སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢༤/༣/༢༠༡༡ སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.02.2014
བཀའ་སློབ་དང་གསུང་བཤད་གཞན། >>



༢༤/༣/༢༠༡༡ སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའི་བཀའ་སློབ།

 

༄༅། །སྤྱི་ལོ་༢༠༡༡ ཟླ་༣ ཚེས་༢༣ ཉིན་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙིའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་ྋབླ་ན་མེད་པའི་དབུ་ཁྲིད་དང་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ྋགོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཞབས་སོར་བསྐྱངས་པའི་དབུ་བཞུགས་ཐོག་ཆེད་དུ་གདན་ཞུ་མཛད་པའི་སྐུ་མགྲོན་གྱི་ཁོངས་སུ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ཀྱང་ཕེབས་གནང་མཛད་པ་མ་ཟད། དེའི་ཕྱི་ཉིན་སྤྱི་ཚེས་༢༤ ལ་སླར་ཡང་སྨན་རྩིས་རིག་གཞུང་བགྲོ་གླེང་གི་ཚོགས་མགོན་དུ་གདན་ཞུས་ལྟར་ཆིབས་བསྒྱུར་དང་འབྲེལ་སྨན་རྩིས་ལས་སློབ་ཡོངས་ལ་ལམ་སྟོན་བཀའ་སློབ་ཟབ་མོ་གནང་བ་གཤམ་གསལ། 

 

          དེ་རིང་འདིར་སྨན་རྩིས་ཁང་གི་དབུ་འཛིན་མཆོག་དང་།  ཝྰ་ཎ་གཙུག་ལག་ཁང་གི་སློབ་དཔོན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན། མཁས་དབང་།  སྨན་པ། སྐར་རྩིས་པ་སོགས་སྤྱི་དང་བྱེ་བྲག་སྨན་རྩིས་ལས་བྱེད་དང་སློབ་ཕྲུག་རྣམ་པ་བཅས་ལ་ངས་འཚམས་འདྲི་ཞུ་རྒྱུ་དང་།  ཁ་སང་དཔལ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ཐོག་ཏུ་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དམ་པ་བཀའ་དྲིན་མཚུངས་ཟླ་མེད་པའི་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཞབས་ཀྱིས་མངོན་པར་བསུས་ཏེ་ལོ་བརྒྱ་ལ་ཐེངས་གཅིག་ཐོབ་པ་ལྟ་བུའི་བསྐལ་བ་བཟང་པོ་བྱུང་ཡོད་པ་མ་ཟད། སྨན་རྩིས་ཁང་གི་དབུ་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ནང་འཁོད་པ་ལྟར་འདས་པའི་བརྒྱུད་རིམ་དང་ད་ལྟའི་འཕེལ་རྒྱས་མ་འོངས་ཀྱི་ཕུགས་མདུན་བཅས་པར་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲོག་སྦྱང་གནང་བ་དེར་དགའ་ཚོར་ཆེན་པོ་བྱུང་།

 

          གང་ཡིན་ཟེར་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔེ་མི་སྲིད་པའི་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་བཀའ་དྲིན་བསྩལ་བ་དང་།  བོད་མིས་རེ་ལྟོས་འཆང་བའི་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད། གྲོས་ཚོགས་ཀྱི་ཚོགས་གཙོའི་གསུང་བཤད། དེ་བཞིན་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་གིས་བཀའ་སློབ་བཅས་གནང་བ་དག་ནས་སྨན་རྩིས་ཁང་དེ་ཡར་རྒྱས་ཚགས་ཚུད་འགྲོ་བཞིན་པ་ཞིག་རེད་བསམ་གྱིན་ཡོད།

 

          ད་བར་སྨན་རྩིས་ཁང་གི་ཕྱག་ལས་དོན་དང་ལྡན་པ་ཞིག་གནང་ཡོད་པ་ཚང་མས་ཤེས་གསལ་ལྟར་ངས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།  རྩ་བའི་བདག་ཅག་གི་སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོ་ཐབས་མཁས་པ་ཐུགས་རྗེ་ཆེན་པོས་གདུལ་བྱ་སེམས་ཅན་གྱི་ཁམས་དང་དབང་པོ་ལ་འཚམས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་མཐའ་ཀླས་པ་བསྟར་ཆགས་སུ་གསུངས་ཡོད་པ་རེད། དེ་དག་ཐམས་ཅད་ཀྱི་བསྟན་དོན་སྙིང་པོ་དེ་གང་རེད་ཅེས་ན་གཞི་རྒྱུ་བདེ་གཤེགས་ཀྱི་སྙིང་པོའི་ཁམས་ཀྱི་ས་བོན་དེ་ཀུན་ལ་ཡོད་པ་སོང་ཙང་རེད། དེའི་ནང་ནས་དེའི་ཡན་ལག་གི་ཚུལ་དུ་བཀའ་བསྟན་གཉིས་ཀྱི་བསྟན་དོན་དེ་ག་རེ་ལ་ཐུག་ཡོད་དམ་ཞེས་ན་དེ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་གཤེགས་ཀྱི་རྩ་བ། བརྟན་གཡོ་ཐམས་ཅད་ཀྱི་བྱེད་པོ་དང་།  སྐབས་འདིར་སྨན་རྩིས་གཉིས་ལ་ཐུག་ཡོང་གིན་ཡོད། དེ་ཡང་རིག་པའི་གནས་ཆེན་ལྔ་ཞེས་ནང་དོན་དང་།  གསོ་བ། བཟོ། རྩིས། སྒྲ་རིག་པ་བཅས་ལྔ་དང་དེའི་ནང་ནས་གོང་དུ་བརྗོད་པ་ལྟར་གཞི་རྒྱུ་བདེ་གཤེགས་ཀྱི་སྙིང་པོ་མངོན་དུ་འགྱུར་བར་བྱ་བ་དེ་ནང་དོན་རིག་པའི་བསྟན་དོན་གཙོ་བོ་དེ་རེད། དེའི་ཡན་ལག་གི་ཚུལ་དུ་རིག་གནས་ཀྱི་དབང་ལས་གཙོ་བོ་དེ་གསོ་བ་རིག་པ་དེ་རེད། དེ་ནི་ཁ་སང་ལས་བསྡོམས་ནང་ལྟར་འཐུས་ཤོར་མེད་པར་སློབ་གཉེར་དང་།  གཞུང་ལུགས། ལག་ལེན་སོགས་ཚང་མར་ཡར་རྒྱས་ཆེན་པོ་བྱུང་ཐུབ་པ་དེ་གཟི་བརྗིད་ཅིག་རེད།

 

          ཡིན་ནའང་དེ་སྔོན་ཡག་པོ་བྱུང་ཡོད་ཅེས་ཆོག་ཤེས་བྱས་ནས་བསྡད་ན་མི་འགྲིག་པ་དེ་ཁ་སང་དོན་གྱི་བདག་པོས་བཀའ་སློབ་གནང་བ་དེ་རང་རེད། དེ་སྔ་ཕན་ཆད་ལ་སྨན་རྩིས་ཁང་གི་ལས་དོན་སྤྱི་དང་བྱེ་བྲག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དེ་བཤད་པ་དང་ཐོས་པ་ཙམ་མ་ཡིན་པར་དངོས་གནས་ཡག་པོ་བྱུང་ཡོད་པ་དེ་སྤོབས་པ་བྱེད་འོས་པ་ཞིག་རེད། སྤྱིར་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་དང་སྒོས་སུ་བོད་རིགས་མི་དམངས་དང་ལྷག་དོན་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་ཡོངས་ལ་ཕན་ཐོགས་ཡོད་པའི་གཞི་རྩ་ཞིག་ཆགས་བསྡད་ཀྱིན་ཡོད་རེད།

 

          ད་ལྟ་དབུ་འཛིན་གྱིས་གསུངས་པ་ལྟར་གཞི་རྩ་གང་ཡོད་པ་དེའི་ཐོག་ལ་ཚང་མས་དགོངས་པ་ཡག་པོ་ཞིག་བཞེས་ནས་ཡར་རྒྱས་དང་སློབ་གཉེར་གནང་དགོས། ཤེས་བྱ་ཡོན་ཏན་ཟེར་བ་དེར་མཐའ་ཡོད་པ་མ་རེད། ཇི་སྲིད་སེམས་ཉིད་འཇུག་པ་མ་རྫོགས་པ། །དེ་སྲིད་ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་།  ཡང་།  སེམས་ཀྱི་འཇུག་པ་རྫོགས་པ་ན། །ཐེག་པ་མི་རྒྱུ་འགྲོ་བའང་མེད། །ཅེས་གསུངས་པ་ལྟར་སེམས་ཟེར་བ་དེར་འཇུག་པ་དང་རྫོགས་པ་མེད་པ་ན་ཤེས་བྱ་ཟེར་བ་དེར་ཡང་མཐའ་མེད་པ་ཞིག་ཡིན་པ་འདྲ། སེམས་ཟེར་བ་དེའི་འཇུག་པ་དེ་ག་དུས་རྫོགས་འགྲོ་བ་ན་དེ་དུས་མངོན་པར་བྱང་ཆུབ་ཏུ་འགྲོ་བ་རེད། དེའི་ཚེ་ཐེག་པ་ཡང་མེད། འགྲོ་བའང་མེད་ཅེས་གསུངས་པ་དངོས་འབྲེལ་རེད།

 

          ང་རང་ཚོ་སྤྱིར་ནང་པ་དང་སྒོས་སུ་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་དམ་པའི་ཆོས་དེ་རྒྱ་ཆེ་ལ་གཏིང་ཟབ་ཅིང་སྤུས་དག་པའི་ཆོས་ཤིག་ཡོད་པ་རེད། དེ་ནི་ག་རེ་ལ་བརྟེན་ནས་བྱུང་བ་རེད་དམ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཤིག་ལ་བརྟེན་དགོས་ཀྱི་ཡོད། ལྷག་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་རྒྱལ་རྒྱལ་བློན་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དག་བསམ་བཞིན་སྲིད་པ་བཟུང་བའི་ཚུལ་བསྟན་ནས་ཡོང་གི་ཡོད། དེ་བརྟེན་ཐོག་མར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་གཏོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། མངའ་བདག་ཁྲི་རལ་གྱི་དུས་སུ་དར་ཞིང་རྒྱས་པའི་ཆོས་དེ་སྐད་གསར་བཅད་ཀྱི་གཏན་ལ་ཕབ་ནས་བསྲེག་བཅད་བརྡར་བའི་གསེར་བཞིན་དཔྱད་དེ་རྒྱ་ཆེར་སྤེལ་ཏེ་གཏན་ལ་ཕབ་ནས་བོད་མཐའ་དབུས་ཐམས་ཅད་ལ་ཁྱབ་པ་རེད། བོད་ཆོས་ལྡན་གྱི་ཞིང་ཞེས་དུས་དེ་ནས་བཟུང་སྟེ་མཚན་ཐོགས་པ་དེ་འདྲ་རེད།

 

          དེ་ནས་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ཆུན་མ་ཆུན་པའི་དབང་གིས་རྒྱལ་བོ་ཞེ་གཅིག་པ་གླང་དར་མ་སྐུ་བཀྲོངས་བ་ནས་བཟུང་སྟེ། བསྟན་པ་ལ་ཆག་འཇིག་ཙམ་མ་ཟད་བོད་ཁམས་ཀྱི་ཆབ་སྲིད་དང་བཅས་པར་བརྡབ་གསིག་དང་གོད་ཆག་དཔེ་མི་སྲིད་པ་ཞིག་བྱུང་ནས་ཆོས་རྒྱལ་གྱི་གདུང་བརྒྱུད་ཀྱང་མཐའ་ལ་ཐུག་པ་རེད།

 

          ཡིན་ན་ཡང་དཀོན་མཆོག་གི་ཐུགས་རྗེ་ལས་ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་ྋགོང་ས་རྒྱལ་བ་སྐུ་ཕྲེང་ན་རིམ་དང་ལྷག་པར་དུ་ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་ཚེ་ནས་བོད་ཆོལ་ཁ་གསུམ་སྔ་མོ་ལྟར་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་བསྟན་པའི་གཞི་རྩ་ཞིག་སླར་ཡང་ཚུགས་ནས་ཕྱི་ལོ་༡༩༥༩ ལོ་ཚུན་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་ལོ་ཉི་ཤུ་རྩ་བཞིའི་བར་དུ་བོད་ཁམས་ཁྱོན་ཡོངས་སུ་ཆོས་འབྱོར་སྡེ་བཞིའི་ཕུན་ཚོགས་ཀྱི་དཔལ་ལ་མངའ་བརྙེས་པ་ཞིག་བྱུང་ཡོད་རེད།

 

          དེ་ནས་ཡང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཆུན་པར་མཐར་ཕྱི་ལོ་༡༩༥༩ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་མི་ཡུལ་དུ་ཞབས་སོར་འཁོད་དགོས་པ་ཞིག་བྱུང་བ་རེད། དེའི་མཇུག་ཏུ་ང་རང་ཚོ་བོད་རིགས་མི་ཉུང་བ་ཞིག་སྐྱབས་བཅོལ་དུ་སླེབས། གཞི་ལུས་བོད་རིགས་མི་དམངས་རྣམས་ལའང་དམྱལ་བ་ས་སྟེང་དུ་འཕོས་པ་ལྟར་གྱི་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་ཀྱང་།  དཀོན་མཆོག་གི་ཐུགས་རྗེས་སྤྱི་དང་ལྷག་དོན་ྋརྒྱལ་བ་ཡིད་བཞིན་ནོར་བུས་སྐུ་ན་ཆེས་ཕྲ་བའི་སྐབས་ནས་བཟུང་སྟེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་དང་།  མཛད་པ་དང་།  འཕྲིན་ལས་སོགས་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དེ་སླར་ཡང་གཞན་ཡུལ་དུ་བཙུགས་གནང་མཛད་པ་དང་།  རིས་མེད་ཀྱི་ཆོས་སྡེ་དགོན་ཁག གཞིས་ཆགས་ཁག སློབ་གྲྭ་ཁག་སོགས་གསར་འཛུགས་བསྐྱངས་གནང་མཛད་དེ་བོད་མི་རིགས་དེ་འགྱེལ་ས་ནས་ཡར་ལངས་ཐུབ་པའི་དུས་ཚོད་ཅིག་ལ་སླེབས་པ་མ་ཟད་གཞིས་ལུས་ལས་ཀྱང་བྱེས་འབྱོར་གྱི་ཆོས་སྡེ་དང་རྒྱལ་བསྟན་ཚགས་ཚུད་དུ་གྱུར་པ་རེད།

 

          དེ་བཞིན་སྨན་རྩིས་ཁང་འདི་ཡང་ཕྱི་ལོ་༡༩༦༡ ལོར་གསར་འཛུགས་བསྐྱངས་ཏེ་འདི་ལོ་ཕྱི་ལོ་༢༠༡༡ བར་གྱི་ལོ་ངོ་ལྔ་བཅུ་འཁོར་བ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་ཞབས་འདེགས་དཔེ་མི་སྲིད་པ་བསྒྲུབས་ཐུབ་པ་སོགས་འདི་དག་ཐམས་ཅད་གཙོ་བོ་ྋསྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་ཐུགས་རྗེའི་དབུ་ཁྲིད་ཀྱི་ལམ་སྟོན་དང་།  སྨོན་ལམ། མཛད་པ། འཕྲིན་ལས་སོགས་ལ་བརྟེན་ནས་བྱུང་བ་ཞིག་རེད།

 

          དེ་ལྟ་བུའི་ཐུགས་རྗེའི་ལམ་སྟོན་གྱི་དབུ་ཁྲིད་འོག་ནས་འགོ་ཁྲིད་ཁག་གིས་གཙོས་པའི་གཤམ་འོག་གི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མས་སྒྲིག་འཛུགས་འདིའི་ནང་ཞུགས་པ་ནས་བཟུང་ཤ་ཚ་བའི་སྒོ་ནས་རང་དོན་བློས་བཏང་ནས་སྨན་རྩིས་ཁང་གི་སྤྱི་པའི་ལས་དོན་མཐའ་དག་ལ་སེམས་འཁུར་དང་འགན་དཀྲི་བླངས་ཏེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ནུས་མཐུ་དག་ལས་བྱུང་བ་ཞིག་རེད། སྨན་སློབ་སྐབས་དང་པོ་ནས་བཅོ་ལྔ་བཅུ་དྲུག་གི་བར་དང་། རྩིས་སློབ་སྐབས་དང་པོ་ནས་བརྒྱད་པའི་བར་དུ་ག་ཚོད་ཅིག་སློབ་ཐོན་བྱུང་བ་མ་རེད་དམ། ང་སྔོན་མ་ཕྱི་ལོ་༡༩༦༥ ལོར་ཆོས་དོན་ལས་ཁུངས་ཀྱི་ནང་དུ་ལས་ཀ་བྱེད་དུས་སྨན་རྩིས་ཁང་འདི་བཙུགས་ཚར་འདུག དེའི་སྔོན་ནས་ཕྱི་ལོ་༡༩༦༡ལོའི་སྐབས་སུ་རྡ་རམ་སཱ་ལའི་ཅོབ་ར་ཧོའུ་སི་ཟེར་བའི་ཤིང་ཁང་ཐེབས་ཆག་ཞིག་གི་ནང་དུ་སླབ་སློབ་ཐེངས་དང་པོ་རྣམ་གྲྭའི་ལྷ་དབང་དམ་པ་སོགས་ཁ་ཤས་ཤིག་དང་།  དེ་ནས་ཐེངས་གཉིས་པའི་སྐབས་སུ་པདྨ་རྡོ་རྗེ་སོགས་རེད།

 

          སྐབས་དེ་དུས་ཕྱི་བཞུགས་སའི་ལས་ཤག་དང་ནང་འཛིན་སྐྱོང་གི་ལས་ཁུངས་སོགས་དང་ཐ་ན་སློབ་ཕྲུག་ཚོའི་ཁ་ལག་ཡན་ཆད་དང་བཅས་པའི་མཐུན་རྐྱེན་སྐྱོ་པོ་ཡིན་ན་ཡང་ཉིན་མཚན་ལྟོས་མེད་དང་ལྷག་བསམ་ལྷོད་མེད་ཀྱི་ཐོག་ནས་སློབ་ཕྲུག་སྤུས་དག་པོ་ཐོན་ཐུབ་པ་སོགས་ཀྱིས་རིམ་པས་ཡར་རྒྱས་ཆེན་པོ་བཏང་ཐུབ་པ་དེ་དག་ང་རྒྱུས་མངའ་ཡོད་པའི་མི་ཞིག་ཆགས་ཡོད་སྟབས་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

          དེ་དུས་ཕྱི་ནང་གི་མཐུན་རྐྱེན་འཛོམས་པོ་མེད་པའི་སྐབས་སུ་སློབ་ཕྲུག་ཚོ་ཡང་ཧ་ཅང་གི་དཀའ་ངལ་ཆེན་པོ་ཞིག་རེད། ཡིན་ནའང་དེང་སང་སློབ་ཕྲུག་ཚོའི་མཐུན་རྐྱེན་དང་བཞུགས་ས་སོགས་ནི་ཐུགས་སྤྲོ་གཏོང་མཁན་ལྟ་བུ་ནང་བཞིན་ཡོད་སྟབས། ཁྱེད་རང་ཚོས་སྔོན་མའི་དཀའ་ངལ་དེ་ཚོ་ངེས་པར་དུ་ཤེས་པར་བྱེད་དགོས། དེ་བཞིན་སྔོན་མའི་སློབ་ཕྲུག་ཚོས་དཀའ་ལས་བརྒྱབས་སྟངས་དང་ད་ལྟའི་སློབ་ཕྲུག་ཚོས་དཀའ་ལས་དང་སློབ་སྦྱོང་བྱེད་སྟངས་ཐད་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་གྱིན་ཡོད།

 

          ཁ་སང་འདིར་གཟུགས་མཐོང་བརྙན་འཕྲིན་ནང་དུ་ཡང་སྔོན་མའི་པར་རིས་སོགས་བསྟན་པ་ནང་བཞིན་རེད། ཐོག་མར་ད་ལྟའི་བླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སོགས་ཀྱིས་སྨན་སྦྱོར་བྱེད་དུས་ཌ་ལ་ཧོ་སེའི་རྒན་གསོ་ཁང་ནས་མི་འགས་སྨན་ཞིབ་ཞིབ་བརྡུངས་པ་དང་།  ལག་པས་སྨན་བཟོས་ནས་ལྗིད་ཚད་ཀི་ལོ་ཞེས་རྒྱ་མ་འགའ་ཤས་ཀྱི་སྨན་བཟོ་བ་དང་སྐབས་དེར་སྨན་སྣ་ཕལ་ཆེར་ཉི་ཤུ་ཙམ་ལས་ཨེ་ཡོད་གང་ལྟར་སྨན་གྱི་རིལ་བུ་ཁ་ཤས་ཤིག་ལག་པས་བསྒྲིལ་ནས་བཟོ་ཐུབ་ན་ཧ་ལས་ལས་བྱེད་ཀྱི་རེད། དེ་བཞིན་ཁ་སང་ལས་བསྡོམས་ཀྱི་ནང་དུ་འཁོད་པ་ལྟར་སེར་ར་བྱེས་ཀྱི་དྲུང་ཡིག་ཐུབ་བསྟན་ཟླ་བ་ལགས་དང་།  གསང་བསྔགས་ཆོས་གླིང་གི་ཚེ་དབང་ལགས། ང་བཅས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡིན་པའི་སྐབས་སྐུ་གཤེགས་ཐུབ་བསྟན་ཟླ་བ་ལགས་སྨན་རྩིས་ཁང་གི་དབུ་འཛིན་གྱི་བཟོ་འདྲ་པོ་གནང་ཏེ་ངག་རྩུབ་པོ་འདྲ་པོ་ཞིག་ཡོད་ཀྱང་ལས་ཀ་ཧུར་ཐག་གནང་མཁན་ཞིག་ཡོད།

          དེའི་སྐབས་སུ་ལྷ་བྲིས་པ་སྐུ་གཤེགས་བྱམས་པ་ལགས་ཀྱིས་བདེ་གཤེགས་སྨན་བླ་བརྒྱད་ཀྱི་སྐུ་ཐང་དང་ཕལ་ཆེར་རྗེ་གཡུ་ཐོག་པའི་སྐུ་ཐང་དེ་ཡང་དེ་དུས་བཞེངས་པ་ཞིག་རེད། གསལ་པོ་རང་དྲན་གྱི་མི་འདུག དེ་དུས་སྐུ་ངོ་ཀུན་བདེ་གླིང་གིས་ཡར་མར་ཐབས་ཤེས་གནང་སྟེ་བོད་གཞུང་ཆོས་དོན་གྱི་འཛིན་སྐྱོང་འོག་ནས་སྨན་བརྡུང་རྒྱུ་དང་སྨན་འཐག་རྒྱུའི་འཕྲུལ་འཁོར་ཞིག་ཉོས་ནས་རིལ་བུ་བསྒྲིལ་བ་སོགས་བྱུང་བ་རེད། དེ་རྗེས་ལོ་རབས་བརྒྱད་ཅུའི་ནང་དུ་བོད་ནས་ཕེབས་པའི་བླ་སྨན་སྐུ་གཤེགས་དམ་པ་བསྟན་འཛིན་ཆོས་གྲགས་ལགས་དང་།  བླ་སྨན་སྐུ་གཤེགས་དམ་པ་བློ་བཟང་དབང་རྒྱལ་ལགས་སོགས་རིམ་པར་ཕེབས་ཐུབ་པ་དང་སྨན་རྩིས་བསྟན་པ་རིམ་པས་ཡར་རྒྱས་སུ་གཏོང་ཐུབ་པ་བྱུང་ཡོད། དེ་ནས་གཙོ་བོ་སྐུ་ངོ་དམ་པ་བློ་བཟང་བསམ་གཏན་མཆོག་ནི་ཐུགས་ཤུགས་ཆེན་པོ་དང་།  བྱ་བ་ལམ་ལྷོང་ཆེན་པོ་བཅས་ཡིན་སྟབས་དེ་ནས་རིམ་བཞིན་ཡར་རྒྱལ་དང་གོང་འཕེལ་བྱུང་སོང་།

 

          ཕྱིའི་དཔལ་འབྱོར་གཅིག་པུ་ཙམ་གྱི་ཡར་རྒྱས་སོང་བས་འགྲིག་ཀྱི་མེད་པར་ད་དུང་ནང་དུ་སྨན་རྩིས་སློབ་མའི་སློབ་སྦྱོང་ཡར་རྒྱས་སུ་གཏོང་དགོས། སློབ་སྦྱོང་དེ་ཡང་ཡར་རྒྱས་སུ་གཏོང་ཐབས་ལ་གཙོ་བོ་ནི་སློབ་གྲྭའི་སྒྲིག་ལམ་དང་ཀུན་སྤྱོད་ལ་རག་ལུས་ཡོད། དེ་འདྲ་བྱས་ནས་ཚང་མ་ཡག་པོ་ཞིག་བྱུང་ན་མ་འོངས་པར་ཡང་དབུས་སྨན་རྩིས་ཁང་དང་།  ཡན་ལག་ཁག ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ལ་རིམ་པས་ཡར་རྒྱས་གཏོང་ཐུབ་ངེས་ཡིན།

 

          དེ་ནས་སྨན་གྱི་ཐོག་ལ་རང་ཁ་རང་གསོ་ཐུབ་པའི་དུས་ཚོད་ལྟ་བུ་ཞིག་ལ་སླེབས་ཐུབ་པ་རེད། ཡིན་ན་ཡང་ཁ་སང་སྐད་ཆ་བྱུང་བ་ལྟར་སྨན་པ་མང་པོ་ཐོན་ཡོད་ཀྱང་སྐར་རྩིས་པ་ཉུང་ཉུང་ལས་ཐོན་ཐུབ་མེད། སྨན་ནང་བཞིན་གྱི་བྱུང་སོང་ཆེན་པོ་དེ་འདྲ་རྩིས་ཀྱི་ཐོག་ནས་ཡོང་ཐབས་མེད་ཀྱང་བོད་ཀྱི་སྨན་རྩིས་ཞེས་ཟེར་དུས་རྩིས་དེ་ཡང་མེད་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན་བརྟན་གཡོ་ཞེས་རྟེན་པ་སྣོད་ཀྱི་འཇིག་རྟེན་དེ་རྩིས་ལ་བརྟེན་ནས་བྱུང་བཞིན་ཡོད་པ་དང་།  གཡོ་བ་བཅུད་ཀྱི་སེམས་ཅན་དག་སྨན་ལ་བརྟེན་ནས་གསོ་བར་བྱ་བ་བྱུང་བཞིན་ཡོད་པ་དེ་རེད།

 

          དེ་འདྲ་སོང་ཙང་སྟོན་པ་སངས་རྒྱས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་ཆོས་བསྟན་ནས་ཕྱི་དུས་ཀྱི་འཁོར་ལོ་ཞེས་ཉི་ཟླ་སྐར་གསུམ་སོགས་ཕྱི་དུས་ཀྱི་འཁོར་ལོ་དང་།  ནང་དུས་ཀྱི་འཁོར་ལོ་ཞེས་རྩ་རླུང་ཐིག་ལེ་དང་།  གཞན་ནམ་གསང་བ་དུས་ཀྱི་འཁོར་ལོ་ཞེས་གཞི་དངོས་པོའི་གནས་ལུགས་བཅས་གཏན་ལ་ཕབ་ཀྱིན་ཡོད་རེད། དེར་བརྟེན་རྩིས་ལ་མཐོང་ཆུང་བྱེད་རྒྱུ་མེད། གང་ཡིན་ཟེར་ན་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཞེས་སྐུ་དཀྱིལ། གསུང་དཀྱིལ། ཐུགས་དཀྱིལ་ཞེས་སེམས་ཅན་གྱི་སྒོ་གསུམ་ལ་སྦྱོར་སྟངས་དེ་འདྲ་རེད། སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལ་བརྟེན་ནས་རྒྱལ་བའི་སྐུ་གསུང་ཐུགས་ཟེར་བ་དེ་དག་འགྲུབ་ཐུབ་ཀྱི་ཡོད།

 

          སྒོ་གསུམ་མེད་ན་སྐུ་གསུམ་ཡང་མེད་ལ་སྒོ་གསུམ་དེ་ཡང་ཉོན་མོངས་དུག་གསུམ་ལ་བརྟེན་ནས་བྱུང་བས་མདོས་ན་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འབྲེལ་བ་ལས་བྱུང་བ་ཡིན། དེ་བཞིན་སྨན་རྩིས་གཉིས་པོ་དེ་ཡང་གཅིག་ལ་གཅིག་བརྟེན་ཅིང་འབྲེལ་བ་ལས་ཡོང་གི་ཡོད་དེ་དཔེར་ན། ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྩ་མདོའི་སྐབས་སུ་ཡང་མ་བུ་དགྲ་གྲོགས་བཞི་ཡི་བསྐོར་འགོ་བརྩི་ཚུལ་དེ་ཡང་རྩིས་ལ་བརྟེན་ནས་དགྲ་གྲོགས་སོགས་ཀྱི་བསྐོར་འགོ་ཡོང་དགོས་པ་རེད། དེ་བཞིན་དཔྱད་རྩོམ་གྱི་སྐོར་ལ་ཡང་སྨན་གྱི་ཐོག་ནས་མང་པོ་འདུག་ཅིང་རྩིས་ཀྱི་སྐོར་ལ་དཔྱད་རྩོམ་ཟླ་འཛིན་དང་།  འབྱུང་རྩིས། གོ་ལའི་སྐོར་བཅས་གསུམ་ལས་བྱུང་མི་འདུག ཁ་སང་ཡང་སྨན་གྱི་སྐོར་ལ་མ་གཏོགས་རྩིས་སྐོར་ལ་གསུང་མཁན་བྱུང་མ་སོང་སྟབས། ཕལ་ཆེར་ད་བར་རྩིས་ཀྱི་ཐོག་ལ་ཏོག་ཙམ་སྣང་ཆུང་ཤོར་བ་མིན་འགྲོ་བསམ་པ་ཞིག་དྲན་བྱུང་བས་རྩིས་ལ་སློབ་གཉེར་བྱེད་དགོས། དཔེར་ན། ཆེ་ས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལའང་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་འཚང་རྒྱ་དགོས་ཀྱི་ཡོད་རེད། དེ་ཡང་ཕྱག་འཚལ་མཆོད་འབུལ་བསྐོར་བ་སོགས་ནས་བསྡུ་བའི་དངོས་པོ་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་ནས་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ནས་གཞི་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་ལས་སངས་རྒྱས་ཟེར་བ་དེ་ལས་སླ་པོ་ཞིག་ནས་ཡོང་ཐབས་མེད་པ་རེད།

 

          རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ནས་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་ཅན་ཞིག་ཏུ་གྱུར་པ་དེ་ཡང་དང་པོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ནས་བརྩིས་ཏེ་མ་ཕྱིན་ན་སངས་རྒྱས་ཡོང་ཐབས་མེད་པ་དེ་འདྲ་རེད། དེ་བཞིན་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་གོ་རིམ་བཞིན་དུ་འགྲོ་དགོས་ལ་གཅིག་མ་ཚང་ན་ཡོང་ཐབས་མེད་ལ་དེ་དག་ཐམས་ཅད་ཀྱང་མཐར་ཤེས་རབ་ལ་བརྟེན་ནས་འབྱུང་དགོས་པ་རེད། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་དེ་ཡང་རྩིས་ལ་མ་བརྟེན་པར་ཡོང་ཐབས་མེད་ལ་ཐ་ན་ང་རང་ཚོའི་སྲིད་པ་འཁོར་བའི་ཕུན་ཚོགས་ཀྱི་སྐབས་སུ་ཡང་རྩིས་ལ་བརྟེན་ནས་འགྲོ་དགོས་ཀྱི་ཡོད།

 

          སྲིད་པ་འཁོར་བ་ཟེར་བ་དེ་ཡང་རྒྱུ་མ་རིག་པ་ལ་བརྟེན་ནས་རྒྱལ་པོ་ལྟ་བུ་མ་རིག་པ་དང་།  དེ་ལ་བརྟེན་ནས་བློན་པོ་ཆེན་པོ་གཉིས་ལྟ་བུའི་ཆགས་སྡང་གཉིས་བྱུང་བ་དང་།  འདོད་ཆགས་དང་ཞེ་སྡང་དེ་གཉིས་ལས་ཉོན་མོངས་མང་པོ་ཞིག་འཁོར་གྱི་ཚུལ་དུ་བྱུང་བཞིན་ཡོད་ལ་ཆགས་སྡང་གཉིས་ལས་དུག་གསུམ་བྱུང་བ་རེད། རྒྱུ་དུག་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་གྱི་ནད་ཡོང་གི་ཡོད་རེད།

 

          དཔེ་དེ་བཞིན་དུ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐབས་སུ་རྒྱུ་གཙོ་བོ་དེ་མ་རིག་པ་ཡིན་པ་དང་།  མ་རིག་པ་དེ་ལས་འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་བཅས་ལུགས་འབྱུང་གི་སྐབས་སུ་སྲིད་པ་འཁོར་བའི་ཚུལ་དེ་ཡང་རྩིས་ལ་བརྟེན་ནས་ཡོང་གིན་ཡོད། མ་རིག་པ་དེ་མེད་ན་འདུ་བྱེད་མེད། འདུ་བྱེད་དེ་མེད་ན་རྣམ་ཤེས་མེད། གཅིག་ལ་གཅིག་བརྟེན་ཅིང་འབྲེལ་བ་ལས་བྱུང་བ་སྟེ། རྟེན་ཅིང་འབྲེལ་བ་མི་འབྱུང་བར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྟོང་ཉིད་མ་རྟོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་བ་ལྟར་སྨན་རྩིས་གཉིས་ཀྱང་གཅིག་ལ་གཅིག་བརྟེན་དགོས་པ་ཡིན།

 

          དེ་འདྲ་སོང་ཙང་དཔེར་ན། རྟེན་འབྲེལ་བཅུ་གཉིས་དེ་ལུགས་ལྡོག་གི་ཚུལ་དུ་བརྟག་ཅིང་དཔྱད་ན་ནི་རྒ་ཤི་དེ་སྐྱེ་བ་ལས་བྱུང་བ་དང་སྐྱེ་བ་དེ་སྲིད་པ་མེ་ལྔ་ལ་བར་དོའི་རྣམ་ཤེས་བྱུང་བ་སོགས་མཐར་བཙལ་ན་རྒྱུ་མ་རིག་པ་དེ་ལ་ཐུག་ཡོང་གི་ཡོད། རྒྱུ་མ་རིག་པ་དེ་ནི་ཤེས་རབ་ཀྱི་རལ་གྲིས་གཅོད་པར་བྱེད་དདགོས་པ་ཡིན་ཏེ་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ཡིན། དེ་འདྲ་སོང་ཙང་རྩིས་ལ་མ་བརྟེན་པར་བྱ་དངོས་ཐམས་ཅད་ཡོང་ཐབས་མེད། དེ་བཞིན་ལས་དཀར་ནག་ཅེས་སོ་སོའི་རྒྱུ་དགེ་མི་དགེ་གཉིས་ལས་རྒྱུ་དཀར་པོ་ལ་བརྟེན་ནས་འབྲས་བུ་དཀར་པོ་དང་རྒྱུ་ནག་པོ་ལ་བརྟེན་ནས་འབྲས་བུ་ནག་པོ་བྱུང་བ་ལས། རྒྱུ་མི་དགེ་བ་ལས་འབྲས་བུ་བདེ་བ་ཡོང་ཐབས་མེད་ལ་རྒྱུ་དགེ་བ་ལས་འབྲས་བུ་སྡུག་བསྔལ་བ་ཞིག་ཡོང་ཐབས་རྩ་བ་ནས་མེད།

          མཐར་ཤི་བའི་སྐབས་སུ་གཤིན་རྗེའི་མདུན་ལ་འགྲོ་བའི་དུས་སུ་ཡང་ལས་དཀར་ནག་གི་བུ་ཆུང་གཤིན་རྗེའི་ཁྲིམས་རྭའི་ནང་དུ་རྩིས་ཀྱི་དབང་ལས་ལས་ནག་པོ་བསགས་ན་མར་དམྱལ་བ་དུད་འགྲོ་སོགས་ལ་འགྲོ་དགོས་པ་དང་།  ལས་དཀར་པོ་བསགས་ན་ཡར་བདེ་འགྲོར་མི་ལུས་འཐོབ་པ་སོགས་བཤད་སྲོལ་ཡོད་པ་ལྟར་རྩིས་ལ་བརྟེན་དགོས་པ་ཡིན། དེ་བཞིན་སྨན་རྩིས་ཁང་ལ་དཔེ་མཚོན་ན་ལོ་རེའི་བྱུང་སོང་སོགས་ཀྱི་ལས་དོན་ཡོངས་རྫོགས་རྩིས་ལ་བརྟེན་ནས་འགྲོ་དགོས་པ་དང་།  ཡང་ང་རང་ཚོས་ཁང་པ་ལྟ་བུ་ཞིག་རྒྱག་དགོས་ན་བློ་ཡི་གཡོ་བ་སྔོན་དུ་བཏང་ནས་ཁང་པ་དེའི་རྒྱ་ཁྱོན་དང་རྒྱུ་ཆ་འགྲོ་གྲོན་སོགས་ཇི་ཙམ་དགོས་མིན་དེ་ཡང་ང་ཚོས་སྔོན་ལ་རྩིས་ལ་མ་བརྟེན་ན་ཡོང་ཐབས་མེད།

 

          སྨན་རྩིས་ཁང་ཟེར་བའི་མིང་ཚིག་དེ་ལ་བསམ་བློ་ཞིག་བཏང་ན་སྨན་དང་རྩིས་གཉིས་ཟུང་འབྲེལ་དུ་འགྲོ་དགོས་ལ་དེ་གཉིས་ཡར་རྒྱས་ཡང་གཅིག་མཚུངས་སུ་གཏོང་ཐུབ་པ་དགོས། སློབ་གྲྭ་ཁག་གི་ནང་དུ་ཡང་རྩིས་ལ་དོ་སྣང་བྱེད་མཁན་ཉུང་ས་རེད། དེ་ཡང་ཕལ་ཆེར་རྩིས་སྦྱོང་རྒྱུར་དཀའ་ལས་ཡོད་ཙང་ཡིན་པ་འདྲ། སྨན་རྩིས་ཁང་ནས་ཀྱང་ལོ་རེའི་རྩིས་འབྲས་དང་ལེ་ཐོ་སོགས་བཏོན་ནས་ཞབས་འདེགས་ཞུ་བཞིན་ཡོད་པ་དེ་གཟི་བརྗིད་ཅིག་རེད། རྩ་བའི་ཕྱི་རྒྱལ་གྱི་རྩིས་དང་ང་ཚོའི་བོད་ཀྱི་རྩིས་དེ་གཉིས་མི་འདྲ་བ་ཞིག་ཡོད་རེད། བོད་ཀྱི་རྩིས་རིག་པ་དེ་ནི་ཕྱིའི་འབྱུང་བ་དང་།  ཉི་ཟླ་གཟའ་སྐར། ལོ་ཟླ་ཞག་དུས། ཉིན་ཞག་ཚེས་གྲངས་སོགས་མདོར་ན་ཕྱི་ནང་སྣོད་བཅུད་གཉིས་ཞེས་ཕྱི་གཟུང་བའི་ཡུལ་གྱི་རྡུལ་ཕྲན་ཆ་མེད་དང་།  ནང་འཛིན་པའི་སེམས་ཀྱི་ཤེས་པ་ཆ་མེད་སོགས་ཤིས་བྱའི་ཆོས་ཀྱི་གནས་ལུགས་ཡང་ཤེས་དགོས་པ་རེད།

 

          དེ་རིང་ཁ་སང་ཚན་རིག་པ་ཚོས་འཇིག་རྟེན་གྲུབ་ཚུལ་ཕྱིའི་རྡུལ་ཕྲན་གྱི་རྣམ་གཞག་ཞིབ་ཏུ་བཤད་ཀྱིན་ཡོད་རེད་ལ་ང་རང་ཚོའི་བོད་ཀྱི་རྩིས་རིག་པའི་ནང་དུ་ཡང་རྡུལ་ཕྲན་ཕྲ་མོའི་རྣམ་གཞག་གཅིག་མཚུངས་སུ་བཤད་ཀྱི་ཡོད། དེ་འདྲ་སོང་ཙང་རྩིས་རིག་པ་དེ་གལ་ཆེན་པོ་ཞེ་དྲག་རེད། དཔེར་ན། ང་ཚོས་དཀྱིལ་འཁོར་ཞིག་སྒོམ་པར་བྱེད་པ་ལའང་དང་པོ་འབྱུང་བ་བཞི་དེ་ནམ་མཁའ་སྟོང་པ་གཅིག་སྒོམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་སྒོམ། རླུང་གི་སྟེང་དུ་ཆུ་ཡི་དཀྱིལ་འཁོར་སྒོམ། ཆུ་ཡི་དཀྱིལ་འཁོར་གྱི་སྟེང་དུ་མེ་ཡི་དཀྱིལ་འཁོར་སྒོམ། མེ་ཆུ་རླུང་གསུམ་གྱི་ནུས་པ་དང་བྱེད་ལས་ཀྱིས་འབྱུང་བ་ས་ཡི་དཀྱིལ་འཁོར་གྲུབ་པ་དང་།  དེའི་སྙིང་པོར་རིའི་རྒྱལ་པོ་རི་རབ་དང་།  དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་གཞལ་ཡས་ཁང་།  གཞལ་ཡས་ཁང་དེའི་ནང་དུ་ལྷ་ཡི་གཙོ་བོ་རྒྱན་ཆ་ལུགས་དང་བཅས་པ། དེའི་མཐའ་བསྐོར་དུ་ལྷ་ཡི་འཁོར་རྣམས་སོགས་རིམ་བཞིན་བསྒོམས་པའི་མཐུ་ལས་སེམས་ཅན་གྱི་མ་དག་པའི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས་དམ་པ་སྐུ་གཉིས་འགྲུབ་ཐུབ་པ་སོགས་ཡོང་གི་ཡོད།

 

          ཆུ་ལྟ་བུ་ཞིག་ལ་མཚོན་ན་ལྷས་བདུད་རྩིར་མཐོང་བ་དང་།  མིས་ཆུར་མཐོང་བ། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་བ་དང་།  དམྱལ་བའི་སེམས་ཅན་གྱིས་ཁྲོ་ཆུ་འཁོལ་མར་མཐོང་བ་སོགས་མཐོང་ཚུལ་མི་འདྲ་བ་བྱུང་བ་ལྟར་སངས་རྒྱས་ཀྱི་ཆོས་བསྟན་པ་དེ་ཡང་སེམས་ཅན་སོ་སོའི་ཁམས་དང་།  དབང་པོ། བསམ་པ་སོགས་ལ་གཞིགས་ཏེ་ཆོས་གསུངས་པ་རེད། དེའི་ནང་ནས་འདུལ་བ་དང་།  མངོན་པ། མཛོད་སོགས་ནས་ཀྱང་རྩིས་དང་འབྲེལ་བའི་སྐོར་སོ་སོའི་མོས་པ་དང་བསམ་པ་བཅས་ལ་འཚམས་པའི་རྩིས་ཀྱི་སྐོར་མང་པོ་ཞིག་གསུང་བཞིན་ཡོད།

 

          ཁ་སང་ལས་བསྡོམས་ནང་བཤད་པ་ལྟར་སྐུ་མདུན་ྋཡིད་བཞིན་ནོར་བུའི་དགུང་ཀེག་སོགས་ཞབས་འདེགས་ཞུ་བཞིན་ཡོད་པ་དེ་གཟི་བརྗིད་ཅིག་རེད། ད་དུང་ལོ་རེའི་ཉི་ཟླ་གཟའ་འཛིན་སྐབས་སུ་ཡང་ཚན་རིག་དང་མཐུན་པར་ལོ་ཟླ། ཚེས་གྲངས། ཆུ་ཚོད། སྐར་ཆ་དང་བཅས་པ་བོད་ཀྱི་རྩིས་གཞུང་ནས་བསྟན་པ་གཅིག་མཚུངས་སུ་དོན་ལ་གནས་ཀྱི་ཡོད་སྟབས། ང་ཚོའི་རྩིས་རིག་པ་དེ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ར་སྤྲོད་གསལ་པོ་ཐུབ་པའི་རིག་གཞུང་ཞིག་རེད།

 

          ང་རང་ཚོའི་སྤྱི་ཚོགས་ནང་ཕྲུ་གུ་ཞིག་བཙས་པའི་སྐབས་སུ་ཡང་སྐྱེས་རྩིས་རྒྱག་དགོས་པ་དང་བག་མ་གཏོང་ལེན་སྐབས་སུ་ཡིན་ནའང་བག་རྩིས་རྒྱག་དགོས་པ་དང་།  ད་དུང་དེང་སང་མི་སོ་སོའི་ཚེ་གང་གི་གནས་སྟངས་ལ་ཚེ་རབས་ལས་རྩིས་རྒྱག་རྒྱུས་མཚོན་རྩིས་དེ་ཡང་མིའི་སྤྱི་ཚོགས་ནང་དུ་བེད་སྤྱོད་ཆེན་པོ་ཞིག་ཡོད་སྟབས་ངེས་པར་དུའང་རྩིས་ལ་དོ་སྣང་གནང་དགོས། བལྟ་བའི་མིག་དང་བཟའ་བའི་ཁ་ཞེས་བལྟ་བའི་མིག་དེ་མེད་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པར་མི་ཤེས་པ་དང་བཟའ་བའི་ཁ་ཞེས་ང་ཚོས་རྩིས་ལ་བརྟེན་ནས་འཚོ་དགོས། སྐར་དཔྱད་རྩིས་རིག་པའི་གཞུང་ནས་སྐྱེས་རྩིས་དང་བག་རྩིས་སོགས་གསུང་གིན་མེད་པ་འདྲ། ཡིན་ན་ཡང་དེ་ཚོ་ནི་འབྱུང་རྩིས་གཙུག་ལག་གིས་སྒོ་ནས་བསྟན་གྱི་ཡོད།

          དཀར་རྩིས་དང་ནག་རྩིས་ཞེས་སྐར་དཔྱད་རྩིས་རིག་པའི་གཞུང་དེ་སངས་རྒྱས་ཀྱི་རྣམ་མཁྱེན་གྱིས་དཔལ་དུས་ཀྱི་འཁོར་ལོའི་གཞུང་ནས་བསྟན་པའི་ཕྱི་དུས་ཀྱི་འཁོར་ལོའི་སྐོར་དེ་རེད། ནག་རྩིས་ཞེས་འབྱུང་རྩིས་དེ་གཉིས་ཀྱང་གཅིག་ལ་གཅིག་བརྟེན་ཅིང་འགྲོ་དགོས་ཀྱི་ཡོད། བྱས་ཙང་སྨན་རྩིས་ཁང་གི་དབུ་འཛིན་རྣམ་པ་དང་དེ་བཞིན་རྩིས་ཀྱི་དགེ་རྒན་རྣམ་པས་དེ་སྔ་ལྟར་རྩིས་རིག་པའི་སྐོར་དེ་མུ་མཐུད་ནས་ཡར་རྒྱས་དང་ཐུགས་སྣང་གནང་རོགས་ཞེས་ཞུ་རྒྱུ་ཡིན། རྩིས་རིག་པའི་གཞུང་དེ་ཁུངས་ལུང་མེད་པ་དེ་འདྲ་ཞིག་གཏན་ནས་མ་ཡིན་པར་རྩིས་གཞུང་རྒྱ་ཆེན་པོ་རེད། དཔེར་ན། ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་རྩིས་རིག་པར་ཐུགས་གནང་དང་།  དེའི་སྐབས་ནས་རྩིས་རིག་པའི་ཁུངས་གཏུགས་ས་གཙོ་བོ་ཕུགས་པ་དོན་གྲུབ་རྒྱ་མཚོ་ཞེས་པ་དེའི་མདུན་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཡི་སྐྱེས་སྲིད་མཆོག་སྤྲུལ་རྒྱལ་པོ་དེ་མ་ཐག་པ་མཧཱ་པཎྜི་ཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུར་བཞེངས་ནས་ཆོས་ཀྱི་སྐོར་ལ་བཻཌཱུརྱ་སེར་པོ། སྨན་གྱི་སྐོར་ལ་བཻཌཱུརྱ་སྔོན་པོ། རྩིས་ཀྱི་སྐོར་ལ་བཻཌཱུརྱ་དཀར་པོ་བཅས་བརྩམས་པ་རེད།

 

          རྩིས་ཀྱི་སྐོར་དེ་བཻ་དཀར་གྱི་ནང་དུ་བལྟས་ནས་དེ་ལས་ལྷག་པའི་རྩིས་གཅིག་མི་དགོས་པ་འདུག་སྙམ་པ་ཞིག་ཡོད་རེད། རྩིས་ཀྱི་རྩ་བ་འདྲ་པོ་དེ་བཻ་དཀར་རེད། དེ་ནས་ལོ་ཆེན་དྷརྨ་ཤྲཱི་ཞེས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙཱ་ན་ལྟ་བུའི་མཁས་པ་ཆེན་པོ་དེ་ཡང་དུས་མཉམ་པར་བྱོན་ནས་རྩིས་གཞུང་གི་རྩ་བ་ལྟ་བུ་རྩིས་གཞུང་ཉིན་བྱེད་སྣང་བ་ཞེས་བྱ་བ་དེ་བརྩམས་པ་རེད། དེ་གཉིས་ནི་རྩིས་གཞུང་གི་རྩ་བ་ལྟ་བུར་གཞི་འཛིན་ས་ཞིག་རེད།

 

          དེ་གཉིས་ཀྱི་ཡན་ལག་ལྟ་བུར་བོད་ས་ཡོངས་ནས་བོད་ཀྱི་རྩིས་རིག་པའི་ཐོག་ལ་འདྲ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་རེད། དེ་ནས་དུས་ཕྱིས་སུ་བླ་སྨན་མཁྱེན་རབ་ནོར་བུས་རིག་ལྡན་སྙིང་ཐིག་བརྩམས་ནས་ང་ལྟ་བུར་མཚོན་ན་རིག་ལྡན་སྙིང་ཐིག་གི་ཐོག་ལ་སློབ་སྦྱོང་བྱས་པ་ཡིན། གང་ཡིན་ཟེར་ན་བཻ་དཀར་དང་ཉིན་བྱེད་སྣང་བ་དེ་གཉིས་ནི་ཧ་ཅང་གིས་རྒྱས་དྲགས་པ་ལྟ་བུས་རིག་ལྡན་སྙིང་ཐིག་དེ་བལྟ་སླ་བ་དང་།  བཤད་སླ་བ། སྒྲུབ་སླ་བ་དོན་ཚང་ལ་རྒྱས་བསྡུས་རན་པ་ཞིག་རེད། བཤད་པ་དང་སྒྲུབ་པ་གཉིས་གཙོ་བོ་ཡིན་ཙང་དགེ་རྒན་རྣམ་པས་ཀྱང་ཡག་པོ་ཞིག་སློབ་འཁྲིད་གནང་རོགས་ཞུ་རྒྱུ་དང་།  སློབ་ཕྲུག་རྣམ་པས་ཀྱང་ད་བར་ཧུར་ཐག་གནང་བ་རེད་ལ་ད་དུང་སློབ་སྦྱོང་ལ་འབད་བརྩོན་ཡག་པོ་གནང་རོགས་གནང་ཞུ་རྒྱུ་ཡིན།

          སྔོན་མ་ཡིན་ན་སློབ་ཕྲུག་ཚོས་སྨན་རྩིས་གཉིས་ཀ་སྦྱངས་པ་རེད། དུས་ཕྱིས་སུ་སྨན་དང་རྩིས་གཉིས་སོ་སོར་སྦྱོང་རྒྱུ་བཟོས་པའི་རྐྱེན་གྱིས་སྨན་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཐོན་པ་དང་རྩིས་ལ་ཉུང་ཉུང་ལས་ཐོན་མེད། ཡིན་ནའང་སྨན་རྩིས་གཉིས་ཀ་ཟུང་དུ་སྦྲེལ་ནས་སྦྱོང་དགོས་པ་རེད། རྩིས་ལ་མཚོན་ན་མཚུར་ཕུའི་མཚུར་རྩིས་ཟེར་བ་དང་ཡང་།  ཤེས་རབ་གླིང་ནས་ཟླ་བཤོལ་སོགས་མི་འདྲ་བ་མང་པོ་ཞིང་ཐོན་གྱི་ཡོད་སྟབས་བོད་ཀྱི་རིག་གཞུང་གཅིག་པ་ཡིན་པའི་དབང་གིས་ཚང་མས་རྩིས་རིག་པ་དེ་གཅིག་མཚུངས་སུ་མ་བྱས་ན་བོད་ཀྱི་རྩིས་དེར་ཆོ་མེད་པ་ལྟ་བུ་མིས་དྲན་སྲིད་ཀྱི་རེད།

 

          རྩ་བའི་མཁས་པ་སོ་སོའི་བཞེད་གཞུང་དང་བཤད་སྒྲུབ་ཀྱི་དགོངས་དོན་མི་འདྲ་བ་ཁག་ཡོང་གི་ཡོད་པ་རེད། དཔེར་ན། སྨན་ལ་མཚོན་ནད་པ་སོ་སོའི་ཚ་གྲང་དང་།  ཁམས། ཡུལ། དུས། རང་བཞིན། ཟས་སྤྱོད་སོགས་མི་འདྲ་བའི་རྐྱེན་གྱིས་ནད་རིགས་ཀྱང་མི་འདྲ་བ་མང་པོ་ཡོང་གི་ཡོད་རེད། སྨན་དེ་བཞིན་ནད་པའི་ལུས་ཁམས་དང་།  ཡུལ་དུས། ཟས་སྤྱོད་སོགས་མི་འདྲ་བར་སྨན་ཡང་མི་འདྲ་བ་དགོས་ལ་ཡང་ནད་རིགས་ཚང་མར་ཕན་པའི་འདུ་བ་སྤྱི་སྙོམས་ཀྱི་སྨན་ལྟ་བུ་གཅིག་མཚུངས་སུ་དགོས། སྨན་པ་མཁས་པ་ཟེར་བ་གཅིག་པུས་མི་ལ་ཕན་ཐོགས་རྒྱུ་དཀའ་ལས་ཁག་པོ་ཡིན་པ་འདྲ། གང་ཡིན་ཟེར་ན་སྨན་པའི་ལྷག་བསམ་དང་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་སོ་སོའི་སེམས་རྒྱུད་ལ་ངེས་པར་དུ་དགོས་པ་ཞིག་རེད། སྨན་པ་མཁས་པ་ཡོད་པའི་ཐོག་ལ་ད་དུང་ཐུགས་རྒྱུད་བཟང་པོ་ཞིག་ཡོད་ན་མི་ལ་ཕན་ཐོགས་ཆེན་པོ་ཞེ་པོ་ཞིག་ཡོང་གི་ཡོད་རེད།

 

          དཔེར་ན། སྨན་པོའི་རྒྱལ་པོ་འཚོ་བྱེད་གཞོན་ནུ་དེ་མཛད་བྲེལ་ཧ་ཅང་ཆེན་པོ་ཡིན་པའི་སྐབས་ཤིག་ནད་པ་ཞིག་མིག་ན་ནས་འཚོ་བྱེད་ལ་སྨན་བཅོས་གནང་རོགས་ཞུས་དུས་མཛད་བྲེལ་གྱི་དབང་གིས་སྨན་བཅོས་མ་གནང་བར་ནད་པ་དེས་སྟོན་པ་ལ་ཞུས་ཏེ། སངས་རྒྱས་ཀྱིས་ཁྱེད་ཀྱིས་ནད་པ་དེར་སྨན་བཅོས་བྱོས་བཀའ་བསྩལ་བ་ལྟར་འཚོ་བྱེད་གཞོན་ནུས་ནད་པ་དེར་ཁྱེད་ཀྱེས་སེ་པན་སྤར་མོ་གང་འཁྱེར་ནས་འདིར་ཤོག་ཅེས་གསུངས་ནས་སེ་པན་དེ་ནད་པའི་མིག་ལ་བདུག་ནས་དེ་མ་ཐག་ཏུ་མིག་ནད་ལས་གྲོལ་བར་གྱུར། དངོས་འབྲེལ་བྱས་ན་རོ་ཚ་བ་སེ་པན་དེ་མིག་གི་དགྲ་ཡིན་ཀྱང་ནད་པའི་ཡིད་ཆེས་དང་སྨན་པའི་ཐུགས་བསྐྱེད་བཟང་པོ་ལས་དེ་འདྲ་ཞིག་ཡོང་གི་ཡོད།

          ནད་པ་དང་སྨན་པའི་དབར་གྱི་འབྲེལ་ལམ་དེ་ཡིད་ཆེས་ཟེར་བ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཞིག་རེད། ཡིད་ཆེས་ཡོད་ན་ཁྱི་སོ་ལ་རིང་བསྲེལ་འཁྲུངས་ཟེར་བ་ལྟར་ཡིན། དེར་བརྟེན་སྨན་པའི་ལྷག་བསམ་བཟང་པོ་དང་།  ནད་པའི་ཡིད་ཆེས། སྨན་གྱི་སྦྱོར་སྡེ་བཟང་པོ་བཅས་བྱུང་ན་ནད་ལ་ཕན་མི་ཕན་ཕལ་ཆེར་ཐེ་ཚོམ་མེད་པ་ལྟ་བུ་ཞིག་རེད། ཁ་སང་སྐུ་མདུན་ྋཡིད་བཞིན་ནོར་བུས་བཀའ་སློབ་གནང་བ་ལྟར་རེད། རྒྱ་གར་སྲོལ་རྒྱུན་གྱི་སྨན་དང་།  བོད་སྨན། དེང་དུས་རིག་གསར་གྱི་ཕྱི་ལུགས་སྨན་བཅས་ཟུང་སྦྲེལ་དུ་སྤྱོད་ཐུབ་ན་དཔེ་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཕྱི་ལུགས་ཀྱི་སྨན་དེས་ཛ་དྲག་གི་ནད་གཞི་དང་།  ཟུག་གཟེར་དྲག་པོ། རྨ་སོགས་ལ་ལམ་སེང་ཕན་ཐོགས་ཆེན་པོ་འདུག ཡང་བོད་སྨན་གྱིས་ནད་གཏིང་དུ་ཟུག་པ་དང་།  ཡུན་རིང་ཕྱིན་པའི་གཅོང་ཆེན་གྱི་ནད་གཞི་སོགས་ལ་ཕན་ཐོགས་ཧ་ཅང་གིས་ཆེན་པོ་འདུག

 

          དེང་དུས་ཀྱི་སྨན་རྐྱང་པས་ཡང་ཕན་ཐོགས་རྒྱུ་ཁག་པོ་འདུག་སྨན་ཁང་ཆེ་ཁག་ནས་བརྟག་དཔྱད་བྱས་ནས་ན་ཚ་མི་འདུག་ཅེས་ཟེར་གྱིན་ཡོད་ཀྱང་བོད་སྨན་གྱི་ཐོག་ནས་རླུང་མཁྲིས་བད་ཀན་གསུམ་གྱི་ན་ཚ་དེ་དག་བལྟ་རེག་དྲི་གསུམ་གྱིས་གཏན་ལ་ཕབ་ཐུབ་པ་དེ་བོད་སྨན་གྱི་གཟི་བརྗིད་ཆེན་པོ་ཞིག་རེད། སྔོན་མ་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཕྱི་རྒྱལ་དུ་ཕེབས་དུས་ནད་པར་རྩ་གཟིགས་གནང་ནས་ནད་ངོས་འཛིན་ཏག་ཏག་གསལ་པོ་ཞིག་བྱུང་བས་ནད་པ་དེ་ཚོ་ཧང་སང་སོང་ཟེར་བ་དེ་ཁ་སང་བརྙན་འཕྲིན་གཅིག་ནང་དུ་བསྟན་པ་དེ་ལྟར་རེད།

 

          ཕྱི་ལུགས་ཀྱིས་གློག་དང་འཕྲུལ་ཆས་ཁོ་ན་ལ་བརྟེན་ནས་ནད་བརྟག་དཔྱད་བྱེད་ཀྱིན་ཡོད་ཀྱང་བོད་སྨན་གྱི་ཐོག་ནས་ངོ་མཚར་རྩ་བདུན་ཞེས་པ་དེར་ཡག་པོ་ཞིག་དཔྱད་དེ་བརྟགས་ན་དཔེ་མི་སྲིད་པའི་ངོ་མཚར་ཆེན་པོ་ཞིག་རེད་སྙམ། སྔོན་མ་ང་ན་བའི་སྐབས་ཤིག་ལ་བླ་སྨན་པ་རྟ་མགྲིན་ལགས་ཀྱིས་གསུངས་པ་ལྟར་རེད། ཕྱི་ལུགས་ནས་ནད་འབུ་ཞིག་འདུག་ཅེས་པ་ལས་མིའི་ལུས་ཁམས་དང་།  རང་བཞིན། ན་ཚོད། ཡུལ་དུས། ཟས་སྤྱོད་སོགས་རླུང་མཁྲིས་བད་ཀན་སྤྱི་ལ་ཕན་པའི་སྨན་འདྲ་པོ་ཞིག་ཕྱི་ལུགས་ལ་མི་འདུག ངས་ཀྱང་ད་བར་དུ་སྨན་མང་ཆེ་བ་བོད་སྨན་རང་ཟོས་པ་ཡིན་པས་གཟུགས་པོ་སྤྱི་ཡོངས་ཀྱི་བདེ་ཐང་ཡོང་བ་ལ་བོད་སྨན་ལས་ལྷག་པ་ཞིག་མེད་སྟབས། ང་རང་གི་ངོས་ནས་བཤད་ན་བོད་སྨན་ཟེར་བ་དེར་དངོས་འབྲེལ་སེམས་གཏིང་ནས་ཡིད་ཆེས་ཆེན་པོ་ཡོད།

          ད་བར་སྨན་རྩིས་ཁང་འདིར་ཚང་མས་ཧུར་ཐག་གནང་སྟེ་ཡར་རྒྱས་ཕྱིན་ཡོད་སྟབས་ད་དུང་དེའི་སྟེང་དུ་མུ་མཐུད་དེ་སློབ་གཉེར་དང་ཡར་རྒྱས་གཏོང་དགོས། དེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་བོད་མི་རིགས་ཀྱི་བསྟན་སྲིད་རིག་གཞུང་དང་བཅས་པ་ཚང་མར་ཕན་ཐོགས་ཡོང་གི་ཡོད་རེད། ང་ཚོས་ཁ་བཏོན་དགེ་སྦྱོར་འདྲ་བྱེད་ཐུབ་ན་ཡག་པོ་རེད། མ་ཐུབ་ནའང་དེ་ལས་ལྷག་པའི་ཆོས་ཤིག་བྱེད་རྒྱུ་གང་ཡང་མེད། སེམས་བཟང་པོ་ཞིག་དང་སློབ་སྦྱོང་ཡག་པོ་ཞིག་བྱས་ན་དེས་བྱ་བ་ལམ་ལྷོང་དང་ཁྱེད་རང་ཚོ་ཚེ་ཡང་རིང་པོ་ཡོང་གི་རེད། གང་ཡིན་ཟེར་ན་རང་དོན་ཡང་དེས་འགྲུབ་ཐུབ་ཀྱིན་ཡོད་རེད། གཞན་དོན་ཡང་དེས་འགྲུབ་ཐུབ་ཀྱིན་ཡོད་རེད། དེ་ལས་ལྡོག་སྟེ་ལྷག་བསམ་བཟང་པོ་ཞིག་དང་ཕྱག་ལས་ཡག་པོ་ཞིག་གནང་མ་ཐུབ་ན་མི་བརྒྱ་བསད་པའི་ལག་པ་གཅིག་འཁྱེར་ཤོག་ཟེར་ན་སྨན་པའི་ལག་པ་དེ་ཆགས་ཀྱི་ཡོད་རེད། དེ་བཞིན་མི་བརྒྱའི་སྲོག་བསྐྱབས་པའི་ལག་པ་ཞིག་འཁྱེར་ཤོག་ཟེར་ན་ཡང་སྨན་པའི་ལག་པ་དེ་ཆགས་ཀྱི་ཡོད་རེད།

 

          སྨན་པ་ཟེར་བ་དེ་ཧ་ཅང་གི་རྩ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་རེད། དེ་སྔ་ཕན་ཆད་ཁྱེད་རང་ཚོས་སྨན་ལ་སློབ་གཉེར་དང་ལས་ཀ་ཡག་པོ་གནང་ཡོད་རེད་ལ། ད་དུང་རྩིས་ལ་ཡང་ཐུགས་འཁུར་བཞེས་ནས་འབད་བརྩོན་ཧུར་ཐག་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་མིན་ངས་ཛ་རེ་ཛོ་རེ་མང་པོ་ཞིག་བཤད་བསྡད་ན་ཕན་ཐོགས་གང་ཡང་མེད་ལ་ངར་ཞུ་རྒྱུ་ཡང་གཞན་མེད་སྟབས་ཚང་མར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

 

ཅེས་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་གིས་ཕྱི་ལོ་༢༠༡༡ ལོའི་ཟླ་༣ ཚེས་༢༤ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་ཚོགས་ཁང་དུ་བཀའ་སློབ་གནང་བ་མཇུག་རྫོགས་སོ།། །།

སྨན་རྩིས་རིག་གཞུང་ཞིབ་འཇུག་ཁང་གིས་ཕྱི་ལོ་༢༠༡༡ ལོའི་ཟླ་༤ ཚེས་༧ སྒྲ་བསྡུ་འཕྲུལ་འཁོར་ནས་ཡིག་ཐོག་ཏུ་གཏན་ལ་ཕབ་སྟེ་ལེགས་པར་བསྒྲིགས་སོ།། 

མཐའ་མའི་འདོན་ཐེངས་།: 17.03.2014 ཉིན། 11:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།