་ན། །མཛོད་ནང་ནོར་བུ་མེད་པ་འདྲ། །གཉེན་པོ་དགོས་འདོད་གང་ལས་འབྱུང་། །ནོར་བུ་དཔེར་གཞོག་ཉམས་སུ་ལོང་། །ཕྱི་རྒྱུད་དགོངས་དོན་མ་ཤེས་ན། །མཚོན་ཆ་མེད་པའི་དཔའ་བོ་འདྲ། །ནད་ཀྱི་དགྲ་དཔུང་གང་གིས་བཅོམ། །མཚོན་ཆར་དཔེར་གཞོག་ཉམས་སུ་ལོང་། །ལ་ནས་རྒྱུད་བཞིར་མ་སྦྱངས་པས། །གསོ་བྱེད་ཤེས་ཟེར་ངལ་བའི་རྒྱུ། །དཔེར་ན་ཚོང་དུས་མགྲོན་པོ་འདྲ། །འགྲོ་བའི་ལམ་ནི་མ་ཤེས་ན། །དགོས་པའི་ཚོང་ཟོག་གང་ནས་ལེན། །བཞི་རྒྱ་རྩ་བཞིའི་གཉེན་པོ་ལ། །ཟས་སྤྱོད་སྨན་དཔྱད་རྣམ་པ་བཞི། །དཔེར་ན་ཟས་ཚུལ་མ་ཤེས་ན། །ཟས་སྐོམ་སྤང་བླང་གང་གིས་ཤེས། །དེ་བཞིན་སྤྱོད་ལམ་རྣམ་གསུམ་ཡང་། །རྒྱུད་དོན་མ་རྟོགས་གང་གིས་ཤེས། །དེ་བཞིན་སྨན་གྱི་རོ་ནུས་དང་། །ཞུ་རྗེས་ཡོན་ཏན་ལ་སོགས་པ། །སྡེ་ཚན་སྡེབ་སྦྱོར་ཕན་ཡོན་རྣམས། །གཞུང་དོན་མ་རྟོགས་གང་ནས་ཤེས། །དེ་བཞིན་གསོ་ཚུལ་སྤྱི་ཁྱད་པར། །རྒྱུད་ནང་མ་རྟོགས་གང་ན་ཡོད། །དེ་བཞིན་སྨན་གྱི་ཞི་སྦྱང་དང་། །མཛུབ་བཙུགས་དཔྱད་ཀྱི་དབྱེ་བ་སོགས། །རྒྱུད་ནང་མ་རྟོགས་གང་ནས་འཚོལ། །ལྷག་པར་ནད་ཀྱི་རྒྱུ་རྐྱེན་དང་། །མཚན་ཉིད་དབྱེ་བ་ངོས་བཟུང་རྣམས། །གཞུང་དོན་རྟོགས་ན་ཉི་མ་ཤར། །ནད་རིགས་བཞི་རྒྱ་རྩ་བཞི་ལ། །གཉེན་པོ་སྟོང་དང་རྩ་གཉིས་སོ། །ན་སོ་ཡུལ་དུས་དང་སྦྱར་ནས། །ལག་ལེན་སུམ་བརྒྱ་དྲུག་ཅུར་འབད། །སུམ་བརྒྱ་དྲུག་ཅུར་མདོར་བསྡུས་ན། །རྟེན་ཐབས་གསོ་ཚུལ་བཅོས་ཐབས་གསུམ། །རྒྱུད་དོན་མ་རྟོགས་གང་ནས་གསལ། །ལག་ལེན་གནད་ལ་འགེལ་བའི་ཚེ། །མན་ངག་བེའུ་བུམ་ཟབ་མོ་དགོས། །དཔེར་ན་རྒྱུ་དང་མན་ངག་གཉིས། །བུམ་པར་ཁ་བརྒྱན་བཏགས་པ་འདྲ། །བུམ་པ་རྒྱུ་ལ་མན་ངག་རྒྱན། །དཔེར་ན་སེང་གེ་དཀར་མོ་འདྲ། །སེང་གེ་རྒྱུ་ལ་གཡུ་རལ་རྒྱན། །དཔེར་ན་གཡུ་འབྲུག་སྔོན་མོ་འདྲ། །གཡུ་འབྲུག་རྒྱུ་ལ་འབྲུག་སྒྲ་རྒྱན། །དཔེར་ན་སྤང་སྟོད་ཤྭ་བ་འདྲ། །ཤྭ་བ་རྒྱུ་ལ་རྭ་ཅོ་རྒྱན། །རྒྱུད་ལ་མན་ངག་ཁ་རྒྱན་དེ། །མདའ་ལ་མདེའུ་བཙུགས་པ་འདྲ། །གང་འཕོག་ནད་དེ་ཕུག་ནས་འགྲོ། །རྒྱུད་དོན་མན་ངག་ལྡན་པ་དེ། །དཔའ་བོ་མཚོན་ཆ་ཕྱར་བ་འདྲ། །གང་བརྒྱབ་ནད་དེ་གཏུབ་ནས་འགྲོ །རྒྱུད་དོན་མན་ངག་ལྡན་པ་དེ། །མགར་བའི་ལག་ན་སྐམ་ཐོག་འདྲ། །གང་བསམ་བཟུང་ནས་གང་བྱས་ཐུབ། །གནད་འགག་ཟབ་མོ་མ་ཤེས་ན། །རྒྱུད་དོན་རྟོགས་ཀྱང་ལབ་ཡུན་རིང་། །མན་ངག་གནད་ལམ་འཁེལ་ན། །མན་ངག་ཤེས་ཀྱང་འཆལ་བའི་རྒྱུ། །གནད་འགག་མེད་པའི་ལག་ལེན་དེ། །གོལ་བ་ཉིད་དུ་འཁྲུལ་བ་མང་། །དེ་ཕྱིར་གནད་འགག་ཟབ་མོ་ཚོལ། །གནད་འགག་ཟབ་མོ་མ་ཤེས་ན། །མུན་པའི་གནས་སུ་མདའ་འཕེན་འདྲ། །མདའ་དེ་གར་ཕོག་མི་ཤེས་སོ། །གནད་འགག་ཟབ་མོ་མ་ཤེས་ན། །གྲུ་མེད་རིན་ཆེན་གླིང་འགྲོ་འདྲ། །རིན་ཆེན་མ་ལོན་སྟོང་བར་ལོག །གནད་འགག་ཟབ་མོ་མ་ཤེས་ན། །བུད་མེད་རྒྱལ་པོ་བཙུན་མོ་འདྲ། །ནམ་ཕུག་རྒྱལ་ས་སུས་འཛིན་མེད། །གནད་འགག་ཟབ་མོ་མ་ཤེས་ན། །མིག་ལོང་འཁར་བ་འཛུག་པ་འདྲ། །གར་འཛུག་འདིར་འཛུག་ངེས་པ་མེད། །གནད་འགག་ཟབ་མོ་མ་ཤེས་ན། །ནེ་ཙོས་མ་ཎི་འདོན་པ་བཞིན། །ཆོས་ཀྱི་ཕན་ཡིན་མ་ཤེས་སོ། །གནད་འགག་ཟབ་མོ་མ་ཤེས་ན། །ཞིང་གནས་རྫིང་ལ་ཞེན་པ་འདྲ། །ལྷག་མཐོང་འབྲས་བུ་ག་ལ་རྙེད། །དེ་ཕྱིར་གནད་འགག་ཟབ་མོ་ཚོལ། །མཁའ་འགྲོའི་ལུང་བསྟན་གསང་སྨན་དང་། །སྦྱོར་སྡེ་ཆེ་ཆུང་ཚད་བཟུང་སོགས། །སྨན་གྱི་གནད་འགག་ཟབ་མོ་དང་། །གཞན་ཡང་། བརྟག་ཐབས་ལག་ལེན་གནད་འགག་རྣམས། །གསང་ཚིག་ཚུལ་དུ་ཟུར་བཀོད་ཡོད། །ཅེས་པ་དེ་ཡང་གཙང་སྨན་ཡེ་ཤེས་བཟང་པོས་རང་གི་སློབ་མ་རྣམས་ལ་རྒྱུད་དང་མན་ངག་རྣམས་ཁ་རྒྱན་ལུགས་ཀྱི་རིག་ཆུང་བགྱིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་དར་རྒྱས་སུ་འགྲོ་བའི་རྒྱུར་གྱུར་ཅིག ། 

 

གཡུ་ཐོག་ལ་བྱིན་རླབས་ཞུ་ཕྱིར་སྐྱོ་མགུར་ལེན་པ།

            རྗེ་དྲིན་ཅན་རྗེ་བཙུན་གཡུ་ཐོག་པ། །བདག་འཁོས་མེད་སྐྱོ་ཤས་སྙིང་རླུང་ལྡང་། །སྙིགས་དུས་ཀྱི་མི་རྣམས་བྱ་སྤྱོད་ངན། །རྐྱེན་ངན་པའི་མ་མོའིཁ་རླངས་དང་། །གདོན་ཕོ་གདོན་མོ་གདོན་འབྱུང་བ་འཁྲུག །ཀླུ་གཉན་དང་ས་བདག་ཆེར་འཁྲུག་པའི། །ནད་ངོས་མི་ཟིན་པ་ཆར་བཞིན་འབབ། །ནད་འཁྲུག་པ་མེད་པར་བྱིན་གྱིས་རློབས། །བདག་འཁོས་མེད་ཟོག་པོའི་མིང་ཅན་ལ། །ནད་མནར་བའི་སྐྱབས་རེ་ཤིན་ཏུ་མང་། །བདག་སྨན་བཅོས་མི་བྱེད་ཐབས་མེད་འདུག །བློ་ཁྱེད་ལ་གཏད་ནས་སྨན་བཅོས་བྱས། །ནད་གསལ་བོར་མི་འབྱུང་འཁྲུལ་བའི་ས། །དེ་བླ་གཉན་གྲོགས་དང་བསྡོངས་པས་འཁྲུལ། །དེར་སྨན་དང་རིམ་གྲོས་འབད་ན་ཡང་། །ཕན་མི་ཐོགས་རྣམ་འགྱུར་མང་དུ་སྟོན། །ནད་བླ་གཉན་མེད་པར་བྱིན་གྱི་རློབས། །ནད་ལ་ལར་ཕན་སྐྱེད་ཆེར་བྱུང་ནས། །ད་སྲོག་ལ་སྐྱོན་མེད་ཁས་བླངས་ཤོར། །དེ་ཟེར་བའི་གདེང་ཁེལ་བྱུང་ན་ཡང་། །སླར་གློ་བུར་རྐྱེན་གྱིས་འཕྲལ་སྲོག་ལེན། །ངོ་ཚ་ཞིང་སེམས་སྡུག་རྒྱུན་མི་ཆད། །གདེངས་ཡང་དག་རྟོགས་པར་བྱིན་གྱིས་རློབས། །ནད་ལ་ལས་ཚ་ཡང་གྲང་ཚུལ་སྟོན། །ནད་ལ་ལས་གྲང་ཡང་ཚ་ཚུལ་སྟོན། །བློ་འཁྲུལ་ནས་སྨན་བཅོས་ལོག་པའི་རྐྱེན། །ཡང་འཆི་བདག་ལག་ཏུ་ཚུད་ལ་ཉེ། །ནད་རང་ངོ་ཤེས་པར་བྱིན་གྱི་རློབས། །མི་ལ་ལ་ཚེ་ཟད་རྐྱེན་དང་འཕྲད། །བདག་མངོན་མཁྱེན་མེད་པའི་སྨན་བཅོས་འབད། །དེར་ཕན་མེད་ནད་ཀྱི་གྲོགས་སུ་འགྲོ། །བདག་སྨན་ལ་མི་མཁས་མིང་རྣ་ལེན། །ཚེ་མ་ཟད་འཕྲད་པར་བྱིན་གྱིས་རློབས། །མི་ལ་ལ་ཚེ་ཟད་མ་ཡིན་ཀྱང་། །བདུད་བར་གཅོད་ཤིན་ཏུ་འཚེ་བ་ཡི། །སྨན་བཅོས་ཀྱང་རིམ་གྲོས་མ་ཟློག་པའི། །དེ་གཤིན་རྗེའི་ལག་ཏུ་ཤོར་ཉེན་པའི། །རྐྱེན་བར་གཅོད་ཟློག་པར་བྱིན་གྱིས་རློབས། །སྐྱབས་བསླུ་མེད་རྗེ་བཙུན་གཡུ་ཐོག་པ། །བདག་བཟང་རྫུ་མཁན་ལ་ཐུགས་རྗེས་བཟུང་། །རྗེ་ཁྱེད་ཀྱི་བྱིན་རླབས་ཚ་ཟེར་འཕྲོས། །ནད་མནར་བའི་མུན་པ་ཐིབས་པོ་བསལ། །རྗེ་ཁྱེད་ཀྱི་སྨོན་ལམ་མཐུ་སྟོབས་ཀྱིས། །འབངས་བདག་གི་གཞན་དོན་འགྲུབ་པར་ཤོག །བདག་སྙིང་ལ་གསོལ་བ་བཏབ་པའི་མཐུས། །འཕྲལ་ཡུན་དུ་ཐུགས་རྗེས་གཟིགས་མཛོད་ཅིག །

ཅེས་པ་འདི་ཡང་གཙང་སྨན་ཡི་ཤེས་བཟང་བོས་༧གཡུ་ཐོག་ཡོན་ཏན་མགོན་པོར་བྱིན་རླབས་ཞུ་བའི་ཕྱིར་དུ་སྐྱོ་མགུར་གྱི་ཚུལ་དུ་བྲིས་པ་འདིའི་ཀྱང་བདག་བུ་སློབ་རྣམས་ཚོར་བྱིན་རླབས་འབྱུང་བ་དང་གསོ་རིག་བསྟན་པ་དར་རྒྱས་སུ་འགྲོ་བའི་རྒྱུར་གྱུར་ཅིག །

 

ངེས་འབྱུང་བསམ་བློ་རྒྱུན་དུ་སྐྱེ་བར་གདམས་པ།

            ཨོྃ་ཨ་ཐཱཿ སྐུ་ནི་མཚན་དཔེ་རྒྱན་རྫོགས་འོད་སྟོང་འབར། །གསུང་ནི་ཚངས་པའི་དབྱངས་སྙན་དྲུག་ཅུའི་འགྱུར། །ཐུགས་ནི་ཟབ་ཡངས་མཁྱེན་པའི་ཡེ་ཤེས་གཏེར། །བཅོམ་ལྡན་སྨན་གྱི་བླ་མར་བདག་ཕྱག་འཚལ། །བདག་ནི་སྔོན་གྱི་སྨོན་ལམ་ཅུང་ཟད་ཀྱིས། །གཞོན་ནུ་ཉིད་ནས་གསོ་བྱེད་གཞུང་ལ་སྦྱང་། །བློ་དང་རིག་པ་ཤེས་རབ་ཆེར་མེད་ཀྱང་། །བརྩོན་འགྲུས་མི་ཞན་ཙམ་ཞིག་བྱེད་ཁུལ་བྱས། །གཞི་ནི་གསོ་བྱེད་རྒྱ་ཆེ་གཏིང་ཟབ་འདི། །ཚེ་གཅིག་བསླབ་པའི་ཡོན་ཏན་མཐར་འཁྱོལ་དཀའ། །རེ་གཉིས་བསོད་ནམས་བློ་རིག་ཀུན་འཛོམས་ནས། །མཁས་པར་གྱུར་བ་རེ་གཉིས་ཡོང་པར་འཐད། །གཞན་ཡང་མཁས་དབང་མཐའ་ལས་མ་འདས་རྣམས། །སྔོན་གྱི་བག་ཆགས་དག་ལས་རྟེན་ནས་འབྱུང་། །ཡིན་ཀྱང་ཁོ་བོར་ཡོན་ཏན་ཆེར་མེད་ཀྱང་། །སྨན་པའི་རྒྱུ་དྲུག་དམ་ཚིག་རྣམ་པ་དྲུག །བཟུང་བྱ་གཉིས་དང་ཤེས་བྱ་གསུམ་པོ་སོགས། །ཕྲ་ཞིབ་མེད་ཀྱང་མཚོན་པ་ཡོད་ལས་ཆེ། །ལྕགས་རི་བཻཌཱུར་འགྲོ་ཕན་རིག་བྱེད་གླིང་། །གྲོང་ཁྱེར་ལྟ་ན་སྡུག་དང་དབྱེར་མ་མཆིས། །དྲང་སྲོང་རིག་འཛིན་རྣམས་ཚོ་འདུས་པའི་གནས། །གསོ་རིག་མ་གཏོགས་རིག་གནས་གཞན་མི་སྦྱོངས། །བཅོ་བརྒྱད་ནས་བཟུང་སུམ་ཅ་དྲུག་གི་བར། །བཤད་པར་སྨན་ངོ་ལག་ལེན་རྒྱུད་ཚོགས་ལ། །འབད་ནས་བསླབ་ཁུལ་བྱས་ཀྱང་གཏིང་མ་ལོན། །ཡིན་ཀྱང་སློབ་དཔོན་རྣམ་གཉིས་མཐུ་བྱིན་དང་། །མཆེད་གྲོགས་རྡོ་རྗེ་སྤུན་ཚོས་ཐུགས་རྗེར་བརྟེན། །འཚོ་བྱེད་གྲལ་དུ་ཚུད་ཙམ་ཤེས་ཁུལ་ཡིན། །དེ་ནས་སྨོན་ལམ་ལས་ཀྱིས་བསྐུལ་བ་ཡིན། །ཧོར་སོག་པོའི་ས་ཆ་འདི་རུ་སླེབས། །སྡིག་སྒྲིབ་ཆེ་བའི་ལས་ནད་འབྲལ་མེད་འགྱུར། །བར་གཅོད་དབང་གིས་གཞན་དོན་ཆེར་མ་བྱུང་། །འདི་ལ་བསམ་ན་བསོད་ནམས་ཤིན་ཏུ་ཆུང་། །ཡིན་ཀྱང་ཞར་དང་ཞོར་ལ་གཞན་ཕན་གྱི། །མི་འཇིགས་སྐྱབས་སྦྱིན་བྱེད་པའི་ཁུལ་དུ་གནས། །བདག་ལ་ཡོན་ཏན་དེ་ཙམ་ཆེར་མེད་ཀྱང་། །ཁྱི་ལ་སེང་གེའི་མིང་བཟུང་ལྟ་བུའི་སྟབས། །གྲྭ་བ་བུ་སློབ་ཁ་ཤས་རིམ་བཞིན་འདུས། །བདག་དང་བུ་སློབ་རྣམས་ཚོ་སྙིང་རུས་ཆུང་། །བློ་ནས་གདེང་ཁེལ་ཡོན་ཏན་མ་ལོབ་འདྲ། །མ་ཤི་བར་དུ་བརྩོན་འགྲུས་བྱས་གྱུར་ན། །ཉིན་རེས་བཞིན་དུ་ཡར་སྐྱེད་ཡོང་བ་ཡིན། །ཐུགས་རྗེས་བཟུང་ཞིག་བླ་མ་སྨན་གྱི་བླ། །བདག་དང་བུ་སློབ་རྣམས་ཚོར་བྱིན་གྱིས་རློབས། །

            ཀྱེ་སྙིགས་དུས་ནད་སྣ་ཤིན་ཏུ་མང་། །མི་ཟད་པའི་ནད་སྡུག་མྱོང་མཁན་མང་། །འདི་སྐབས་སུ་འཚོ་བྱེད་བྱེད་ཁུལ་མང་། །རྒྱུད་དོན་དང་མན་ངག་མི་ཤེས་མང་། །ལག་ལེན་དང་མཐོང་གོམས་མེད་པ་མང་། །དམན་ལྷག་དང་ལོག་པའི་ཉེས་པ་མང་། །ཟས་སྤྱོད་ཀྱང་ལོག་པའི་རྐྱེན་ངན་མང་། །སྟོང་ཟོབ་ཀྱི་ནད་པ་བཅོས་མཁན་མང་། །སྙིང་རྗེ་དང་སེམས་བསྐྱེད་མི་བྱེད་མང་། །ཅི་བྱ་དང་ཅི་བྱེད་མི་དྲན་མང་། །ལུག་སྨྱོན་ལ་རྡོ་ཡིས་བརྒྱབ་འདྲ་མང་། །གཞུང་དོན་དང་མི་མཐུན་ནད་རྟགས་མང་། །ནད་རྐྱང་བར་མི་ཡོང་བླ་གཉན་མང་། །ནད་པ་ཡང་དད་པ་མི་ལྡན་མང་། །ནད་གཡོག་ཀྱང་ཤ་མི་ཚ་བ་མང་། །འདྲེ་གདོན་གྱིས་གནོད་པ་གཏོང་མཁན་མང་། །དུས་མིན་གྱི་འཆི་བའི་འཇིགས་པ་མང་། །ད་ཅི་བྱེད་ཅི་བྱེད་བླ་མ་མཁྱེན། །ཁྱེད་དགུང་སྔོན་དབྱིངས་ནས་གཟིགས་མཛོད་དང་། །བདག་བསྙོན་པ་མི་དགེ་ཤེད་ཆེ་བའི། །ལས་ཉོན་གྱི་སྡིག་སྒྲིབ་འཕྲལ་དུ་སྨིན། །རང་བྱས་ཀྱིས་འགྱོད་ཚངས་མ་བཤིག་ན། །དུག་སྦྲུལ་གྱི་ཚང་ལ་འཆོར་ཉེན་ཡོད། །སྔོན་བསགས་ཀྱི་སྡིག་སྒྲིབ་ཆེ་བའི་སྟེང་། །ད་ལྟར་ཡང་མི་དགེ་དག་ལ་འབད། །སྡིག་སྒྲིབ་ཀྱི་བན་པོ་མཐུག་པོ་དེ། །གྲང་དམྱལ་དུ་ཉལ་བའི་མལ་གོས་ཡིན། །ཚེ་སྔོན་གྱི་སྦྱིན་པ་མ་བཏང་ཐོག །ད་ལྟ་ཡང་ཟང་ཟིང་འབད་ནས་སྒྲུབ། །བདག་འཛིན་ལ་ཕུར་ཐག་བྱས་བྱས་ནས། །ཡི་དྭགས་སུ་སྐྱེ་བའི་གྲོ་ཁ་ཡིན། །ནང་གི་རང་རྒྱུད་མ་དག་ན། །ཕྱི་ཡི་ཆོས་བཤད་འཁོར་བའི་རྒྱུ། །ཕྱི་ཡི་རྣམ་འགྱུར་མ་བཟང་ན། །གཞན་དོན་བྱེད་པའི་མཐུན་རྐྱེན་མེད། །ད་མ་རིག་ཟེར་བའི་དྲེད་པོ་ཁྱོད། །འདོད་ཆགས་ཀྱི་རྗེས་སུ་འབྲང་འབྲང་ནས། །སྐྱིད་འདོད་སེམས་འདོད་ཡོན་དག་ལ་འབད། །རྒྱུད་འདོད་ཆགས་ཞི་བར་བྱིན་གྱིས་རློབས། །ད་མ་རིག་ཟེར་བའི་དྲེད་པོ་ཁྱོད། །ཞེ་སྡང་གི་རྗེས་སུ་འབྲང་འབྲང་ནས། །རང་རྒྱལ་དང་གཞན་ཕམ་དག་ལ་འབད། །རྒྱུད་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ད་མ་རིག་ཟེར་བའི་དྲེད་པོ་ཁྱོད། །གཏི་མུག་གི་རྗེས་སུ་འབྲང་འབྲང་ནས། །ལུས་འཚོ་དང་ལོངས་སྤྱོད་དག་ལ་འབད། །རྗེ་ཡོན་ཏན་མགོན་པོ་ཐུགས་རྗེ་ཅན། །ཉོན་མོངས་རང་སར་ཞི་བར་བྱིན་གྱིས་རློབས།།

ཞེས་པ་འདི་ཡང་གཙང་སྨན་ཡེ་ཤེས་བཟང་པོ་རང་ལ་སྐྱོན་ཆུང་ཕྱིར་དང་ངེས་འབྱུང་བསམ་བློ་རྒྱུན་དུ་སྐྱེ་བའི་ཆེད་དུ་བྲིས་པ་འདིས་ཀྱང་དགེ་བའི་མཐུས་རྣམ་མཁྱེན་ས་ལམ་ཐོབ་པའི་རྒྱུར་གྱུར་ཅིག །

 

ལས་རྒྱུ་འབྲས་ལ་ཡིད་ཆེས་དགོས་པའི་སྐུལ་འདེབས།

            རྡོ་རྗེ་འཆང་ཆེན་རྗེ་བཙུན་གུཎ་ཡོན་ཏན་མགོན་དེར་གུས་པས་འདུད། །ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་ནུས་མཐུས་གསོ་རིག་དད་འཛིན་དཔོན་སློབ་ཚོར། །གནང་རིགས་རྗེས་སྦྱང་གཞན་ཕན་ལྷུན་འགྲུབ་འབད་ནས་བསྒྲུབ་འདོད་བདག་སོགས་ལ། །བར་གཅོད་མི་འདོད་ཉེར་འཚེ་མེད་ཅིང་འདོད་དོན་འགྲུབ་པར་བྱིན་གྱིས་རློབས། །སྔོན་གྱི་སྨོན་ལམ་ལས་ཀྱི་འབྲེལ་བའི་གྲྭ་སློབ་རྣམ་ཚོར་ཡིད་ལ་ཆོངས། །དལ་འབྱོར་རྟེན་བཟང་མི་ལུས་རིན་ཆེན་རྙེད་དཀའ་འཇིག་སླ་གློག་འདྲ་འདི། །དོན་མེད་ངང་ལ་མི་ཚེ་མ་ཟད་དོན་ཆེན་སྙིང་པོ་ལེན་ནི་རན། ། སེམས་ཅན་ཐམས་ཅད་མ་གྱུར་མ་ཡིན་གཅིག་ཀྱང་མེད་པའི་དྲིན་ཅན་སོམས། །དྲིན་ལན་བསབ་ཕྱིེར་གསོ་བས་གཞུང་ལ་ལེགས་པར་སྦྱངས་འདོད་ཡོད་བཞིན་དུ། །མི་ཁོམ་གཡང་བ་ཚེ་གཅིག་མ་ཟད་ལེ་ལོ་ཅན་ལ་ཁོམ་དུས་མེད། །གཞུང་འགྲེལ་རྩ་འགྲེལ་འགྲིམས་སུ་ཆུག་ལ་ཐོས་པ་ཚོལ་ལ་སྒྱིད་མ་ལུག །མན་ངག་ཟབ་མོ་ཞུས་ལས་ཉམས་ལེན་གནད་འགག་གོམས་སུ་ཆུག་ལས་དགའ་བ་བསྐྱེད། །མཐོང་གོམས་ལག་ལེན་ལག་ཏུ་ལོང་ལ་ཐེ་ཚོམ་མེད་པའི་འཁྲི་བ་ཆོད། །སྐྱིད་ཞོར་སྡུག་ཞོར་ཡོན་ཏན་བསླབ་ན་མཁས་པ་འབྱུང་རྒྱུ་དཀའ་མོ་ཡིན། །ཉིན་མཚན་འཁོར་མེད་སྡུག་ཁུར་བྱས་ནས་མཐོང་ཐོས་བཙལ་ན་མཁས་པར་འགྱུར། །ཧ་ཧའི་གད་བརྒྱངས་རྩེད་མོའི་རིགས་རྣམས་བདུད་ཀྱི་བར་གཅོད་ཡིན་པར་སྒོམ། །བློ་སེམས་ནང་ཁུག་བསམ་བློ་ཐོང་དང་འཁོར་འདས་སྐྱོན་ཡོན་ལས་ཀྱི་གསལ། །ད་ལྟའི་རྩེད་མོ་འཁོར་བའི་ཕུན་ཚོགས་ཞེ་སྡང་འཁྲུགས་པའི་རྒྱུ་ཡིན་པས། །རྩེད་མོ་གར་བྲོ་ཉམ་དགའ་གླུ་ལེན་ཚེ་རིག་གླུ་རུ་ལོངས་དང་སྣན། །ད་ལྟའི་མིག་གིས་ལྟད་མོ་བལྟ་བ་རྣམ་རྟོག་སྣ་ཚོགས་མཐོང་བ་ཡིན། །ལྟད་མོ་རིང་དུ་བལྟ་བར་འདོད་ན་རང་གི་སེམས་ལ་རྒྱུན་དུ་ལྟོས། །ད་ལྟ་རྣ་བས་ཐོས་པའི་འཆལ་གཏམ་འཛད་མེད་རྒྱུན་དུ་རྣ་སྡུག་ཡིན། །ཐོས་པར་འདོད་ན་རྒྱུ་འབྲས་སྤང་བླང་བླ་མའི་གདམས་ངག་ཐོས་ན་དགའ། །ད་ལྟའི་སེམས་ཀྱི་ལྟ་བ་མཐོན་པོ་རང་མཐོང་ཆེ་བའི་སྤོབས་པ་ཡིན། །ཡང་དག་ལྟ་བ་དབུ་མ་དྲང་པོར་སྲོང་ལ་སྟོང་ཉིད་རྟོགས་ན་མཆོག །དེང་དུས་སྒོམ་པ་ཉོན་མོངས་བག་ཆགས་རྣམ་རྟོག་འཁྲུལ་སྣང་སྣ་ཚོགས་སྒོམ། །སྒོམ་པར་འདོད་ན་ཚད་མེད་བཞི་གནས་རང་སེམས་སྣང་བ་ཆོས་སྐུར་སྒོམ། །དེང་དུས་སྤྱོད་པ་མི་དགེ་ལས་ལ་བརྩོན་པར་བྱེད་པ་རྒྱུན་དུ་འབད། །སྤྱོད་མཆོག་སྤང་བླང་མི་དགེ་སྤངས་ནས་བྱམས་སེམས་རླབས་ཆེན་དག་ལ་སྤྱོད། །དེང་དུས་འབྲས་བུ་ཕུན་ཚོགས་གནས་སྐབས་འབྲས་བུ་དག་ལ་འབད། །འབྲས་མཆོག་དམ་པ་མཐར་ཐུག་སྨན་བླའི་གོ་འཕང་ཐོབ་ན་དགའ་བ་ཡིན། །གཞི་ནས་ཆོས་དང་འཇིག་རྟེན་གང་བྱེད་ཀྱང་། །སྔོན་ལ་མ་བརྩམ་པ་གཅིག་གལ་ཆེ་ལན་ཅིག་བརྩམ་ནས་དེ་མཐར་འཁྱོལ་ངེས་ཅིག་དགོས།རྗེ་དྭགས་པོ་རིན་པོ་ཆེས།ལན་གཅིག་བྱ་བ་བརྩམས་གྱུར་ན། །ལས་གཞན་བརྩམ་པར་མི་བྱའོ། །འདི་ཉིད་བརྣག་པའི་མཐའ་རུ་དབྱུང་། །ཞེས་དང་།བརྩམ་མམ་མ་བརྩམ་པ་ནི་མཆོག་ཡིན་ཏེ། །བརྩམ་ནས་སླར་ལྡོག་མི་རུང་ངོ་། །ཞེས་དང་།རིག་གནས་ཆེན་པ་འདི་འདྲ་བ་ཕར་ཞོག  རིག་པ་ཕྲ་མོ་ཙམ་ཞིག་ལ་ཡང་མགོ་བརྩམ་ནས་མ་འཁྱོལ་གྱི་བར་དུ་བརྩོན་འགྲུས་བྱེད་དགོས་པ་ཨེ་མཐོང་།དཔེར་ན་ཉིན་གཅིག་གི་ཆོས་འཇིག་རྟེན་གང་བྱེད་པ་ལ་ཡང་སྒོ་གསུམ་མ་གཡེང་བའི་ངང་ནས་འབད་སྒྲུབ་མ་བྱས་ན།དེ་ཉིན་ལས་དེ་ཡང་སྤུས་ལེགས་ཞིག་མི་ཡོང་བ་བཞིན་ཤེས་བྱ་རིག་གནས་གང་ལ་ཡང་སྦྱངས་སྐབས་ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་མ་གཡེང་བར་དོན་དམ་འཚོལ་དགོས། །དོན་དམ་མ་རྙེད་ན་ཆུ་ལ་རི་མོ་བྲིས་པ་བཞིན་རྗེས་མི་ཡོང་། །གང་སྦྱངས་པ་དེ་ལ་ཐེ་ཚོམ་མི་དགོས་པའི་གདེང་དང་ལྡན་པ་ཅིག་དགོས་པ་ཡིན།གདེང་དང་མ་ལྡན་ན་མི་ལུས་རིན་པི་ཆེའི་སྲོག་ཨེམ་ཆི་ལག་ཏུ་བཞག་འདུག་པས་དམན་ལྷག་ལོག་གསུམ་གྱི་ཉེས་པའི་རང་ཉིད་དམྱལ་ཁམས་སུ་སྐྱེ་བ་དང་། །མི་གསོད་ཀྱི་ཤན་པ་ལག་དམར་ཡིན་མིན་བསམ་བློ་རེ་ཐོངས་དང་།ཆུ་ཐིགས་བཞིན་དུ་མ་བསགས་ན། །ཡོན་ཏན་རྒྱ་མཚོ་འདྲ་བ་དཀོན། །ཞེས་གསུངས་པའི་དོན་ཉིན་རེར་ཚིག་བཅད་ཤོ་ལོ་ཀ་གཅིག་གི་རྒྱུ་མཚན་ཤེས་ན་ཡང་ཆུང་རྒྱུ་མེད།མ་ཤེས་པ་ལས་ལྷག ཉིན་རེ་རེར་ཤོ་ལོ་ཀ་གཅིག་སྨན་གཅིག་གི་རོ་དང་ནུས་པ་ཤེས་ན་ཡང་ཆུང་རྒྱུ་མེད།ཉིན་རེར་ཤོ་ལོ་ཀ་གཅིག་བློ་བཟུང་ན་ཡང་ཆུང་རྒྱུ་མེད། །ཉིན་དང་ཟླ་བ་ལོ་མཐུད་བས་མ་ཤི་བར་དུ་རིག་པ་འདི་ལ་སྦྱང་ངོ་སྙམ་པའི་བློ་ཆིག་སྒྲིལ་བྱས་ནས་ཐོས་མཐོང་གོམས་གསུམ་ལ་འབད་དགོས་པ་ཡིན།ཀྱེ་མ་སྙིགས་དུས་ཀྱི་མི་ནི་བརྩོན་འགྲུས་ཆུང་།ལེ་ལོ་དང་གཡེང་བ་ཤིན་ཏུ་ཆེ།ཡོན་ཏན་ལ་ར་མས་རྩྭ་ཟ་འདྲ།ཟུར་ཙམ་རེ་རིག་གནས་ཚང་མ་ཤེས།མཐར་ཕྱིན་ནི་གཅིག་ཀྱང་མི་འདུག་པའི།མཁས་མིང་གིས་ལུང་བ་འགེངས་སུ་བཅུག །དུས་ངན་གྱི་མཁས་པ་བདག་འདྲ་ལ། །རེ་ལྟོས་བྱེད་པ་རྣམས་བློ་རེ་འཁྲུལ། །མི་བྱེད་ཀ་མེད་ཡང་དེ་འདྲ་མང་། །དེ་འདྲ་རུ་མ་སོང་གྲྭ་བ་ཚོ། །སྙིང་རུས་སྐྱེད་ཉིན་མཚན་འཁོར་མེད་སྦྱོངས། །གཞན་དོན་ལ་རང་དོན་ཁྱད་མེད་དགོས། །གང་ཡོད་རྣམས་སྨན་དུ་སྒྲུབ་ཅིག་གོ།སྨན་མེད་རྣམས་དཔའ་བོ་མཚོན་མེད་འདྲ། །སྨན་ཡོད་དང་གཏང་རག་མ་རྩོད་ཅིག །གཞན་དོན་ལ་དེ་ལས་སྐྱོབ་ཆེ་མེད། །མི་འཇིགས་པའི་སྐྱབས་ནི་འབད་ནས་ཐོང་། །འཛད་མེད་ཀྱི་འཕགས་ནོར་བདུན་ལྡན་ཡོང་། །འདི་ཕྱི་གཉིས་བདེ་བ་ཁྱད་པར་མེད། །སྨན་གྱི་བླ་མའི་གོ་འཕང་མྱུར་ཐོབ་ཡོང་། །སྐྱིད་འདོད་ན་འདི་ལ་འབད་པར་འཚལ། །

ཞེས་པ་འདི་ཡང་རང་གི་སློབ་མ་ཁ་ཤས་ཡོད་པ་རྣམས་བརྩོན་འགྲུས་ཀྱི་ལྕག་འདེབས་པ་དང་རྒྱུ་འབྲས་ལ་ཡིད་ཆེས་པའི་ཕྱིར་དུ་གཙང་སྨན་ཡེ་ཤེས་བཟང་བོས་ཉམས་མགུར་གྱི་ཚུལ་དུ་བྲིས་པ་འདིས་ཀྱང་གཞན་དོན་དུ་འགྲོ་བའི་རྒྱུ་དང་རྣམ་མཁྱེན་ས་ལམ་ཐོབ་པར་ཤོག །བཀྲ་ཤིས།

 

སྐྱོ་གླུ་ལེན་པ།

༄༅། །བཀའ་དྲིན་གསུམ་ལྡན་གྱི་བླ་མ། །གཡུ་ཐོག་ཡོན་ཏན་གྱི་མགོན་པོ། །ཨུ་རྒྱུན་མཁའ་འགྲོ་ཡི་གླིང་གི། །ཚོགས་དཔོན་ཧེ་རུ་ཀའི་ལམ་བཟང་། །ཁྱབ་བདག་རྡོ་རྗེ་ཡི་འཆང་ཆེན། །དབྱེར་མེད་རྩ་བ་ཡི་བླ་མ། །རེ་ལྟོས་ཆེ་ངེས་སོ་ཁྱེད་མཁྱེན།ཐུགས་རྗེས་ལྕགས་ཀྱུ་ཡིས་ཟུངས་མཛོད། །འཁོར་བའི་འདམ་སྙོགས་ལས་སྒྲོལ་དང་། །ཁྱེད་ཀྱི་ཞབས་དྲུང་དུ་ཁྲིད་ལ། །ཆོས་ཀྱི་ཆར་རྒྱུན་དེ་ཕོབ་མཛོད། །སྐྱོ་ཤེས་ངེས་འབྱུང་གི་འོ་དོད། །དད་པ་ཤུགས་དྲག་གིས་བསྐུལ་ནས། །སྒོ་གསུམ་རྩེ་གཅིག་གི་གསོལ་འདེབས། །མ་འགོར་འགེབས་མེད་དུ་གྲུབ་ཤོག །དལ་འབྱོར་རྟེན་བཟང་དེ་རྒས་སོང་། །དོན་མེད་འགྱོད་སེམས་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །མ་ཚོར་ལོ་ཟླ་དེ་ལང་སོང་། །མི་རྟག་སྒྱུ་མ་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །སྐྲ་འཇམ་མདོག་ནག་དེ་འགྱུར་སོང་། །སྐྲ་དཀར་སྤྱི་ཐེར་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །མཐོང་བྱེད་རྒྱལ་མོ་དེ་ཉམས་སོང་། །རབ་རིབ་བན་བུན་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །སྒྲ་འཛིན་རྣ་ཐོས་དེ་ཉམས་སོང་། །རྣ་འོན་འར་འུར་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །སོ་དཀར་འཕྲེང་བ་དེ་བུད་སོང་། །མི་ཆོད་མར་མུར་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །ལྕེ་བདེ་ཚིག་དག་དེ་ཉམས་སོང་། །ཚིག་རྙོགས་ལབ་མང་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །ལག་བདེ་མཛུབ་དྲང་དེ་ཉམས་སོང་། །ཚིགས་འཁྱོག་ལག་འདར་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །མེ་དྲོད་མེ་འདྲ་དེ་ཉམས་སོང་། །མི་འཇུ་ཚོད་འཛིན་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །རྐང་བདེ་མྱུར་མགྱོགས་དེ་ཉམས་སོང་། །ལང་འདུག་འགུལ་འཆོར་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །ཞལ་རྒྱས་ཟླ་གང་དེ་རྒས་སོང་། །གཉེར་སྤུངས་ལྤགས་ལྷུང་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །ཞལ་རྒྱས་ལྤགས་འཇམ་དེ་ཉམས་སོང་། །ལྤགས་རྩུབ་རུས་གཡོག་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །བློ་རིག་དྲན་གསལ་དེ་ཉམས་སོང་། །བློ་རྨོངས་སྒྱིད་ལུག་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །མི་ཚེ་སྟོང་ཟད་ལ་ལང་སོང་། །ནམ་འཆི་ཆ་མེད་དེ་ཐོན་བྱུང་། །འཚོ་བྱེད་རྒན་པོ་ངས་སྐྱབས་རེ། །ཡོན་ཏན་མགོན་པོ་ལ་བྱའོ། །སྙིང་མེད་སྨྱོན་པ་ངའི་སྐྱིད་སྡུག །ཡོན་ཏན་མགོན་པོ་ལ་བཅོལ་ལོ། །ཨུ་རྒྱན་མཁའ་འགྲོ་ཡི་གླིང་དེར། །ཐུགས་རྗེས་ལྕགས་ཀྱུ་ཡིས་དྲོངས་མཛོད། །ཅེས་པ་འདི་ནི་སྙོམ་ལས་པ་གཙང་སྨན་པས་སྐྱོ་གླུའི་ཚུལ་དུ་བྲིས་པའོ། །བཀྲ་ཤིས།།



 

མཐའ་མའི་འདོན་ཐེངས་།: 25.04.2017 ཉིན། 12:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།