སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

ཀོ་ཝིཌ་༡༩ (རྟགས་མེད་)ནད་བཅོས་མྱོང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.12.2020
བོད་ཀྱི་སྨན་བཅོས་རིག་པ། >>



ནད་རྟགས་མི་མངོན་པའི་ཏོག་དབྱིབས་གཉན་རིམས་ནད་པར་སྨན་བཅོས་མྱོང་བ།

-          སྨན་རམས་པ་བློ་བཟང་བཟོད་པ།

 


[རང་ལོ་ ༦༡ སོན་པའི་སྐྱེས་མ་ཏོག་དབྱིབས་གཉན་རིམས་ནད་རྟགས་མི་མངོན་ (Asymptomatic) པའི་ནད་པར་གསོ་བཅོས་བྱས་པའི་མྱོང་བ་ཐོར་བུ། དུས་ཡུན་ཟླ་བ་གཅིག་དང་། ཉིན་གྲངས་༢༠ བོད་སྨན་ཁོ་ན་བསྟེན་ཡོད།]

 

༄༅། །སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་སྒོ་གསུམ་དང་བ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

            རྒྱ་ནག་ཝུ་ཧང་གྲོང་ཁྱེར་ནས་ཐོག་མར་དར་བའི་ཏོག་དབྱིབས་གཉན་རིམས་འདི་ནི་སྤྱི་ལོ་ ༢༠༢༠ ཟླ་ ༢ ཙམ་ནས་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཁ་ཤས་ནང་དར་ཁྱབ་འགོ་འཛུགས་ཏེ་མཐར་སྤྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༧ ནས་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་འདིའི་དབང་གིས་ཐེམ་བཀག་སྒོ་བརྒྱ་བསྡམས་དགོས་བྱུང་ཡོད། དེ་ནས་ཟླ་བ་གཉིས་ཙམ་སོང་རྗེས་རིམ་པས་ས་གནས་ཁག་ཏུ་ཕར་ཚུར་དམིགས་བསལ་འགྲོ་འོང་གི་བཀའ་འཁྲོལ་ཐོག་འགྲིམ་འགྲུལ་བྱེད་འགོ་ཚུགས་པ་ལྟར། འདི་གའི་ཌལ་ཧོར་བོད་མིའི་ལག་ཤེས་བཟོ་གྲྭའི་མགྲོན་ཁང་ནི་རང་རེའི་ས་གནས་བོད་རིགས་ཆེད་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་བསྒྱུར་བར་གནང་།

            དེའི་ནང་སྤྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ ཙམ་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་སྐྱེས་མ་ཁོང་དང་། བཟའ་ཟླ། ཁོ་མོའི་ཨ་མ་བཅས་འབྱོར་འཕྲལ་གཟུགས་གཞིའི་གནས་སྟངས་འདྲི་རྩད་བརྟག་དཔྱད་བྱེད་སྐབས་ཚ་བ་གྲངས་ ༩༧ དང་། Pulse Oximeter བེད་སྤྱོད་ཀྱིས་གློ་བའི་རྒྱུག་ཚད་ ༩༥ དང་། སྙིང་གི་འཁོར་རྒྱུག་ནི་ ༨༨ བཅས་མངོན་ཞིང་འདུག་པར་ཁོ་མོར་འཕྲུལ་ཐང་དང་། མང་སྦྱོར་བཅས་སྤྲད་ནས་ཉིན་གྲངས་བཞི་ཡི་རིང་འཕྲུལ་ཐང་ཉིན་རེར་ཐེངས་གསུམ་དང་། དེ་རྗེས་མང་སྦྱོར་གཏོང་དགོས་པའི་ཟས་སྤྱོད་བསླབ་བྱ་བྱས། དེ་མིན་ཟུར་བཀག་ནང་ཡོད་པའི་སྡོད་མི་ཚང་མར་ཉིན་ལྟར་ཞོགས་པ་ཆུ་ཚོད་བཅུ་པ་དང་། ཕྱི་དྲོ་ཆུ་ཚོད་གསུམ་པར་ཚ་བ་བརྟག་དཔྱད་མ་ཆད་པ་མ་ཟད། ཉིན་གྲངས་བཞི་རེར་མཚམས་སུ་དྲི་ཆུ་སོགས་ལ་བརྟག་དཔྱད་བྱས་པ་ཡིན། དེ་ནས་ཟུར་བཀག་ནང་འབྱོར་བའི་མི་སྣ་བཅོ་བརྒྱད་ལ་སྤྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣༠ ཉིན་ Covid health Center Dalhousie, District Chamba (HP) གཞུང་གི་སྨན་ཁང་ནས་སྨན་པ་ཕེབས་ཏེ་ཏོག་དབྱིབས་གཉན་ནད་ཀྱི་ནད་འབུ་འགོས་ཡོད་མེད་ Nasal swab test བརྟག་དཔྱད་གནང་། དེའི་གྲུབ་འབྲས་ཉིན་གསུམ་རྗེས་སུ་སྤྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ཉིན་གྱི་མཚན་མོའི་ཆུ་ཚོད་དགུ་པར་ཁོ་མོར་ Positive ཞེས་ནད་འབུ་དེ་འགོས་ཡོད་པའི་ལན་གསལ་འབྱོར།

            དེ་གའི་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་ས་གནས་རྒྱ་གར་གཞུང་གི་སྨན་ཁང་ Covid health Center Dalhousie, District Chamba (HP) དུ་འགྲོ་དགོས་བྱུང་ཡོད། སྐབས་དེར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་རིགས་ནང་ནས་ཡོངས་གྲགས་ཀྱི་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་ཐོག་མ་དེ་ཆགས་ཡོད་ལ། ནད་པ་རང་ཉིད་ལ་ལུས་པོར་མི་བདེ་བའི་ཚོར་སྣང་གང་ཡང་མེད་ནའང་ནད་པའི་སེམས་ནང་ཞེ་སྣང་དང་། དངངས་སྐྲག་མི་ཉུང་བ་བྱུང་ཞིང་ནང་མི་ལའང་རང་བཞིན་གྱིས་སེམས་ཁྲལ་ཆེན་པོ་བྱུང་ཡོད། ས་གནས་སུ་ངེད་ཅག་འགན་ཁུར་བ་དང་དེ་ཁུལ་བོད་མི་བཅས་ལ་ཡང་སེམས་ཁྲལ་དང་། ཞེ་སྣང་། ཕན་ཚུན་དོགས་ཟོན་བྱེད་དགོས་པའི་ཛ་དྲག་གནས་སྟངས་ཞིག་ཀྱང་ཆགས་ཞིང་། དེ་བས་འདི་གའི་རྒྱ་གར་ཡུལ་མི་ཚོས་ཀྱང་བོད་མི་མཐོང་དུས་ཐུག་འཕྲད་དང་། འཛེམ་ཟོན། ཞེ་སྣང་སོགས་བྱེད་དགོས་པའི་གནས་སྟངས་སུ་གྱུར་ཡོད། འདི་ནི་ས་གནས་སུ་ཏོག་དབྱིབས་འགོས་པའི་ནད་པ་ཐོག་མ་དེ་ཡིན་པའི་རྐྱེན་གྱིས་རེད། ཡིན་ནའང་ཡ་མཚན་དགོས་པ་ཞིག་ལ་ཁོ་མོའི་བཟའ་ཟླར་ཟ་ཁུ་གཅིན་སྙི་དང་། ཁྲག་ཤེད་ཀྱི་ནད་གཞི་ཡོད་མུས་སྟེང་བོད་སྨན་དང་ཕྱི་ལུགས་ཟུང་འབྲེལ་སྨན་བཅོས་བྱ་མུས་མ་ཟད། ནད་པའི་ཨ་མ་ལགས་སུ་གྲུམ་བུའི་ནད་གཞིར་བོད་སྨན་གྱི་སྨན་བཅོས་བྱ་མུས་ཡིན། ལོ་ན་མཐོ་བའི་སྟེང་ནད་གཞི་ཡོད་པའི་རྒན་རྒོན་གཉིས་དང་མཉམ་དུ་ཁང་པ་གཅིག་ནང་བསྡད་རུང་ཁོང་གཉིས་ལ་ནད་འདི་འགོས་མེད་པ་ནི་དོགས་གཞི་བྱ་རྒྱུའི་གཞི་ཡང་ཆགས་ཡོད། གང་ལྟར་ས་གནས་སུ་འབྱོར་བའི་ཉིན་ནས་བཟུང་བོད་སྨན་གྱི་སྨན་བཅོས་བྱེད་འགོ་འཛུགས་པ་རེད།

            ཁོ་མོའི་ཏོག་དབྱིབས་གཉན་རིམས་ནད་གཞི་དེ་ནི་ Asymptotic སྟེ་ནད་གཞིའི་མངོན་རྟགས་མེད་པ་དེ་ལ་ངོས་འཛིན་བྱས་ཡོད་ནའང་། སྤྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་ཚེས་ ༡༢ བར་རྒྱ་གར་གཞུང་གིས་གཏན་འབེབས་བྱས་པའི་སྨན་ཁང་ Covid health Center Dalhousie, District Chamba (HP) ནང་ལ་འཁྲིད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ཏོག་དབྱིབས་གཉན་ནད་འདི་གཞན་ལ་མི་ཁྱབ་པའི་ཆེད་དུ་དང་། ནད་རྟགས་ཛ་དྲག་རིགས་མངོན་གྱུར་འབྱུང་ཚེ་འཕྲལ་མར་སྨན་བཅོས་བྱ་བདེའི་དོན་དུ་དམིགས་བསལ་ནད་གསོ་ཁང་དུ་ལམ་སྟོན་ལྟར་བསྡད་དགོས་བྱུང་། དེའི་རིང་ཉིན་རེའི་ཚ་བ་དང་། Pulse oximeter བརྟག་དཔྱད་ཐེངས་གཉིས་རེར་བྱེད་ཅིང་ཕྱི་ལུགས་ཀྱི་ཟུངས་སྟོབས་སྨན་དང་། ཚ་འགོག་གི་སྨན་སོགས་སྤྲད་རུང་ནད་པའི་ངོས་ནས་མི་བདེའི་ཚོར་སྣང་གང་ཡང་མེད་སྟབས། སྨན་ཁང་གི་སྨན་པ་དང་། སྨན་ཞབས་པར་སྨན་དེ་དག་ཟ་མི་དགོས་པའི་ཁ་གསལ་འགྲེལ་བརྗོད་བྱས་པའི་ཐོག་རྒྱུན་དུ་བོད་སྨན་ཁོ་ནར་ཡིད་ཆེས་དང་། ཕན་སྐྱེད་ཆེ་བ། བློ་བདེ་བའི་རྒྱུ་མཚན་བརྗོད་ནས་བོད་སྨན་ཟ་རྒྱུའི་ལམ་སྟོན་ཞུས་ཡོད་ལ། ཕྲན་ནས་ཀྱང་ཁོ་མོར་སྤྲད་རྒྱུའི་སྨན་དེ་ཚོ་གཙོ་བོ་ལུས་པོའི་ནད་འགོག་མ་ལག་གི་ལུས་ཟུངས་སྟོབས་སྐྱེད་དང་། ཚ་བ་མི་འབྱུང་བའམ་བྱུང་རུང་ཚ་བ་དེ་དག་ལུས་པོའི་དོན་སྣོད་ནང་འགྲམས་བྱེར་མི་ཡོང་བ། སེམས་ཁམས་སྙོམས་པའམ་རླུང་ཁམས་ལ་ཕན་པའི་ཆེད་དུ་ཡིན་སྐོར་ཕྱི་ལུགས་སྨན་པར་ཁ་གསལ་འགྲེལ་བརྗོད་ཞུས་པ་ཡིན། དེ་བཞིན་ཕྲན་ཡང་ནད་པའི་འགྲམ་དུ་འགྲོ་བདེ་མེད་པས་དབང་གིས་ཁ་པར་བརྒྱུད་ནས་ཟས་སྤྱོད་ལམ་སྟོན་དང་། སྨན་བཅོས་སུ་ཟླ་བདུད་དང་། ཅུ་གང་ ༢༥ སྲོ་ལོ་ ༤ ཐང་། ཨ་གར་༣༥ དང་སྤང་རྩི་ ༡༢ རེ་མོས། འཕྲུལ་ཐང་། རིན་ཆེན་མང་སྦྱོར་ཆེན་མོ་བཅས་ཉིན་གྲངས་ལྔ་ཆད་མེད་བཏང་ཡོད་ལ། སྨན་ཁང་གི་སྨན་པ་གཙོ་བོ་དང་སྨན་ཞབས་སོགས་ནས་ནད་པས་བོད་སྨན་ཟ་བཞིན་ཡོད་པ་ཁ་གསལ་ཤེས་རྟོགས་བྱུང་ཡོད་ལ་ཁོང་ཚོའི་སྨན་པ་གཅིག་དང་། སྨན་ཞབས་གཉིས་ནས་ཀྱང་སྔོན་འགོག་བོད་སྨན་དགོས་མཁོའི་རེ་འདུན་ལྟར་བོད་སྨན་ཉིན་ཤས་སྤྲད་པས་སེམས་ཁམས་བདེ་ལ་མཚན་དུས་གཉིད་སྐྱིད་པ། ལུས་ལ་དམིགས་བསལ་གྱི་བདེ་ཐང་གི་ཚོར་སྣང་ཡོང་གི་ཡོད་པའི་བསྔགས་བརྗོད་ཡང་བྱས་བྱུང་། སྐབས་དེར་འཁོར་ཡུག་གི་གནས་སྟངས་དབང་གིས་ནད་པའི་སེམས་ཁམས་ལ་ཕྲད་པའི་དཀའ་ངལ་གྱིས་ཐོག་མའི་ཉིན་ཤས་རིང་མཚན་མོ་སྨན་ཁང་དུ་གཉིད་ཁུག་པར་དཀའ་ངལ་ཕྲན་བུ་བྱུང་སོང་། དེ་མིན་མི་བདེ་བའི་རིགས་མེད། ཉིན་གྲངས་ལྔ་ཡི་སྨན་རྫོགས་རྗེས་གཟུགས་ཁམས་མི་བདེ་བའི་ཚོར་བ་མེད་ནའང་བཤང་བ་སྐམ་ཤས་ལ་ཅུང་འབབ་དཀའ་བར་ཞོགས་པ་ལྟོ་སྟོང་གི་སྨན་ནི་ཟླ་ཤེལ་༣༧ དང་དེ་མིན་གོང་སྨན་རང་འཇགས་ཉིན་གྲངས་བདུན་རིང་བཏང་། སྤྱི་ལོ་ ༢༠༢༠ ཟླ་བ་ ༦ ཚེས ༡༡ ཉིན་བསྐྱར་དུ་ནད་འབུ་དེ་ཡོད་མེད་སྣ་བུག་དང་། རྐན་མིད་ནང་ནས་ Nasal swabbing and Throat swab test བརྟག་དཔྱད་བྱས་འབྲས་ལ་ནད་འབུ་དེ་གཙང་མ་ཆགས་ཟིན་པའི་གྲུབ་འབྲས་ཐོན་རྗེས་ཚེས་ ༡༢ ཉིན་རྒྱབ་སྨན་ཁང་ནས་ནད་མེད་བདེ་ཐང་གི་ངོས་སྦྱོར་ལག་སོན་བྱུང་མཚམས་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད།

            ཉིན་གྲངས་བཅུ་གཉིས་རིང་སྨན་ཁང་དུ་འདུག་ཡུན་རིང་བོད་སྨན་ཁོ་ན་མ་གཏོགས་ཕྱི་ལུགས་སྨན་སྣ་གཅིག་ཀྱང་ཟ་དགོས་བྱུང་མེད། ཁྱིམ་དུ་འབྱོར་རྗེས་ཟུར་བཀག་ཉིན་གྲངས་བཅུ་བཞིའི་རིང་ཕྲན་ནས་ཉིན་གྲངས་གསུམ་རེར་མཚམས་སུ་ཁྱིམ་དུ་སོང་ནས་ནད་པའི་རྩ་ལ་རེག་རྒྱུར་འཛེམ་ཟོན་ངང་། དྲི་ཆུའི་མདོག་ཅུང་དམར་ཤས་ལ་དྭངས་བ། ལྦུ་བ་སྙོམས་ལ་དྲི་དང་ཚེག་སྒྲ་མེད་པ། ཀུ་སྤྲིན་མི་གསལ་བ། ཚ་ཚད་ ༩༨ ། Pulse oximeter བེད་སྤྱོད་ཀྱིས་གློ་བའི་རྒྱུག་ཚད་ ༩༦ དང། སྙིང་གི་འཁོར་རྒྱུག་ནི་ ༨༨ བཅས་མངོན་ཞིང་འདུག ནད་རྟགས་དང་མི་བདེ་བ་སོགས་གང་ཡང་མེད་ལ། མཚན་དུས་གཉིད་སྐྱིད་ཅིང་ལུས་སེམས་སྔར་ལས་བག་ལྷོད་ཀྱིས་སྣང་བ་འབྱུང་ཞིང་ཟས་ལ་དང་ག་འཕེལ་བ་སོགས་ནད་པ་རང་ཉིད་ནས་བཤད། སྨན་དུ། ཟླ་ཤེལ་༣༧ དང་། གཙོ་བོ་༢༥ རྟ་བཟི་དང་ཨ་གར་༣༥ རེ་མོས། གྲང་སྦྱོར་བཅས་ཉིན་གྲངས་ ༡༥ བཏང་བ་ཡིན། དེ་རྗེས་སྨན་དུ་གྲུབ་རིལ་དང་། ཅུ་གང་༢༥ སྤྲིན་ཟླ། གྲང་སྦྱོར་བཅས་ཉིན་གྲངས་བཅོ་ལྔ་རིང་བཏང་བས་ཁྱོན་བསྡོམས་ཟླ་བ་གཅིག་དང་ཉིན་གྲངས་ཉི་ཤུ་ལྷག་ཙམ་བོད་སྨན་ཁོ་ནའི་སྨན་བཅོས་བྱས་ཡོད།

            གཉན་ནད་ཡིན་མིན་མི་འགྱུར་མངོན་རྟགས་སུ་བདུད་རྩི་བུམ་པ་ལས། “བར་དུ་ཁྱད་པར་གཉན་གྱི་རྟགས། །ཨན་སྟོང་དང་པོ་ན་བཞིན་སྐྲངས། །གཟུགས་འཛིན་ཆུ་ཡི་དཀྱིལ་འཁོར་ལ། །རྩ་རིས་དམར་པོ་ཐུར་དུ་འོང་། །རོ་འཛིན་འོག་ཏུ་ནག་ཐིག་དང་། །སྟེང་དུ་འབྲུམ་བུ་དཀར་པོ་འབྱུང་། །སྣ་རྩེ་རྣ་རྩེ་ནག་པོར་འགྲོ། །སོག་པའི་སྟེང་དུ་ཤ་བཀྲ་འོང་། །སྲིན་ལག་འཕར་རྩ་དྲག་ཏུ་སྡེབ། །ཆུ་ནི་མར་ནག་འདྲ་བ་འབྱུང་། །ན་མ་ཐག་ནས་གཟེར་བ་འོང་། །གཟེར་མ་ཐག་ནས་ལུ་བ་འབྱུང་། །ལུ་མ་ཐག་ནས་དུད་ཁུར་འོང་། །རྟགས་རྣམས་ཐམས་ཅད་ཚང་ན་འཆི། །གཉིས་གསུམ་ལ་སོགས་བྱུང་ན་ཐུབ།།” ཅེས་གསུངས་པའི་གཉན་གྱི་ཟིན་མི་ཟིན་མི་འགྱུར་བའི་མངོན་ཚུལ་དེ་དག་ནི། ཐོག་མར་ནད་པ་དེ་མཐོང་དུས་དང་བར་དུ་སྨན་ཁང་འདུག་ཡུན་རིང་ལྟ་ཁོམ་མ་བྱུང་རུང་སྨན་ཁང་ནས་རང་ཁྱིམ་དུ་ལོག་རྗེས་གང་གཟབ་ཀྱིས་དོ་སྣང་བྱེད་རུང་ནད་པའི་ལུས་སྟེང་དུ་མངོན་གསལ་གང་ཡང་མཐོང་མ་བྱུང་། སྐབས་དེར་ནད་པར་ནད་རྩིས་བརྟག་དགོས་པའི་ལམ་སྟོན་བྱས་པས་ནད་པའི་ངོས་ནས་དང་ལེན་བྱས་སྟབས། ནད་རྩིས་ལས་ཁོ་མོ་ནི་ལོ་དེར་སྐག་དང་། དབང་ཐང་། ཀླུང་རྟ་བཅས་རྒུད་ཡོད་པས་སྐག་ཟློག་ཐབས་སུ་ཕར་འགྲོ་ཚུར་འོང་གང་སྤྱིར་ཡིད་གཟབ་སྟེང་ལྷག་པར་ནད་ཡམས་ཁྱབ་པའི་ས་ཆ་དང་། ནད་པའི་ཉེ་འགྲམ་དུ་འཛེམས་དགོས་པ། དབང་ཐང་སླར་གསོའི་ཆེད་ཡར་སྐྱབས་ཡུལ་དཀོན་མཆོག་ལ་མཆོད་སྦྱིན་བསྙེན་བཀུར་འབུལ་རྒྱུ་དང་། མར་ཉམ་ཐག་མགོན་མེད་ལ་སྦྱིན་པ། རང་ཉིད་ནས་འཕགས་པ་གནམ་མཁའི་སྙིང་པོའི་གཟུངས་སྔགས་གང་མང་སྒྲུབ་དགོས་པ། ཀླུང་རྟར་རང་ཁམས་བསྟུན་པའི་ཀླུང་དར་གཙུག་པ་དང་། འཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྒྲོག་པ། གཞན་ལ་བསྟུན་མཁས་དགོས་པ། བྱུང་ན་ལོ་དེར་འགྲོ་འོང་གི་རིགས་འཛེམ་ཞིང་དབེན་པའི་གནས་སུ་འདུག་དགོས་པ། ལུས་དབང་ཀླུང་གི་སྲུང་འཁོར་རང་གི་ཁམས་ལྟར་བཟོས་པའམ་ཡང་ན་སྨན་རྩིས་ཁང་ནས་ཉོས་ཏེ་འདོགས་རྒྱུ་བཅས་རྩིས་གཞུང་ནས་གསུངས་པ་ལྟར་ཁོ་མོར་ལམ་སྟོན་བྱས་ཡོད། དེ་མཚུངས་ནད་པ་དང་། ནང་མིས་དེ་ཚོར་དོ་སྣང་གི་ཞབས་རིམ་ཡང་གང་ཐུབ་སྒྲུབ་སོང་བས་ཕན་ཐོགས་ཏན་ཏན་བྱུང་ཡོད་པར་ངོས་འཛིན་བྱེད་དགོས་པ་ཞིག་འདུག
 

            མདོར་ན་ཏོག་དབྱིབས་གཉན་རིམས་ནད་འབུ་འགོས་པར་དཔང་ཡིག་དང་། དེ་རྗེས་སྨན་ཁང་དུ་བསྡད་ཡུན་རིང་བོད་སྨན་ཁོ་ནའི་སྨན་བཅོས་བྱས་ནས་ཉིན་གྲངས་བཅུ་གཅིག་རྗེས་ལ་ནད་འབུ་གཙང་སེལ་བྱུང་བའི་དཔང་ཡིག དེ་གཉིས་ཕྱི་ལུགས་ནས་བརྟག་དཔྱད་ཚད་ལྡན་བྱུང་ཡོད་མེད་ངོས་ནས་ཁ་གསལ་བརྗོད་དཀའ་ཡང་དོན་དངོས་སུ་འགོ་མཇུག་ཚང་མར་རྒྱུད་དང་ལྷན་ཐབས་སོགས་ནས་གསུངས་པའི་གཉན་རིམས་ནད་རྟགས་སོགས་གང་ཡང་ནད་པའི་ལུས་སྟེང་དུ་མི་སྣང་རུང་ནད་པའི་སེམས་ཁམས་དང་ལུས་སྟོབས་སོགས་ལ་མངོན་གསལ་ཕན་ཐོགས་ཆེན་པོ་བྱུང་བའི་མྱོང་བཅོས་ཟིན་བྲིས་ཐོར་བུ་འདི་ནི་ཌལ་ཧོར་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བཟོད་པས་སྤྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༠ ལ།

 



མཐའ་མའི་འདོན་ཐེངས་།: 24.12.2020 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།