སྨན་རྩིས་དྲ་བ། - དབུགས་མི་བདེ་བ།
 

 

 

དབུགས་མི་བདེ་བ།

 


དབུགས་འབྱིན་རྔུབ་ཀྱི་མ་ལག


དང་པོ། དབུགས་མི་བདེ་བའི་གོ་དོན།

དབུགས་རྒྱུ་བའི་ལམ་ཨོལ་ཀྲོང་དང་གློ་ཡུ་གློ་སྦུབས་བཅས་སུ་ལུད་པ་དང་བད་ཀན་བེ་སྣབས་འཕེལ་བའི་རྐྱེན་སོགས་ལས་དབུགས་ཕྱི་ལ་འབྱིན་པ་དང་། ནང་དུ་རྔུབ་པ་ནམ་རྒྱུན་རྩོལ་མེད་དུ་གྲུབ་པའི་བྱ་བར་འགོག་རྐྱེན་འཕྲད་པ་ལས་མི་བདེ་བའི་ཚོར་སྣང་ཆེ་ཆུང་ཡོད་པའི་གནས་སྐབས་ཤིག་ལ་ཟེར། དེ་ནི་དོན་ལྔའི་ཡ་གྱལ་བྱང་ཁོག་སྟོད་ཆའི་གཡས་གཡོན་གཉིས་ལ་གནས་པའི་གློ་བའི་བྱེད་ལས་དབུགས་གཏོང་ལེན་དང་འབྲེལ་བའི་ནད་གཞི་སྤྱིའི་ཐ་སྙད་ཅིག་ཡིན།

དབུགས་མི་བདེ་བའི་སྐབས་དབུགས་འབྱིན་རྔུབ་ཀྱི་རྣམ་པ་སྟེ། དབུགས་རྒོད་པ། དབུགས་ཐུང་བ། དབུགས་གཞའ་བ། དབུགས་བརྩེགས་པ། དབུགས་ཆད་པ། དབུགས་དྲག་པོ་སོགས་མང་དུ་ཡོད། དེང་སང་དམངས་ཁྲོད་དུ་ཕལ་ཆེར་ནད་གཞི་འདི་ལ་དབུགས་བསགས་ཞེས་པའི་ཐ་སྙད་གཏིང་ཚུགས་པ་ལྟ་བུ་གྱུར་ཡོད་ཀྱང་ཚིག་གི་ངོ་ལ་དཔགས་ན་དེ་ནི་དབུགས་བརྩེགས་པའི་དོན་ལྟར་སྣང་བས་དེ་ལྟར་བརྗོད་ཆོག་སྲིད་ཀྱང་། དབུགས་མི་བདེ་བའི་ནད་ (Asthma) ཀྱི་ཐ་སྙད་ཀྱི་ཚབ་ཏུ་བེད་སྤྱོད་གཏོང་ན་དབུགས་བསགས་དེ་དབུགས་མི་བདེ་བའི་ནད་རིགས་ཀུན་ལ་ཁྱབ་མ་ཐུབ་པའི་ཞན་ཆ་ཡོད།

དབུགས་འབྱིན་རྔུབ་ཀྱི་མ་ལག་ནང་དུ་ཆ་ཤས་ཆེ་བ་གསུམ་ཡོད་དེ། དང་པོ་དབུགས་ལམ་ནི། ཁ་དང་སྣ་ནས་རྔུབ་པའི་དབུགས་གྲེ་བའི་བརྒྱུད་ཨོལ་ཀྲོང་དང་། དེའི་ཞབས་ནས་གློ་བ་གཡས་གཡོན་གཉིས་སུ་གྱེས་པའི་གློ་ཡུ། དེ་ནས་གློ་བའི་ནང་དུ་གློ་ཡུའི་ཡལ་ཕྲན་སྲབ་པ་དག་གྱེས་པའི་ནང་དུ་རྒྱུ་ཤིང་རྩ་སྦུབས་ཕྲ་བ་དེ་དག་རྫོགས་མཚམས་རླུང་དྭངས་སྙིགས་དབྱེ་འབྱེད་བྱེད་ས་ཁོག་ཆུང་མང་པོ་ཁྱབ་ནས་ཡོད་པ་བཅས་ཡིན། གཉིས་པ་གློ་བ་གཡས་གཡོན་གཉིས་ནི། དབུགས་འབྱིན་རྔུབ་བརྒྱུད་འཚོ་རླུང་ནང་དུ་རྔུབ་ཅིང་སྙིགས་མ་ལུས་པོའི་ཕྱིར་འདོན་མཁན་གཙོ་བོ་དེ་ཡིན། གསུམ་པ་དབུགས་འབྱིན་རྔུབ་ལ་གྲོགས་བྱེད་མཁན་ཤ་གནད་ནི། དབུགས་འབྱིན་རྔུབ་སྐབས་བྲང་ཁོག་གི་སྟོང་ཆ་རྒྱ་སྐྱེད་དང་ཚུར་སྡུད་པར་གྲོགས་བྱེད་མཁན་མཆིན་དྲི་དང་རྩིབ་རུས་བར་གྱི་ཤ་གནད་རྣམས་ཡིན།

གང་ལྟར་སྐྱེ་འགྲོ་རྣམས་འཆི་གསོན་གྱི་མཚམས་དེ་དབུགས་འབྱིན་རྔུབ་ཀྱི་རྒྱུན་གྱིས་རྣམ་པར་འབྱེད་པས་དབུགས་མི་བདེ་བ་ཛ་དྲག་ཏུ་འགྱུར་སྐབས་འཇིག་རྟེན་ཕྱི་མར་ཕྱོགས་ཙམ་རེག་པ་ལྟ་བུའི་མྱོང་ཚོར་ཡ་ང་བ་བྱུང་བ་ཡིན་པས། འབྱུང་འགྱུར་ནད་གཞི་འདི་མ་འཕོག་པའམ་སྔོན་འགོག་སླད་གཤམ་དུ་ནད་འདིའི་རྒྱུ་རྐྱེན་སོགས་ལ་དོ་སྣང་སྤྲོད་པར་འཚལ།

དབུགས་ལམ་གྱི་གནས་སྟངས།

 

གཉིས་པ། རྒྱུ་རྐྱེན་གཞི་མཐུན་དུ་བཤད་པ།

བོད་ཀྱི་གསོ་རིག་ལུགས་སུ་ནད་གཞི་འདིའི་རྒྱུ་རྐྱེན་གཙོ་བོ་ཟས་སྐོམ་མ་ཞུ་བ་དེ་ལས་བད་ཀན་བེ་སྣབས་འཕེལ་བ་དང་། གཞན་ཡང་ལུད་པ་འཕེལ་བ་ལས་ཨོལ་ཀྲོང་དང་གློ་ཡུ་དེ་བཞིན་གློ་བའི་རྩ་སྦུབས་བཅས་དབུགས་ཕྱི་ནང་དུ་རྒྱུ་བའི་ལམ་བཀག་པ་ལས་དབུགས་མི་བདེ་བའི་ནད་འབྱུང་བ་གསུངས།

ཇི་ལྟར་དཔལ་ལྡན་རྒྱུད་བཞི་རུ་ནད་འདི་དབུགས་ལམ་བཀག་པ་ལས་འབྱུང་ཞེས་བསྡོམས་ཚིག་བརྒྱབ་ཡོད་པ་ལྟར། རིག་གསར་སྨན་ལུགས་སུའང་དེ་དང་ཕྱོགས་མཚུངས་གསུངས་བཞིན་ཡོད། དེ་ཡང་དབུགས་ལམ་བཀག་པའི་སློང་རྐྱེན་དུ་རང་གི་ལུས་ཀྱི་ཁམས་ལ་མ་འཕྲོད་པའི་ཟས་སྐོམ་ཅི་ཡང་རུང་བ་ཞིག་བསྟེན་པའམ། ཕྱི་རོལ་ཁམས་ཀྱི་ཟེ་འབྲུའི་ཟེགས་རྡུལ་དང་སྔོ་ཧམ་སོགས་རྡུལ་རྫས་སྣ་ཚོགས་ཡོད་པ་དག་ལས་དམིགས་བསལ་རང་ལ་མི་འཕྲོད་པ་དེ་ཁ་སྣའི་བརྒྱུད་ནང་དུ་རྔུབ་པ་ལས་དབུགས་ལམ་ནང་ངོས་སྐྲངས་པོ་བྱུང་བའམ། གཉན་ཚད་རྒྱས་པས་དབུགས་ལམ་གྱི་ཤ་གནད་འཁུམ་ནས་དབུགས་ལམ་གུ་དོག་ཏུ་ཕྱིན་པས་དབུགས་འབྱིན་རྔུབ་མི་བདེ་བ་གྱུར་བ་བཤད་པ་ཡིན།  དེ་བཞིན་རྩ་བའི་ནད་གཞི་གཞན་ལྡང་བའི་རྟགས་སུ་དབུགས་མི་བདེ་བ་ཡང་འབྱུང་བ་བཅས་རྒྱུ་རྐྱེན་དངོས་ཤུགས་ཅི་རིགས་པ་ཞིག་སྣང་ངོ་། །དེའི་ནང་ནས་རྒྱུ་རྐྱེན་གཙོ་ཆེ་བ་འགའ་ཞིག་སྐོར་འཆད་རྒྱུ། 

  Ø  མ་ཞུ་བ། ཕོ་བའི་ནང་དུ་ཟས་སྐོམ་གང་དག་མྱག་ཞུ་དྭངས་སྙིགས་འབྱེད་མ་ཐུབ་པས་མ་ཞུ་བ་གྱུར་བ་ལས་བད་ཀན་བེ་སྣབས་འཕེལ། བེ་སྣབས་དེ་ཡིས་ཟས་སྐོམ་གྱི་དྭངས་མ་རྒྱུ་བའི་ལམ་དང་། དེ་བཞིན་སྲོག་འཛིན་རླུང་རྒྱུ་བའི་ལམ་སྟེ་རྩ་སྦུབས་དག་བཀག་པ་དང་། མ་ཞུའི་གནས་ཕོ་བ་ནས་འབྱུང་བའི་རླུང་བྲང་ལ་གནས་པ་བཅས་ལས་དབུགས་མི་བདེ་བར་བྱེད།

  Ø  ལུད་པ་འཕེལ་བ། ལུད་པ་ནི་ཆུའི་ཁམས་ཀྱི་སྙིགས་མ་ཡིན། ས་ཆུའི་རང་བཞིན་གྱི་ཁམས་བད་ཀན་གྲང་བ་དེ་རང་གི་ལྡང་ཚད་ལས་རབ་ཏུ་འཕེལ་བས་བད་ཀན་གྱི་རང་གནས་གློ་བའི་རྩ་སྦུབས་ནས་ཆུའི་ཁམས་ཀྱི་སྙིགས་མ་སྟེ་ལུད་པ་མང་དུ་འབྱུང་། ལུད་པ་དེ་དག་དབུགས་རྒྱུ་བའི་རྩ་ལམ་དུ་ཞེན་ཆགས་པས་དབུགས་ལམ་དོག་ཏུ་ཕྱིན་ནས་འབྱིན་རྔུབ་མི་བདེ་བར་འགྱུར། ལུད་པ་ནི་དབུགས་མི་བདེ་བའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

  Ø  གློ་བའི་ནད། རུལ་སྐྱུར་ཟས། ཤ་ལ་སོགས་རུལ་བ་དང་རོ་ཧ་ཅང་སྐྱུར་བའི་ཟས། ལོ་ལོན་པའི་མར་རྙིང་པ། ཟས་ཀྱི་ནང་དུ་ལན་ཚྭ་ཤས་ཆེར་བཏབ་པའམ་ཟུར་དུ་ལན་ཚྭ་ཟོས་དྲགས་པ། ཐ་མག་རིགས་ཀྱི་དུ་བ་འཐེན་པའམ། འཁོར་ཡུག་འབག་བཙོག་གི་དུ་བ་དང་རྡུལ་རྔུབ་དྲགས་པ། ཆམ་ནད་ལ་སྣང་ཆུང་ཤོར་ནས་མ་བཅོས་པའམ་བཅོས་འཕྱིས་པའམ་བཅོས་ཉེས་ཤོར་བས་ཆམ་པ་གནས་གཞན་དུ་འགྲམས་པ། དུས་རྒྱུན་དྲག་ཤུལ་གྱི་ལས་ཡུན་རིང་པོ་བྱས་པ་བཅས་ལས་གློ་ནད་ཕོག་ཅིང་དབུགས་འབྱིན་རྔུབ་མི་བདེ་བའི་ནད་རྟགས་ཀྱང་མངོན་པ་ཡིན། གློ་བ་ནི་ལུད་པའི་འབྱུང་གནས་ཡིན་པས་གློ་ནད་སྐྱེད་པར་བྱེད་པའི་རྒྱུ་རྐྱེན་མ་སྤང་བར་དུ་ལུད་པ་འགོག་མི་ཐུབ་པ་དང་། རྒྱུ་རྐྱེན་དེ་དག་ལས་ལུད་པ་ཐོན་པ་ཙམ་གྱིས་དབུགས་མི་བདེ་བའི་ནད་འགྱུར་བའི་ངེས་པ་མེད་ཀྱང་། གལ་ཏེ་ལུད་པ་དེར་བཅོས་ཀ་ལེགས་པར་མ་བྱེད་པར་ཡལ་བར་བོར་ན་རིམ་བཞིན་དབུགས་མི་བདེ་བ་སོགས་ནད་དུ་གྱུར་ཉེན་ཡོད།

  Ø  རྒྱུ་རྐྱེན་གཞན། མ་ཞུ་བས་ཟས་སྐོམ་བཤལ་ནད་དང་། སྐྱུག་ནད། དེ་བཞིན་དུག་འཐུངས་པ། སྐྱ་རྦབ་ནད། རིམས་ནད་བཏབ་པ་སོགས་ནད་གཞན་ལས་དབུགས་མི་བདེ་བའི་ནད་རྟགས་འབྱུང་བར་བཤད།

 

 

དེང་རབས་གནས་སྟངས་ཀྱི་ཆ་ནས་སློང་རྐྱེན་བཤད་པ། སྤྱིར་དེང་རབས་སྨན་ལུགས་སུ་དབུགས་མི་བདེ་བའི་སློང་རྐྱེན་འཆད་སྐབས་དབུགས་མི་བདེ་བ་ (Asthma) དང་མི་འཕྲོད་པ་ (Allergy) གཉིས་དཔུང་པ་མཉམ་གཤིབས་ཚུལ་དུ་འགྲོ་ཚུལ་གསུངས་པ་ཡིན། འོན་ཀྱང་དབུགས་མི་བདེ་བའི་སློང་རྐྱེན་ནང་མི་འཕྲོད་པ་ལས་འབྱུང་བ་དང་། མི་འཕྲོད་པ་མ་ཡིན་པའི་རྫས་ལས་འབྱུང་ཚུལ་གཉིས་སུ་དབྱེ་བ་འབྱེད་ཐུབ། དང་པོ་མི་འཕྲོད་པ་ལས་འབྱུང་བའི་དབུགས་མི་བདེ་བ་ནི། འཆར་ཅན་གྱི་མི་འཕྲོད་པར་གྱུར་བའི་རྫས་ལ་རེག་ཐུག་བྱུང་རྗེས་ནད་རྟགས་ལྡང་བ་ཡིན་ཏེ།

Ø རྩི་ཤིང་སོགས་ཀྱི་ཟེ་འབྲུའི་ཟེགས་རྡུལ། དེའི་རྐྱེན་ལས་བྱུང་བ་ཡིན་ན་ལོ་ལྟར་ནམ་ཟླ་དེའི་དུས་སུ་ནད་རྟགས་མཐུ་ཆེ་རུ་འགྲོ་བ་ཡིན།

Ø དུད་འགྲོ་ལས་བྱུང་བའི་མི་འཕྲོད་པའི་རྫས། ཁྱི་དང་ཞི་མི་སོགས་གཅེས་ཉར་བྱེད་པའི་སྲོག་ཆགས་ཀྱི་པགས་པ་དང་སྤུ་རིགས་སོགས།

Ø ཁྱིམ་ནང་གི་འབུ་སྲིན་ཕྲ་མོ། རང་རེའི་མིག་རྗེན་པས་ཤིན་ཏུ་མཐོང་དཀའ་ལ་བཞའ་ཚན་ཡོད་པའི་འཁོར་ཡུག་ཏུ་འཕེལ་ཤིང་གཙོ་ཆེར་མལ་གདན་དང་། ས་གདན། གོས་སོགས་ལ་གནས་པ་དེའི་གཤང་ལྕི་ནང་གི་སྤྲི་དཀར་ཞིག་ཡོད་པ་དེ་ལས་མི་འཕྲོད་པའི་ནད་ལྡང་བ་ཡིན།

Ø སྔོ་བམ།

Ø འབུ་ཞུ་ལུ་མའི་བཤང་གཅི།

Ø ཁ་ཟས་རིགས། (འདི་ནི་གཙོ་བོ་བྱིས་པ་རྣམས་ལ་མང་བ་ཡོད།) གང་ཟག་བྱེ་བྲག་པ་སོ་སོར་ལྟོས་ཏེ་མི་འཕྲོད་པའི་ཟས་སྐོམ་ཅི་རིགས་པ་ཡིན་སྲིད་ན་དེ་དག་ངོ་འཕྲོད་དགོས་པ་གལ་ཆེ་བ་ཡིན། དཔེར་ན། སྒོ་ང་། འོ་མ། ཉ་ཤ རྒྱ་གྲོ་མ། བ་དཱམ། གྲོ། ཇང་ཡུས་སོགས་ཟོས་མ་ཐག་མི་འཕྲོད་པའི་རྟགས་སུ་དབུགས་མི་བདེ་བ་བྱུང་བ་ཡིན། མི་འཕྲོད་པ་མེད་པའི་གང་ཟག་ལ་དེ་ལྟ་བུའི་གནོད་པ་མི་འབྱུང་།

     

གཉིས་པ་མི་འཕྲོད་པ་མིན་ཀྱང་དབུགས་མི་བདེ་བའི་སློང་རྐྱེན་བྱེད་སྲིད་པ་ནི། དཔེར་ན།

Ø དུ་བའི་རིགས། དེ་ཡང་ཐ་མག་རིགས་དང་། ཡང་ལཱ། ཤོག་པག བདུག་སྤོས་སོགས་ལས་བྱུང་བའི་དུ་བའི་རིགས།

Ø དྲི་ངད།  ལུས་ལ་བཏོར་ཆེད་དྲི་ཞིམ། ཁྱིམ་སོགས་ཀྱི་དྲི་ངན་སེལ་བའི་དྲི་ཞིམ་གཞན། དྲི་ངད་ཡོད་པའི་དངོས་རྫས་བཅས།

Ø ནམ་ཟླ་འགྱུར་དུས། དེ་ཡང་དབྱར་དཔྱིད་སྟོན་དགུན་གང་ཡང་ཡིན་སྲིད།

Ø རྫས་སྦྱོར་རིགས།

Ø སྨན་རིགས། ཟུག་བཅག་དང་གཉན་འཇོམས་སྨན་རིགས་སོགས།

Ø ལུས་རྩལ། དེ་ནི་ནམ་ཟླ་ཤིན་ཏུ་གྲང་བའི་དུས་དང་། སོས་ཀ་ལྟ་བུའི་འཁོར་ཡུག་སྐམ་པོ་ཡོད་པའི་དུས་སུ་ལུས་རྩལ་བྱེད་ན་ནད་འདིའི་སློང་རྐྱེན་དུ་གྱུར་སྲིད།

Ø ལུས་པོའི་ནང་འགྱུར་བ་ཕྱིན་པའི་སྐབས། དཔེར་ན་སྦྲུམ་མའི་གནས་སྐབས་དང་ཟླ་མཚན་འབེབས་པའི་དུས།

Ø སྡོད་གནས་གཙང་མ་མེད་པ། སྡོད་ཁྱིམ་གད་བདར་མ་བརྒྱབ་པས་ཐལ་བ་འཚུབ་འཚུབ་ཡོད་པ་བཅས་ཡིན།

      གཞན་ཡང་དབུགས་མི་བདེ་བ་ཤུགས་དྲག་པོའི་ཐུན་མོང་གི་སློང་རྐྱེན་འགའ་ཞིག་ཡོད་དེ།

Ø འཁོར་ཡུག་དང་། འཚོ་ཐབས་དང་འབྲེལ་བའི་སློང་རྐྱེན། སོ་སོའི་ཁྱིམ་གྱི་ནང་དང་ཕྱི་རོལ་ཡུལ་གྱི་འཁོར་ཡུག་ཏུ་ཡོད་པའི་ནད་འདི་སློང་རྐྱེན་གྱི་རྫས་གོང་དུ་བཤད་པ་དེ་དག་དང་། འཚོ་ཐབས་ལ་རྣམ་གྲངས་སྣ་ཚོགས་ཤིག་ཡོད་དེ། དེང་རབས་འཕྲུལ་ཆས་ལ་བརྟེན་པའི་བཟོ་ལས་དང་ལས་རིགས་ཀྱི་སྡེ་ཚན་སྣ་ཚོགས་ཤིག་གསར་དུ་འབྱུང་ཡོད། དེ་ཚོའི་ནང་གི་ལས་མི་དང་བཟོ་གྲྭའི་ཉེ་འགྲམ་དུ་ཡོད་པའི་ཁྱིམ་ཚང་གི་མི་རྣམས་ལ་དབུགས་མི་བདེ་བ་འབྱུང་ཉེན་ཡོད། དེ་ཡང་དཔེར་ན། འགྱིག་ཚིའི་བཟོ་གྲྭ། ཨར་འདམ་བཟོ་གྲྭ། རྡོ་སོལ་ནག་པོའི་བཟོ་གྲྭ། ཐ་མ་ཁའི་བཟོ་གྲྭ། བྱུག་རྫས་བཟོ་གྲྭ། སྣུམ་གྱི་བཟོ་གྲྭ། སྨན་གྱི་བཟོ་གྲྭ། འཕྲུལ་ཆས་བཟོ་གྲྭ་སོགས་རྫས་སྦྱོར་སྣ་ཚོགས་ཡོད་པ་ལ། ལས་མི་གང་ཞིག་གི་རང་གི་ནང་གི་ཚོར་སྣང་སྐྱེན་པའི་དབང་གིས་སམ། ལས་གནས་སར་ཡོད་པའི་རྫས་བྱེ་བྲག་པ་ཞིག་དང་འབྲེལ་བ་བྱུང་ནས་མ་འཕྲོད་པའི་རྟགས་སུ་དེ་མ་ཐག་དབུགས་མི་བདེ་བ་འབྱུང་བ་ཡིན། ཡང་རྫས་སྦྱོར་གང་ཞིག་དང་འཕྲད་པའི་དབང་གིས་དབུགས་མི་བདེ་བའི་ནད་རྟགས་དེ་མ་ཐག་མ་སྟོན་རུང་རྫས་སྦྱོར་དེ་ཡང་ཡང་འཕྲད་པའི་རྐྱེན་གྱིས་ཡུན་འཚམ་སོང་རྗེས་ལུས་ཀྱི་འགོ་ནད་སྔོན་འགོག་མ་ལག་དེ་ལོག་པའི་ལས་བྱས་པའི་དབང་གིས་གློ་བའི་རྩ་སྦུབས་ཀྱི་ཤ་གནད་དག་འཁུམ་ནས་དབུགས་ལམ་དོག་ཏུ་སོང་བས་དབུགས་མི་བདེ་བའི་ནད་རྟགས་མངོན་པ་བཅས་ཡིན།

Ø གཉན་ཁ། བྱིས་པའི་དབུགས་ལམ་དུ་གཉན་སྲིན་ (Syncytial Virus, Rhinovirus, Parainfluenza Virus) བཅས་ཀྱིས་ནད་འདིའི་སློང་རྐྱེན་བྱེད་སྲིད་པ་ཡིན།

Ø སེམས་ཚོར་དྲག་པོ། སྐབས་རེ་སེམས་ཕྲལ་དང་། ཁོང་ཁྲོ། སེམས་ངར་བཅས་ཀྱིས་དབུགས་མི་བདེ་བ་དྲག་པོའི་སློང་རྐྱེན་དུ་གྱུར་སྲིད།

Ø བྲང་ཚ་ཆུ་སྐྱུར་གྱི་ནད། Gastroesophageal Reflux Disease (GERD) འདི་ནི་དབུགས་མི་བདེ་བའི་ནད་པ་འགའ་ཞིག་གི་ཐུན་མོང་བའི་སློང་རྐྱེན་ཞིག་ཡིན།

 

གསུམ་པ། ནད་རྟགས།

སྤྱིར་གསོ་བ་རིག་པའི་ནང་དུ་ནད་གཞི་འདི་ལ་དབྱེ་བ་ལྔ་བཤད་ཡོད་པ་དང་། ནད་རྟགས་ལའང་སྤྱི་དང་། བྱེ་བྲག་སོ་སོར་འབྱེད་ནས་བསྟན་ཡོད་ཀྱང་སྐབས་འདིར་མང་ཚོགས་ཀྱིས་རྟོགས་སླ་བའི་ཕྱིར་ནད་རྟགས་གཙོ་ཆེ་བ་འགའ་ཞིག་འགོད་རྒྱུ་ཡིན།

Ø སྙིང་ཁ་དང་རྩིབ་མ་གཡས་གཡོན་གཉིས་ལ་རྒྱང་ངམ་སྟོད་གཟེར་རྒྱག་པ། རྔུལ་ཐོན། སྨྲེ་ངག་འདོན།

Ø སྐབས་རེ་དབུགས་ཕྱིར་གཏོང་བ་མི་བདེ། སྐབས་རེ་དབུགས་ནང་དུ་རྔུབ་པ་མི་བདེ་བ་ཡོད།

Ø དབུགས་རྒོད། དབུགས་གཞའ་བ། དབུགས་དྲག དབུགས་བརྩེགས་པའི་རྣམ་པ་དུ་མ་ཡོད།

Ø ལུད་པ་མང་།

Ø མཚན་མོ་ཉལ་བའི་དུས་ནད་གཞི་འདི་མི་བདེ་བ་ཆེ་བ་ཡོད།

Ø སྐད་དམའ། སྐབས་རེ་ང་རོ་ཆེ། གྲེ་བ་འཛེར། མགུལ་སྐམ།

Ø ལྟོ་བ་སྦོ། ཟས་མི་འདོད། ཁ་སྐམ། སྐོམ་དད་ཆེ།

Ø མིག་གྱེན་ནམ། ཐུར་རམ། བསྐོར་ནས་ལྟ། མུན་པ་འཐིབ་པའི་སྣང་བ་བྱུང་། མཆི་མས་ཁེངས། མིག་འཁྲུལ། ཡ་གཅིག་དམར་པོ་གྱུར།

 

      དེང་རབས་སྨན་ལུགས་ལྟར་དབུགས་མི་བདེ་བའི་ནད་ཀྱི་སྤྱི་རྟགས་ནི།

Ø གློ་རྒྱག་པ། དེ་ཡང་དམིགས་བསལ་མཚན་མོའི་དུས་གློ་རྒྱག་པ་ཡིན།

Ø འཁུན་སྒྲ་སྒྲོག་པ། དབུགས་འབྱིན་རྔུབ་སྐབས་འཁུན་སྒྲ་ཡོད་པ།

Ø དབུགས་ཐུང་བ།

Ø སྙིང་ཁ་སྡམ་པའམ། སྙིང་ལ་གཟེར་བའམ། སྙིང་གནོན་པའི་ཚོར་བ་ཡོད་པ་བཅས་ཡིན།

 

བཞི་པ། བཅོས་ཐབས།

བོད་ཀྱི་གསོ་བ་རིག་པའི་ལུགས་སུ་ནད་གཞི་བཅོས་ཐབས་ལ་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་གྲངས་ངེས་པ་ཡིན། འོན་ཀྱང་ནད་གཞི་ངོ་བོའི་སྒོ་ནས་ལྕི་ཡང་དང་དུས་ཀྱི་གསར་རྙིང་གཉིས་སོགས་ཀྱི་ཁྱད་པར་ཡོད་པས་བཅོས་ཐབས་སྐབས་ནད་གཞི་སྟོབས་ཆེ་བ་རྣམས་ལ་ངེས་པར་དུ་གཉེན་པོ་བཞི་ཀའི་དཔུང་བསྒྲིགས་ཏེ་འཐབ་དགོས་པ་ཡིན། འོན་ཀྱང་ཟས་སྤྱོད་གཉིས་ནི་ནད་གཞི་ཚང་མའི་བཅོས་ཐབས་སུ་མེད་ཐབས་མེད་པ་ཞིག་ཡིན།

དབུགས་མི་བདེ་བའི་བཅོས་ཐབས་སུ་གཉེན་པོ་སྨན་དཔྱད་གཉིས་སྨན་གཞུང་དུ་གསལ་བ་བཞིན་སྐབས་འདིར་མང་ཚོགས་ཀྱིས་ཤེས་རྟོགས་ཙམ་ཡོང་བའི་ཕྱིར་ཕྱོགས་ཙམ་བསྟན་པར་བྱ་སྟེ། ཐོག་མར་འཇམ་དཔྱད་བྱུག་པ་རྒྱག་དགོས་པར་གསུངས་ཡོད། དེ་ནས་བཤལ་སྐྱུགས་འཇམ་པོ་དང་། སྨན་གྱི་དུད་པ་རྔུབ་པ་དང་། དེ་ནས་སྤྱིའི་ཁོང་སྨན་དང་། ནད་བྱེ་བྲག་སོ་སོའི་ཁོང་སྨན་གཏོང་བ་ཡིན། དེས་ཀྱང་མ་ཞི་ན་མཐར་ཁྲག་གཏར་བ་དང་ཐུར་མ་འདེགས་པའི་དཔྱད་ཀྱི་ལག་ལེན་བཅས་བཅོས་ཐབས་རྣམ་གྲངས་མང་པོ་བསྟན་ཡོད། དེ་དག་ནི་སྤྱིའི་ཤེས་བྱའི་ཚུལ་དུ་ཁ་འཕངས་པ་ཙམ་ཡིན། ཁྱད་པར་སྨན་དཔྱད་གཉིས་ལ་ངེས་པར་དུ་གསོ་རིག་སྨན་པའི་ལམ་སྟོན་ལྟར་རྗེས་སུ་འབྲང་རྒྱུ་གནད་ཆེ།

 

ལྔ་པ། སྔོན་འགོག

སྐབས་འདིར་དབུགས་མི་བདེ་བའི་ནད་ཀྱི་སྔོན་འགོག་ཆེད་དུ་བསྟེན་དགོས་པའི་ཟས་སྤྱོད་ལ་གོ་དགོས་ཀྱང་། ཡང་ནད་གཞི་ཕོག་ཟིན་པ་དག་གིས་ཀྱང་ཟས་སྤྱོད་འདི་ཉིད་བསྟེན་ཆོག་ཀྱང་སྐབས་བབ་ཉེས་པ་གང་ཤས་ཆེ་ཆུང་ལ་གཞིགས་ནས་ཟས་སྤྱོད་བསྟེན་ཚུལ་ལ་ཁྱད་པར་ཅུང་ཟད་ཡོད་ན་ངེས་པར་གསོ་རིག་སྨན་པའི་ལམ་སྟོན་བཞིན་བྱ་དགོས་པ་རིགས་སོ།།

དབུགས་མི་བདེ་བའི་རྒྱུ་རྐྱེན་གཙོ་བོ་མ་ཞུ་བ་དང་། བད་ཀན་བེ་སྣབས་འཕེལ་བ། དེ་ལས་དབུགས་ལམ་འགག་པ་ལས་བྱུང་བ་ཡིན་སྟབས་ཟས་སྤྱོད་སྤང་བླང་བསྟེན་སྐབས་གོང་གི་རྒྱུ་རྐྱེན་ལ་དགོངས་པ་བཞེས་དགོས་པ་ལྟར་གཤམ་གསལ་ཟས་སྤྱོད་བླང་དོར་བསྟན་པ་དག་གིའང་དངོས་ཤུགས་བརྒྱུད་ནས་དབུགས་མི་བདེ་བའི་ནད་གཞིར་ཕན་གནོད་བྱེད་ནུས་པ་ཡིན།

 

དང་པོ། ཕན་པའི་ཟས་སྐོམ།

Ø ཟས་སྐོམ་འཇུ་སླ་བ་བསྟེན་དགོས་པ། ཐོག་མར་གང་ཟག་སོ་སོའི་ལྟོ་བ་སྲ་སྙི་བར་མའི་ཁྱད་པར་དང་། ཕོ་བའི་མེ་དྲོད་ཆེ་ཆུང་གང་ཡིན་པ་རྒྱུན་གཏན་ནས་རང་གིས་དོ་སྣང་གིས་ཤེས་པར་བྱས་པའམ་གསོ་རིག་སྨན་པར་བཀའ་འདྲི་ཞུས་ཏེ་ཤེས་ཐབས་གནང་ནས་ཟས་སྐོམ་འཇུ་སླ་བའི་རིགས་བསྟེན་དགོས། དུས་རྒྱུན་དུ་རང་གི་ཕོ་བའི་མེ་དྲོད་དེ་ཉིད་ནང་གི་ནོར་བུ་རིན་པོ་ཆེ་ལྟ་བུ་ཞིག་ལ་ངོས་བཟུང་ནས་དེ་མ་ཤོར་བ་གཅེས་སྤྲས་གནང་དགོས་པ་ཡིན། བོད་ཀྱི་གསོ་རིག་དགོངས་དོན་དུ་ནད་ཕལ་ཆེ་བ་མ་ཞུ་བ་ལས་སྐྱེད་པར་བྱེད་པས་ན་ནད་རིགས་སྔོན་འགོག་གི་ཟས་སྤྱོད་སྤང་བླང་བསྟན་པའི་ཡིག་ཆའི་ནང་དུའམ། དུས་རྒྱུན་གསོ་རིག་སྨན་པའི་བསླབ་བྱའི་ནང་དུ་ཕོ་བའི་མེ་དྲོད་སྲུང་དགོས་པ་དང་། མ་ཞུ་བ་གྱུར་བའི་ཟས་སྤྱོད་ལ་འཛེམ་དགོས་པ་སོགས་ཡང་ཡང་གདམས་པ་དག་ལ་སུན་སྣང་དུ་འཛིན་ནས་སྣང་ཆུང་དུ་མ་བཏང་བར་སྨན་པའི་ངག་བཞིན་དང་ལེན་ཞུ་དགོས་པ་གལ་ཆེན་པོ་ཡིན།

Ø ཟས་སྐོམ་འཇུ་སླ་བའི་རིགས། རགས་པའི་དབང་གིས་ཟས་ལ་འབྲུ་རིགས་དང་། ཤ་དང་། སྣུམ་དང་། སྔོ་ངད་དང་། དེ་དག་གཡོས་སྦྱོར་བྱེད་ཚུལ་བཅས་ལྔ་ཡོད། དང་པོ་འབྲུ་རིགས་གང་ཡིན་ཀྱང་ལོ་མ་འཁོར་བའི་འབྲུ་གསར་པ་དང་རློན་པ་རྣམས་ནི་ངོ་བོ་ལྕི་བས་འཇུ་དཀའ་ལ་བད་ཀན་སྐྱེད་པ་ཡིན། ལོ་ལོན་པའི་འབྲུ་རྙིང་པ་དང་རླན་དང་བྲལ་བ་རྣམས་ནི་འཇུ་སླ་བ་ཡོད། འབྲུ་རིགས་དེ་དག་རྗེན་པ་ཟོས་ན་འཇུ་དཀའ་བ་ཡོད་ལ། གལ་ཏེ་བཙོས་ནས་བསྟེན་པ་ཡིན་ན་འཇུ་སླ་བ་ཡོད། དེ་ལས་ཟས་སུ་གཡོས་སྦྱོར་བྱེད་པའི་སྐབས་ཟས་བཅུད་སྐྱེད་ཆེད་ཚྭ་དང་ཤ་ཚིལ་སྔོ་ངད་སོགས་ཀྱི་སྡོར་འདེབས་ན་ཡང་ཞིང་འཇུ་སླ་བ་ཡོད། དེ་བཞིན་དུ་ཤ་རིགས་ལའང་། ཤ་གསར་པ་རྣམས་ངོ་བོ་བསིལ་ཞིང་རྙིང་པ་དྲོ་ལ་བཅུད་ཆེ་བ་ཡོད། ལོ་ལོན་པའི་ཤ་རྙིང་པའི་ངོ་བོ་ཤིན་ཏུ་དྲོ་བས་རླུང་གནོན་ཞིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན། ཤ་རློན་པ་མེར་བསྲེགས་པ་རྣམས་ནི་ལྕི་བས་འཇུ་དཀའ་བ་ཡོད། དེ་ལས་ཤ་སྐམ་པོ་དང་ལེགས་པར་བཙོས་པ་རྣམས་ནི་ཡང་ཞིང་འཇུ་སླ་བ་ཡོད། སྣུམ་གྱི་རིགས་སུ་ཕྱུགས་རིགས་ལས་བྱུང་བའི་རྩི་མར། འབྲུ་མར། དུད་འགྲོའི་རྐང་མར། ཚིལ་བཅས་རིམ་པ་བཞིན་ནུས་པ་ལྕི་ལ་བསིལ་བས་འཇུ་དཀའ་བ་ཡོད་པས་འཛེམ་ན་ལེགས། དེ་དག་ནི་སྤྱི་ཙམ་བསྟེན་པ་ལས་ཟས་རིགས་བྱེ་བྲག་སོ་སོའི་ཕན་ནུས་ལ་ཁྱད་པར་ཆེན་པོ་ཡོད་པའང་ངེས་དགོས། ཟས་སྐོམ་གང་ཡང་སྔ་དྲོ་བཟོས་པ་ཉིན་དགུང་ཞུ་ནས་རྒྱུན་གཏན་ཟས་ཀྱི་དུས་ཐོག་ཏུ་ལྟོགས་སྣང་ཤར་བ་ནི་ཟས་ལེགས་པར་འཇུ་བཞིན་པའི་རྟགས་མཚན་ཡིན།

Ø དབུགས་མི་བདེ་བའི་ནད་ལ་ཕན་པའི་ཟས་སྐོམ་བྱེ་བྲག་པ། འདིའི་ནང་དུ་ཤིང་ཏོག་སོགས་དབུགས་མི་བདེ་བར་དངོས་སུ་ཕན་ནུས་ཡོད་པ་དང་། བད་རླུང་དང་གློ་ནད་སེལ་བར་ཕན་པའི་ཟས་རིགས་རྣམས་བཀོད་ཡོད། དེ་དག་ནི། རྒྱ་སྲན། ནས། བོད་ལབ་བམ་ལ་ཕུག ཡུངས་དཀར། ཉ་སོགས་བརླན་ལ་གནས་པའི་ཤ་རིགས། ཁམ་བུ། རྒུན་འབྲུམ། སྟར་ཁ། སྟར་བུ། ཉི་མ་མེ་ཏོག འབྲི་ཏ་ས་འཛིན་འབྲས་བུ། ཚ་ལུ་མ། སེ་འབྲུ། ཤིང་ཚ། ལི་ཤི། ཕོ་བ་རིས། བྲུམ་ཤ (Pumpkin) བཙོང་། སྒ་སྐྱ། སྒ་མུག སྒོག་པ། ཡུང་བ། པི་པི་ལིང་། ཤུ་མོ་ཟ། རྒྱམ་ཚྭ། ཁ་རུ་ཚ། རྩབས་རུ་ཚྭ། བ་ཡི་འོ་མ། ལུག་གི་འོ་མ། རའི་འོ་མ། རྟའི་འོ་མ། མར་གསར། འབྲུ་ཆང་། སྦྲང་རྩི། ཆུ་ཁོལ་རྣམས་དབུགས་མི་བདེ་བར་དངོས་ཤུགས་གཉིས་སུ་ཕན་པའི་ཟས་སྐོམ་རྣམས་ཡིན།

Ø ནད་འདི་ལ་ཕན་པའི་སྨན་ཇའི་རིགས། ཁ་སྐོམ་པའི་དུས་སམ། ཡང་ན་སྔ་དྲོ་བད་ཀན་གྱི་དུས་སུ་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་སྐྲུན་ཞུས་པའི་དབུགས་མི་བདེ་བའི་སྨན་ཇ་དང་། བད་ཀན་ཇ་གཉིས་འཐུང་ཆོག་པ་ཡིན། གཞན་ཡང་སྨན་པའི་ལམ་སྟོན་ལྟར་བད་བྱུག་གི་བྱུག་པ་རྒྱག་པས་དབུགས་མི་བདེ་བ་ལ་ཕན་ཐོགས་ཡོད།

Ø རིག་གསར་སྨན་ལུགས་གཞི་བཟུང་ཕན་པའི་ཟས་རིགས།  དབུགས་མི་བདེ་བ་ལ་མཐའ་གཅིག་ཏུ་ཕན་པའི་ཟས་སྐོམ་སྐོར་ད་ལྟའི་བར་གསལ་པོ་ཤེས་མེད་ཀྱང་ལུས་འཚོ་ཆེས་པའམ་ལུས་ཚིལ་ཤིན་ཏུ་མང་བའི་མི་རྒྱགས་པའི་རིགས་དང་དབུགས་མི་བདེ་བ་ཚབས་ཆེན་དབར་འབྲེལ་བ་ཡོད་པ་ཤེས་ཡོད་ན་ལུས་པོའི་ལྗིད་ཚད་སྙོམས་པོ་ཡོང་བའམ་བད་ཚིལ་མ་རྒྱས་པའི་ཟས་སྤྱོད་བསྟེན་དགོས་པ་གལ་ཆེ། དེ་ནས་དབུགས་མི་བདེ་བའི་ནད་པ་རྣམས་ལ་འབྱུང་འགྱུར་ནད་རྟགས་མ་ལྡང་བའི་སྔོན་འགོག་དང་། དེ་བཞིན་ནད་རྟགས་ལྡང་བའི་སྐབས་ངར་ཤུགས་ཚབས་ཆུང་དུ་གཏང་བར་ཕན་པའི་ཟས་རིགས་ནི། ཀུ་ཤུ། ངང་ལག Avocado, Kiwi, སྔོ་པཱ་ལག སོ་མ་ར་ཙའི་འབྲས་བུ། དྲི་བཟང་ལྡུམ་བུ། བྲ་བོ། སྒོག་པ། ལྒ་སྨུག ཡུང་བ། གུང་ལ་ཕུག ཊོ་མེ་ཊོ། ཉི་མ་མེ་ཏོག་འབྲུ། རྒྱ་གར་བྲོ་མ། kale: ལོ་འཁོར་པད་ཚལ་གྱི་རིགས། Broccoli བཅས་རྒྱུན་དུ་བཞེས་པ་ཡིན་ན་ཕན་ཐོགས་ཡོད་པར་གསུངས་སོ།།

 

གཉིས་པ། ཕན་པའི་སྤྱོད་ལམ།

Ø བད་རླུང་རང་བཞིན་ཅན་གྱིས་གཟབ་དགོས་པ། དང་པོ་སྔོན་འགོག་ལ་ཁྱད་པར་དུ་བད་ཀན་དང་། དེ་ནས་རླུང་གི་རང་བཞིན་ཅན་གྱི་གང་ཟག་ལ་ནད་འདི་འབྱུང་ཉེན་ཆེ་བ་ཡོད་དེ་རང་གི་ལུས་རྟེན་གྱི་ཆ་ནས་ནད་འདིའི་རྒྱུ་གཙོ་བོ་མ་ཞུ་བའི་རྐྱེན་བཞི་ནས་གཅིག་ཚང་བ་དང་། ལྷག་པར་རླུང་གི་རང་བཞིན་ཅན་གྱི་མིའི་ཕོ་བའི་མེ་དྲོད་ནི་མི་སྙོམ་པ་དང་བད་ཀན་གྱི་ནི་མེ་དྲོད་ཆུང་བས་ཟས་སྐོམ་མ་ཞུ་བ་འབྱུང་སླ་བ་ཡིན། དེར་བརྟེན་བད་རླུང་རང་བཞིན་ཅན་གྱི་མིས་དུས་རྟག་ཏུ་རང་གི་ཕོ་བའི་མེ་དྲོད་ལ་གཅེས་སྤྲས་དགོས་པ་ཡིན། ནད་འདིའི་སྔོན་འགོག་ཚུལ་དུ་གཙོ་བོ་ཟས་སྐོམ་འཇུ་སླ་བ་བསྟེན་དགོས་པ་ཡིན། དེ་བཞིན་ཉེས་པ་རླུང་གི་ལས་མང་པོའི་ནང་ནས་གཅིག་དབུགས་འབྱིན་རྔུབ་བྱེད་པ་དེ་ཡིན་པས་རླུང་རང་གི་ལྡང་ཚད་ལས་ཟད་པའི་རྟགས་སུ་དབུགས་འབྱིན་རྔུབ་མི་བདེ་བ་འབྱུང་བ་ཡིན་པས་ལྟོ་དང་གཉིད་ཆག་པ། ཡུན་རིང་རླུང་བསེར་བུ་ཕོག་པ། སེམས་མྱ་ངན་གྱིས་གདུང་བ། སྨྲ་བ་མང་བ། ཤུགས་བཀག་སོགས་གནོད་པའི་སྤྱོད་ལམ་རིགས་འཛེམ་དགོས།

Ø ལུས་ཁམས་སྙོམས་པོ་དགོས་པ། སྤྱིར་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཕ་སྤུན་དང་འདྲ་བས་ཉེས་པ་གསུམ་ནས་གཅིག་རང་གི་ལྡང་ཚད་ལས་རྣམ་པར་འཕེལ་བ་ཡིན་ན་གཞན་གཉིས་པོ་དེའང་མ་བདེ་བར་འགྱུར་བས་རྒྱུན་གཏན་ཆ་སྙོམས་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། དེའི་དབང་གིས་སྨན་གཞུང་མན་ངག་ལྷན་ཐབས་ནང་དུ་ནད་འདིའི་སྐབས་སུ། ཟས་སྤྱོད་འདུ་བ་འཁྲུགས་རིགས་ཀུན་སྤང་བྱ། །ཞེས་གསུངས་ཡོད།

Ø ཞལ་ལག་དུས་ཐོག་བཞེས་དགོས་པ།  ཞལ་ལག་དུས་ཐོག་ཏུ་ཚད་གཞི་རན་པར་བཞེས་དགོས་པ་དང་། དམིགས་བསལ་དགོང་དྲོའི་ཞལ་ལག་གི་དུས་ཚོད་ཕྱི་དྲགས་རྒྱུ་མེད་ལ་གྲོད་ཁོག་རྒྱགས་ཚད་བཟའ་རྒྱུ་མེད་པ་གལ་ཆེ།

Ø རྩོལ་བཅག་རན་པ་བསྟེན། སྔ་དགོང་གཉིས་གོམ་འགྲོས་སུ་ཕེབས་པའམ། དགོན་པར་ཞབས་སྐོར་ཏུ་ཕེབས་པའམ། ཕྱག་འཚལ་བ་སོགས་ལུས་རྩལ་དུ་གྱུར་བ་གང་ཡང་བྱེད་ཀྱང་རུང་ལུས་ནས་རྔུལ་མ་ཐོན་ཙམ་བྱེད་པ་མཆོག་ཡིན། གལ་ཏེ་དེ་ལས་ཐལ་ན་ནང་གི་རླུང་འཁྲུགས་པའི་རྒྱུ་ཉིད་ཡིན་ན་སྤྱོད་ལམ་རན་པར་བསྟེན་པ་གནད་ཆེའོ།།

 

དང་པོ། གནོད་པའི་ཟས་སྐོམ།

Ø གནོད་པའི་ཟས་སྐོམ་རིགས། འབྲུ་རིགས་གསར་ཐོག་གམ་མ་སྨིན་པ་བསྟེན་དྲགས་པའམ། ཡང་ན་སྨིན་ནས་ཡུན་ལོན་པའི་རུལ་སུངས་རིགས་བསྟེན་པ། བ་ལང་སོགས་དུད་འགྲོ་ཤེད་མོ་སྐྱོ་པོ་ཡོད་པའི་ཤ་རིགས། ཚིལ་དང་། མར་རིགས། སྣུམ་ལྡན་ཟས་རིགས། ཚོད་མ་སོགས་ཟས་རྗེན་པའི་རིགས། ཟས་མ་ཚོས་པ། ཚོས་དྲགས་ནས་ཟས་ཚིག་པ། བཙོས་པ་ཡུན་རིང་བའི་ཁེངས་པོའི་ཟས་རྣམས་བསྟེན་དྲགས་པ། དེ་བཞིན་སྐོམ་ལའང་འཁྱགས་སྒམ་ནང་བཞག་པའི་ཆུ་གྲང་མོ་དང་། མངར་ཆུ་གྲང་མོའི་རིགས། ཞོ་མ་ལངས་པ། དར་བ་རས་པ། ཇ་གར་པོ་སོགས་ཡུན་རིང་འཐུངས་པ། སྔར་ཟོས་པའི་ཟས་མ་ཞུ་བའི་སྟེང་དུ་སླར་ཡང་བཟོས་དྲགས་པ་བཅས་ཀྱིས་བད་ཀན་གྲང་བའི་ནད་གཞི་སློང་བ་ཡིན། དེའི་དབང་གིས་མ་ཞུ་བེ་སྣབས་འཕེལ་བ་ཡིན་པས་ཟས་སྐོམ་བསྟེན་ཚུལ་འདིའི་རིགས་རྣམ་པ་ཐམས་ཅད་དུ་སྤོང་བར་རིགས་སོ།།

Ø གནོད་པའི་ཟས་སྐོམ་བྱེ་བྲག་པ། འདིའི་སྐབས་གཙོ་ཆེར་འབྱུང་བ་ས་ཆུའི་ནུས་པ་ལྕི་ལ་བསིལ་བའི་རིགས་སམ་རོ་ཁ་མངར་རིགས་བསྟེན་པས་མ་ཞུ་བ་གྱུར་བའི་ཟས་སྐོམ་རྣམས་བཞག་པ་ཡིན། དེ་ཡང་ཞོག་ཁོག དེའི་དྲངས་པའི་དེང་རབས་ཀྱི་སྟབས་བདེ་ཁ་ཟས་ (Chips) རིགས་སྣུམ་སྲེག་བཏང་བ་མཐའ་དག་དང་། སྣུམ་སྲེག་བག་ལེབ་པུ་རི་དང་ས་མོ་སཱ་ལ་སོགས་སྣུམ་སྲེག་བཏང་བའི་ཟས་རིགས། དེ་བཞིན་རྒྱ་གར་ནང་མངར་ཟས་རིགས་ཤིན་ཏུ་མང་བ་དེ་དག་དང་། ཤ་མོ། མཛུབ་ཚལ། སྲན་རིལ། སོ་བ། ར་ཤ་དང་ཕག་ཤ་བཅས་ངོ་བོ་བསིལ་བའི་ཤ་རིགས་བཅས་ཡིན། གཞན་ཡང་། ཚྭ། Calories ཚད་གཞི་མཐོ་པོ་ཡོད་པའི་ཟས་རིགས། རང་གི་ཁམས་ལ་མ་འཕྲོད་པའི་ཟས་སྐོམ་རིགས་སྣ་ཚོགས། བཟའ་བཅའ་ཧམ་རུལ་མ་ཤོར་བའི་སླད་དུ་བཅོས་མའི་སྨན་རྫས་བཏབ་པའི་རིགས་བསྟེན་པ་ཡིན་ན་འགའ་ཞིག་ལ་དེ་ཡིས་སློང་རྐྱེན་བྱེད་སྲིད། Gastroesophageal Reflux Disorder (GERD) བྲང་ཚ་ཆུ་སྐྱུར་ཅན་གྱི་ནད་དེ་ཡོད་པ་རྣམས་ལ་ནད་འདི་མང་བར་མངོན་པས་དེ་བཅོས་དགོས།

 

གཉིས་པ། གནོད་པའི་སྤྱོད་ལམ།

Ø ཟས་རྒྱགས་ཚད་བཟོས་པ། ཞལ་ལག་ལྟོ་བ་འགྲངས་པར་ཟོས་རྗེས་དལ་བར་གནས་གཅིག་ཏུ་ཡུན་རིང་འདུག་པ། དེ་ནི་དང་པོ་ཟས་ཚོད་རན་པར་མ་བཞེས་པར་རྒྱགས་ཚད་ཟོས་པའི་སྟེང་ལུས་ལ་འགུལ་བསྐྱོད་མེད་པར་གནས་གཅིག་ཏུ་བསྡད་པས་འཇུ་བྱེད་མཁྲིས་པའི་མེ་དྲོད་དེ་ཉིད་ཉམ་ཉེས་བཏང་བའི་སྤྱོད་ལམ་དུ་གྱུར་བས་མ་ཞུ་བ་རྗེས་སུ་འབྲང་བ་ཡིན།

Ø ཉིན་གཉིད་ལོག་པ། ནམ་དུས་དང་ལུས་ཀྱི་གནས་སྐབས་ཀྱི་ཁྱད་པར་མ་འབྱེད་པར་ཉིན་རྒྱབ་མ་ཆག་པར་གཉིད་ལོག་པས་བད་ཀན་སོགས་ནད་སྣ་ཚོགས་འབྱུང་བའི་རྒྱུར་གྱུར་བ་ཡིན། སྤྱིར་ན་ཚོད་རྒས་པ་དང་། ཆང་གིས་ར་བཟི་བའི་མི། སྟོབས་ཟད་པ། འཇིགས་སྐྲག་ཡོད་པའི་མི་ལ་ནམ་ཟླ་སོ་གའི་དུས་ནུས་པ་རྩུབ་ཅིང་ཡང་བའི་ཆ་འཕེལ་ཞིང་ལུས་ཀྱི་སྟོབས་འཕྲོག་པའི་དུས་ཡིན་པས་ཉིན་པར་གཉིད་ལོག་ན་ཕན་ཡང་དུས་གཞན་ལ་ནི་གནང་བ་མེད་དོ།།

Ø རླན་སྟེང་ཉལ། ས་རླན་པའམ། སྤང་ལྗོངས། ཞ་ལ་སོགས་གྲང་ངར་ཆེ་ཞིང་བཞའ་ཚན་ཆེ་བའི་གནས་སུ་ཡུན་རིང་ཉལ་འདུག་བྱས་པས་ལུས་ཀྱི་མེ་དྲོད་ལ་གནོད་པ་ཡིན། དེ་ལྟར་ལུས་འཁྱག་པས་ཆམ་པ་ཕོག་སྟེ་དབུགས་མི་བདེ་བའི་རྒྱུ་བྱེད་པ་ཡིན།

Ø ཆུར་ཞུགས། ཁྲུས་བྱེད་པའམ་གཙང་ཆུ་སོགས་སུ་དམིགས་བསལ་དགུན་དུས་གྲང་ངར་ཆེ་བའི་སྐབས་དང་། དཔྱིད་དུས་ཁོག་ཏུ་བསགས་པའི་བད་ཀན་ལྡང་བ་དང་མེ་དྲོད་ཉམས་པའི་དུས་སུ་ཆུ་གྲང་མོའི་ནང་ཡུན་རིང་ཞུགས་པ་ཡིན་ན་ཕོ་བའི་མེ་དྲོད་ལ་དོ་ཕོག་འགྲོ་བ་ཡིན།

Ø གོས་སྲབ་འཁྱགས། དེང་རབས་ཐོན་གསར་དང་དར་སྲོལ་སོགས་སྒྲོ་འདོགས་སྣ་ཚོགས་ཀྱིས་བསླད་ནས་ལུས་ཀྱི་ཡན་ལག་ཕྱིར་མངོན་པར་བྱེད་པའི་གོས་སྲབ་མོ་དག་གྱོན་པའམ། ལུས་ཀྱི་ཁམས་དང་ཡུལ་དུས་སོགས་གནས་སྐབས་ལ་མ་གཟིགས་པར་གོས་སྲབ་མོ་གྱོན་པའི་དབང་གིས་ལུས་འཁྱག་ཏུ་འཇུག་པ། བཅས་ཀྱི་བད་ཀན་གྲང་བའི་ནད་གཞི་སློང་བ་ཡིན།

Ø ཉེས་པ་འཁྲུགས་པའི་ལས། དྲག་ཤུལ་གྱི་ལས་ཡུན་རིང་བྱས་པ་དང་། བཤང་གཅི་འོག་རླུང་སོགས་རང་བཞིན་གྱིས་ཕྱིར་འབྱུང་བའི་འགྲོས་ལ་ཤུགས་ཀྱིས་བཀག་པའམ་བཙིར་བས་ཁྱབ་བྱེད་རླུང་དང་ཐུར་སེལ་རླུང་འཁྲུགས་ནས་དབུགས་ནང་དུ་རྔུབ་དཀའ་བ་གྱུར་བ་ཡིན། ལྷག་པར་སྐྱུགས་པ་དང་ལུད་པ་གཉིས་ཤུགས་ཀྱིས་བཀག་པས་དབུགས་མི་བདེ་བ་གྱུར་བ་ཡིན།

Ø དུ་བ་འཐེན་པ། ཐ་མ་ཁ་དང་དེའི་རིགས་སུ་གཏོགས་པ་སྣ་ཚོགས་ཤིག་ཡོད་པའི་དུག་རྫས་ཀྱི་དུད་པ་ཡུན་རིང་རྔུབ་པས་གཙོ་ཆེར་གློ་བ་དང་དེ་བཞིན་ནང་གི་དོན་སྣོད་སོགས་ལ་གནོད་སྐྱོན་ཚབས་ཆེར་བཏང་བས་དབུགས་མི་བདེ་བའི་ནད་གཞིའི་རྒྱུར་གྱུར་བ་ཡིན། གཞན་ཡང་འདིའི་སྐབས་འཕྲུལ་འཁོར་སོགས་ནས་ཐོན་པའི་རླངས་དུད་ཁ་སྣའི་བརྒྱུད་ནས་ནང་དུ་རྔུབ་པའམ། འཁོར་ཡུག་འབག་བཙོག་ཅན་གྱི་ཕྱི་རླུང་ངན་པའམ། གད་སྙིགས་བསྲེགས་པའི་དུད་པ་ངན་པ་རྔུབ་དྲགས་པ་སོགས་ལས་གློ་བ་དང་རྩ་སྦུབས་བཅས་ལ་ཕོག་ནས་རིམ་བཞིན་དབུགས་མི་བདེ་བ་གྱུར་བ་བཅས་ཡིན།

Ø བྱིས་པའི་དབུགས་མི་བདེ་བ། ནད་གཞིའི་ཆ་ནས་བྱིས་པ་དང་དར་མའི་དབུགས་མི་བདེ་བ་གཉིས་ལ་ཁྱད་པར་མེད་ཀྱང་། དར་མ་ལས་བྱིས་པའི་དབུགས་ལམ་དེ་ཆུང་བ་ཡོད་པས་ནད་འདི་བྱིས་པ་ལ་ཕོག་ན་ཛ་དྲག་ཏུ་གྱུར་བ་ཡིན། རིམས་ཆམ་ལ་སོགས་དབང་གིས་གྲེ་བའི་ཕྱོགས་སུ་སྟོད་ཀྱི་དབུགས་ལམ་དུ་གཉན་ཁ་ཞུགས་པའམ། གོང་དུ་བཤད་པའི་མི་འཕྲོད་པའི་རྫས་རིགས་གང་རུང་ཞིག་ལ་རེག་ཐུག་བྱུང་བ། ཐ་མག་འཐེན་པའམ་འཐེན་མཁན་ཉེ་འགྲམ་དུ་སྡོད་པས་དུ་བ་ནང་དུ་སོང་བ། བཟོ་གྲྭའི་ནང་རྫས་སྦྱོར་སྣ་ཚོགས་བསྲེ་སྦྱོར་བྱས་པའི་དུད་རླངས་རྔུབ་པ། བར་སྣང་ཁམས་ཀྱི་འབག་བཙོག་ཅན་གྱི་ཐལ་རྡུལ་སོགས་རྔུབ་པའི་རྐྱེན་དག་ལས་བྱིས་པ་རྣམས་ལ་ནད་འདི་ཕོག་པས་གནོད་པའི་སྤྱོད་ལམ་དེ་དག་ལ་གཟབ་དགོས། འོན་ཀྱང་དེང་རབས་གྲོང་ཁྱེར་ཆེ་ཁག་ཏུ་སློང་རྐྱེན་དེ་ཚོ་ཕལ་ཆེར་ཚང་སྟབས་གྲོང་ཁྱེར་ནང་འཚར་ལོངས་བྱེད་བཞིན་པའི་བྱིས་པ་རྣམས་ལ་ནད་འདི་ཕོག་ཉེན་གཞན་ལས་ཆེ་བ་ཡོད་སྟབས་དམིགས་བསལ་ནད་འདིའི་སྔོན་འགོག་ཐབས་ལམ་རྣམས་ལ་དོ་སྣང་གནང་དགོས།

 

དྲུག་པ། བོད་སྨན་གྱི་ཕན་སྐྱེད་ཇི་ཡོད།

Ø བོད་སྨན་གྱི་ཕན་སྐྱེད་སྐོར། དབུགས་མི་བདེ་བའི་ནད་པ་མང་པོས་བོད་སྨན་བསྟེན་པའི་རྗེས་དྲག་སྐྱེད་ཆེན་པོ་བྱུང་ཡོད་པའི་སྐོར་ཉམས་ཞིབ་སྡེ་ཚན་དུ་འབྱོར་བའི་ནད་པའི་བདེན་དཔང་ཡིག་ཆ་མང་པོ་ལས་ཤེས་ཐུབ། དེའི་ནང་ནད་པ་མང་པོ་ཞིག་ལ་ནད་འདི་བྱིས་པའི་དུས་ནས་ཡོད་པ་དང་། འགའ་རེ་ལོ་ན་བཅུ་དང་ཉི་ཤུའི་སྔོན་དུ་ནད་འདི་ཕོག་ནས་སྨན་བཅོས་རིམ་པ་མང་པོ་བྱས་ཀྱང་ཕན་སྐྱེད་དེ་ཙམ་མ་བྱུང་རྗེས་གཞི་ནས་བོད་སྨན་ཡུན་རིང་བསྟེན་པས་ད་ལྟ་འགའ་ཞིག་ནད་འདི་སེང་དྲག་ཕྱིན་པ་དང་། མང་པོ་ཞིག་སྔར་གྱི་གནས་སྟངས་ལས་ཕན་སྐྱེད་ཆེན་པོ་བྱུང་བའི་བོད་སྨན་ལ་ཡི་རངས་བ་དང་། རང་གི་འཚོ་བའི་ནང་ནད་གཞི་འདིའི་རྐྱེན་པས་ཚོར་བ་མི་བདེ་བ་མེད་པ་ཆགས་ནས་བློ་སེམས་ཚིམ་པོ་བྱུང་ཡོད་ཚུལ་སོགས་འཁོད་ཡོད། དེའི་ཕྱིར་ནད་འདི་མནར་བ་རྣམས་ཀྱིས་བོད་སྨན་མུ་མཐུད་ནས་བསྟེན་པ་ཡིན་ན་ཕན་ཐོགས་ཡོད་པས་ངེས་པར་གསོ་རིག་སྨན་པ་བསྟེན་དགོས།

 

བདུན་པ། དམིགས་བསལ་ལམ་སྟོན།

Ø འཁོར་ཡུག་ལ་དོ་སྣང་དགོས། ཕྱི་རོལ་ཁམས་ཀྱི་འཁོར་ཡུག་སྲུང་སྐྱོབ་དང་། གཙང་ཉར་ལ་དམ་དོན་གནང་དགོས་པ་ནི་དབུགས་མི་བདེ་བའི་ནད་གཞིའི་སློང་རྐྱེན་ཙམ་མ་ཟད་འཁོར་ཡུག་དེར་གནས་མཁན་སྲོག་ཆགས་ཚང་མའི་བདེ་སྡུག་དང་འབྲེལ་བ་ཆེན་པོ་ཡོད་པས་འཁོར་ཡུག་ལ་དོ་སྣང་དམིགས་བསལ་བྱེད་དགོས། རང་ངོས་ནས་གད་སྙིགས་གང་སར་དོར་བ་དང་། འགྱིག་ཤོག་བེད་སྤྱོད་ཤས་ཆེར་གཏོང་བ། ལྷག་པར་དེང་རབས་འཁོར་ཡུག་བརྡལ་བཤིག་འགྲོ་རྐྱེན་ཆེ་ཤོས་ནི་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་ཁྱབ་སྤེལ་འགྲོ་བ་དེ་ལ་ཐད་ཀར་ཐུག་ཡོད་ན་རང་གི་སྒོ་གསུམ་གྱི་སྤྱོད་ལམ་དེ་འདོད་རྔམ་གྱི་གཞན་དབང་དུ་མ་སོང་བར་གཞན་ཕན་བསམ་བློ་ཡོད་པ་དང་། ཡང་དག་པ། ཐལ་ཆ་མེད་པ་ཞིག་དང་། རང་བྱུང་འཁོར་ཡུག་ལ་བརྩི་བཀུར་ཡོད་པ། འབྱུང་འགྱུར་སྲོག་ཆགས་ཀུན་ལ་བརྩེ་སེམས་དང་། འགན་ལེན་ཡོད་པ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། ཡང་དབུགས་མི་བདེ་བ་ནད་པ་གང་ཞིག་འཁོར་ཡུག་འབག་བཙོག་ཐལ་རྡུལ་ཡོད་སར་འགྲོ་དགོས་ཤར་བའི་སྐབས་ངེས་པར་ཁ་རས་གྱོན་དགོས་ལ་རྟག་ཏུ་རང་གི་སྡོད་ཁྱིམ་གཙང་ཉར་གནང་དགོས།

Ø དུད་པའི་རིགས་སྤོང་དགོས། ཐ་མག་སོགས་དུད་པའི་རིགས་འཐེན་མཁན་རྣམས་ལ་ནད་འདི་འཕོག་རྒྱུའི་གོ་སྐབས་ཐ་མག་མ་འཐེན་མཁན་ལས་ཧ་ཅང་ཆེ་བ་ཡོད་པ་གསལ་པོ་རེད། དེར་བརྟེན་ཐ་མག་དངོས་སུ་འཐེན་རྒྱུ་མེད་ལ། གཞན་དག་གིས་འཐེན་བཞིན་པའི་སྐབས་ཉེ་འགྲམ་དུ་འང་བསྡད་རྒྱུ་མེད།

Ø དུས་ཐོག་བཅོས་དགོས་པ། ཆམ་རིམས་ཀྱི་ནད་དང་གློ་ནད་གང་ཡང་ནམ་ཕོག་པ་ལྷོད་གཡེང་གིས་མ་འགྱང་བར་དུས་ཐོག་བཅོས་ཀ་མཐར་ཕྱིན་པ་གནང་གལ་ཆེ།

Ø སྟངས་འཛིན་གནང་ཐབས། ནད་གཞི་འདི་མི་འཕྲོད་པའི་རྫས་རིགས་གང་དང་རེག་ཐུག་ལས་བྱུང་བ་ཡིན་སྟབས་མི་འཕྲོད་པའི་སློང་རྐྱེན་དེ་དག་དང་ཐད་ཀར་རེག་ཐུག་མ་ཡོང་བའི་དབུགས་མི་བདེ་བའི་སྟངས་འཛིན་བྱེད་ཐབས་ཀྱི་འཆར་གཞི་ཡག་པོ་ཞིག་དགོས་གལ་ཆེ། དེའི་ནང་དུ། ནད་པ་སོ་སོ་ལ་གཞིགས་ནས་ནད་གཞི་སློང་རྐྱེན་གང་ཡིན་པ་ངོ་འཕྲོད་པར་བྱས་ནས་དེ་དང་རེག་ཐུག་མ་ཡོང་བའི་ཐབས་ཤེས་གནང་དགོས། སྨན་པས་གནང་བའི་སྨན་དུས་ཐོག་ཏུ་བཞེས་དགོས། དབུགས་མི་བདེ་བའི་སྔོན་རྟགས་གློ་རྒྱག་པའམ་སྙིང་བསྡམ་པ་ཡང་ན་ཐང་ཆད་པ་བཅས་ནད་པ་འགའ་ཞིག་ལ་དེ་ལྟར་སྣང་བ་ཡིན་པས་མངོན་ཚུལ་རྣམས་ལ་དོ་སྣང་གནང་དགོས། དབུགས་མི་བདེ་བའི་ནད་རྟགས་མཐུ་ཆེན་དུ་འགྱུར་སྐབས་བྱེད་ཐབས་ཚང་མ་སྔ་ས་ནས་གྲ་སྒྲིག་དགོས་སོ།།

 

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།

བོད་ཀྱི་སྐར་རྩིས་རིག་པའི་སྒོ་ནས་དབུགས་མི་བདེ་བའི་ནད་གཞི་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།

དབུགས་མི་བདེ་བའི་ནད། འབྱུང་ཁམས་སྣ་ཚོགས་པ་དབྱེར་མེད་པའི་ཐོར་བུའི་ནད་རིགས་བཅུ་གསུམ་ནི། སྐད་འགགས་པའི་ནད། ཁ་སྐོམ་པའི་ནད། གཡིག་པ། ཡི་ག་འཆུས་པ། དབུགས་མི་བདེ་བའི་ནད། གླང་ཐབས་ཀྱི་ནད། འཁྲུ་བའམ་གྲོད་ཁོག་བཤལ་བ། འབྲུམ་བུའི་ནད། ཉྭ་ལོག་པ། ཆང་ནད།  སྐྱུག་པ། སུརྱ་ནད། འབྲས་ནད་བཅས་ནད་རིགས་བཅུ་གསུམ་དུ་འདོད་པ་ཡིན།

འབྱུང་བའི་ཁམས་ནི་སྣ་ཚོགས་པ་ལས་བྱུང་བ་སྟེ། མེ་གཉིས་ལྕགས་གཉིས་ས་གཅིག་དང་། །ས་གཉིས་ཤིང་གཉིས་ཆུ་གཅིག་དང་། །ཆུ་གཉིས་ཤིང་གཉིས་ལྕགས་གཅིག་དང་། །ལྕགས་གཉིས་ཤིང་གཉིས་མེ་གཅིག་དང་། །མེ་གཉིས་ཤིང་གཉིས་ས་གཅིག་རྣམས། །འབྱུང་བ་ཤར་བ་ཐོར་བུའི་ནད། །དེ་ལྟར་ཤེས་བྱ་ཐོར་བུ་ལ། །བཅུ་གསུམ་དག་ཏུ་འདོད་པ་ཡིན།

དེ་ལྟ་བུའི་ནད་ལ་རྐྱེན་དང་གནོད་པ་ནི། ཐབ་གཞོབ་གཏང་བ་དང་། འཁོན་འཁྲུག་བྱུང་བ། བཙོག་གྲིབ་ཕོག་ཅིང་མནོལ་ཤོར་བ་སོགས་ཀྱི་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བརྒྱ་བཞི་གཏོང་། ཆ་གསུམ་ལོ་གྲངས་གཏོང་། ཆོས་སུ་གནམ་ས་སྣང་བརྒྱད་ཤར་ཕྱོགས་ལ་ཞལ་གཟིགས་ཏེ་ཀློག བཀྲ་ཤིས་བརྩེགས་པ་ལྷོར་ཞལ་གཟིགས་ཏེ་ཀློག སྟོབས་པོ་ཆེ་ནུབ་ལ་ཞལ་གཟིགས་ཏེ་ཀློག དག་པ་གསེར་གྱི་མདོ་ཐིག་བྱང་ལ་ཞལ་གཟིགས་ཏེ་ཀློག ཉེས་པ་ཀུན་སེལ་དང་། སྤང་སྐོང་འདོན། སྲོག་བསླུ་འམ་ཚེ་མཐར་གཏོང་། བཟང་སྤྱོད་འཆི་བསླུ་བྱ། གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔག་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ།།

འདི་ནི་དབུགས་མི་བདེ་བའི་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདི་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན།།  །།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།