སྨན་རྩིས་དྲ་བ། - 2017-2018 རབ་གནས་མེ་བྱ་ལོའི་ལོ་ཐོ།

རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ།  ཕྱི་ལོ་ 2017-2018

༄༅། །དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ།།

སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ།།

ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།

ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ།།

ལོ་འདིའི་ཀེག་རྩིས་ནང་གསལ་བའི། །དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། །ཟུར་འདོན་ཞུས་པ་འདི་ལྟར་ཏེ། །ྋབྱ་ལོ་ཀུན་ལ་རང་ཀེག་ཤར། །ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། །འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། །ཀེག་བཟློག་ལ་སོགས་བཟློག་རིམ་བྱ། །ྋཡོས་ལོ་ཀུན་ལ་བདུན་ཟུར་རྩུབ། །སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ། ། ྋགླང་སྦྲུལ་གཉིས་ནི་མཐུན་གསུམ་རྩུབ། །དགྲ་ལྷ་གསོལ་ཞིང་བརྒྱ་བཞི་གཏོང་། །ྋབྱི་རྟ་གཉིས་ལ་བཞི་གཤེད་དམ། །ལོ་སྐར་ཆེ་ཆུང་ལ་བབས་པས། །ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། །ཚོང་དང་བྱེས་སུ་འགྲོ་བ་སྤོངས། །སྨན་མདོ་དང་ནི་སྨན་བླ་ཡི། །ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། །འཆི་ངེས་སྲོག་བསླུ་དག་ཀྱང་བྱ། །ྋལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། །སྐྱེས་པ་ཕག་དང་བུད་མེད་སྦྲུལ། །ས་སྒོ་ལ་བབས་ས་ལས་སྤོངས། །ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། །འདོན་ཞིང་བབས་སྤར་ཕོ་ལི་དང་། །བུད་མེད་ཁམས་སྟེང་བབས་པ་རྣམས། །མཁར་ལས་རོ་བག་ཐབ་གཞོབ་འཛེམས། །བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། །དཀར་གསུམ་བོན་དང་རྒན་བྱིས་རྩུབ། །ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། །གཉིས་ནག་ཀུན་དང་སྐྱེས་དར་གནད། །ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། །ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། །བཞི་ལྗང་བུད་མེད་ཀུན་ལ་ངན། །གདུགས་དཀར་ལོ་གྲངས་འདོན་པར་བྱ། །ལྔ་སེར་བནྡེ་རྣམས་ལ་ངན། །མཚན་བརྗོད་འདོན་ཞིང་དམར་གཉིས་ལ། །རྒན་དང་བྱིས་པར་ངན་པས་ན། །ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། །ལོ་གྲངས་འདི་དག་ ྋདགུ་མིག་ཏུ། །

༡༠

༡༧

༡༨

༡༩

༢༥

༢༧

༢༨

༣༣

༣༦

༣༧

༤༡

༤༥

༤༦

༤༩

༥༤

༥༥

༥༧

༦༣

༦༤

༦༥

༧༢

༧༣

༨༡

༨༢

༨༩

༩༠

༩༡

༩༧

༩༩

༡༠༠

 

ཚུད་པས་སྤྱི་བཅོས་གཞུང་ལྟར་ལ། །བྱེ་བྲག་བྱིས་པར་གདུགས་དཀར་དང་། །བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། །སྐྱེས་པ་དར་མར་རྣམ་རྒྱལ་མའི། །གཟུངས་དང་རྒན་པོར་བརྒྱད་སྟོང་པ། །རྒན་མོར་བགྲེས་ཞུས་མི་དཔོན་ལ། །རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། །བློ་གྲོས་བཟང་མོས་ཞུས་མདོ་དང་། །འཇམ་དཔལ་མཚན་བརྗོད་བཅས་པ་འདོན། །ྋཕོ་མོ་ཁྱད་མེད་དུར་མིག་ཏུ། །ཚུད་པ་ས་གླང་ལོ་གྲངས་ ༩།༦༩ ཡིས། །དགྲ་བཟློག་དུར་སྲིའི་མནན་པ་བྱ། །ཤིང་གླང་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། །བསྙེན་བཀུར་གཏོ་གླུད་གཏོང་བ་དང་། །ལྕགས་གླང་ ༥༧ དམ་སྲི་མི་ཁ་མནན། །མེ་གླང་ ༢༡།༨༡ རང་དུར་ཆེ་ལ་བབས། །བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། །ཆུ་གླང་ ༤༥ གཤེད་དུར་ཆེར་བབས་པས། །གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། །གཞན་ཡང་མེ་ལུག་ ༥༡ རང་དུར་ཆུང་། །ཆུ་ལུག་ ༡༥།༧༥ གཤེད་དུར་ཆུང་བབས་པས། །རྟེན་ལ་མཆོད་འབུལ་ངན་སྤྲང་ལ། །སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། །དེ་བཞིན་དུར་ཚུད་གཞན་རྣམས་དང་། །ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། །རང་རང་འཁོས་བསྟུན་རྣམ་དཀར་ལ། །འབད་པ་ཤིན་ཏུ་གལ་ཆེའོ།། སླར། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། །མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག།

 

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།

༈ བརྩེ་ཆེན་སྙིང་རྗེའི་རང་གཟུགས་ཅན་མངའ་ཁྱོད། །བརྩེ་བའི་ཡུམ་དང་རྟག་ཏུ་རྣམ་རོལ་ཞིང་། །བརྩེ་བའི་འགྲོ་ལ་ལྐོག་གྱུར་གནས་མ་ལུས། །བརྩེ་བའི་སྙིང་གཏམ་ཚུལ་དུ་གསུངས་དེ་རྒྱལ། །སྟོང་དང་དྲུག་བརྒྱ་ལྷ་ཡི་སྐྱེད་ཚལ་ངོས། །དགའ་བའི་ལྷ་མོ་ཉེར་བརྒྱད་དང་རོལ་བའི། །གཟའ་མཆོག་དཔའ་བོའི་བགྲོད་པ་ལས་བརྩམ་སྟེ། །བླང་དོར་འབྱེད་པ་འདི་ཡང་རྟེན་འབྱུང་ཤིས།།

ས་ཚིགས་འགྱུར་མེད་ཡུལ་དབུས་རྡོ་རྗེ་གདན། །ཆོས་ཚིགས་དབུས་གྱུར་ཐེག་ཆེན་ཆོས་གླིང་ཆེ། །དབུས་སུ་བཟུང་ནས་ཕྱོགས་བཞི་ཕྱོགས་མཚམས་ཀྱི། །རྒྱལ་ཁམས་བདེ་སྡུག་བསྟན་པ་ལ། །གསུམ་པའི་འགོ་སྟོད་ཡུལ་དབུས་ལ། །དམར་པོས་ཅུང་ཞིག་འཁྲུག་ཅིང་ཟླ་སྨད་ནས། །བཞི་པའི་ཉེར་གཉིས་ཉི་མ་འཁྱུད་པ་ཡིས། །འཐབ་རྩོད་ཅུང་ཞིག་དྲག་ཅིང་ཐན་ངོའང་ཤར། །ྋཤར་ཕྱོགས་བཞི་པའི་ཉེར་གསུམ་ནས་བརྩམ་སྟེ། །དྲུག་པའི་ཉེར་གཉིས་དམར་པོས་འཐབ་མོ་ཡི། །འཇིགས་པའི་ངོ་དང་ལྔ་པའི་ཚེས་ཤར་ནས། །ཉི་མས་ཆར་དཀོན་འཐན་ངོ་ཤར་ན་ཡང་། །ཟླ་བུས་ཅུང་ཞིག་དགེ་བའི་རྟགས་སུ་གསལ། །ྋཤར་ལྷོར་ལོ་ཧྲིལ་སྒྲ་གཅན་གདོང་གིས་ནི། །འཐབ་རྩོད་འཇིགས་དང་དྲུག་པའི་ཟླ་སྨད་ནས།  །བརྒྱད་པའི་ཟླ་སྨད་ཉི་ལྷག་དམར་གསུམ་འཁྱུད།  །དུས་དེར་འཐབ་རྩོད་ཅུང་དྲག་སྲིད།  །ྋལྷོ་ཕྱོགས་གསུམ་པའི་ཚེས་ཤར་ནས་བཟུང་སྟེ། །བརྒྱད་པའི་ཚེས་ཤར་ལྷ་ཡི་བླ་མ་ནི། །ཕྱིར་ལྡོག་ལ་སྤྱོད་ནད་མཚོན་མུ་གེ་དང་། །འདི་ནས་བཟུང་སྟེ་བཅུ་པའི་གནམ་སྟོང་བར། །ཉིན་བྱེད་དབང་པོ་དང་ནི་ལུས་དམར་གྱིས། །མི་བདེ་འཁྲུག་རྩོད་འཇིགས་པའི་ངོ་རུ་བཤད། །ྋལྷོ་ནུབ་བཅུ་གཅིག་ཚེས་ཤར་ནས་བཟུང་སྟེ། །བཅུ་གཉིས་ཟླ་མཇུག་དམར་པོས་འཐབ་ངོ་ལས། །ལོ་ཧྲིལ་རྒྱལ་འབངས་ཆོས་སྤྱོད་བདེ་སྐྱིད་ལྡན། །ྋནུབ་ཕྱོགས་ལོ་ཧྲིལ་སྤེན་པས་མུ་གེ་ཡང་། །བཅུ་པའི་ཚེས་ཤར་ནས་བཟུང་ཟླ་གཅིག་རིང་། །ལྷག་པས་ཅུང་ཞིག་དགེ་ངོར་སྣང་། །ྋནུབ་བྱང་ལོ་ཧྲིལ་ཀེ་ཏུས་འཐབ་རྩོད་དང་། །མི་བདེ་དུཿཁས་མནར་ཞིང་བཅུ་གཉིས་ནང་། །ཅུང་ཞིག་བདེ་སྐྱིད་ལྡན་སོགས་དགེ་བའི་མཚན། །ྋབྱང་ཕྱོགས་གསུམ་པའི་བརྒྱད་ནས་གནམ་སྟོང་བར། །པ་ཝ་སངས་ཀྱིས་རྒྱལ་འབངས་བདེ་ཞིང་སྐྱིད། །དེ་བྱིངས་ལོ་ཧྲིལ་འབྲས་བུ་བཏང་སྙོམས་བཤད། །ྋབྱང་ཤར་གསུམ་པའི་ཚེས་གཅིག་ནས་བཟུང་སྟེ། །ཉེར་བདུན་བར་དུ་ཉི་མས་ཐན་ངོ་ཡང་། །གསུམ་པའི་ཚེས་བརྒྱད་ནས་བཟུང་བཞི་པའི་བརྒྱད། །དེ་བཞིན་བཞི་པའི་ཉ་ནས་སྣྲོན་ཟླའི་བརྒྱད། །ལྷག་སངས་རིམ་པར་སྤྱོད་པས་ལོ་ལེགས་ཤིང་། །ཡུལ་ཁམས་ཀུན་ཏུ་བདེ་ཞིང་སྐྱིད་པ་འབྱུང་།།

 

 

གནམ་གཤིས་སྔོན་བརྡ།

དགུང་འདིར་གནམ་ཤིས་སྔོན་དཔག་ལས། ཆར་རླུང་སྦྲགས་མར་བབས་པ་མང་ཞིང་རླུང་གིས་གཏོར་ཚད་ཀྱང་ཆེ་ཙམ་དུ་སྣང་། བྱེ་བྲག་བབས་ཚེས་ཟླ་བ་སོ་སོའི་ཚེས་ཁོངས་སུ་གསལ།

བོད་ཟླ་དང་པོ།

སྤྱིར་ཟླ་འདིར་འཐིབ་དྭངས་རེས་མོས་ཀྱིས་ཟླ་སྨད་དུ་ཁ་ཆར་བབས་པ་མང་།

བོད་ཟླ་གཉིས་པ།

སྤྱིར་ཟླ་འདིར་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ་ཙམ་ལ་བརྟེན་ནས་ཐན་ཞོད་སྤེལ་མར་འོང་།

བོད་ཟླ་གསུམ་པ།

སྤྱིར་ཟླ་འདིར་ཆར་རླུང་འཚུབ་པ་མང་ཡང་རླུང་གིས་གཏོར་ཉེན།

བོད་ཟླ་བཞི་པ།

སྤྱིར་ཟླ་འདིར་ཆར་གྱི་བབས་རྒྱུན་འབྲིང་།

བོད་ཟླ་ལྔ་པ།

སྤྱིར་ཟླ་འདིར་ཆར་རླུང་སྦྲགས་མར་འོང་བ་མང་ཞིང་། ཆར་གྱི་རྒྱུན་བཟང་།

བོད་ཟླ་དྲུག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་བཟང་།

བོད་ཟླ་བདུན་པ།

སྤྱིར་ཟླ་འདིར་ཆར་རྒྱུན་འབྲིང་ཐོག་རླུང་འཚུབ་ཅུང་ཞིག་ལྡང་།

བོད་ཟླ་བརྒྱད་པ།

སྤྱིར་ཟླ་འདིར་རླུང་འཚུབ་ལྡང་ཞིང་ཆར་རྒྱུན་འབྲིང་།

བོད་ཟླ་དགུ་པ།

སྤྱིར་ཟླ་སྟོད་དང་ཟླ་སྨད་ལ་རླུང་འཚུབ་ལྡང་བ་མང་ཞིང་ཆར་རླུང་གིས་ཡང་དུ་གཏོར་ངོ་།

བོད་ཟླ་བཅུ་པ།

སྤྱིར་ཟླ་འདིར་ཆར་རྒྱུན་ཅུང་ཞན། བྱེ་བྲག་ཟླ་སྨད་དུ་རླུང་འཚུབ་ལྡང་།

བོད་ཟླ་བཅུ་གཅིག་པ།

སྤྱིར་ཟླ་འདིར་ཆར་རྒྱུན་འབྲིང་། ཟླ་སྨད་དུ་རླུང་འཚུབ་ཅུང་ལྡང་ངོ་།

བོད་ཟླ་བཅུ་གཉིས་པ།

སྤྱིར་ཟླ་འདིར་ཁ་ཆར་བབས་ཚད་འབྲིང་།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།