སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་འབྲེལ་བའི་སྐོར་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2015
ཆེད་རྩོམ། >>

 


༄༅། །བོད་ཀྱི་སྨན་རྩིས་གཉིས་ཀྱི་འབྲེལ་བའི་འབྱུང་རྩ་གང་ལ་ཐུག་གི་སྐོར་རགས་ཙམ་དཔྱད་པ།

 

- རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན།

 

དེ་ལ་འདིར་དེང་གི་དུས་སུ་འཛམ་གླིང་ཁྱོན་དུ་དར་ཆེ་བའི་རིག་གསར་གྱི་སྨན་དང་། རིག་གསར་གྱི་རྩིས་རིག་གཉིས་དབར་ཕན་ཚུན་འབྲེལ་མེད་དུ་གནས་པའི་རྐྱེན་གྱིས། བོད་ཀྱི་སྨན་གཞུང་དང་རྩིས་གཞུང་གི་བར་ལ་འབྲེལ་བ་ཡོད་ཚུལ་བརྗོད་པའི་ཚེ། ཡ་མཚན་ལྟ་བུས་དྲི་བ་བྱེད་མི་ཡང་མང་དག་ཡོང་བཞིན་འདུག་ཅིང་། འདིའི་ཐད་ལ་གཞིས་བཞུགས་ཀྱི་མཁས་དབང་འགས་(༡)རྩོམ་བྲིས་ཀྱི་ལམ་ནས་བློ་དྭོགས་སེལ་བའི་དཔྱད་ཐུང་འགའ་ཞིག་འདོན་གནང་མཛད་འདུག་ཅིང་། གུས་ནས་ཀྱང་དེ་སྔ་ཕྱི་ལོ་༡༩༨༠ ལོར་རགས་ཙམ་ཞིག་བྲིས་ནས་དབྱིན་བསྒྱུར་གྱིས་དུས་དེབ་ཐོག་(༢)འདོན་སྤེལ་བྱས་པ་ཡིན། འོན་ཀྱང་སྨན་རྩིས་གཉིས་ཀྱི་འབྲེལ་བ་དེ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ཞིག་ཡིན་འདུག་པས། རང་བློས་གང་དཔོག་གིས་འབྱུང་གཞིའི་རྩ་བ་གང་ལ་ཐུག་པ་དཔྱད་པ་ན། མདོ་སྔགས་ཀྱི་གཞུང་ལ་སྦྱང་པ་དམན་ཞིང་བློའི་མཐུ་ཞན་པས་དཔྱིས་ཕྱིན་པར་རྟོགས་དཀའ་ནའང་ད་ལམ་འདིར་རགས་ཙམ་ཞིག་འདི་ལྟར་མིན་ནམ་སྙམ་ནས་གསོལ་བ་ལ།

དེ་ལ་འདི་ལྟར་མཐོང་སྟེ། གསོ་བ་རིག་པའི་གཞུང་གི་རྩ་བ་དཔལ་ལྡན་རྒྱུད་བཞི་དང་། སྐར་རྩིས་ཀྱི་ཁུངས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ། ནག་རྩིས་སམ་གཙུག་ལག་སྤོར་ཐང་འབྱུང་རྩིས་བཅས་ཀྱི་དགོངས་པའི་གཞི་མཐུན་པར། སྤྱིར་སྣོད་བཅུད་འཇིག་རྟེན་གྱི་ཁམས་འདི་འབྱུང་བ་ཆེན་པོ་ལྔ་འདུས་པ་ལས་གྲུབ་ཅིང་། བྱེ་བྲག་འགྲོ་བའི་གཙོ་བོ་མིའི་ལུས་རྟེན་འདི་ཉིད་ཀྱང་འབྱུང་བ་ཆེན་པོ་རྣམས་འདུས་པ་ལས་གྲུབ་པར་གསུངས་པ་དང་། དེ་ལ་འབྱུང་བའི་ཆ་མ་སྙོམས་པར་ནད་ཀྱི་གདུང་བར་གྱུར་བ་ན། གསོ་བྱེད་ཀྱི་གཉེན་པོ་སྨན་ཡང་འབྱུང་བ་ལྔ་ལས་གྲུབ་པ་དག་སྦྱིན་ནས་གསོ་དགོས་པར་བསྟན་པ་དང་། དེ་བཞིན་དུ་སྐྱེ་བུའི་ནང་བསམ་པའི་རྣམ་རྟོག་འཁྲུགས་པའམ་ཐེ་ཚོམ་གྱི་དྲ་བར་ཆུད་པ་དག་ནི། བླང་དོར་གྱི་གནས་འབྱེད་པའི་གཙུག་ལག་སྐར་ནག་རྩིས་ཀྱི་གཞུང་ལུགས་ལས་སེལ་བར་བྱེད་པས་ན་གཞུང་ལུགས་འདི་ཡང་འབྱུང་བ་ལྔ་ལ་བརྟེན་པའམ་འབྲེལ་བའི་དབང་གིས། གཉིས་ཀའི་གཞི་མ་འབྱུང་བ་ལྔ་(༣)ལ་ཐུག་པ་ནི་འབྲེལ་བ་ཡོང་ས་གཞིའི་རྩ་བ་མིན་ནམ་སམ་ཞིང་། རྒྱུ་མཚན་དེ་དག་ཀྱང་རང་འགར་རྟོག་བཟོ་ཙམ་མིན་པ་རྒྱལ་བའི་གསུང་རབ་ཀྱི་ལུང་གི་ཁུངས་དང་ལྡན་པར་ཞུས་པ་ཡིན་ཅིང་། ཐོག་མར་མིའི་ལུས་རྟེན་གྲུབ་ཚུལ་ལ་འབྱུང་བ་ཆེན་པོ་ལྔ་ལས་གཅིག་ཙམ་མ་ཚང་ཡང་ལུས་འགྲུབ་པར་མི་ནུས་པ་གསོ་བ་རིག་པའི་གཞུང་ནས་བསྟན་པ་འདི་ལྟ་སྟེ། བཤད་རྒྱུད་ཆགས་ཚུལ་གྱི་ལེའུ་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་ན་འཕེལ་བའི་གོ་མི་བྱེད།།(༤)  ཅེས་གསུངས་པ་ལ་དོན་འགྲེལ་དང་ཚིག་འགྲེལ་གཉིས་ལས་དང་པོ་དོན་འགྲེལ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་བཻ་སྔོན་དེ་འཐད་ཀྱི་མཚམས་སུ། འབྱུང་བ་ལྔ་མ་འཛོམས་ན་རྒྱུར་མི་རུང་བའི་ཚུལ་གྱིས་ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས་ཞེས་སོགས་ཀྱི་ཚིག་འདི་ལ་རྟོག་ལྡན་འགའ་ཞིག་ན་རེ། ཕ་མའི་ཁུ་བ་དཀར་དམར་ནི་འབྱུང་བ་ལྔའི་རང་བཞིན་དུ་གྲུབ་ཅིང་བར་སྲིད་ཀྱི་རྣམ་པར་ཤེས་པའང་ཤིན་ཏུ་ཕྲ་བའི་འབྱུང་ལྔ་རང་ཆས་སུ་ཡོད་པས་ས་སོགས་མེད་པ་ག་ལ་འགྱུར། དེ་ལས་གཞན་པའི་འབྱུང་ལྔ་ནི་མངལ་དུ་འཇུག་པའི་སྐབས་མེད་པས་ཚིག་འདི་ནི་གྱི་ན་བ་ཙམ་མོ་ཞེས་སྨྲ་བར་དྭོགས་པས་བརྗོད་པར་བྱའོ།། ཁུ་ཁྲག་སེམས་གསུམ་པོ་ལ་རང་ཆས་སུ་འབྱུང་ལྔ་ཡོད་པ་དང་། དེ་ལས་གཞན་པའི་འབྱུང་ལྔ་མངལ་དུ་འཇུག་པའི་སྐབས་མེད་པ་ནི་བདེན་མོད། འོན་ཀྱང་། གཞུང་ཚིག་འདིས་ནི་འདི་ལྟར་སྟོན་པ་ཡིན་ཏེ། མི་ཤེས་པ་འགའ་ཞིག་གི་བསམ་པ་ལ་འབྱུང་བ་ཆེན་པོ་རྣམས་ལ་མ་ལྟོས་པར་ཁུ་ཁྲག་ཁོ་ནས་ལུས་ཆགས་ཤིང་འཕེལ་བའི་རྒྱུ་བྱེད་པར་འདོད་ཅིང་། ཁུ་ཁྲག་དེ་ཡང་འབྱུང་ལྔའི་རང་བཞིན་དུ་མི་ཤེས་པ་རྣམས་ཀྱི་ལོག་རྟོག་དགག་པའི་ཆེད་དང་། མདོ་དོན་དུ་ལུས་ཆགས་བསྐྱེད་ཐམས་ཅད་རྒྱུ་རྐྱེན་བྱེད་པ་ནི་འབྱུང་བ་ཆེན་པོ་ལྔ་ལས་མ་བྱུང་བ་མི་སྲིད་དོ་ཞེས་སྟོན་པ་ཡིན་ནོ།།(༥) ཞེས་གསུངས་པ་འདིས་དགོས་པ་དང་བཅས་པ་བསྟན་པ་ཡིན་ལ། དེ་བཞིན་དུ་འདིའི་འཐད་ཀྱི་འགྲེལ་པ་ཟུར་མཁར་བློ་གྲོས་རྒྱལ་པོའི་མེས་པོའི་ཞལ་ལུང་དུ་ “གཉིས་པ་ཚིག་གི་དོན་ནི་ས་མེད་ཅེས་པ་ནས་གོ་མི་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་རྒྱུའི་གཙོ་བོ་ཁུ་ཁྲག་སེམས་གསུམ་པོ་འདུས་སུ་ཟིན་ཡང་། དེའི་ཚེ་འབྱུང་བ་ཆེན་པོ་རྣམས་ཀྱི་ནང་ནས་སའི་རང་བཞིན་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལུས་འདི་ཉིད་གྲུབ་པར་མི་འགྱུར་ཏེ། ལུས་འདི་སྲ་བ་ལ་སོགས་པའི་རང་བཞིན་ཕལ་ཆེར་ནི་ས་ལས་གྲུབ་པའི་ཕྱིར། དེ་བཞིན་དུ་འབྱུང་བ་ཆུ་མེད་ན་གཞན་རྣམས་ཡོད་ཀྱང་གཅིག་ཏུ་བསྡུ་བར་མི་ནུས་ཏེ་གོར་གོར་མེར་མེར་པོ་ལ་སོགས་པ་འབྱུང་བར་མི་འགྱུར་རོ།། འབྱུང་བ་གཞན་རྣམས་ཡོད་ཀྱང་མེའི་རང་བཞིན་མེད་ན་རིམ་པ་བཞིན་སྨིན་པར་མི་འགྱུར་ཏེ་རུལ་ཞིང་མྱགས་པར་འགྱུར་བས་སོ།། གཞན་རྣམས་ཡོད་ཀྱང་རླུང་གི་རང་བཞིན་མེད་ན་ཆེ་ཆེར་འཕེལ་བར་མི་འགྱུར་ཏེ། ལྕི་ཞིང་འཐད་པར་གནས་པའོ།། དེ་དག་ཐམས་ཅད་ཡོད་ཀྱང་ནམ་མཁའ་སྟེ་སྟོང་བའི་ཆ་ཤས་གལ་ཏེ་མེད་པར་གྱུར་ན་ནི་འཕེལ་བའི་གོ་སྐབས་མི་བྱེད་དོ།། འཕེལ་ཞིང་རྒྱས་པར་འགྱུར་བའི་གནས་བཀག་པར་འགྱུར་བའི་དོན་གྱིས་སོ།།(༦) ཞེས་གསུངས་པ་དེ་དག་གིས་གསལ་བར་མཁྱེན་ངེས་ཤིང་།

      དེ་བཞིན་སྐར་རྩིས་ཆ་ནས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཐུག་པས་དེའི་དགོངས་པ་རྭ་འབྲོའི་རྒྱུད་པ་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་བཞེད་སྲོལ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོས་མཛད་པའི་དུས་འཁོར་ཊིག་ཆེན་ནང་ལེའི་འགྲེལ་བཤད་མངལ་དུ་ཁམས་ཇི་ལྟར་འཛིན་པའི་ཚུལ་བསྟན་པར། ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་ཞེས་པ་ནས་སྨིན་པར་བྱེད་དོ་བར་ནི། མའི་གསང་བའི་པདྨར་ཕའི་ཁུ་ཁྲག་འདྲེས་པ་དེ་ལུས་གྲུབ་པའི་ས་བོན་ཡིན་ཞིང་། དེ་མའི་གསང་བའི་པདྨའི་སའི་ཁམས་ཀྱིས་ས་འཛིན་པ་དང་། ཆུའི་ཁམས་ཀྱིས་དེ་ལས་གཞན་དུ་མི་འགྱེས་པར་སྡུད་པ་དང་། མེས་སྨིན་པར་བྱེད་པའི་དོན་ཏེ། རོ་དང་རོ་ཡི་ཞེས་པ་ནས། རོ་དང་རོ་ཡི་བཅུད་དེ་དག་མེས་ཁམས་དེས་ཟ་བ་སྟེ་སྨིན་པར་བྱེད་ལ། ས་བོན་འདི་མངལ་དུ་འཕེལ་བ་རླུང་གིས་བྱེད་དོ།། མའི་ལྟོ་བའི་ནང་གི་བུ་ག་ནམ་མཁའ་སྟོང་པ་དག་གིས་ཀྱང་འཕེལ་བའི་སྔོན་དུ་གོ་སྐབས་འབྱིན་པར་བྱེད་དོ།།(༧) ཞེས་གསུངས་པ་དང་། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྒྱལ་དབང་ཀརྨ་པ་ཞེས་མཚན་གྱི་ཡོངས་སུ་བསྔགས་པའི་སྐུའི་འཕྲེང་བ་གསུམ་པ་རང་བྱུང་རྡོ་རྗེའི་ཞབས་ཀྱིས་མཛད་པའི་དུས་ཀྱི་འཁོར་ལོའི་རྒྱུད་དོན་གསལ་བར་བསྟན་པ་ཟབ་མོ་ནང་དོན་ལས། པདྨར་ཆུད་པའི་ས་བོན་ནི། །འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་སྐྱེས་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན།།(༨) ཞེས་གསུངས་པའི་འགྲེལ་པ་འཇམ་མགོན་ཀོང་སྤྲུལ་གྱི་ནང་དོན་སྣང་བྱེད་དུ་ “མའི་པདྨར་ཆུད་པའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ་ནི་ས་བོན་ཏེ། དེའི་ཕྱིར་མི་ལྷུང་བ་ནི་མའི་མངལ་ས་ཁམས་ཀྱི་རང་བཞིན་གྱིས་རྣམ་པར་ཤེས་པ་མངལ་དུ་འཛིན་པར་བྱེད་ལ། ཆུའི་ཁམས་ཀྱི་རང་བཞིན་གྱིས་ཆེར་བསྐྱེད་པ་དང་། མེ་ཁམས་ཀྱི་རང་བཞིན་གྱིས་སྨིན་པར་བྱེད་ཅིང་། རླུང་གི་ཁམས་ཀྱིས་འཕེལ་བར་བྱེད་ལ། ནམ་མཁའི་ཁམས་ཀྱིས་འཕེལ་བ་དེའི་གོ་སྐབས་སོ་སོར་འབྱེད་པར་བྱེད། ཡེ་ཤེས་ཀྱིས་དེ་ཐམས་ཅད་ཀྱི་བདག་པོ་བྱེད་པ་ཡིན་པས་འབྲས་བུའི་གཟུགས་འབྱུང་གྱུར་གྱི་ལུས་སྣང་བར་བྱེད་དོ།། བྱེད་ལས་དེ་དང་ལྡན་པའི་ཁམས་དེ་ནི་ལྔ་ཚན་གསུམ་སྟེ་ལྷན་གཅིག་སྐྱེས་པའི་ཁམས་ལྔ་ནི་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཁམས་ལྔའི་བདག་ཉིད་དུ་གདོད་མ་ནས་བཞུགས་པ་དེ་ཉིད་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལས་ཀུན་འགྲོའི་མཚན་ཉིད་ཅན་གྱི་སེམས་བྱུང་ལྔ་གསུང་པ་དང་སྔ་འགྱུར་ལས་སེམས་འོད་ལྔའི་ངོ་བོར་བཞུགས་པ་ཉིད་རྒྱལ་བ་རིགས་ལྔར་གསུངས་པ་དང་། རྒྱུད་སྡེ་ཕལ་ཆེ་བའི་དགོངས་པར་རླུང་འོད་ཟེར་ལྔ་ལྡན་ཞེས་འབྱུང་བ་དང་། རྗེ་ཉིད་ཀྱིས་དྭངས་མ་ལྔ་འདུས་པའིི་ཡེ་ཤེས་འཐད་པར་གསུངས་པ་རྣམས་དོན་འདི་ལ་དགོངས་པ་ཡིན་ལ། མངལ་གྱི་ཁམས་ལྔ་ནི། ཁུ་ཁྲག་ཕྱིར་མི་ལྷུང་བར་བརྟན་པ་སྲ་བའི་ཆ་ལ་ས་དང་།  རླན་པ་ཆུ་ཁྲག་མེ་གཡོ་བ་རླུང་བུག་པ་ནི་ནམ་མཁའོ།། མངལ་ན་གནས་པ་དེའི་ཁམས་ལྔ་ནི། མངལ་གྱི་ཁམས་ལྔ་པོ་དེ་དང་ཆ་འདྲ་སྟེ། མངལ་ན་གནས་པ་དེ་ཉིད་ཁུ་ཁྲག་སེམས་གསུམ་འདྲེས་པ་ཡིན་པས་སོ།།(༩) ཞེས་གསུངས་པས་འདིར་ཁམས་ལྔ་ལ་ཞིབ་ཏུ་དབྱེ་བར་མཛད་ནས་ལྔ་ཚན་གསུམ་དུ་གསུང་པའི་དང་པོ་ལྷན་སྐྱེས་ཀྱི་ཁམས་ལྔ་པོ་དག་གསལ་བར་ཕྱེ་ནས་གསུངས་པ་ནི། གོང་དུ་བཻ་སྔོན་ལས་བར་སྲིད་པའི་རྣམ་པར་ཤེས་པའི་ཆ་ལ་ཡང་ཤིན་ཏུ་ཕྲ་བའི་འབྱུང་ལྔ་རང་ཆས་སུ་ཡོད་པར་གསུང་བ་དེའི་རྒྱབ་བརྟེན་ལྟ་བུར་གྱུར། དེ་ལྟར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དེ་དག་ཀྱང་དྲི་མ་མེད་པའི་འོད་ཅེས་བྱ་བ་བྱང་ཆུབ་སེམས་པ་འཇིག་རྟེན་དབང་ཕྱུག་མི་ཡི་བདག་པོའི་ཚུལ་བཟུང་བ་དཔལ་ཀ་ལ་པའི་ཞིང་གི་རྗེ་བོ་རིགས་ལྡན་གཉིས་པ་པདྨ་དཀར་པོས་མཛད་པའི་འགྲེལ་ཆེན་དེའི་དགོངས་པ་བླང་པ་ཡིན་ལ། འགྲེལ་ཆེན་ན་ཇི་ལྟར་གསུང་ཞེ་ན། འདི་ལྟ་སྟེ། “ མངལ་འཛིན་པ་ལ་སོགས་པ་གསུང་བ། ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་དབང་པོ་གཉིས་ཀྱི་སྦྱོར་བ་ལས་གསལ་བའི་པདྨར་ལྷུང་བའི་ཁུ་བ་དང་བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ།། ས་བོན་དེ་ནི་འཛིན་མས་འཛིན་ཏེ། གསང་བའི་པདྨ་ལ་སའི་ཁམས་གང་ཡོད་པ་དེ་ཡིས་སོ་ཞེས་པའི་དོན་ནོ།། པདྨར་གནས་པ་ཞེས་པ་ནི་གསང་བའི་པདྨར་གནས་པའོ།། གསང་བའི་པདྨ་དེ་ལས་ཆུ་ཡིས་སྡུད་དོ།། ཕྱི་ནང་ནི་མེ་ཡིས་སྨིན་པར་བྱེད་ཅིང་ཞེས་པ་ནི། ཆུ་ཡིས་རབ་ཏུ་སྡུད་པའི་ས་བོན་འདི་མེ་ཡིས་རབ་ཏུ་སྨིན་པར་བྱེད་དོ།། རོ་དང་རོ་ནི་ཟ་བར་བྱེད་དོ།། ཞེས་པ་ནི་རོ་དྲུག་མ་ཡིས་ཟོས་པ་དང་འཐུང་བ་གང་ཡིན་པའི་རོ་དང་རོ་དེ་དག་མ་ཡིས་ཟ་བར་བྱེད་དོ།། ས་བོན་འདིའི་འཕེལ་བ་རླུང་གིས་བྱེད་དོ།། ནམ་མཁའ་སྟོང་པ་དག་ཀྱང་འཕེལ་བའི་སྔོན་དུ་གོ་སྐབས་འབྱིན་པར་བྱེད་དོ།། མིའི་བདག་པོ་ཞེས་པ་ནི་བོད་པའོ།། དུས་ལས་དེ་ལྟར་གྲུབ་པ་སྟེ་རིམ་པ་དེ་དག་གིས་ཉ་(༡༠)ལ་སོགས་པ་གྲུབ་པ་སྟེ་མངལ་རྫོགས་པར་འགྱུར་རོ།།(༡༡)” ཞེས་གསུངས་ཤིང་འདི་དག་ཀུན་གྱི་རྩ་བ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ནང་ལེ་ལས“ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ།། ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ།(༡༢)” ཞེས་གསུངས་པའོ།།

      དེ་ལྟར་སྐྱེ་བུའི་ལུས་གྲུབ་ཚུལ་གྱི་ལུང་སྨན་དང་རྩིས་གཉིས་ཀའི་ཕྱོགས་ནས་བཀོད་པ་དེ་ཙམ་དང་། ད་ནི་གསོ་བྱེད་ཀྱི་གཉེན་པོ་སྨན་གྱི་རྒྱུ་ཡང་འབྱུང་བ་ལས་གྲུབ་པའི་ཚུལ། “རྟེན་ནི་འབྱུང་བ་ལྔ་ལས་སྐྱེས་གྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱེད་ཅིང་ནམ་མཁས་གོ་ཕྱེ་བས།།(༡༣)” ཞེས་བཤད་རྒྱུད་ལེའུ་བཅུ་དགུ་པ་རོ་དང་ཞུ་རྗེས་བསྟན་པའི་ལེའུར་དེ་ལྟར་གསུངས་ཤིང་། འདི་དག་གི་འགྲེལ་བཤད་བཻ་སྔོན་དུ་ “མངར་བ་ལ་སོགས་པ་རོ་རྣམས་ཀྱི་རྟེན་དུ་གྱུར་པའི་སྨན་དུ་གཏོགས་པ་ཀུན་ཀྱང་ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཆར་འདུས་པ་ཁོ་ན་ལས་ངེས་པར་སྐྱེ་བར་འགྱུར་བ་ཁོ་ན་ཡིན་ཏེ། དེ་ཡང་། ཚུལ་ཇི་ལྟར་ཞེ་ན། སྨན་ཡིན་ནོ་ཅོག་རང་རང་གི་རྒྱུའམ་ས་བོན་ཉིད་ལས་གཞི་བརྟེན་ནས་ཆགས་པར་གྱུར་བ་ལ་ཆུས་བརླན་ཞིང་མེས་དྲོད་སྐྱེས་པ་དང་། རླུང་གིས་བསྐྱེད་དེ་འཕེལ་བར་བྱེད་ཅིང་ནམ་མཁས་ཆེར་སྐྱེ་བའི་གོ་སྐབས་ཕྱེ་བ་ལས་ཏེ།” ཞེས་གསུངས་པ་དང་དེ་བཞིན་སྨན་རྩིས་ཀྱི་ཆ་ལ་ཡང་བཻ་དཀར་འབྲས་རྩིས་ལེའུར་ “དེ་ཡང་རྒྱ་ནག་རྒྱ་གར་ལ། །དབྱེ་བ་ཡོད་མོད་རྒྱ་གར་ལུགས། །ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་ལྷག་ཆུ་ལ་ཕུར་སྒྲ་གཅན། །རླུང་ལ་པ་སངས་སྤེན་པ་ས། །སྣར་མ་ལྷ་མཆམས་སྣྲོན་ཆུ་སྨད། །བྱི་བཞིན་གྲོ་བཞིན་མོན་གྲུ་ས། །ལག་སྐག་སྣུབས་བྲེ་མོན་དྲེ་དང་། །ཁྲུམས་སྨད་ནམ་གྲུ་ཆུ་ཡི་ཁམས། །བྲ་ཉེ་སྨིན་དྲུག་རྒྱལ་ས་ག །མཆུ་གྲེ་ཁྲུམས་སྟོད་མེ་ཡི་ཁམས། །ནབས་སོ་མགོ་དབྱུག་དབོ་མེ་བཞི། །ནག་པ་ས་རི་རྣམས་ནི་རླུང།།(༡༥)” ཞེས་གསུངས་པ་ཉི་ཟླ་གཟའ་སྐར་རྣམས་ཀྱང་འབྱུང་བ་ལྔའི་ཁམས་ཀྱིས་ཁྱབ་པ་དང་། དེ་མ་ཟད་ཚེས་ལ་ཡང་འབྱུང་བ་འཆར་ཚུལ་གཞུང་དེ་ཉིད་ཀྱི་སྐར་རྩིས་སྔོན་འགྲོར་ “ནམ་མཁའ་རླུང་མེ་ཆུ་དང་ས། །སྒྲ་རེག་རོ་གཟུགས་དྲི་སྣ་ལྔ། །དཀར་པོའི་ཕྱོགས་ལ་ལན་གསུམ་འཁོར། །ནག་ཕྱོགས་ས་ཆུ་མེ་རླུང་དང་། །ནམ་མཁའ་དྲི་གཟུགས་རོ་རེག་སྒྲ། །གསུམ་པོ་རིམ་བཞིན་འཆར་བར་བཞེད།།(༡༦)” ཅེས་གསུངས་པ་འདི་དག་ལུང་འདྲེན་དུ་མཚོན་པ་ཙམ་ཞིག་བཀོད་པ་ལགས་ཤིང་། ཞིབ་ཏུ་མདོ་རྒྱུད་ཀྱི་ལུང་མཐའ་ཡས་པར་བཞུགས་པ་ཡིན། ཁྱད་པར་འབྱུང་རྩིས་ནི་འབྱུང་བ་ལྔ་ཁོ་ན་ལ་བརྟེན་ནས་བྱ་བ་བྱེད་པས་རྣམ་གྲངས་རེ་རེ་ནས་འགོད་པར་མི་ལངས་ཀྱང་མདོ་དོན་འབྱུང་བའི་བྱེད་ལས་བསྟན་པའི་སྐབས་སུ་བཻ་དཀར་འབྱུང་རྩིས་སྔོན་འགྲོ་ལས་ “ལྕགས་ཆུ་མེ་ས་ཤིང་ལྔ་པོ། །གཅོད་བརླན་དྲོད་སྲ་གཡོ་བ་ཡི། མཚན་ཉིད་ལྡན་པ་འདི་དག་གིས། །མ་འཁྲུགས་ལས་རྣམས་བདེ་བྱེད་ཅིང་། །ལྡོག་ན་ན་འཆིའི་སྡུག་སོགས་འབྱུང་། །དེ་ཕྱིར་རྩིས་འདི་གཅེས་པར་བཟུང་།།(༡༧) ” ཞེས་དང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲིའི་གསུང་ཟླ་ཟེར་ལས་ “བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །དེ་ཕྱིར་འབྱུང་འདུས་ཕུང་པོ་ལ། །རྣམ་རྟོག་ལས་སྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་གཞིར་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །དེ་གསལ་ཕྱིར་ན་རྩིས་འདི་གཅེས།།(༡༨)” ཞེས་དང་། བོན་གྱི་རྩིས་གཞུང་གཤེན་གྱི་རྩིས་གསར་ལས་ “དེ་ལྟར་འབྱུང་བ་ལྔ་པོ་འདི། །མ་འཁྲུགས་པ་ན་བདེ་བྱེད་ཅིང་། །དེ་ལྡོག་ནད་འཆིའི་སྡུག་སོགས་འབྱུང་། །དེ་ཕྱིར་འབྱུང་བའི་གཅོད་འདྲལ་གཅེས།།(༡༩)” ཞེས་གསུངས་པ་དག་གིས་འབྱུང་བ་འདུས་པའི་ཕུང་པོ་འདི་ལ་འབྱུང་བ་མ་འཁྲུགས་ན་ལུས་སེམས་གཉིས་ཀ་བདེ་བར་བྱེད་པ་དང་། ལུས་ཀྱི་འབྱུང་བ་འཁྲུགས་ན་ན་བ་དང་འཆི་བའི་སྡུག་བསྔལ་སྐྱེ་བར་བྱེད་ལ་དངོས་སུ་མ་བསྟན་ཀྱང་ཤུགས་ལ་བསྟན་དུ་དེའི་ཚེ་སྨན་གྱིས་གསོ་བར་བྱེད་ལ། སེམས་ཀྱི་རྣམ་རྟོག་འཁྲུགས་པར་གྱུར་ན་ནི། དེ་དག་སེལ་བའི་ཕྱིར་རྩིས་ཀྱི་གཞུང་འདི་གཅེས་པ་ཡིན་ནོ་ཞེས་གསལ་བར་གསུངས་པ་འདིས་སྨན་རྩིས་གཉིས་པོའི་འབྲེལ་བའི་གཞི་རྩ་གང་ལ་ཐུག་གི་གནད་གོང་དུ་གསོལ་བ་དེའང་འདི་དག་ལ་དཔག་ནས་སྙན་སྒྲོན་དུ་ཕུལ་བ་ལགས་སོ།།


འདིར་སྨྲས་པ།

མ་དག་ཕུང་ཁམས་དུག་ལྔའི་རང་བཞིན་འབིགས་བྱེད་རྒྱལ།།

སྦྱོང་བྱེད་ལམ་གྱི་བཙོ་དང་བཀྲུ་བའི་སྦྱོར་བ་ཡིས།།

བྱས་འབྲས་སྐུ་ལྔ་ཡེ་ཤེས་ལྔ་པའི་བདག་ཉིད་ཅན།།

མྱོང་གྲོལ་བདུད་རྩི་རྒྱལ་བའི་གོ་འཕང་འདི་ལས་གྲུབ།།

འབྱུང་བར་མི་བརྗོད་རྡུལ་ཕྲན་ཕྲ་མོར་བརྟན་གཡོ་དངོས།།

གྲུབ་པའི་རྒྱུ་ལ་འབད་པས་བརྗོད་རྣམས་དཔྱད་དཔྱད་ཚེ།།

སླར་ཡང་ཕྲ་རབ་རྡུལ་ཀྱང་འབྱུང་ལྔ་ལས་གྲུབ་པར།།

ངེས་པ་རྙེད་ནས་རིག་པ་འདི་ལ་འདུ་བ་འང་སྲིད།།

དགེའོ།། །།

 


མཆན་བུ།

༡༽ ཁྲོ་རུ་ཚེ་དབང་རྣམ་རྒྱལ། སྨན་རྩིས་གཉིས་ཀྱི་འབྲེལ་བ་ནི་ནམ་ཡང་ཁ་བྲལ་ཐབས་མེད་པ། བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༦ ཤོག་གྲངས་༣༠༠ནས།

ཡང་བསོད་ནམས་བག་གྲོ། དུས་སྤྱོད་ལས་བཤད་པའི་དུས་འགྱུར་ངོས་བཟུང་བ་སྨན་རྩིས་བཟུང་འཇུག་གི་བཤད་པ། གངས་ལྗོངས་རིག་གནས་༡༩༨༢-༢ བོད་ལྗོངས་ཞིན་ཧ་དཔར་འདེབས་བཟོ་གྲྭས་པར་དུ་བཏབ། ཤོག་གྲངས༩༧ ནས།

༢༽

༣། སྐར་རྩིས་དང་བཤད་རྒྱུད་ཀྱི་འབྱུང་བ་ནམ་མཁའ་རླུང་མེ་ཆུ་ས་ཡིན་ལ་འབྱུང་རྩིས་དང་ཕྱི་རྒྱུད་རྩ་མདོའི་སྐབས་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ཡིན་པས་མཁའ་རླུང་གཉིས། ཤིང་ལྕགས་གཉིས་མི་མཐུན་པ་ལྟར་སྣང་ཡང་། བཻ་དཀར་ནང་ཤིང་ཁམས་རླུང་ཞེས་གསུངས་འདུག་པས་དེ་ལྟར་ན་མཁའ་ཁམས་ལྕགས་ལ་འཛིན་དགོས་འདུག

༤། བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། རྡ་ས་བཞུགས་སྒར་དབུས་་སྨན་རྩིས་ཁང་། པར་མ། ༡༩༨༤ ཤོག་གྲངས་༣༣-༡ ༼འདིའི་གསམ་བསྡུས་མིང་༼རྒྱུད་བཞི༽ཞེས་འགོད་རྒྱུ།༽

༥། སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌྰུར་སྔོན་པོའི་ཕྲེང་བ་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རྣམ་བཤད། ལྕགས་རི་པར་མ། ཁ ༩ བ ༡ འདིའི་༼གསམ་གཤམ་བསྡུས་མིང་༼བཻ་སྔོན༽འགོད་རྒྱུ།༽

༦། ཟུར་མཁར་ལེགས་བཤད་འཚོལ་ལམ་བློ་གྲོས་རྒྱལ་པོ། བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་བ་མེས་པོའི་ཞལ་ལུང་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རྣམ་བཤད། དགའ་ལྡན་ཕུན་ཚོགས་གླིང་གི་པར་མ། ཤོག་གྲངས༡༦ བ ༣

༧། མཁས་གྲུབ་དགེ་ལེགས་དཔལ་བཟང་། འགྲེལ་ཆེན་དྲི་མེད་འོད་ཀྱི་ནང་ལེའི་འགྲེལ་བཤད་བཞུགས་སོ།། བཀྲ་ཤིས་ལྷུན་པོའི་པར་མ། ག ཤོག་གྲངས༡༠ བ ༣

༨། ཀརྨ་རང་བྱུང་རྡོ་རྗེ། ཟབ་མོ་ནང་གི་དོན་ཞེས་བྱ་བ་བཞུགས་སོ།། དཔལ་རུམ་བཏེགས་ཆོས་ཀྱི་སྒར་ཆེན་གྱི་པར་མ། ཤོག་གྲངས༤ ན ༤

༩། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འཕྲེིན་ལས་ཀུན་ཁྱབ་དཔལ་བཟང་པོ༼ཀོང་སྤྲུལ༽ རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཟབ་མོ་ནང་གི་དོན་ཉུང་ངུའི་ཚིག་གི་རྣམ་པར་འགྲེལ་བ་ཟབ་དོན་སྣང་བྱེད་ཅེས་བྱ་བ་བཞུགས་སོ།། དཔལ་རུམ་བཏེགས་ཆོས་ཀྱི་སྒར་ཆེན་གྱི་པར་མ། ཤོག་གྲངས༣༨ བ ༦

༡༠། ཉ་ལ་སོགས་པ་གྲུབ་སྟེ། ཞེས་གསུངས་པའི་ཉ་ལ་སོགས་པ་ནི་ཁྱབ་འཇུག་གི་འཇུག་པ་བཅུ་དང་མིང་འདྲ་བར་སྣང་ཞིང་། འདིའི་སྐོར་ཟུར་དུ་དམིགས་བསལ་དཔྱད་པ་བྱས་ནས་དཔྱད་གཏམ་འདོན་དགོས་པ་འདུག ད་ལམ་འདིར་ནི་གཙོ་བོའི་བཤད་གཞི་མིན་པས་འཕྲོས་བཤད་མ་བྱས་སོ།།

༡༡། རིགས་ལྡན་གཉིས་པ་པདྨ་དཀར་པོ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་གཅིུས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ།། སྣར་ཐང་པར་མའི་བསྟན་འགྱུར་རྒྱུད། ཀ་པ། ཤོག་གྲངས༡༣༠ བ ༦

༡༢། རིགས་ལདན་དང་པོ་འཇམ་དཔལ་གྲགས། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། ལྷ་ཞོལ་པར་མའི་བཀའ་འགྱུར་རྒྱུད། ཀ་པ། ཤོག་གྲངས༥༥ ན ༤

༡༣།  རྒྱུད་བཞི། ཤོག་གྲངས༧༨-༡༠

༡༤།  བཻ་སྔོན། ཤོག་གྲངས ཁ༡༥༠ ན ༥

༡༥། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻ་ཌཱུར་དཀར་པོའི་དོ་ཤལ་སྤྱོད་ལྡན་སྙིང་ནོར་ཞེས་བྱ་བ་བཞུགས་སོ།། ལྷ་ཞོལ་པར་མ། ཤོག་གྲངས༥༤༤ བ ༦

༡༦།  བཻ་དཀར། ཤོག་གྲངས༡༤ ན ༣

༡༧།  བཻ་དཀར། ཤོག་གྲངས༥༥ བ ༢

༡༨།  མྱོས་ཀྱི་བན་ཆུང་། ༼ལོ་ཆེན་དྷརྨ་མིཏྲ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།། ལྷ་ལྡན་སྨན་རྩིས་ཁང་། ༡༩༢༧ ཤོག་གྲངས༣ ན ༢

༡༩། གཤེན་གྱི་དྲང་སྲོང་ཤི་ལ་དྷྭཛ་༼ཚུལ་ཁྲིམས་རྒྱལ་མཚན༽ གཤིན་གྱི་རྩིས་གསར་རྣམ་དག་ལས། ནག་རྩིས་ཀྱི་སྒོ་འཔྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། སོ་ལན་བོན་གཞིས་ཐོབ་རྒྱས་གསར་པའི་དགོན་པ་ནས་ ༡༩༧༣ ལོ་ལྡི་ལིའི་པར་མ། ཤོག་གྲངས༣༡-༥

 


མཐའ་མའི་འདོན་ཐེངས་།: 21.09.2015 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།