སྨན་རྩིས་དྲ་བ། - མཆིན་པའི་གཉན་ནད་ཁ་པ།
 

མཆིན་པའི་གཉན་ནད་ཁ་པ།
(Hepatitis B)
 

དང་པོ། མཆིན་པའི་གཉན་ནད་ཁ་པའི་གོ་དོན།
དེང་རབས་སྨན་གཞུང་ལྟར་ན། མཆིན་པའི་གཉན་ནད་ལ་རིགས་མི་འདྲ་བ་ཁག་ལྔ་ཡོད་པའི་ནང་ནས་མཆིན་པའི་གཉན་ནད་ཁ་པ་ (Hep B) ཧེབ་སྦི་ཞེས་པ་འདི་ནི། (Virus) ཝ་རེ་སེ་ཞེས་ཤིན་ཏུ་ཕྲ་བའི་ནད་འབུའི་རིགས་ཤིག་གིས་རྐྱེན་བྱས་ཏེ་མཆིན་ནད་གདུག་པ་ཅན་ཞིག་ཡིན། ནད་འབུ་འདིས་མིའི་ཁྲག་དང་ཆུ་སེར་བརྒྱུད་མཆིན་པར་བབས་ནས་དེར་གནོད་སྐྱོན་གཏོང་བ་དང་། ནད་འདིར་དུས་ཐོག་སྨན་བཅོས་མ་བྱས་ཚེ་རིམ་པས་མཆིན་པའི་གཅོང་ནད་དུ་གྱུར་ནས་མཆིན་པར་སྐྲན་དང་འབྲས་ནད་སོགས་འབྱུང་བ་ཡིན།
ནད་གཞི་འདིའི་ཐ་སྙད་ལ་བོད་ལུགས་སྨན་པའི་ཁྲོད་དུ་བཞེད་ཚུལ་སྣ་མང་མཆིས་ཀྱང་། མང་ཆེ་བས་ནད་འདིའི་རྒྱུ་གཙོ་བོ་དྭངས་མ་མ་ཞུ་བ་ལས་བྱུང་ཞིང་། དེས་མཆིན་པའི་ [༡། ནད་མེད་དང་ནད་ཅན་མཆིན་པའི་དཔེ་རིས།] གནས་སུ་དུས་ཡུན་རིང་པོ་སོང་ནས་གཉན་སྲིན་དང་བསྡོངས་པར་བརྟེན། མཆིན་པའི་གཉན་ནད་ཅིག་ལ་ངོས་འཛིན་བྱེད་པ་ཡིན།

ནད་མེད་དང་ནད་ཅན་མཆིན་པའི་དཔེ་རིས།



འཛམ་གླིང་སྤྱི་དང་། ལྷག་པར་བོད་མི་བཙན་བྱོལ་བའི་ནང་མཆིན་པའི་གཉན་ནད་ཁ་པའི་གནས་བབས།
Øརྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་ལྟར་ན། འཛམ་གླིང་གོ་ལ་འདིའི་ནང་མི་གྲངས་ས་ཡ་ ༢༤༠ ལྷག་ཙམ་ལ་མཆིན་པའི་གཉན་ནད་ཁ་པའི་འགོས་ནད་འདི་ཕོག་ཡོད་པ་གསལ་འདུག
Øལོ་ལྟར་མི་གྲངས་ ༦༨༦༠༠༠ ལྷག་ཙམ་ནད་གཞི་འདིས་རྐྱེན་བྱས་ཏེ་འདས་གྲོངས་སུ་འགྱུར་གྱི་ཡོད་པ་ཚོད་དཔག་བྱས་ཡོད།
Øརང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་སྤྱི་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༩ ནས་ ༡༡ ཙམ་ལ་མཆིན་པའི་གཉན་ནད་ཁ་པ་འགོས་ནད་དེ་ཕོག་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་གསལ་ཡོད།


གཉིས་པ། ནད་ཀྱི་རྒྱུ།
    ནད་འདིའི་རྒྱུ་ནི།ཟས་སྐོམ་གང་བསྟེན་པ་རྣམས་ཚུལ་བཞིན་འཇུ་མ་ཐུབ་པའི་མཐར།མ་ཞུ་བ་ལ་བརྟེན་ནས་དྭངས་མ་མ་ཞུ་བ་ཞེས་མཆིན་པའི་གནས་སུ་ཁྲག་ངན་རྒྱས་ཏེ།དེས་མཆིན་པའི་ཁྲག་རྩའི་ནང་ཡུན་རིང་པོར་གནས་པ་དང་གཉན་སྲིན་དང་བསྡོངས་ནས་ན་བ་ཡིན།
 

གསུམ་པ། སློང་རྐྱེན།
Øམཆིན་པ་ནི་དྲོད་ཀྱི་རང་བཞིན་ཡིན་སྟབས་དེ་དང་མཚན་ཉིད་མཐུན་པའི་ཁ་ཟས་རོ་ཚྭ་སྐྱུར་ཤས་ཆེའི་རིགས་རྒྱུན་དུ་བསྟེན་དྲགས་པ་སྟེ། དཔེར་ན། ཆང་རག་དང་། བོད་ཇ་འཐུང་དྲགས་པ་ལྟ་བུ།
Øའོ་མ་གྲང་མོ། ཤིང་ཏོག་མ་སྨིན་པ། ཞོ་མ་ལངས་པ། དར་བ་དང་ཇ་གར་པོ། སྔོ་ཚལ་རྙིང་པ། རྗེན་ཚལ། ཤ་རྙིང་དྲི་མ་ཅན་ནམ་བཙོག་པའི་རིགས།
Øབྱ་ཤ་དང་ཕག་ཤ་ལ་སོགས་པ་སྣུམ་ཚིལ་ཆེ་བའི་རིགས་བསྟེན་དྲགས་པ། གཞན་ཡང་མར་དང་སྣུམ་ལ་བརྔོས་སྲེགས་བྱས་པའི་ཁ་ཟས་རིགས། བྱའི་སྒོ་ང༌། ཤ་དང་རྒྱུ་མ་དང་གློ་བ་སྣུམ་སྲེག་ཅན།
Øསྟར་ཁའི་འབྲས་བུ་དང་། བ་དཱམ་ (Groundnut) ལ་སོགས་པ་སྣུམ་ལྡན་རིགས་ཚད་ལས་མང་བ་བསྟེན་པ།
Øརུལ་སུངས་རིགས་ཏེ། དཔེར་ན། ཕྱུར་བ་རྙིང་པ། ཕག་ཤ ལ་ཕུག་སོགས་བསྙལ་བའི་རིགས་བསྟེན་དྲགས་པ།
Øསྤྱོད་ལམ་དུ། རང་རྒྱུད་ལ་ཞེ་སྡང་དང་ང་རྒྱལ་དྲག་པོ་སྐྱེད་པ། ཉི་མར་ཤུགས་ལས་བྱེད་དྲགས་པའམ། ཡང་ན་ལུས་ལ་རྩོལ་བ་མེད་པར་དལ་བར་གནས་དྲགས་པ།
Øརྟག་ཏུ་རང་གི་ལུས་ཁམས་ཀྱི་འབྱུང་འཕྲོད་ལ་རྩ་ཆེར་མི་འཛིན་པར་ལུས་ངག་ཡིད་གསུམ་གྱི་ཤུགས་ལས་སམ་དྲག་ལས་མང་དུ་བྱས་ཏེ་མཚན་མོ་གཉིད་དུས་ཐོག་མ་ཉལ་བ།
Øཁ་ཟས་དེ་ཉིད་སྨན་ལྟར་ཉིན་རེར་ལན་གསུམ་དུས་ཐོག་བསྟེན་གལ་ཆེ་ཡང་། མི་བསྟེན་པར་ལྟོ་སྟོང་ངམ། ཡང་ན་ལས་བྲེལ་རྐྱེན་པས་ལྟོ་དུས་འགྱངས་ནས་ཡུན་རིང་གནས་དྲགས་པ་བཅས་ཡིན་ནོ།།
 

བཞི་པ། ནད་རྟགས།
Øནད་གཞི་འདི་ཐོག་མར་འབྱུང་སྐབས་མངོན་རྟགས་གསལ་པོ་གང་ཡང་མེད་པར་བག་ལ་ཉལ་བའི་ཚུལ་དུ་གནས་པ་ཡིན།
Øབར་དུ་སླར་ཡང་རྐྱེན་འཕྲད་ཚེ་ནད་ལྡང་བ་དང་དེའི་རྟགས་སུ་ཚ་བ་ཕྲན་བུ་འཕར་བ།
Øཞེ་མེར་ལང་པ། དང་ག་ཞན་པ། ཚིགས་གཞི་ན་བ། ཐང་ཆད་སླ་བ། མགོ་ན་བ་སོགས་ཀྱི་སྐབས་སུ་ནད་པའི་ངོས་ནས་ལྷོད་གཡེང་དང་བརྟག་དཔྱད་སྨན་བཅོས་ལ་ནམ་ཡང་སྣང་ཆུང་གཏོང་རྒྱུ་མེད།
Øགལ་ཏེ་དུས་ཐོག་སྨན་བཅོས་མ་བྱས་ཚེ། མཐའ་མར་མཆིན་པའི་ནང་ནད་འབུ་དང་གཉན་ཚད་ཆེར་རྒྱས་ཏེ་ལུས་ཁམས་མི་བདེ་བ་ཛ་དྲག་ཏུ་གྱུར་ཉེན་ཡོད།
Øསྐབས་རེ་རྩིབ་མ་གཡས་སྟེང་གཟེར་རྒྱག་པ།
Øགཅིན་པའི་མདོག་མར་ནག་འདྲ་བའམ་སྨུག་ཤས་དང་། དྲི་མ་ངན་པ།
Øབཤང་བ་འབབ་དཀའ་བ། བབས་ཀྱང་མདོག་སྐྱ་བའམ་དཀར་བ་དང་སྐམ་པ།
Øརིམ་པས་ལུས་ཀྱི་པགས་མདོག་དང་མིག་སྤྲིན་སེར་པོ་འགྱུར་བ།
Øལྗིད་ཚད་ཆག་པ།
Øཕོ་བ་སྦོས་པ།
Øསྣ་ཁྲག་འཛགས་པ།
Øལུས་ལ་ཟ་འཕྲུག་ལང་པ།
Øལུས་སྟོབས་ཞན་པ།
Øབཞིན་མདངས་ཉམས་པ།
Øཁོག་པར་ཆུ་གསོག་པ།
Øམིག་དམར་ཞིང་གདོང་པ་སྔོ་ལ་ཕོ་མཆིན་གང་བ་སྙམ་དུ་སེམས་ཤིང་ཁ་ཟས་འཇུ་བར་དཀའ་ལ་ཟོས་ཚེ་ན་ཞིང་ལུས་ཁམས་ནང་ཆུ་བསགས་ནས་སྐྲངས་བ།
Øཡུན་ལོན་ཚེ་གཞུག་ཏུ་མཆིན་པ་རུལ་ནས་ཁྲག་དང་དུད་ཁུ་ལྟ་བུ་བཤལ་སྐྱུག་འབྱུང་བ་ཡིན།
 
 
         


ནད་འདི་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་འགྲོ་ཚུལ།
 མཆིན་པའི་གཉན་ནད་ཀྱི་ནད་འབུ་འདི་གཉན་སྲིན་འཁྲུགས་པའི་ནད་གཞན་ལྟར་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་སོགས་རླན་གཤེར་བརྒྱུད་ནས་གཞན་ལ་འགོས་ཁྱབ་འགྲོ་ནས་མཐར་སྤྱི་ཚོགས་ནང་ཁྱབ་བརྡལ་སོང་བ་ཡིན།
Øནད་འབུ་འདི་ནི་གཉན་སྲིན་འཁྲུགས་པའི་ནད་གཞི་གཞན་ལས་ལྡབ་ ༥༠ ནས་ ༡༠༠ ཡི་འགོས་ཉེན་ཆེ་བའམ་མྱུར་བ་ཡོད།
Øསྤྱིར་བཏང་ནད་གཞི་འདི་ཡོད་མཁན་དང་མཉམ་དུ་བཟའ་བཏུང་བྱེད་པ་དང་། གོས་བརྗེ་ལེན་བྱས་ནས་གྱོན་པ། འོ་བྱེད་པ། ལག་པ་བཏང་རེས་བྱེད་པ་སོགས་ཀྱིས་ནད་འབུ་འགོས་ཀྱི་མེད་པར་ཡིད་འཇགས་དགོས།

འགོས་ཉེན་ཆེ་བའི་མི་སྣ།
Øཕོ་མོ་དགའ་རོགས་མང་བའི་གྲས་དང་། གང་བྱུང་འཆལ་སྤྱོད་ལམ་ལ་ཞུགས་མཁན།
Øསྐྱེས་པ་ཕོ་ནང་ཁུལ་ཆགས་སྤྱོད་བྱེད་མཁན།
Øནད་འབུ་ཡོད་མཁན་མཉམ་དུ་ལུས་འབྲེལ་བྱུང་བ།
Øམྱོས་རྫས་བཟི་སྨན་གྱི་ཁབ་མཉམ་སྤྱོད་བྱེད་མཁན།
Øསྨན་ལས་པ་དང་སྤྱི་ཚོགས་ཞབས་ཞུ་བ།
Øཟུངས་ཁྲག་བླུག་དགོས་རིགས།
 

ལྔ་པ། སྨན་བཅོས།
བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བཤད་ན། ནད་པ་རང་ཉིད་ཀྱི་ལུས་ཀྱི་རང་བཞིན་དང་ནད་གཞིའི་གནས་སྟངས་སོགས་སྒོ་ཀུན་ལ་གཞིགས་ཏེ། ཟས་སྤྱོད་སྨན་དཔྱད་སོགས་གསོ་བཅོས་མི་འདྲ་བ་ཡོད་པས་ནད་པ་རྣམས་བོད་ལུགས་སྨན་པར་བསྟེན་གཏུགས་བྱས་ན། ནད་གཞི་འདི་དང་འབྲེལ་བའི་ནད་རྟགས་ཞི་བ་དང་མཆིན་པའི་བྱེད་ལས་ལེགས་བསྐྱེད་གཏོང་བ་སོགས་ཀྱི་དགེ་མཚན་ཡོད། མ་ཟད་རང་རེའི་བོད་ཀྱི་སྨན་རྩིས་ཁང་ནས་ཀྱང་མཆིན་པའི་གཉན་ནད་ཡོད་པ་རྣམས་ལ་སྨན་རིན་ཕྱེད་བཅག་གནང་བཞིན་ཡོད་ལ། ནད་གཞི་འདི་ལ་བོད་ལུགས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་བརྟག་དཔྱད་ཟབ་ནན་བྱེད་པའི་ཐོག ནད་འབུའི་གྲངས་འབོར་ཇི་ཙམ་ཡོད་མེད། མཆིན་པའི་གནས་སྟངས། ཁྲག་གི་བྱེད་ལས་དང་ཚད་གཞི་སོགས་འཕོ་འགྱུར་སོང་ཡོད་མེད་བཅས་དེང་དུས་ཚན་རིག་དང་མཐུན་པའི་འཕྲུལ་ཆས་ཀྱིས་བརྟག་དཔྱད་ངེས་པར་དུ་བྱ་དགོས། ཚང་མས་ཤེས་རྟོགས་དགོས་པ་ཞིག་ལ། ནད་གཞི་འདི་ཡོད་པ་ཙམ་གྱིས་མཐའ་གཅིག་ཏུ་ཕྱི་ལུགས་སྨན་བཅོས་དགོས་མིན་ཕྱི་ལུགས་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུག་བྱ་རྒྱུ་ཤིན་ཏུ་གལ་ཆེ། འདས་པའི་ནང་བོད་ལུགས་སྨན་པས་ནད་པ་མང་པོར་སྨན་བཅོས་བྱས་པའི་ཉམས་མྱོང་དང་། སྨན་རྩིས་ཁང་ནས་ནད་འདིའི་ཐོག་ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་ཞུ་འབྲས་ལ་གཞིགས་ན། བོད་ལུགས་སྨན་བཅོས་རྒྱུན་བསྲིངས་ནས་བསྟེན་ན་ནད་འབུའི་གྲངས་ཚད་ཆག་པ་དང་། ནད་རྟགས་རྣམས་ཞི་ཞིང་གཙོ་བོ་ཕོ་བ་དང་མཆིན་མཁྲིས་ཀྱི་བྱེད་ལས་རྒྱུན་ལྡན་གནས་ཐུབ་པ་སོགས་ཕན་འབྲས་བཟང་པོ་ཐོན་དང་འཐོན་བཞིན་ཡོད། 
 

དྲུག་པ། ཟས་སྤྱོད་སྤང་བླང་།

ཟས་སྐོམ་གནོད་པའམ་སྤང་བྱ།
Øཁ་ཟས་རོ་ཚ་བའི་རིགས། སུར་པན་ཕོན་ཆེ་དང་། སྨན་སྣ་དྲོད་ཆེའི་རིགས་ཁ་ཟས་ནང་མང་པོ་བླུག་པ།
Øཁ་ཟས་རོ་སྐྱུར་བའི་རིགས། ཆང་དང་ཨ་རག མཚུར། ཆུ་མངར་མོ་དང་ཤིང་ཏོག་ཁུ་བ་བཅོས་མའི་རིགས། ལྕགས་ཀྲིན་ནང་ལ་རུལ་སུངས་ཀྱི་འགོག་རྫས་བླུག་པའི་ཁ་ཟས་རིགས།
Øཞག་ཚིལ་གྱི་རིགས། ཤ་ཚིལ་ཅན། མར་རྙིང་པ། སྣུམ་དང་ཞག་མར་མང་པོའི་ནང་བརྔོས་སྲེགས་བྱས་པ་རྒྱ་གར་གྱི་ས་མོ་ས། པ་ཀོ་ར། ཆོ་ལེ་བྷ་ཊོ་ར། པུ་རི་ལྟ་བུ། བྱ་ཡི་སྒོ་ང་བརྔོས་པ་དང་སྒོ་ངའི་སེར་རིལ། བག་ཚ་མར་ཁུ། སྣུམ་སྲེག་བག་ལེབ། བ་དཱམ་ལ་སོགས་པ་སྣུམ་ལྡན་གྱི་རིགས་བསྟེན་དྲགས་པ།
Øརུལ་སུངས་ཀྱི་རིགས། ཕྱུར་ར་རྙིང་པའམ་རུལ་པ། ཕག་ཤ་སོགས་བསྙལ་ཤའི་རིགས། པད་ཚལ་དང་ལ་ཕུག་གྲང་ཚལ་སོགས་རྗེན་ཚལ་དང་། སོན་ལ་ཕུག་བསྙལ་བ་སྐྱུར་མོའི་ (pickle) རིགས།
Øའཇུ་དཀའ་བའི་རིགས། ཤ་སྐམ་པོ་དང་རྗེན་པའི་རིགས་སོགས།
Øལུས་རྩལ་དྲག་པོ་བྱེད་པ་སྟེ། དཔེར་ན། ཕྱག་འབུམ་མང་པོ་འཚལ་དྲགས་པ། བང་རྒྱུགས་དང་ལྕགས་སོགས་འདེགས་དྲགས་པ།ཞིང་ལས་དང་དོ་བོ་འོར་འདྲེན་སོགས་ཤུགས་ལས་བྱེད་དྲགས་པ། མེ་དང་ཉི་མའི་དྲོད་སོགས་ཚ་དྲོད་ཆེ་བའི་སར་ཡུན་རིང་འགྲོ་སྡོད་ལས་གསུམ་བྱེད་དྲགས་པ། སེམས་ལ་མྱ་ངན་ནམ་སྡུག་བསྔལ་དང་། དེ་བཞིན་ཞེད་སྣང་དངངས་སྐྲག་བྱེད་དྲགས་པ།

ཟས་སྐོམ་བསྟེན་བྱ།
Øཁ་ཟས་བསིལ་འཇམ་དང་འཇུ་སླ་བའི་རིགས་ཏེ། དཔེར་ན། འབྲུ་རིགས་དང་། སྔོ་ཚལ་སོགས་རླངས་བཙོས་དང་ཆུར་བཙོས་རྒྱག་པའི་རིགས་འོས་འཚམ་བསྟེན་དགོས།
Øདུས་ཐོག་གི་ཤིང་ཏོག་སྣེ་འཛོམས་དང་། དེ་དག་གི་ཁུ་བ་སོས་པ་འོས་འཚམ་བསྟེན་དགོས།
Øཁ་སྤྲི་མེད་པའི་འོ་མ་དང་ཞོ་དར་བ་སོགས་འོས་འཚམ་བསྟེན་དགོས།
Øབེ་ཏའི་འབྲས་བུའི་ཁུ་བ་ (coconut milk) འོས་འཚམ་བསྟེན་དགོས།
Øསྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བའི་སྨན་ཇ་དང་མཁྲིས་ཇ་འོས་འཚམ་བསྟེན་དགོས།                           
Øཆུ་ཁོལ་དྲོད་འཇམ་མམ་བསྐོལ་གྲང་གང་མང་ཡུལ་དུས་དང་གནམ་གཤིས་དང་བསྟུན་ནས་བསྟེན་དགོས།
 
སྤྱོད་ལམ་བསྟེན་བྱ།
Øས་ཆ་བསིལ་སར་ཉལ་སྡོད་བྱེད་པ།
Øལུས་སེམས་ཞི་ལྷོད་ངང་རང་གི་བློ་དང་མཐུན་པའི་གྲོགས་བཟང་པོ་དང་ལྷན་དུ་གནས་ན་སྨན་བཅོས་ཀྱི་ནུས་པ་མྱུར་བར་འདོན་ཐུབ།
Øསྔ་དགོང་ལུས་སེམས་གཉིས་ཞི་ལྷོད་ཐོག་རང་གི་ཁམས་དང་བསྟུན་ནས་ལུས་སྦྱོང་དང་དབུགས་སྦྱོང་རན་པོར་བྱ་རྒྱུ་གལ་ཆེ།

བདུན་པ། སྔོན་འགོག
Øམཆིན་པའི་གཉན་ནད་ཁ་པའི་ནད་གཞི་མེད་ཚེ་སྔོན་འགོག་ཁབ་རྒྱག་རྒྱུ་ཡོད་པ་དེ་ཕན་འབྲས་ཆེན་པོ་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་པས་ངེས་པར་རྒྱག་དགོས།
Øདགའ་རོགས་མང་པོ་དང་འཆལ་སྤྱོད་བྱེད་མཁན་རྣམས་ནད་འབུ་འདི་ལས་སྲུང་ཐབས་ཆེད་འགྱིག་ཤུབས་ (Condom) བེད་སྤྱོད་བྱེད་དགོས།
Øསྦྲུམ་མ་རྣམས་ནད་འབུ་ཡོད་མེད་ཁྲག་བརྟག་དཔྱད་བྱས་ཏེ་ནད་འབུ་ཡོད་ན་བྱིས་པ་བཙས་ནས་ཆུ་ཚོད་ ༡༢ ནང་ཚུན་ཕྲུ་གུར་ནད་འགོག་སྨན་ཁབ་རྒྱག་དགོས། སྨན་ཁབ་དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་ཐོག་གནང་མུས་ཡིན།
Øམྱོས་རྫས་བཟི་སྨན་རིགས་བེད་སྤྱོད་མ་གནང་ན་བཟང་། གལ་ཏེ་བཟི་སྨན་རིགས་ངན་གོམས་ཤོར་ཟིན་པ་རྣམས་ནས་ཁབ་དང་ཁབ་ཆས་ཅི་ནས་ཀྱང་བེད་སྤྱོད་བྱ་དགོས་ནའང་གཞན་དང་མཉམ་སྤྱོད་བྱ་མི་རུང་།
Øགཞན་ཡང་རང་ཉིད་ཀྱི་ཡོ་བྱད་སོ་འཁྲུད་དང་། སྐྲ། ཁ་སྤུ་ལ་སོགས་གཞར་བྱེད་གྲི་སོགས་གཞན་དང་མཉམ་སྤྱོད་བྱ་མི་རུང་།
Øཡང་དེང་སྐབས་ (Tattoo) ཞེས་ཁབ་གཙགས་རི་མོ་དང་རྣ་བ་འབུག་བྱེད་ལ་སོགས་པ་དུག་སེལ་མ་བྱས་པར་བེད་སྤྱོད་བྱེད་ན་ནད་འབུ་རིགས་འགོས་ཉེན་ཆེ།
Øགལ་ཏེ་རང་ཉིད་ལ་ནད་འབུ་ཡོད་ཚེ་རང་ཉིད་ཀྱི་ཁྲག་དང་། དོན་སྣོད། དབང་པོ་སོགས་གཞན་ལ་སྦྱིན་པ་གཏོང་རྒྱུ་མེད།
Øགོང་གི་ཟས་སྤྱོད་སྤང་བླང་ཁག་ལ་དོ་སྣང་དགོས་གལ་ཆེ།
Øརྒྱུན་དུ་ཚེས་བཟང་དུས་བཟང་ལ་བོད་ལུགས་སྨན་པའི་ལམ་སྟོན་བཞིན་རིན་ཆེན་གཡུ་རྙིངས་ ༢༥ འམ་བཙོ་བཀྲུ་ཟླ་ཤེལ་ལྟ་བུ་བསྟེན་ཐུབ་ན་མཆིན་པའི་བྱེད་ལས་ཙམ་མ་ཟད། གཟུགས་པོ་སྤྱིའི་སྔོན་འགོག་ནུས་པ་ཡར་རྒྱས་གཏོང་བར་བརྟེན། དེ་ལྟར་ལག་བསྟར་བྱེད་དགོས།།

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།
ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་ཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུངས་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་བར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།
 
སྐེག་རྩིས་ནི། དེ་བཞིན་ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་པའི་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།
བག་རྩིས་ནི། ལྷག་པར་དུ་ཕོ་མོ་གཉེན་སྒྲིག་སྐབས། བག་རྩིས་བསྐོར་རྒྱུ་ནི། བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་གནས་ཐབས་ཙམ་མ་ཟད། བཟའ་ཚང་གཉིས་ཀྱི་ལོ་རྟགས་དང་ཁམས་མི་མཐུན་ན། བཟའ་ཟླ་གཉིས་ལ་ནད་དང་བར་ཆད་ཡོང་བ་མ་ཟད། ཕྲུག་གུ་དབང་པོ་སྐྱོན་ཅན་འོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བག་རྩིས་བསྐོར་རྒྱུ་སྣང་མེད་ཏུ་བཞག་རྒྱུ་མེད་པས། དེར་དོ་སྣང་གིས་ལོ་རྟགས་དང་ཁམས་མི་མཐུན་པ་བཟློག་ཐབས་ཀྱི་རིམ་གྲོ་སོགས་གནང་བ་ཡིན་ན། བོད་མི་རིགས་ཀྱི་སོན་རྩ་ཕྲུག་གུ་མ་སྐྱེ་གོང་ནས་ནད་སོགས་སྔོན་འགོག་ཡིན་པ་མ་ཟད། ཕ་མ་དང་ཕྲུག་གུ་རང་རང་སོ་སོའི་མི་ཚེ་ལ་ཕན་པ་དང་། བོད་མི་རིགས་ལ་ཡང་ཕན་ཐོགས་ཡོང་གི་ཡོད།
ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་པ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོ་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་བ་ཡིན་ན། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་ནུས་པ་མྱུར་བ་དང་། ནད་དྲག་སྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་གྱི་ཡོད།
 
ཁྱད་པར་དུ་མཆིན་པའི་གཉན་ཚད་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།
མཆིན་པའི་གཉན་ཚད་ཀྱི་ནད། གཞང་འབྲུམ་དང་། མཆིན་པའི་ནད། མཁྲིས་པའི་ནད། ཤིང་སྡོང་སྟེང་ནས་མར་ཟག་པའི་རྨས་སྐྱོན་ལ་སོགས་པའི་ནད། ཤིང་འཛེར་དང་ཚེར་མ་ཟུག་པའི་ནད། རྩ་རྒྱུས་ཆད་པ། གྱོགས་ཕོག་པ། ཐོག་གི་འོག་ཏུ་ཆུད་པ་ལ་སོགས་པ། ཤིང་གི་རྐྱེན་བྱས་པའི་གཞི་ཆེའི་ནད་སོགས་དང་། གཞན་ཡང་གཟའ་སྐར་ས་བདག་སོགས་ཤིང་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བརྒྱ་བཞི་གཏོང་། ཡང་ན་གླུད་བརྒྱ་རྩ་གཏོང་། ཆོས་སུ་གཟུངས་བསྡུས་དང་། སྡོང་རྒྱན་འདོན། གཏོ་བཅོས་སུ། གོང་ལྟར་པག་གི་གླུད་བོང་བུ་རྒྱ་བོ་གཟུགས་བཟོས་ལ། དེར་ཤིང་བཟོའི་ལག་ཆ་དང་། སྐ་རགས་རྣམ་བཀལ་ལ་བརྩི་བྱ་རང་རང་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ།།

 

            འདི་ནི་མཆིན་པའི་གཉན་ནད་ཀྱི་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་བསྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།