སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.06.2015
ཆེད་རྩོམ། >>

                                         

  ༄༅། །སྨན་རྩིས་ཀྱི་འབྲེལ་བའི་སྐོར་རགས་ཙམ་གླེང་བ།

                                                                        - མ་ཅིག

            ད་ལྟ་མི་ལ་ལས་སྨན་རྩིས་ཟུང་འབྲེལ་གྱི་བྱུང་འཕེལ་དང་གོ་དོན། གལ་ཆེའི་རང་བཞིན། ཕན་ཡོན་དང་དགོས་ཆེད་སོགས་མ་རྟོགས་པར་སྨན་པ་ཡིན་ན་རྩིས་ཀྱི་རིག་པ་ལ་འབྲེལ་བ་མེད་པར་སྙམ་ཞིང་། རྩིས་ཞེས་པ་གཟའ་སྐར་ལེགས་ཉེས་ཀྱི་བླང་དོར་ཙམ་སྟོན་པ་དང་། ནམ་ཟླ་དུས་བཞིའི་འགྱུར་བ་ཁོ་ན་སྟོན་བྱེད་ལྟ་བུའི་ཁྱབ་ཆུང་བ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད། ཐ་ན་གཏར་བསྲེགས་ལྟ་བུ་ལའང་སྣང་མེད་སྒོས་དུས་སྦྱོར་དང་བླ་གནས་སོགས་ཚད་ལྡན་གྱི་མན་ངག་དང་ལག་ལེན་གྱི་ཉིང་ཁུ་རྣམས་ཡལ་བར་དོར་ཏེ། གང་བྱུང་གིས་འཛེམ་མེད་དུ་སྤྱོད་པ། སྨན་བཏུ་སྒྲུབ་སོགས་ཀྱི་གཅེས་པའི་ཡན་ལག་རྣམས་ལ་མི་བལྟོས་པར་སྟབས་གང་བདེ་དང་དུས་ཚོད་ནམ་ཁོམ་བཅས་ཀྱི་བསྒྲུབ་པས་ད་ལྟ་སྨན་རྩིས་གཉིས་སོ་སོར་བྲལ་བའི་ཉེན་ཁ་ཆེན་པོ་གནས་ཡོད། དེ་ཕྱིར་སྨན་རྩིས་ཀྱི་གཞུང་ལུགས་དང་ལག་ལེན་གང་ལའང་བློ་གྲོས་ཀྱི་སྤོབས་པ་ཞན་ཅིང་སྐྱེས་སྦྱངས་ཀྱི་བག་ཆགས་སྲབ་པ་བདག་ལྟ་བུ་ལ་འདི་འདྲའི་ལས་སུ་མ་མཆིས་མོད། འོན་ཀྱང་བཤེས་གཉེན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་ཅུང་ཟད་མྱོང་པའི་སྐལ་བ་ལྡན་པ་དང་། ཚད་ལྡན་གྱི་རིག་པའི་གཞུང་ལུགས་ཁག་ལ་གཞི་བཅོལ་ནས་རང་བློས་གང་དཔོག་གིས་སྨན་རྩིས་གཉིས་ཀྱི་འབྲེལ་བའི་སྐོར་ལ་རགས་ཙམ་གླེང་བར་བྱ།


                                              དང་པོ།  ཕྱི་ནང་འབྱུང་ཁམས་ཀྱི་རྟེན་འབྲེལ་སྐོར་བཤད་པ།

            དེ་ལ་འདིར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་རྩ་བར་གྱུར་པའི་རྒྱུད་འགྲེལ་ལྷན་ཐབས། ཚིག་འགྲེལ་སོགས་བསྟན་བཅོས་སྣ་ཚོགས་སུ་ཕྱི་ནང་གི་སྣོད་བཅུད་མཐའ་དག་འབྱུང་བ་ཆེན་པོ་བཞི་འམ་ལྔས་ཐོག་མར་བསྐྱེད་ཅིང་གྲུབ་པ་དང་། བར་དུ་གནས་པ། མཐར་འཇིག་པའང་འབྱུང་བ་ཆེན་པོ་འདི་དག་གི་འཕེལ་འགྱུར་ལས་བྱུང་བ་ཤ་སྟག་ཏུ་གསུངས་ཏེ། བཤད་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས།། མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར།། ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད།། ཞེས་དང་། ཡོངས་གཏད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ།། ཞེས་གསུངས་པ་ལྟར་རོ།། དེས་ན་འབྱུང་བ་ཆེན་པོ་དེ་དག་གི་འཕེལ་འགྲིབ་ཇི་ལྟར་ཞེ་ན། དེ་ཡང་གཙུག་ལག་རྩིས་ཀྱི་རིག་པ་ལ་བརྟེན་ནས་རྟོགས་དགོས་ཏེ། ཐོག་མར་དུས་ཀྱི་ཐུང་མཐའི་སྐད་ཅིག་མ་ནས་རིམ་བཞིན་རགས་པ་དུས་དང་ཉིན་ཞག ཟླ་བ། ལོ་ཡི་བར་དང་། དེ་ལས་དབྱར་དགུན་སྟོན་དཔྱིད་དེ་ནམ་ཟླ་དུས་བཞི། དགུན་སྟོད་དགུན་སྨད། དཔྱིད་དང་སོས་ཀ་དབྱར་སྟོན་སོགས་འབྱུང་བ་ཤས་ཆེ་ཆུང་གིས་དབྱེ་བ་དུས་དྲུག ཕྱི་རོལ་འབྱུང་བ་ལྔའི་རང་བཞིན་དང་ནང་དོན་ལྔའི་ཁམས་ཀྱི་རང་བཞིན་མཐུན་པར་སྦྱར་བའི་དུས་ཚམས་ལྔ། ཉི་མ་ལྷོ་བྱང་གི་བགྲོད་པའི་ལྡོག་གཉིས་དང་མཉམ་གཉིས། དབུགས་སྒང་ཉེར་བཞི་སོགས་སྣ་ཚོགས་སུ་དབྱེ་ཞིང་ངོས་བཟུང་སྟེ། དེ་དག་གི་སྐབས་སོ་སོའི་འབྱུང་བའི་ཁྱད་ཆོས་དང་ངོ་བོ། ནུས་སྟོབས་ཆེ་ཆུང་། མཚན་ཉིད། བྱེད་ལས། དུས་ཡུན་རིང་ཐུང་སོགས་གཏན་ལ་ཕབ་པ་དང་། དེ་རྣམས་འཕེལ་འགྲིབ་ཀྱི་ཤུགས་རྐྱེན་སྣ་ཚོགས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་།  དེ་ལ་བརྟེན་པའི་ནང་བཅུད་ཀྱི་སེམས་ཅན་གྱི་འབྱུང་ཁམས་ལ་རྟེན་འབྱུང་གི་དབང་གིས་འཕེལ་འགྱུར་བྱུང་སྟེ་ཐ་མལ་ནད་མེད་དང་རྣམ་གྱུར་ན་བ་གཉིས་སུ་གྱུར་ནས། ཕན་གནོད་དང་བདེ་སྡུག་རྣམས་སྤྱིར་སེམས་ཅན་གྱི་སྣང་ངོར་མངོན་སུམ་གྱིས་མཐོང་གི་ཡོད་པར། ཇི་སྐད་དུ་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། འབྱུང་བ་ལ་ཡང་ངོ་བོ་དང་།། ངེས་ཚིག་དབྱེ་བ་དེའི་མཚན་ཉིད།། བྱེད་ལས་ལྔ་ལས་དང་པོ་ནི།། བརྟག་ན་དབེན་ཕྱིར་མ་གྲུབ་སྟེ།། དེ་ལས་རང་བཞིན་འབྱུང་ཕྱིར་ངེས།། དབྱེ་བ་ལྔའམ་བདུན་བརྒྱུད་སྲིད།། ཤིང་སོགས་རིམ་བཞིན་གཡོ་བསྲེགས་དང།། སྲ་གཅོད་བརླན་ལྔའི་མཚན་ཉིད་འཛིན།། བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་།། འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད།། དེ་ཕྱིར་འབྱུང་འདུས་ཕུང་པོ་ལ།། རྣམ་རྟོག་ལས་བསྐྱེད་འདུ་བ་ཡིས།། ནད་དང་ཡེ་འབྲོག་གཤེད་བཞིའི་སྤྱོད།། བདེ་སྡུག་མ་ལུས་འབྱུང་བས་བྱེད།། དེ་བསལ་ཕྱིར་ན་རྩིས་འདི་གཅེས།། ཞེས་དང་། ཨུཏྤལ་སྔོན་པོའི་དོ་ཤལ་ལས་ནག་རྩིས་ཀྱི་དཔྱད་དོན་གསལ་བར་བྱས་པའི་སྐབས། དེ་ལ་ཕྱི་ནང་སྣོད་བཅུད་ཀུན།། མི་རྟག་འབྱུང་ལྔས་བསྡུས་པ་སྟེ།། ཁམས་ལྔའི་རྟེན་འབྲེལ་ལ་བརྟེན་ནས།། འགྲོ་བའི་བདེ་སྡུག་སྣ་ཚོགས་སྣང།། དེ་ཕྱིར་རང་བཞིན་སྟོང་ན་ཡང།། རྒྱུ་ལས་འབྲས་བསྐྱེད་འབྲས་བུ་ལ།། བཟང་ངན་ལག་ཉེས་གང་བྱུང་བས།། ཀུན་རྫོབ་ནམ་ཡང་བསླུ་བ་མེད།། ཅེས་ཕྱི་ནང་གི་འབྱུང་བའི་རྟེན་འབྲེལ་སྐོར་གསལ་པོར་གསུངས་ཡོད་པ་རེད། མཁན་པོ་ཚེ་རྣམས་མཆོག་གིས་གསོ་བ་རིག་པ་ལེགས་པར་ཤེས་པ་ལ་རིག་པའི་གནས་གཞན་དག་བསླབས་ཤིང་ཤེས་དགོས་པར་མ་ཟད། རྩིས་ཀྱི་རིག་པ་ནི་དེ་བས་ཀྱང་ཤེས་དགོས་པ་ཞིག་ཡིན་ཞེས་གལ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་པར། དཔེར་ན། རྩ་ཆུའི་བརྟག་པར་གཞིགས་ནས་འཚོ་འཆི་ལ་སོགས་ནད་རིགས་སོ་སོའི་རྟགས་དབྱེ་རྣམས་ངེས་པར་བྱ་དགོས་པ་དང་། དེ་ལ་ཡང་རྒྱུ་རྩ། དུས་རྩ། ནད་རྩ་རྣམས་མ་འདྲེས་པར་སོ་སོར་དབྱེ་བ། ནད་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་རྣམས་གསལ་པོར་རྟོགས་ནས་ཉིན་དུས་དང་རྒྱུན་དུས། གནས་སྐབས་སོ་སོའི་དུས་གཟེར་ཤེས་པར་བྱས་ཏེ་འབྱུང་ཁམས་འཕེལ་འགྱུར་གྱི་འབྲེལ་བ་ལས་ཕན་གནོད་དུ་འགྱར་པའི་ཟས་སྤྱོད་རྣམས་བླང་དོར་གྱི་འཇུག་སྡོག་མ་འཁྲུལ་པར་ནད་རིགས་སྔོན་འགོག་སྒོས་མི་ན་བར་ལུས་ཁམས་བདེ་ཐང་ངང་ཡུན་རིང་དུ་གནས་པ་དང་། རྣམ་གྱུར་ན་བ་གསོ་བར་བྱས་ཏེ་འདུ་བ་མ་སྙོམས་པ་སྙོམས་པར་བྱེད་པ་བཅས་ཀྱི་ཐབས་བསྟན་པ་རྣམས་གཙོ་བོ་ཕྱི་ནང་གི་འབྱུང་ཁམས་ཀྱི་རྟེན་འབྲེལ་ལ་རགས་ལས་པས། དེ་དག་འཁྲུལ་མེད་སྒོས་ལེགས་པར་རྟོགས་བྱེད་ལ་རྩིས་ཀྱི་རིག་པ་ལས་གཞན་མ་མཆིས་ཕྱིར་གལ་ཆེ་བའི་དོན་སྙིང་ལྡན་ཡོད། དེ་ཕྱིར་འདིར་ནད་སློང་བར་བྱེང་པའི་རྐྱེན་གཙོ་བོར་བསྟན་པ་ལ། ཕྱི་རོལ་དུས་ཀྱི་འབྱུང་བའི་འཕེལ་འགྲིབ་རྣམས་ཆ་མ་སྙོམས་པར་དམན་ལྷག་ལོག་པར་གྱུར་པས། ནང་ལུས་སེམས་ལའང་འབྱུང་ཁམས་ཀྱི་འབྲེལ་བའི་དབང་གི་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་ནད་རིགས་སྣ་ཚོགས་སྐྱེ་ཞིང་མཆེད་པར་བྱེད་པ་དང་། ནད་དེ་དག་རང་གནས་སུ་གསོག་སྟེ་སྟོབས་འཕེལ་ཞིང་ལྡང་བར་བྱེད་པ་ལ། ནད་ཀྱི་རྒྱུ་རླུང་མཁྲིས་བད་ཀན་གསུམ་དང་འབྱུང་བཞིའི་མཚན་ཉིད་རྣམས་ཆོས་མཐུན་པར་རྒྱུ་དང་ངོ་བོ། དུས་གསུམ་དུ་འགྱུར་ཏེ་དུས་གང་དང་གང་ལ་མཚན་ཉིད་གང་དང་གང་ལྡན་པས་ནད་ཀྱི་རྣམ་པ་མ་ལུས་པ་ཚུལ་ཇི་ལྟར་གསོག་པ་དང་གང་དུ་གསོག་པའི་གནས། གསོག་ཀྱང་སྐབས་རེར་ལྡང་བར་མི་ནུས་པའི་རྒྱུ། དེ་ཡང་ཅི་ཙམ་ན་མངོན་སུམ་དུ་ལྡང་པའི་དུས། མཐར་དེ་ལྟར་ལྡང་པའི་ནད་དེ་ཡུལ་དང་དུས། ཟས་སྤྱོད་སྨན་དཔྱད་རྣམས་ཀྱི་གཉེན་པོ་བསྟེན་ནས་རང་གནས་སུ་ལྡང་ཚད་མཉམ་པོར་གནས་པ་དང་། ཟུག་རྔུའི་ནད་རྟགས་རྣམས་ཞི་བར་བྱེད་པ་བཅས་སྟོན་ཏེ། བཤད་རྒྱུད་ལས། དུས་ནི་སོ་ག་སོགས་གསུམ་རླུང་གི་སྟེ།། མཁྲིས་པ་དབྱར་དང་བད་ཀན་དགུན་སྨད་དོ།། སོ་གའི་དུས་སུ་ཡང་ལ་རྩུབ་པ་ཡི།། ཡུལ་དང་ལུས་དང་ཟས་སྤྱོད་ཀུན་མཚུངས་པས།། རླུང་གསོག་བྱེད་ཀྱི་དྲོ་བས་ལྡང་མི་འགྱུར།། དབྱར་དུས་ཆར་རླུང་གྲང་བ་སྐྱེ་བས་ལྡང་།། སྟོན་དུས་སྣུམ་ལ་དྲོ་བས་ཞི་བར་འགྱུར་།། དབྱར་དུས་སྣུམ་བསིལ་མཁྲིས་གསོག་ལྡང་མི་འགྱུར།། སྣུམ་དྲོད་སྟོན་ལྡང་དགུན་སྟོད་བསིལ་བས་ཞི།། དགུན་སྨད་བསིལ་སྣུམ་ལྕི་བས་བད་ཀན་གསོག། བསྒོངས་པས་ལྡང་མིན་དཔྱིད་དུས་ཉི་མའི་འོད།། དྲོ་བས་ལྡང་ཞིང་སོ་ག་ཡང་རྩུབ་ཞི།། ཞེས་གསུངས་པ་ལྟར་དང་། ཁྱད་པར་དུ་བྱ་བ་སྤྱོད་ལས་གྱི་གནས་སྐབས་ལས་དུས་སུ་སྤྱོད་པའི་སྤྱོད་ལམ་བསྟན་པ་ལ། ཕྱིའི་ཁམས་ཉིད་གཙོ་བོར་བཟུང་ཞིང་དེ་དག་ཀྱང་ཟླ་བའི་བདག་པོ་དང་ཉི་མ་ལྡོག་དུས་ལ་བལྟོས་ནས་དགུན་ཟླ་ར་བ་ཟླ་བདག་ཕག་དང་ཉ་སྐར་སྨིན་དྲུག དགུན་ཟླ་འབྲིང་པོ་ཟླ་བདག་བྱི་བ་དང་ཉ་སྐར་མགོ་གཉིས་ཀྱི་སྲོག་ཆུ་ཡིན་ཞིང་། དུས་དེར་ཕྱི་ནང་གི་ཆུའི་ཁམས་ཉིད་གཙོ་བོར་འཕེལ་བ་དང་། ས་ཆུ་ཀུན་འཁྱག་པས་བསྡོམ་པའི་དུས་ཡིན་ལ། དགུན་ཉི་ཡང་ཟླ་བ་བཅུ་གཅིག་པར་ལྡོག་པ་བཅས་ལ་དགུན་སྟོད། དེ་བཞིན་དུ་དགུན་ཐ་ཉ་སྐར་རྒྱལ་ཟླ་བདག་གླང་དང་། དཔྱིད་ར་ཉ་སྐར་མཆུ་ཟླ་བདག་སྟག་གཉིས་ལ་དགུན་སྨད། དཔྱིད་འབྲིང་ཉ་སྐར་དབོ་དང་ཟླ་བདག་ཡོས། དཔྱིད་ཐ་ཉ་སྐར་ནག་པ་ཟླ་བདག་འབྲུག་གཉིས་ལ་དཔྱིད་ཀ། དབྱར་ར་ཉ་སྐར་ས་ག་དང་ཟླ་བདག་སྦྲུལ། དབྱར་འབྲིང་ཉ་སྐར་སྣྲོན་ཟླ་བདག་རྟ་གཉིས་ལ་སོ་ག། དབྱར་ཐ་ཉ་སྐར་ཆུ་སྟོད་ཟླ་བདག་ལུག སྟོན་ར་ཉ་སྐར་གྲོ་བཞིན་ཟླ་བདག་སྤྲེལ་གཉིས་ལ་དབྱར། སྟོན་འབྲིང་ཉ་སྐར་ཁྲུམས་སྟོད་ཟླ་བདག་བྱ། སྟོན་ཐ་ཉ་སྐར་དབྱུག་ཟླ་བདག་ཁྱི་གཉིས་ལ་སྟོན་ཏེ་དྲུག་ཏུ་དབྱེའོ།། དེ་དག་ཀྱང་དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་ནས་ཐེངས་གཅིག་ཡུད་ཙམ་ལ་སོགས་དང་། ཉིན་ཞག་ཟླ་བ་ལོ་རྣམས་སུ་འགྱུར་རོ།། དེ་ལས་ལྷོ་བྱང་གི་བགྲོད་པ་གཉིས་ཅུང་བརྗོད་པ་ལ། ཉི་མ་ལྷོ་བྱང་གི་བགྲོད་ཚུལ་དང་དུས། མཚན་ཉིད། ཉི་ཟླ་གཉིས་ཀྱི་སྟོབས་འཕེལ་འགྲིབ་བྱེད་པའི་རྒྱུ། དུས་དེར་ནང་ལུས་ཁམས་ཀྱི་འབྱུང་བ་དང་རྩ་རོ་རྐྱང་གཉིས་སམ་ཁྲག་རྩ་དང་ཆུ་རྩ་གཉིས་སུ་རྒྱུ་བའི་ཁམས་ཀྱི་འཕེལ་འགྱུར་སོགས་བཤད་པ་ལ། གསོ་དཔྱད་པའི་ལུགས་ལྟར་རགས་པའི་དབང་དུ་བྱས་ན་སྔར་ལོའི་ཉི་ལྡོག་གི་ཚེས་གྲངས་གང་ཡིན་དེའི་སྟེང་དུ་ཞག་བརྒྱད་དང་གསུམ་བསྲེས་པ་བཅུ་གཅིག་བསྣན་ནས་འཁོར་ལོས་སྒྲིལ་ནོར་དོར་པའི་ལྷག་མའི་ཚེས་གྲངས་ལ་ལྡོག་པར་བཤད་ལ།  དེ་ཡང་དབྱར་ཟླ་འབྲིང་པོ་སྣྲོན་ཟླ་དང་། དགུན་ཟླ་འབྲིང་པོ་མགོ་ཟླ་བ་གཉིས་ཀྱི་དབུས་སུ་ལྡོག་པའང་བཤད་དེ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། དགུན་ཉི་དཔྱིད་ར་སྟག་ལ་ལྡོག།  མགོ་ཡི་ཉ་ན་ཟླ་བཤོལ་མེད།། དབྱར་ཉི་སྟོན་ར་སྤྲེའུར་ལྡོག། སྣྲོན་གྱི་ཉ་ན་ཟླ་ཤོལ་མེད།། ཞིབ་པར་སྒང་བཤོལ་ཚིག་དང་སྦྱོར།། ཞེས་གསུངས་པའང་ནག་རྩིས་ཀྱི་ལོ་འགོ་འཛིན་ཚུལ་གྱི་དབང་གི་ཙམ་མ་གཏོགས་དོན་ལ་བོད་ཟླ་བཅུ་གཅིག་པ་དང་ལྔ་པ་གཉིས་ལ་འཁེལ་ཡོད་པ་འདི་ནི་རགས་པའི་དབང་དུ་བསྟན་པ་ལས་ཞིབ་པར་སྐར་རྩིས་ཀྱི་ལག་ལེན་ལས་རྟོགས་དགོས། དེ་ལྟར་ལྡོག་གཉིས་ཀྱི་དབང་གི་ཕྱི་རོལ་གྱི་འབྱུང་བའི་མཚན་ཉིད་ལའང་དུས་མི་འདྲ་བའི་འགྱུར་ལྡོག་སྣ་ཚོགས་སུ་སྣང་སྟེ། དགུན་ཉི་ལྡོག་མ་ཐག་པའི་དགུན་ཟླ་ཐ་ཆུང་ལ་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་སྐྱེས་པ་ནས་རིམ་བཞིན་བྱང་བགྲོད་མཐར་ཐུག་པ་དཔྱིད་མཉམ་དང་བཅས་ཟླ་བ་དྲུག་གི་རིང་ལ། ཕྱི་རོལ་དུའང་ཤིན་ཏུ་རྣོ་ཚ་རྩུབ་པའི་རང་བཞིན་དུ་འགྱུར། དེའི་རྒྱུ་མཚན་ནི་རླུང་དང་ཉི་མ་གཉིས་ཀྱི་ནུས་སྟོབས་ཆེར་རྒྱས་ཏེ་མེ་རླུང་གཉིས་ཀྱི་ནུས་པ་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ་བ་དང་། སྐྱ་ལ་གྲང་པ་རྣམས་ཀྱིས་ཟླ་བ་ས་ཆུའི་ངོ་བོའི་རང་བཞིན་གྱི་སྟོབས་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ་པ་དང་། སླ་བསིལ་མཉེན་ཞིང་བརླན་པ་སོགས་ཀྱི་ཡོན་ཏན་རྣམས་བྲི་ཞིང་ཟད་པར་བྱེད་པས། རོ་དྲུག་ལ་སོགས་པའི་ནུས་པའང་ཚ་བསྐ་ཁ་བ་སྟེ་དམན་པའི་སྟོབས་རྣམས་ཤས་ཆེར་འཕེལ་བར་འགྱུར་ཕྱིར། ཕྱི་རོལ་ཁམས་ཀྱི་སྟོབས་འཕེལ་འགྲིབ་དང་མཐུན་པར་འགྲོ་བ་སོ་སོའི་ནང་ལུས་སེམས་ཀྱི་རང་བཞིན་དང་སྟོབས་སོགས་དགུན་སྨད་ཆུ་རླུང་ཤས་ཆེ་བས་ཁ་བའི་རོ་སྟོབས་བསྐྱེད་པ་དང་། དཔྱིད་ཀ་ས་རླུང་ཤས་ཆེ་བས་བསྐ་བའི་རོ་སྟོབས་འཕེལ་བ། སོ་ག་མེ་རླུང་ཤས་ཆེ་བས་ཚ་བའི་རོ་སྟོབས་འཕེལ་བ་བཅས་རོ་གསུམ་པོ་འདིའི་ཡོན་ཏན་ལ་བལྟོས་པའི་མིའི་ལུས་ཁམས་ཀྱི་མཐུའམ་སྟོབས་ཀྱང་དགུན་སྨད་ཆེ་བ་དང་། དཔྱིད་ཀ་ཆུང་བ། སོ་ག་འབྲིང་དུ་ངེས་པ་ཡིན་ནོ།། སླར་ཡང་དབྱར་ཉི་ལྡོག་སྟེ་ཉི་མ་ཀ་རྐགས་ལ་སོགས་པའི་ཁྱིམ་དུ་སྐྱེས་ནས་རིམ་བཞིན་སྟོན་མཉམ་དང་བཅས་ལྷོ་བགྲོད་སྐབས་ཀྱི་ཟླ་བ་དྲུག་གི་རིང་ལ། མི་རྣམས་ཀྱི་ལུས་ཁམས་ཀྱི་སྟོབས་ཉིན་རེ་བཞིན་རིམ་པར་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ཏེ། དེའི་ཚེ་བསིལ་བའི་རང་བཞིན་ཟླ་བ་ས་ཆུའི་ཡོན་ཏན་ལྕི་བརྟན་རྟུལ་འཇམ་སོགས་ཀྱི་སྟོབས་བསྐྱེད་ཅིང་འཕེལ་ལ། བར་སྣང་དུ་ཆར་བ་འབབ་པའི་དུས་ཡིན་པར་བརྟེན་ཆུ་རླུང་གི་ངོ་བོ་གྲང་ཞིང་བསིལ་བའི་ནུས་སྟོབས་ཀྱིས་བྱང་བགྲོད་སྐབས་ཀྱི་རྣོ་ཚ་རྩུབ་པ་ལ་སོགས་པའི་ངོ་བོར་གྱུར་བའི་རླུང་དང་ཉི་མའི་ནུས་སྟོབས་ཞི་བར་བྱས་པས། དབྱར་གྱི་ཚེ་འབྱུང་ཁམས་མེ་ས་ཤས་ཆེ་བས་རོ་སྐྱུར་པ་དང་། སྟོན་གྱི་ཚེ་ཆུ་མེ་ཤས་ཆེ་བར་འཕེལ་བས་རོ་ལན་ཚྭ། དགུན་སྟོད་ཀྱི་དུས་ས་ཆུ་ཤས་ཆེ་བས་རོ་མངར་བའི་སྟོབས་འཕེལ་བ་བཅས་མཆོག་གི་རོ་གསུམ་བསྐྱེད་པར་བརྟེན། སྐབས་དེ་དག་ཏུ་ནང་སེམས་ཅན་གྱི་འབྱུང་ཁམས་ཀྱི་སྟོབས་ཀྱང་དེ་གསུམ་དང་མཐུན་པར་དགུན་སྟོད་ལྷག་པར་ཆེ་བ། སྟོན་དུས་འབྲིང་བ། དབྱར་ཅུང་ཟད་ཆུང་བར་འཕེལ་བ་བཅས་ཡིན་ནོ།།


                                             གཉིས་པ། རྩ་ཆུ་དང་འབྲེལ་བའི་སྐོར་བཤད་པ།

            ཚེ་ཡི་རིག་བྱེད་འཛིན་པ་གང་ཞིག་གིས་ཀྱང་གསོ་བར་བྱ་བའི་ཡུལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་རྣམས་ངོས་འཛིན་པ་ལ། བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་སྤང་བླང་མུ་བཞིར་བརྟག་སྟེ་འཚོ་འཆིའི་ལ་ཤན་གསལ་པོར་དབྱེ་ཞིང་གཏན་ལ་འབེབས་དགོས་པར། འདིར་སྐབས་སུ་བབས་པ་རེག་པ་རྩ་ལ་བརྟེན་ནས་གསོ་བྱའི་ནད་རྣམས་ངོས་འཛིན་པ་ནི་བློ་གྲོས་ཀྱི་མངོན་ཤེས་ཕྲ་མོའི་མཐུ་ལ་བརྟེན་ཏེ་ཤིན་ཏུ་ལྐོག་གྱུར་གྱི་གནས་ནང་ལུས་སེམས་ཀྱི་འབྱུང་ཁམས་རྣམས་འཕེལ་ཟད་འཁྲུགས་པར་གྱུར་པའི་ནད་གཞི་སོ་སོའི་ངོ་བོ་དང་རྟགས་དབྱེ། གྱུར་ཚུལ་རྣམས་བརྟག་ཅིང་དཔྱོད་པའི་རིག་པ་མཆོག་ཏུ་གྱུར་པ་ཞིག་དང་། མཐོང་བ་མེ་ལོང་ཆུ་ལ་ནད་ཚ་གྲང་གི་ལ་ཤན་རྣམས་ངོས་འཛིན་པ་ནི་གཟུགས་བརྙན་གྱི་བྱེ་བྲག་སྣ་ཚོགས་མི་འདྲ་བ་ཇི་བཞིན་དུ་སོ་སོར་མ་འདྲེས་པར་གསལ་པོ་ར་རྟོགས་པའི་མིག་གི་དབང་པོའི་སྣང་ངོར་ཡུལ་མངོན་སུམ་དུ་མཐོང་བའི་བརྟག་ཐབས་རིག་པ་ཞིག་རེད། བརྟག་ཐབས་འདི་ཉིད་ནི་གཅིག་ལ་གཅིག་བརྟེན་པ་དང་གཅིག་ཕན་གཅིག་གྲོགས་སུ་གྱུར་བས། སྨན་པ་གང་ཞིག་གིས་ཀྱང་རྩ་ཆུའི་བརྟག་པ་འདི་གཉིས་གཅེས་པར་བཟུང་སྟེ། ནད་གཞིའི་ལྟར་སྣང་འཁྲུལ་སོའི་དཔྱད་འཕྲང་སྣ་ཚོགས་བསལ་བར་བྱེད་པའི་གཞི་འཛིན་བྱེད་གཙོ་བོ་ཞིག་རེད། དེ་དག་ཀྱང་ཕྱིའི་འབྱུང་ཁམས་ཆེན་པོའི་འཕེལ་འགྱུར་ལ་བལྟོས་པས་དུས་མཚམས་ལྔའི་ཁམས་དང་སྦྱར་ཏེ་ནང་དོན་ལྔ་སྣོད་དྲུག་གི་རྩ་རྒྱུད་རྣམས་རྒྱུན་རྩ་དང་དུས་རྩ། ནད་རྩ་སོ་སོར་དབྱེ་ཞིང་། དེ་དག་ཀྱང་ཁམས་ལྔའི་མ་བུ་དགྲ་གྲོགས་ཀྱི་འགྱུར་ཚུལ་ལ་བརྟེན་ནས་བཟང་ངན་གྱི་ལ་ཤན་དབྱེ་སྟེ་ཁ་དམར་གདགས་པ་དང་། གཞན་ཡང་ངོ་མཚར་རྩ་བདུན། གདོན་རྩ། གདོན་ཆུ། ཆུའི་བྱ་ལམ་སྣ་ཚོགས་བརྟག་པ་བཅས་ལ། རྩིས་ཀྱི་རིག་པ་འདིེར་མ་བརྟེན་ཐབས་གཞན་མེད་པས། ཕྱི་མ་རྒྱུད་ལས། དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར།། མ་བུ་དགྲ་གྲོགས་བཞི་ཡི་སྐོར་འགོ་བརྩི།། ཞེས་གསུངས་པ་ལྟར། ཕྱི་ནང་གི་འབྱུང་ཁམས་སོ་སོའི་འགྱུར་ལྡོག་དང་སྦྱར་ཏེ་བརྟག་དགོས་སོ།། 1. དེ་ལ་ཇི་ལྟར་དུས་མཚམས་སོ་སོའི་རང་གི་ཁམས་དང་མཐུན་པར་ནང་དོན་ལྔའི་ཁམས་ལ་སྦྱར་ནས་འཕེལ་འགྲིབ་ཏུ་འགྱུར་པ་ལ། དཔྱིད་དབུགས་ཐོབ་པ་ནད་བཟུང་ཕྱི་རོལ་དུ་རང་བྱུང་ཁམས་ཆེན་པོ་འཕེལ་འགྱུར་གྱིས་མེ་རླུང་གི་སྟོབས་ཤས་ཆེ་ཞིང་། ལྷག་པར་དུ་ཉི་མ་བྱང་བགྲོད་ཀྱི་དབང་གིས་ཉི་མའི་སྟོབས་ཆེ་རུ་ཕྱིན་པས། དཔྱིད་དྲོད་རིམ་བཞིན་འཕེལ་ཏེ་རྣོ་ཚ་རྩུབ་པའི་ངོ་བོར་གྱུར་པ་དང་། དཔྱིད་ཟླ་ར་འབྲིང་གཉིས་ཀྱི་ཟླ་བའི་བདག་པོ་སྟག་ཡོས་ཡིན་ཞིང་དེ་གཉིས་ཀྱི་སྲོག་གི་ཁམས་ཤིང་ཡིན་པ། སྐབས་དེར་དགུན་དུས་ས་ཆུ་འཁྱག་པས་བསྡམས་པ་རྣམས་དྲོས་ཏེ་བརླན་དྲོད་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་རྣམས་འཛོམས་པས་རྩི་ཤིང་རིགས་ཀྱི་ཁམས་འཕེལ་བར་བརྟེན། ས་ལ་མི་འགྱུར་བའི་རྟགས་སུ་ཤིང་རྩི་ཁ་འབུས་པ་སྟེ་མྱུ་གུ་གཏོང་པའི་མགོ་རྩོམ་པ་དང་། དེ་དུས་ནང་ལུས་ཁམས་སུའང་དོན་ལྔ་ལས་མཆིན་པ་ཤིང་ཁམས་ཀྱི་རྩ་དར་བ་ཡིན་ལ། དེ་གསལ་པོར་རྟོགས་པར་བྱ་བའི་ཕྱིར་མི་འགྱུར་པའི་རྟགས་ངོས་འཛིན་པ་ལ་མཆིན་རྩ་དེ་ཉིད་རང་གནས་བལྟ་བྱའི་ལག་གཡས་ཀན་གྱི་ཡར་ཟུར་དུ་ངོ་བོ་བྱེའུ་ཅོ་གའི་སྐད་ལྟར་ཕྲ་ལ་གཏིང་དུ་གྲིམ་པར་འཕར་བ་ཡིན་ཞིང་། ཕྱི་རོལ་གྱི་དུས་མི་འགྱུར་པའི་རྟགས་སུ་ནམ་མཁའ་ལ་དཔྱིད་ཟླ་ར་བར་སྐར་མ་རྟ་པའམ་མཆུ་དང་། དཔྱིད་འབྲིང་ལ་སྐར་མ་ཁྲའམ་དབོ། དཔྱིད་ཐ་ལ་སྐར་མ་བྱུའུ་འམ་ནག་པ་རྣམས་ཀྱིས་སོ་སོའི་ཟླ་བའི་ཚེས་བཅོ་ལྔའི་ཉ་ཟླ་དང་འགྲོགས་ཏེ་ནམ་ཚོད་འཛིན་པའམ་ནམ་ལྡང་པར་བྱེད། བེ་སྣང་དུ་བྱེའུ་ཅོ་གའིརང་སྐད་འབྱིན་པ་སྟེ་སྒྲ་སྒྲོགས་པར་བྱེད་པ་འདི་དག་ནི་དཔྱིད་ཀྱི་དུས་མཚམས་མི་འགྱུར་པའི་གཟེར་དུ་བསྟན་པ་རེད། དེ་ལ་མ་བུ་དགྲ་གྲོགས་ཀྱི་ཁམས་རྣམས་དང་ཇི་ལྟར་སྦྱོར་དགོས་སྙམ་ན། དཔྱིད་ཟླ་ར་འབྲིང་གཉིས་ཀྱི་སྟེང་དུ་དཔྱིད་ཐའི་ཉིན་བཅུ་གཉིས་བསྣན་པ་ཞིག་བདུན་ཅུ་རྩ་གཉིས་ཀྱི་དུས་སུ་རང་རྩ་ཤིང་ཁམས་མཆིན་པ་རྩ་དེ་ཉིད་བྱེའུ་ཅོ་གས་སྐད་ལྟར་ཕྲ་ལ་གྲིམས་པར་འཕར་བ་དང་། ཤིང་མ་ཆུ་ཡིན་པས་མ་རྩ་ཆུ་ཁམས་མཁལ་རྩ་དེ་རང་རྩའི་མཚན་ཉིད་མཐིང་རིལ་གྱི་སྐད་ལྟར་འཇམ་དལ་བར་འཕར་བ་ན་རང་རྩ་དང་མ་རྩ་གཉིས་ཀྱི་ཁམས་དར་བས་རབ་ཏུ་བཟང་བ་ཡིན། དེ་བཞིན་དུ་ཤིང་གྲོགས་ས་ཡིན་པས་གྲོགས་རྩ་ས་ཁམས་མཚེར་རྩ་དེ་རང་གི་མཚན་ཉིད་བྱེའུ་ནས་ཟན་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕར་བ་ན་གྲོགས་རྩ་དར་བས་གྲོགས་འབྱུང་བ་དང་། ཤིང་བུ་མེ་ཡིན་པས་བུ་རྩ་སྙིང་ཁམས་མེ་རྩ་དེ་རང་གི་མཚན་ཉིད་ཁྱུ་བྱུག་གི་སྐད་ལྟར་སྤོམ་ལ་རིང་བར་འཕར་ན་བུ་དབལ་གྱི་དབང་ཐང་ཆེ་བ་། ཤིང་དགྲ་ལྕགས་ཡིན་པས་དགྲ་རྩ་ལྕགས་ཁམས་གློ་རྩའི་མཚན་ཉིད་དེ་བྱིད་པོ་སྟེ་རྒྱ་མཆིལ་མགོ་དམར་གྱི་སྐད་ལྟར་ཐུང་ལ་རྩུབ་པ་འཕར་ན། དགྲ་གློ་བུར་དུ་འོང་པའམ་ཡང་ན་གསོ་དཀའ་བའི་ནད་ཀྱིས་འདེབས་པ་དང་ཡང་ན་འཆི་བར་འགྱུར་པ་སྟེ། དེ་དག་བརྟག་པའི་གནས་ལག་པ་གཡས་གཡོན་གྱི་ཚོན་ཀན་ཆག་གསུམ་སོ་སོའི་འོག་ཏུ་དོན་སྣོད་རང་རང་གི་ཁམས་ཀྱིེ་རྩའི་མཚན་ཉིད་དང་མཐུན་པར་འཕར་བ་ལ་ཟེར་ཞིང་། དེ་བཞིན་དུ་དབྱར་སྟོན་དགུན་དང་དུས་མཚམས་བཞིའི་བཅོ་བརྒྱད་ཕྲག་བཞི་རྣམས་ལའང་ཟླ་བ་རང་རང་གི་བདག་པོའི་སྲོག་ཁམས་དང་ཉ་སྐར། གཞན་ཡང་ནམ་མཁའ་དང་བར་སྣང་། ས་གཞི་བཅས་ཀྱི་དུས་གཟེར་མི་འགྱུར་པའི་རྟགས། དེ་དག་གི་འབྱུང་ཁམས་ཀྱི་འགྱུར་ལྡོག་སོགས་ལ་བལྟོས་པའི་ནང་དོན་སྣོད་ཀྱི་ཁམས་དང་རྩ་རྒྱུད་ཀྱི་འགྱུར་བ། ངོ་བོ། དྲག་རྒྱས་འདྲིལ་མགྱོགས་གྲིམས་མཁྲང་དང་ཞན་བྱིང་གུལ་བུ་ལྷོད་སྟོང་སོགས་དབྱེ་བ། དེ་རྣམས་ཀྱིས་མ་བུ་དགྲ་གྲོགས་བརྩི་ཚུལ་བཅས་མ་ནོར་པར་རྟོགས་པ། དེ་ལས་བྱུང་བའི་ལེགས་ཉེས་ཀྱི་འབྲས་བུའི་སྟངས་གཅོད་བཅས་གོང་བཞིན་རིགས་བསྒྲེ་བར་སླ་བས་འདིར་མང་བར་དོགས་ནས་དཔེ་ཙམ་ལས་མ་བཀོད་དོ།། 2. གཞན་ཡང་ངོ་མཚར་རྩ་བདུན་ཏེ་ཐ་མལ་ནད་མེད་ཀྱི་རྩ་རྒྱུད་ལ་བརྟག་ནས་འབྱུང་འགྱུར་གྱི་བྱ་བའི་བླང་དོར་ལུང་དུ་སྟོན་པ་ལ་སྔ་མ་སྔ་མས་ལ་ཉེས་ཏེ་རྟགས་དང་མཚན་མ་ལ་བརྟག་པ། ཕྱི་མ་ཕྱི་མས་མ་བུ་དགྲ་གྲོགས་སྒོས་ལེགས་ཉེས་དབྱེ་བའི་འབྲས་བུ་སྟོན་ལ། དབྱེ་ན་ཁྱིམ་ཕྱཱ་དང་མགྲོན་ཕྱཱ། དགྲ་ཕྱཱ། གྲོགས་ཕྱཱ། གདོན་ཕྱཱ། མི་ཆུ་གོ་ལྡོག བུ་རྩ་བཅས་བདུན་དུ་བརྟག་ཚུལ་དང་ཁ་དམར་འདོགས་ཚུལ་སྟོན་པ་བཅས་ཡིན། དཔེར་ན་ཁྱིམ་ཕྱཱ་ལྟ་བུ་ལ་དང་པོ་ལ་ཉེ་བརྟག་པ་ནི། ནམ་ཟླ་དུས་བཞི་གང་ཡིན་ཡང་རུང་གཙོ་བོ་རྩའི་རྒྱུན་གཅིག་པུ་དེ་བྱིངས་ཞིང་འཐིབས་པ་ཞེས་ཤའི་འོག་ཏུ་སོང་བ་ལྟར་གཏིང་དུའང་ཆེར་མི་གསལ་ན་དམེ་གྲིབ་དང་ཡུག་གྲིབ་སོགས་ཀྱི་མི་གཙང་བ་ཕོགས་པའི་རྩ་ཡིན་ཞིང་། རྨུགས་ཤིང་འཐིབས་པ་ཞེས་བར་དུ་ཆེར་མི་གསལ་ན་གཉེན་ཉེ་དང་བྲལ་བ་ལྟ་བུའི་སྡུག་བསྔལ་གྱི་མྱ་ངན་འོང་བའི་རྩ་དང་། འབྲུབ་པ་སྟེ་ཕུ་ཆུ་རྒྱས་པ་ལྟར་དྲག་ཏུ་རྒྱུག་ཅིང་བརྒྱལ་བ་ཞེས་འཕར་དྲག་འཕྲོད་སྡོད་པ་ནི་བྲེད་དངངས་ཏེ་ཞེད་སྣང་འོང་བའི་རྩ། སྐྱེར་ཚེར་ཏེ་རྣོ་ཞིང་སོར་མོའི་འོག་ཏུ་འབིགས་པ་ལྟར་འཕར་ན་མི་འདོད་པའི་སྡུག་བསྔལ་ཐར་མེད་དེ་བསྟུན་མར་འོང་བའི་རྩ། ཆུ་ཚན་ཁོལ་བ་ལྟར་ཧ་ཅང་ཤེད་མི་ཆེ་བ་ཁྲི་ལི་ལི་སྟོད་སྨད་ཀུན་ནས་འཕར་ན་མི་ཁ་སྟེ་གཞན་གྱི་ཁ་སྨྲས་འབྱུང་བའི་རྩ། མེ་ལྕེ་ཆད་པ་དང་འདྲ་བར་རེས་ཆེ་རེས་ཆུང་གིས་ཤེད་མི་སྙོམས་པར་འཕར་བ་ནི་རྒྱུ་ནོར་ལ་གོད་ཁ་འོང་བའི་རྩའོ།། འདི་དག་ནི་སྐྱོན་ཅན་གྱི་རྩ་ཡིན་མོད། འོན་ཀྱང་སྐྱོན་ཅན་གྱི་རྩ་དྲུག་པོ་དེ་དག་ལས་ལྡོག་སྟེ་དུས་རྩ་སོ་སོའི་མཚན་ཉིད་དང་མཐུན་པའི་རྩ་བྱུང་ན་ཁྱིམ་ཕྱཱ་བཟང་པའི་ལུང་སྟོན་པ་ཡིན། དེ་རྣམས་ཀྱི་མ་བུ་དགྲ་གྲོགས་ལ་བརྟག་ནས་ལེགས་ཉེས་ཀྱི་འབྲས་བུ་སྟོན་པ་ལའང་། བྱིང་འཐིབས་སོགས་སྐྱོན་ཅན་གྱི་རྩ་རྣམས་ལས་གང་ཡང་རུང་བ་ཞིག་དུས་མཚམས་ལྔ་པོ་རང་རང་གི་རྩ་དར་བའི་དུས་སུ་རང་རྩ་དེར་བྱིངས་འཐིབས་སོགས་ཀྱི་སྐྱོན་གང་བྱུང་ན། དེ་ལ་མི་གཙང་བ་ལ་སོགས་པ་རྣམས་རྩ་བལྟ་བར་བྱ་བའི་ཡུལ་གྱི་མི་དེ་རང་ཉིད་ལ་འོང་བ་ཡིན་ཏེ། དེ་ལ་དུས་རྩ་ཤིང་ཁམས་ལྟ་བུ་ཞིག་ཡིན་ན། ཤིང་མ་ཆུ་ཡིན་པས་ཆུ་ཁམས་མཁལ་རྩ་ལ་བྱིང་འཐིབས་སོགས་བྱུང་ན་བལྟ་བྱའི་སློབ་དཔོན་དང་ཕ་མ། ཞང་པོ་སོགས་བཀའ་དྲིན་ཆེ་བའི་རིགས་ལ་མི་གཙང་པ་སོགས་འབྱུང་། ཤིང་བུ་མེ་ཁམས་སྙིང་རྩ་ལ་བྱིང་འཐིབས་སོགས་བྱུང་ན་བུ་དང་ཚ་བོ། སློབ་བུ་སོགས་རང་གིས་གཅེས་པར་བསྐྱངས་པའི་རིགས་ལ་མི་གཙང་པ་སོགས་བྱུང་། ཤིང་གྲོགས་ས་ཁམས་མཚེར་རྩ་ལ་བྱིང་འཐིབས་སོགས་བྱུང་ན་རྒྱུ་ནོར་ལོངས་སྤྱོད་ལ་མི་གཙང་པ་སོགས་འབྱུང་། ཤིང་དགྲ་ལྕགས་ཁམས་གློ་རྩ་ལ་བྱིང་འཐིབས་སོགས་བྱུང་ན་རྩ་བལྟ་བའི་མི་དེའི་དགྲ་བོ་ལ་མི་གཙང་པ་སོགས་འབྱུང་ངོ་།། དེ་ལྟར་རང་གཞན་གྱི་ཕྱིས་འབྱུང་ལེགས་ཉེས་བླང་དོར་རྣམས་འདི་དང་འདི་འདྲ་བ་འོང་ངོ་ཞེས་རྩ་རྒྱུད་གཅིག་གི་འགྱུར་བའི་རྣམ་པ་ལ་བརྟག་ནས་ལུང་དུ་སྟོན་པར་ནུས་པས་ན་སྐྱེ་བོ་ཀུན་ཡ་མཚན་ནས་ངོ་མཚར་ཆེན་པོ་སྐྱེ་བས་མིང་ཡང་དེ་ལྟར་དུ་བཏགས་པ་དང་། དགྲ་གྲོགས་སོགས་དུས་རྩ་དང་བསྟུན་ནས་རང་རང་གི་མཚན་ཉིད་དང་རྗེས་སུ་མཐུན་པར་འཕར་ན་ཁྱིམ་ཕྱཱ་བཟང་བར་བཤད་པ་ལྟར། མགྲོན་ཕྱཱ་དང་དགྲ་ཕྱཱ་སོགས་ཀྱང་གོང་བཞིན་ལ་ཉེ་དང་དགྲ་གྲོགས་རྣམས་གཉིས་གཉིས་སུ་བརྩིས་ནས་བརྟག་པར་རིགས་འགྲེ་བར་བྱ་དགོས། གདོན་རྩ་བརྟག་པ་ལ་སྤྱིར་ལག་པ་གཡས་གཡོན་དང་ལུས་སྟོད་སྨད། དོན་ལྔ་སྣོད་དྲུག་ཚ་གྲང་སོགས་ཀྱི་རྩ་རྒྱུད་མི་སྙོམས་པ་སྟེ། འཕྲལ་འཕྲལ་དུ་འགྱུར་ལྡོག་མང་པ་དང་། གྲངས་ངེས་མེད་དུ་སྡོད་འཐེན་བྱེད་པ། ལྕམ་དྲལ་སོགས་ཀྱི་རྐྱེན་དང་ལྡན་པའི་རྩ་གང་ཡང་འབྱུང་བ་ཡིན་ལ། བྱེ་བྲག་དུ་དོན་ལྔ་སོ་སོའི་རྩ་ལ་བྱུང་ན་རང་རང་གི་ཁམས་དང་རྗེས་མཐུན་གྱི་ལྷ་འདྲེའི་གནོད་པ། དེ་དག་གི་ཕྱོགས་རྐྱེན་ཡང་གདོན་ཕྱཱའི་དུས་སུ་བསྟན་པ་ལྟར་རང་མ་བུ་དགྲ་གྲོགས་བཅས་པར་བརྟག་དགོས་ཤིང་། ནད་རིགས་ཀྱི་རྣམ་པ་རྣམས་ལའང་རང་དང་འབྱུང་ཁམས་གང་མཐུན་གྱི་སྲིད་པའི་ལྷ་འདྲེ་སོགས་ཀྱིས་གནོད་པར་བརྟག་དགོས།


            གདོན་ཆུ་ནི་སྐབས་འདིར་གཙུག་ལག་སྤོར་ཐང་གི་ལུགས་དང་སྒོ་བསྟུན་པ་ལ། གཙུག་ལག་རྩ་བ་རིན་ཆེན་ཀུན་འདུས་ལས། འཇིག་རྟེན་བརྟེན་པའི་གཙུག་ལག་ནི།། རྩ་བ་རུས་སྦལ་ཆེན་པོ་སྟེ།། དེ་ཡང་གན་རྐྱལ་དག་ཏུ་གནས།། མགོ་བོ་ལྷོར་བསྟན་མཇུག་མ་བྱང་།། གློ་གཡས་ཤར་ལ་གློ་གཡོན་ནུབ།། ཡན་ལག་མཚམས་བཞིར་བརྐྱངས་ནས་གནས།། དེ་ལ་སྤར་སྨེ་ལོ་འགྲོས་སོགས།། འཆད་པའི་རིམ་པ་བསྟན་པ་ནི། ཤར་ཕྱོགས་ཤིང་ལ་ལྷོ་ཕྱོགས་མེ།། ནུབ་ཕྱོགས་ལྕགས་ལ་བྱང་ཕྱོགས་ཆུ།། མཚམས་བཞི་ས་རུ་ཤེས་པར་བྱ།། ཞེས་དང་། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། དེ་ཕྱིར་དགོས་དོན་སྙིང་པོ་ནི།། རྩ་བ་སྲིད་པའི་རུས་སྦལ་དེ། གན་རྐྱལ་དག་ཏུ་གནས་པ་ཡི།། མགོ་བོ་ལྷོར་བསྟན་མེ་ཡི་ཁམས།། གློ་གཡས་ཤར་བསྟན་ཤིང་གི་ཁམས།། གློ་གཡོན་ནུབ་བསྟན་ལྕགས་ཀྱི་ཁམས།། མཇུག་མ་བྱང་བསྟན་ཆུ་ཡི་ཁམས། ཡན་ལག་མཚམས་བཞི་ས་ཡི་ཁམས།། དེ་ལ་བརྩི་བྱ་རྩི་བྱེད་ཀྱི།། གཙུག་ལག་ཐམས་ཅད་གྲུབ་པ་ཡིན།། ཞེས་གསུངས་པ་ལྟར། བེེ་སྔོན་སོགས་རྒྱུད་འགྲེལ་རྣམས་སུའང་གཙུག་ལག་སྤོར་ཐང་གི་ལུགས་སུ་གནས་ཆགས་སྲིད་སྤྲུལ་བཤད་པའི་རུས་སྦལ་རྣམ་པ་ལྔར་བཤད་པ་ལས་རྩ་བ་སྲིད་པའི་རུས་སྦལ་གན་རྐྱལ་དུ་གནས་པའི་ཚུལ་དང་རྗེས་སུ་མཐུན་པར་བཞེད་དེ། གདོན་ཆུ་བརྟག་པའི་ཐབས་ལའང་། ཐོག་མར་ཆུའི་སྣོད་ངོས་འཛིན་པའི་ཕྱོགས་བསྟན་པ་ལ། ནད་པས་བཏང་པའི་ཆུ་དེ་དབྱིབས་སྲིད་པའི་རུས་སྦལ་ཆེན་པོ་གན་རྐྱལ་དུ་གནས་པའི་ཚུལ་དུ་བཞག་ནས། སྔོན་ལ་ནད་པ་དེའི་ཆུ་གང་ནས་བཏང་པའི་ཕྱོགས་ངོས་དེ་ཤར་ཤིང་ཁམས་སུ་བརྩི་ལ། དེ་ནས་ལུགས་འབྱུང་དུ་བསྐོར་པའི་མགོ་བོ་ལྷོར་བསྟན་མེ་ཁམས། གློ་གཡོན་ནུབ་བསྟན་ལྕགས་ཁམས། མཇུག་མ་བྱང་བསྟན་ཆུ་ཁམས། ཡན་ལག་བཞི་མཚམས་བཞིའི་ས་ཁམས་སུ་བསྟན་ཏེ། ཕྱི་མ་རྒྱུད་ལས། གདོན་ཆུ་གང་བཏང་ངོས་དེ་ཤར་དུ་བརྩི།། ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས།། མགོ་བོ་ལྷོར་བསྟན་ཞེས་གསུངས་པ་ལྟར་རོ།། དེ་ནས་ཆུ་དེར་ཐིག་གིས་བཅད་ནས་གནས་ངོས་བཟུང་སྟེ་བརྟག་པའི་ཐབས་ལ། ཆུའི་སྟེང་དུ་ཤིང་བུ་བཞིའི་རྒྱ་གྲམ་དུ་ཐིག་གདབས་པས་ལིང་ཚེའམ་དུམ་བུ་དགུར་བཅད་པ་དེ་དག་གི་ལིང་ཚེ་རེ་རེའི་ས་མིང་གི་བརྡ་ཆད་དང་། སོ་སོའི་གནས་སུ་བྱུང་བའི་ལྦུ་བའི་སངས་སྐྱེན། སྤྲིས་མ། ཀུ་ཡ། གྲང་དུས་ལྡོག་པ་སྐྱེན་བུལ། ཆུའི་ཁ་མདོག་སོགས་ལ་བརྟག་སྟེ། འབྱུང་བ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་ནད་ཀྱི་དབྱེ་བ་རྣམས་མ་ནོར་བར་རྟོགས་པར་བྱེད་པའི་རིགས་ལམ་ངོ་མཚར་དང་ལྡན་པ་ཞིག་གོ།


                                         གསུམ་པ།  གཏར་བསྲེགས་དང་འབྲེལ་བའི་སྐོར་བཤད་པ།

            གཏར་བསྲེགས་གཉིས་དང་འབྲེལ་བའི་རྩིས་ཀྱི་སྐོར་ཅུང་ཙམ་བརྗོད་པ་ལ། གཏར་བསྲེགས་གཉིས་ལ་ཆེས་གལ་ཆེ་བར་གྱུར་པ་ནི་དུས་གནད་བརྟག་པ་ཡིན་ཏེ། ལོ་ཟླ་ཞག་དུས་བཞིའི་བླ་གནས་རྒྱུ་ཚུལ་དང་རེས་གཟའི་བླ་གནས་རྒྱུ་ཚུལ། བིཥྚི་རྒྱུ་དུས། གསོ་བྱ་རང་གི་སྲོག་ལུས་དབང་ཀླུང་སྤར་སྨེ་དང་རེས་གཟའ་རྒྱུ་སྐར་སོགས་ཀྱི་འབྱུང་ཁམས་འཕྲོད་སྦྱོར་རྣམས་ལ་དཔག་པ་གལ་ཤིན་ཏུ་ཆེ་སྟེ། ཇི་སྐད་དུ། ཕྱི་དུས་གཟའ་སྐར་ཚེས་བཟང་རྒྱུ་ཚགས་མེད།། འུར་ཟིང་གདོན་ཅན་འགྲུལ་འགྲིམ་མེད་དུས་གཏར།། ཞེས་པ་ལྟར།


1. ཕྱི་རོལ་གནམ་ལོ་བླ་གནས་བསྟན་པ་ལ། གཙོ་བོ་གནམ་ལོའི་སྤར་ཁའི་ཁམས་དང་མ་འཁེལ་པ་ཞིག་དགོས་ཏེ། དཔེར་ན་གནམ་ལོའི་བབས་སྤར་དེ་ལི་ཡིན་ན་ལོ་དེར་མེ་དཔྱད་སྤངས་དགོས་པ། དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་རྙོག་མ་དྲུངས་འབྱིན་ཀེ་ཏ་ཀ་ལས། ལོ་ནི་སྤར་ཁ་གང་ལ་གནས་པ་ཡི།། དཔྱད་སྤང་ཞེས་དང་། བེེ་དཀར་ལས། སྤར་ཁ་ལི་དང་སྨེ་གཉིས་ནག། བདུན་དམར་འཆར་དུས་སྲེག་ཚེས་དང།། འཆི་སྦྱོར་ས་ཡི་ཕུང་བྱེད་རྒྱུ།། ཞེས་གསུངས་ཏེ། དུས་དེ་དག་ནི་གཏར་བསྲེག་ཀུན་ལ་སྤངས་ཤིང་འཛེམས་པའི་དུས་ཡིན་པར་བརྟེན་ལོ་རེའི་སྤར་ཁའི་ཁམས་ལ་བརྟག་ནས་སྤང་བླང་མ་ནོར་བར་གཏར་བསྲེགས་བྱ་ན་། འབྱུང་འཕྲོད་ཀྱི་རྟེན་འབྲེལ་དབང་གིས་གསོ་བྱའི་ཚེ་སྲོགས་ལ་ཉེས་སྐྱོན་སྣ་ཚོགས་ཀྱིས་བར་ཆད་མི་འབྱུང་པའི་ཕན་ཡོན་གྱི་དགེ་མཚན་ཆེན་པོ་དང་ལྡན་པའོ།།


2. ཟླ་བའི་བླ་གནས་རྒྱུ་ཚུལ་ནི། གསོ་བྱའི་ནད་པ་དེའི་ལོ་བརྙན་བྱི་ཕག་གཉིས་གང་རུང་ཡིན་ན། དགུན་ཟླ་འབྲིང་པོ་སྟེ་བཅུ་གཅིག་པ་མགོ་ཟླ་བ་ལ་གཏར་ག་མི་རུང་པ་དང་། དེ་བཞིན་དུ་གླང་ལུག་བྱ་གསུམ་གང་རུང་ཡིན་ན་དབྱར་ཟླ་ར་བ་སྟེ་ས་ག་ཟླ་བར་གཏར་ག་མི་རུང་། སྟག་འབྲུག་གཉིས་ནི་དགུན་ཟླ་ཐ་མ་བཅུ་གཉིས་པ་རྒྱལ་ཟླ་བ་ལ་གཏར་ག་མི་རུང་། ཡོས་སྦྲུལ་གཉིས་དབྱར་ཐ་ཆུ་སྟོད་ཟླ་བ་ལ་གཏར་ག་མི་རུང་། རྟ་ལོ་པ་ནི་དབྱར་ར་རྟ་ཟླ་དང་སྤྲེལ་ལོ་པ་ནི་དབྱར་འབྲིང་སྣྲོན་ཟླ། ཁྱི་ལོ་པ་ནི་སྟོན་ཐ་དབྱིག་ཟླ་རྣམས་ལ་གཏར་ག་མི་རུང་པས་སྤངས་པར་བཤད་དོ།།


3. ཞག་གི་བླ་གནས་རྒྱུ་ཚུལ་བསྟན་པ་ལ། དཔལ་དུས་ཀྱི་འཁོར་ལོ་དང་རྒྱ་རྩིས། གཏེར་མ། རིག་བྱེད་ཀྱི་གཞུང་ལ་སོགས་པར་གསུང་ཚུལ་མང་པོ་ཞིག་ཡོད་པ་ལས། འདིར་ཡོངས་སུ་གྲགས་པ་དུས་ཀྱི་འཁོར་ལོའི་གཞུང་དང་མཐུན་པར་བཀོད་པ་ལ། ཚེས་གཅིག་ལ་རྐང་པའི་མཐེ་བོང་དང་། ཚེས་གཉིས་ལ་བོལ་ཚིགས། ཚེས་གསུམ་ལ་བྱིན་ཉྭ། ཚེས་བཞི་ལ་པུས་མོ། ཚེས་ལྔ་ལ་སྒྱིད་ཁུང་། ཚེས་དྲུག་ལ་བརླ་སུལ། ཚེས་བདུན་ལ་དཔྱི་ཚིགས། ཚེས་བརྒྱད་ལ་མཁལ་མ་གཡོན། ཚེས་དགུ་ལ་རྩིབས་ལོགས། ཚེས་བཅུ་ལ་དཔུང་སོག ཚེས་བཅུ་གཅིག་ལ་ལག་ངར། ཚེས་བཅུ་གཉིས་ལ་ལག་མཐིལ། ཚེས་བཅུ་གསུམ་ལ་སྐེ་མགུལ། ཚེས་བཅུ་བཞི་ལ་རྣ་ལྟག་ཟ་འགྲེམ། ཚེས་བཅོ་ལྔ་ལ་ལུས་སྤྱིར། ཚེས་བཅུ་དྲུག་ལ་ལྟག་པ་ཟ་འགྲམ། ཚེས་བཅུ་བདུན་ལ་སྐེ་འཇིང་། ཚེས་བཅོ་བརྒྱད་ལ་ལག་མཐིལ། ཚེས་བཅུ་དགུ་ལ་ལག་ངར། ཚེས་ཉི་ཤུ་ལ་དཔུང་སོག ཚེས་ཉེར་གཅིག་ལ་རྩིབས་ལོགས། ཚེས་ཉེར་གཉིས་ལ་མཁལ་སྟེང་། ཚེས་ཉེར་གསུམ་ལ་དཔྱི་ཚིགས། ཚེས་ཉེར་བཞི་ལ་བརླ་སུལ། ཚེས་ཉེར་ལྔ་ལ་སྒྱིད་ཁུང་། ཚེར་ཉེར་དྲུག་ལ་པུས་མོའི་སྟེང་། ཚེས་ཉེར་བདུན་ལ་བྱིན་ཉྭ། ཚེས་ཉེར་བརྒྱད་ལ་ལོང་ཚིགས། ཚེས་ཉེར་དགུ་ལ་རྐང་བོལ། ཚེས་སུམ་ཅུ་ལ་ལུས་སྤྱིར་ཁྱབ་པ་བཅས་ཡར་ངོ་སྔོན་འགྲོའི་དབང་དུ་ཚེས་གཅིག་ནས་སྐྱེས་པ་ལ་རྐང་པ་གཡོན་དང་བུད་མེད་ལ་རྐང་པ་གཡས་ནས་བརྩམས་ཏེ་བརྩི་དགོས། བླ་གནས་རྒྱུ་བའི་ཚེས་གང་ཤར་ལ་གནས་དེ་དང་དེར་གཏར་བསྲེགས་ཀྱི་ལས་གང་ཡང་བྱ་མི་རུང་། ཁྱད་པར་དུ་གནམ་སྟོང་དང་ཚེས་གཅིག བཅོ་ལྔ། བཅུ་དྲུག་བཞི་ལ་ལུས་སྤྱིར་ཁྱབ་པས་གཏར་བསྲེགས་ཀྱི་ལས་གང་ཡང་བྱ་མི་རུང་བས་སྤངས་པར་བྱ་དགོས།


4. དུས་ཚོད་ཀྱི་བླ་གནས་བསྟན་པ་ལ། ནམ་ལངས་མཆུ་དང་། ཉི་ཤར་ཁ་ནང་། ཉི་དྲོས་ལྕི། ཉི་ཕྱེད་མིག ཕྱེད་ཡོལ་རྩེ་ཆུང་། དགོང་དྲོ་གློ་རྩ། ཉི་ནུབ་བྲང་ཞོལ། ས་སྲོད་ལྟོ་བ། སྲོད་འཁོར་མཚན་མ། ནམ་ཕྱེད་ཕོ་བ། ཕྱེད་ཡོལ་བྲང་དཀྱིལ། ཐོ་རེངས་རྒྱུ་མ་བཅས་ལ་གནས་པས་འཛེམས་དགོས་སོ།།


5. གཟའི་བླ་གནས་བསྟན་པ་ལ། གཟའ་ཉི་མ་ལ་མགོར་རྒྱུ་བ། ཟླ་བ་ལ་ནུ་མཆིན། མིག་དམར་ལ་གློ་མ། ལྷག་པ་ལ་སྐེད་པ། ཕུར་བུ་ལ་མཁལ་སྐེད། པ་སངས་ལ་རྒྱབ། སྤེན་པ་ལ་རྐང་རྩ་བཅས་ཀྱི་གནས་སུ་རྒྱུ་བར་བྱེད་པ་ཡིན་ནོ།།


6. བིཥྚི་རྒྱུ་བའི་དུས་ནི། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི།། ཀླུ་ཚེས་ལག་མིག་བུག་ཟུང་སྔ།། ཞེས་གསུངས་ཏེ། རགས་པ་ཚེས་བཞི་དང་བཅུ་གཅིག། བཅོ་བརྒྱད། ཉེར་ལྔ་རྣམས་ནི་ཕྱི་བིའི་ཚུགས་ཚད་དང་། ཚེས་བརྒྱད་དང་བཅོ་ལྔ། ཉེར་གཉིས། ཉེར་དགུ་རྣམས་ལ་སྔ་བིའི་ཚུགས་ཚད་དུ་བཤད་པ་ཡིན། ཞིབ་པར་ཚེས་ལོངས་མང་ཉུང་ལ་དཔག་ནས་བརྩི་དགོས་ཏེ། གཞུང་ལས། ཚེས་ལོངས་སྔོན་མས་མཁའ་རོར་འཕྲི།། ད་ལྟའི་ཚེས་ལོངས་ལ་བསྣན་ནས།། མིག་གིས་བགོས་ནོར་ཡུན་ཚད་ཡིན།། ཡུན་ཚད་ད་ལྟའི་ཚེས་ལོངས་ལ།། འདང་ན་འཕྲི་ཞིང་མ་འདང་ཚེ།། ཚེས་ལོང་སྔོན་མར་བསྣན་པ་ནི།། སྔ་བི་རྫོགས་དང་ཕྱི་བི་ཚུགས།། ཞེས་གསུངས་པར། དེ་ལ་གོ་སླའི་དཔེ་མཚོན་ཙམ་བཀོད་པ་ལ། ཐོག་མར་ཕྱི་བི་ནི། ཚེས་ལོངས་སྔོན་མས་མཁའ་རོར་འཕྲི་བའི་ལྷག་མ་དེ་ད་ལྟའི་ཚེས་ལོངས་ལ་བསྣན་ནས་མིག་སྟེ་གཉིས་ཀྱིས་བགོས་པའི་ནོར་དེས་ད་ལྟའི་ཚེས་ལོངས་ལ་འཕྲི་བར་མ་འདང་ན། ཚེས་ལོངས་སྔོན་མར་བསྣན་པའི་བསྡོམས་དེ་བིཥྚི་ཚུགས་ཚུད་ཡིན་པས། ཚེས་ཁོངས་སྔོན་མར་འབབ་པ་དང་། མིག་གིས་བགོས་ནོར་དེ་ཡུན་ཚད་ཡིན་པས་རྫོགས་ཚད་ད་ལྟའི་ཚེས་ཁོངས་ལ་འབབ་པ། མིག་གིས་བགོས་ནོར་དེ་ད་ལྟའི་ཚེས་ལོངས་ལས་འཕྲི་བར་འདང་ན་ཚེས་ལོངས་ལྷག་མ་དེ་ཚུགས་ཚད་དང་། བགོས་ནོར་ཡུན་ཚད་ཡིན་པས། ཚུགས་ཚད་རྫོགས་ཚད་གཉིས་ཀ་ད་ལྟའི་ཚེས་ཁོངས་ལ་འབབ། དེ་བཞིན་སྔ་བི་ལའང་། ཚེས་ལོངས་སྔོན་མས་མཁའ་རོར་འཕྲི་བའི་ལྷག་མ་དེ་ད་ལྟའི་ཚེས་ལོངས་ལ་བསྣན་ནས་མིག་གིས་བགོས་པའི་ནོར་དེ་ད་ལྟའི་ཚེས་ལོངས་ལས་འཕྲི་བར་མ་འདང་ཚེ་ཚེས་ལོངས་སྔོན་མ་ལ་ཚུགས་ཚད།  ནོར་དེ་ཡུན་ཚད་ཡིན་ལ། དེ་གཉིས་ཀྱི་བསྡོམས་དེ་རྫོགས་ཚད་ཡིན་པས་ཚུགས་ཚད་དང་རྫོགས་ཚད་གཉིས་ཀ་ཚེས་ཁོངས་སྔོན་མར་འབབ་སྟེ། མིག་གིས་བགོས་ནོར་དེ་ད་ལྟའི་ཚེས་ལོངས་ལས་འཕྲི་བར་འདང་ན་ཚེས་ལོངས་སྔོན་མ་དེ་ཚུགས་ཚད་ཡིན་པས་ཚེས་ཁོངས་སྔོན་མར་འབབ་ལ། ནོར་དེ་ཡུན་ཚད་དང་འཕྲི་ལྷག་རྫོགས་ཚད་ཡིན་པས་ད་ལྟའི་ཚེས་ཁོངས་ལ་འབབ། དེ་དག་གི་ལྔ་ཆ་བརྩི་ཚུལ་ནི་དང་པོ་ཡོས་ཀྱི་གནས་ནས་མགོ་བརྩམས་ཏེ་གནས་རེར་ལྔ་རེ་བརྩིས་པས་ཚུགས་ཚད་ནས་རྫོགས་ཚད་ཀྱི་གནས་གང་ཡིན་པ་དེ་བར་དུ་བརྩི་དགོས་སོ།། ལྷག་པར་དུ་སྟེང་གྲིབ་བམ་གཟའ་ནད་ཀྱི་སྐབས་སུ་ཚེས་གྲངས་འདི་དག་ངེས་པ་གལ་ཤིན་ཏུ་ཆེ་སྟེ། སྐབས་དེར་འབྱུང་ཁམས་ཀྱི་དྭངས་མའི་ནུས་པ་དེ་ཚེས་བཞི་ལ་ཆུ་རྩ་སྦུ་གུ་ཅན་སྲེ་ལོང་དང་ཕྱི་ལོང་འདུས་མདོར་འཕོ་བ་དང་། ཚེས་བརྒྱད་ལ་ལག་པའི་མཐེ་བོང་སྤུ་སྐྱེས་སུ་འཇའ་བྱེད་འདུས་མདོར་འཕོ་བ། ཚེས་བཅུག་གཅིག་ལ་ལག་པའི་གྲུ་མོར་བསྐོར་པའི་འཇའ་བྱེད་འདུས་པར་འཕོ་བ། ཚེས་བཅོ་ལྔ་ལ་སྤྱི་བོའི་ཀླད་རྩ་འདུས་པར་འཕོ་བ། ཚེས་བཅོ་བརྒྱད་ལ་ནང་གི་སྙིང་རྩ་བཞི་འདུས་པར་འཕོ། ཚེས་ཉེར་གཉིས་ལ་ལག་པའི་སོར་ཚིགས་གསུམ་པ་རཏྣ་འདུས་པར་འཕོ། ཚེས་ཉེར་དགུ་ལ་རྐང་པའི་མཐེ་བོང་གི་པིར་མགོར་སྤུ་གུ་ཅན་འདུས་པར་འཕོ་བ། གནམ་གང་ལ་རྐང་མཐིལ་དུ་སྤུ་གུ་ཅན་དང་འཇའ་བྱེད་འདུས་པར་འཕོ་བ་ཡིན་པས། དེ་ཕྱིར་འབྱུང་ཁམས་ཀྱི་དྭངས་མ་དེ་དབང་རྩའི་འདུས་གནད་གང་དུ་ཐིམས་ལོངས་བདག་གསུམ་གྱི་དབང་གིས་ནུས་པ་འབྱིན་པ་དང་། གསལ་བར་བཤད་པའི་ཚེས་གྲངས་འདི་དག་གི་སྐབས་སུ་ཕོག་པ་མང་ཞིང་། གཞན་ཡང་རེས་གཟའ་སོགས་གང་གི་སྐབས་སུ་ཕོག་པའི་རིགས་དང་རྟག་དབྱེ། བཅོས་ཐབས་རྣམས་འདིར་མང་གིས་དོགས་ནས་མ་བྲིས་པས་གཞན་དུ་ཤེས་པར་བྱའོ།།


7. གཏར་མེ་དབྱུག་བཅོས་བྱེད་པར་བཟང་པ་ནི། གཟའ་ཟླ་བ། ལྷག་པ། ཕུར་བུ། པ་སངས་རྣམས་དང་། ཚེས་བཅུ། བཅོ་བརྒྱད། སྐར་མ་ལྷ་མཚམས། ནམ་གྲུ། གྲོ་བཞིན། བྱི་བཞིན། མཆུ། སྣར་མ། ནབས་སོ། རྒྱལ། ས་རི། སྣྲོན་རྣམས་དང་། ཉི་མ་བྱ་དང་ཁྱི་གཉིས། དུས་སྦྱོར་གླང་། འཁྲིག་པ། བུ་མོ། ཉ་རྣམས་ལ་བཟང་ཞིང་། ཀརྐ་ཊ། སྲང་། སེངྒེ། གཞུ་རྣམས་ལ་འབྲིང་དུ་བཤད་དོ།།


8. འཛེམ་བྱ་ནི། གཟའ་སྤེན་པ་སྟེ་རིགས་ལྡན་དང་། ཉི་མ། མིག་དམར་(མེ་བཙའ་ལ་བཟང་)རྣམས་དང་། ཚེས་བཞི་དང་བརྒྱད། ཉེར་དགུ། སུམ་ཅུ། སྐར་མ་ལག ཁྲུམས་སྨད། གྲེ། ཐ་སྐར། བྲ་ཉེ། སྤར་ཁ་ལི། སྨེ་བ་གཉིས་ནག བདུན་དམར། ཉི་མ་འབྲུག སྦྲུལ། ལུག དུས་སྦྱོར་སྡིག་པ། ཆུ་སྲིན། བུམ་པ། ལུག ས་བདག་བིཥྚི་རྒྱུ་བ་སོགས་ཀྱི་དུས་དང་། གཞན་ཡང་འཆི་སྦྱོར། སྲེག་ཚེས། ཡན་ཀྭང་རྣམས་ལའང་འཛེམ་ཞིང་མ་འཁེལ་བ་གལ་ཆེ་ལ། ལྷག་པར་དུ་རིགས་ལྡན་འཆར་བའི་དུས་ལ་བཤོལ་པ་ནི་ཆེས་ཤིན་ཏུ་གལ་ཆེ་བས་སྤངས་དགོས་སོ།།


                                  བཞི་པ།   དུས་ཚིགས་དང་འབྲེལ་བའི་སྨན་བཏུ་སྒྲུབ་སྐོར་བཤད་པ།

ནད་ཀྱི་ཟུག་རྔུ་མཐའ་དག་ཞི་བར་བྱེད་པ་ལ་གཉེན་པོ་བཞི་རུ་བསྡུས་པའི་ཡ་གྱལ་སྨན་རྫས་རིག་པ་ནི་གསོ་བ་རིག་པའི་གྲུབ་ཆ་མེད་དུ་མི་རུང་པའི་ཡ་གྱལ་ཆེས་གལ་ཆེ་ཤོས་དེ་ཡིན་ཏེ། བཤད་རྒྱུད་སྨན་པའི་ལེའུར། ཆ་བྱད་སྨན་མེད་སྨན་པ་དེ།། གོ་མཚོན་མེད་པའི་དཔའ་བོ་འདྲ།། ཞེས་དཔེ་དོན་དང་སྦྱར་ནས་ཕ་རོལ་དགྲ་ཟླའི་དཔུང་ཚོགས་ཆེན་པོ་འཇོམས་པར་བྱེད་པ་ལ། རྒྱུ་མཚོན་ཆ་རྣོ་ངར་ལྡན་པ་ལ་རགས་ལས་པ་ལྟར་གསོ་བྱའི་ནད་ཀྱི་ཟུག་རྔུ་མཐའ་དག་ཞི་བར་བྱེད་པ་ལའང་སྨན་རྫས་ཀྱི་ནུས་སྟོབས་འདི་ཁོ་ན་ཉིད་ལ་རགས་ལས་ཤིང་། དེ་ཡང་མཚོན་ཆ་ལ་རྒྱུའི་ཡན་ལག་དང་རྣོ་དབལ་སོགས་ཚོགས་དགོས་པ་བཞིན་སྨན་རྫས་ཕུན་སུམ་ཚོགས་པ་བྱུང་བ་ལ་ཡང་བཏུ་སྦྱོར་གྱི་དུས་དང་ངོས་འཛིན། ཚད་ལྡན་གྱི་ལག་ལེན་བཅས་མ་ནོར་བར་མན་ངག་བརྒྱུད་པ་དང་ལྡན་པ་ཤིན་ཏུ་གལ་ཆེ་བས། དེ་ཕྱིར་གོས་སྨྲས་ལྟར་སྨན་གྱི་རོ་ནུས་དང་ཞུ་རྗེས་གང་ལའང་འབྱུང་བ་ཆེན་པོ་ལྔའི་མ་ཁྱབ་པ་མེད་པ་ནི་ཤེས་ལྡན་ཀུན་གྱིས་མཁྱེན་གསལ་བཞིན་ནོ།། དེ་ལ་ཕྱི་ནང་རྟེན་འབྲེལ་གྱི་དབང་གིས་འགྱུར་ལྡོག་སྣ་ཚོགས་སུ་འོང་མོད། འོན་ཀྱང་དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་བསྐྱེད་པས་རྟེན་འབྱུང་གི་ཆོད་ཉིད་ལས་མ་འདས་པ་ནི། ཕྱི་རྒྱུད་ཡོངས་གཏད་ལས། གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ།། གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ།། རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ།། ཞེས་དཔེ་དོན་དང་མཐུན་པར་རྟེན་འབྲེལ་གྱི་རང་བཞིན་གསལ་པོ་གསུངས་པ་ལྟར་རོ།། སྐབས་དོན་ངེས་པར་དུ་གལ་ཆེར་འཛིན་དགོས་པ་ནི། ཕྱི་ནང་འབྱུང་བའི་འཕེལ་འགྲིབ་ཀྱི་ཆོས་ཉིད་ལ་གཞིགས་ནས་སྨན་རྫས་སྐྱེ་བཏུའི་དུས་ཚིགས་རྣམས་མ་ནོར་བར་ལེ་ལོ་དང་སྒྱིད་ལུག་གི་གཞན་དབང་དུ་མ་བཏང་བར་དུས་ཚོད་ལྟར་བཏུ་སྒྲུབ་བྱེད་པ་གཙིགས་ཆེར་འཛིན་དགོས། རྒྱུ་མཚན་སྨན་རྫས་སོ་སོ་སྐྱེ་བའི་དུས་ཚོད་སྔ་ཕྱི་མི་འདྲ་བའི་ཕྱིར་ལ་ལ་དུས་ལས་ཡོལ་ན་ཡལ་འགྲོ་བ་དང་། ཁ་ཤས་རྩ་མེ་སྡོང་རྐང་ལོ་མ་སོགས་དུས་ཚིགས་ཀྱི་དབང་གིས་བཏུ་སྒྲུབ་བྱེད་པའི་ཁྱད་པར་སྔ་ཕྱི་མི་འདྲ་བ་དུ་མ་འབྱུང་བས་རོ་ནུས་ཞུ་རྗེས་ཀྱི་སྟོབས་དང་ཕན་ཡོན་སོགས་ཀྱང་ཆེ་ཆུང་མི་མཚུངས་ཏེ། ཕྱི་རོལ་འབྱུང་ཁམས་ཆེན་པོ་འཕེལ་འགྲིབ་ཀྱི་ཆོས་ཉིད་དང་མཐུན་པར་སྨན་རྫས་སོ་སོའི་ཁྱད་པར་གྱི་ནུས་པའང་སྣ་ཚོགས་སུ་ཐོན་པ་ཡིན། དེ་ཕྱིར་གཞུང་དུ་བསྟན་པའི་སྨན་རྫས་ལ་གཅེས་པའི་ཡན་ལག་བདུན་དུ་གསུངས་པ་ལས། འབྱུང་ཁམས་འཕེལ་འགྱུར་ལ་གཞིུགས་ནས་དུས་སུ་བཏུ་བར་གདམས་པ་ནི། བཏུ་དུས་རྩ་བ་ཡལ་ག་སྡོང་གསུམ།། སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ།། སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས།། ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ།། ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ།། འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས།། མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ།། འབྲས་བུའི་རིགས་ཡིན་མིག་དོན་མགོ་ནད་སེལ།། སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས།། སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ།། ཤུན་པའི་རིགས་ཡིན་པགས་རྒྱུས་ཡན་ལག་སེལ།། ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས།། བཤལ་སྨན་རྩི་སྐམས་ནུས་པ་གཏིང་འགྲོའི་དུས།། སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ།། ཞེས་གསུངས་པ་ལྟར་རྩ་བ་དང་ཡལ་ག་སྡོང་པོ་གསུམ་ནི་སྡོང་པོའི་རིགས་ཡིན་པས། རུས་པ་དང་རྩ། ཤའི་རིགས་ཀྱི་ནད་རྣམས་སེལ་ཕྱིར་དེ་དག་སྟོན་ཀ་རྩི་ཏོག་རྣམས་སྐམས་པའི་དུས་སུ་སྟེ་སྟོན་ཟླ་ཐ་ཆུང་དགུ་པ་ལ་བཏུ་བར་བསྔགས་པ་དང་། དེ་བཞིན་དུ་ལོ་མ་དང་ཞོ། མྱུ་གུ་རྣམས་ནི་ལོ་མའི་རིགས་ཡིན་པས་སྣོད་དྲུག་དང་རྐང་མར། ལྷ་པ་བཅས་ཀྱི་ནད་སེལ་ལ་དེ་རྣམས་དབྱར་ཐ་དྲུག་པའི་དུས་སུ་བཏུ་བར་བསྔགས་སོ།། མེ་ཏོག་དང་འབྲས་བུ། རྩེ་མོ་རྣམས་ནི་འབྲས་བུའི་རིགས་ཡིན་པས། མིག་ལ་སོགས་པའི་དབང་པོ་རྣམས་དང་དོན་ལྔ། མགོ་བོ་བཅས་ཀྱི་ནད་སེལ་བས་སྟོན་འབྲིང་བརྒྱད་པ་འབྲས་བུ་སྨིན་པའི་དུས་སུ་བཏུ་བར་བསྔགས་སོ།། སྐོགས་པ་དང་བར་ཤུན། ཚི་བ་སྟེ་ཐང་ཆུའི་རིགས་རྣམས་ཤུན་པའི་རིགས་ཡིན་པས། པགས་པ་དང་རྒྱུས་པ། ཡན་ལག་གི་ནད་རྣམས་སེལ་བ་ཡིན་ཏེ། དེ་དག་སྔོ་ཤིང་རྩི་ཏོག་ཁ་འབུས་པ་དཔྱིད་ཐ་གསུམ་པའི་དུས་སུ་བཏུ་བར་བསྔགས་པ་ཡིན་ནོ།། གཞན་ཡང་བཤལ་སྨན་གྱི་རིགས་རྣམས་ནི་རྩི་ཏོག་སྐམས་ནས་འབྱུང་བ་ས་ཆུའི་ཡོན་ཏན་དང་ལྡན་པའི་ནུས་པ་ལྕི་བསིལ་སོགས་གཏིང་ངམ་ཐུར་དུ་འགྲོ་བའི་དུས་སུ་སྟེ་སྔོན་འཇུག་དང་། སྐྱུགས་སྨན་གྱི་རིགས་རྣམས་ནི་སྔོ་ཤིང་ཁ་འབུས་པ་འབྱུང་བ་མ་རླུང་གི་ཡོན་ཏན་དང་ལྡན་པའི་ནུས་པ་ཡང་གཡོ་སོགས་གྱེན་དུ་འདྲེན་པའི་དུས་སུ་སྟེ་དཔྱིད་ཟླ་འབྲིང་པོ་དང་ཐ་ཆུང་གི་དུས་སུ་བཏུ་བར་བསྔགས་སོ།། དེ་དག་ཐམས་ཅད་ཀྱང་འབྱུང་བ་ཆེན་པོ་རྣམས་ཀྱིས་བསྐྱེད་པའི་ཤས་ཆེ་ཆུང་གི་ནུས་པ་དང་། སྨན་རྫས་རང་རང་གི་ངོ་བོའི་ནུས་པ་གཉིས་སུ་བྱུང་བ་ལས། སོ་སོའི་སྐྱེ་གནས་ལ་བསྟོས་པའི་བསིལ་དྲོད་ཀྱི་སྟོབས་དང་། རོ་དང་ཕྱོགས་མཐུན་གྱི་ནུས་པ། གཉེན་པོའི་ནུས་པ། རིགས་མཐུན་གྱི་ནུས་པ། དབྱིབས་མཐུན་གྱི་ནུས་པ། རྟེན་འབྲེལ་གྱི་ནུས་པ། སྨོན་ལམ་གྱི་ནུས་པ་སྟེ་བརྒྱད་དང་ལྡན་པ་ཡིན་པས་སྨན་རྫས་གང་ཡང་དུས་སུ་བཏུས་ཤིང་ཚད་ལྡན་གྱི་ལག་ལེན་བྱུང་ན། ལྕི་སྣུམ་བསིལ་བརྟུལ་སོགས་ནུས་པ་བརྒྱད་དང་། མངར་སྐྱུར་ལན་ཚྭ་སོགས་རོ་དྲུག མངར་སྐྱུར་ཁ་བ་སྟེ་ཞུ་རྗེས་གསུམ། ཡོན་ཏན་བཅུ་བདུན་བཅས་དང་ལྡན་པའི་ཕན་ཡོན་ཁྱད་པར་དུ་འཕགས་པ་བརྗོད་ཀྱིས་མི་ལངས་པ་འབྱུང་བ་ཡིན་ནོ།། བྱེ་བྲག་ཏུ་ཟླ་བ་སོ་སོའི་ཉི་སྐར་དང་བསྟུན་ནས་བཏུ་བའང་མང་དུ་སྣང་པ་ལས་མདོ་ཙམ་བྲི་བ་ལ།། དཔེར་ན་ཟླ་བ་བཞི་བའི་ཉི་སྐར་༡།༣༧ ཡས་མས་ལ་ཨུག་ཆོས་མེ་ཏིག་དང་སེ་བའི་མེ་ཏོག་བཞད་པ་དང་། ཉི་སྐར་༢།༤༢ ལ་བྲི་ཡང་ཀུ་དུས་བཏུ་རན་པ། ཟླ་བ་དྲུག་པའི་ཉི་སྐར་༥།༢༥ ཡས་མས་ལ་ཨུཏྤལ་མེ་ཏོག་གི་སྒང་ཡིན། ཉི་སྐར་༧།༡༤ ཡས་མས་ལ་གཟེར་འཇོམས་མེ་ཏོག་གི་སྒང་ཡིན། ཟླ་བ་བདུན་པའི་ཉི་སྐར་༩།༡༠ ཡས་མས་ལ་སྤང་རྒྱན་མེ་ཏོག་གི་སྒང་ཡིན། ཟླ་བ་བརྒྱད་པའི་ཉི་སྐར་༩།༤༡ ཡས་མས་ལ་ཨི་བི་ཥ་དུས་བཏུ་ཟིན་པ། ཉི་སྐར་༡༠།༢༤ ཡས་མས་ལ་ལྕ་བའི་རྩ་བ་བཏུ་དུས་ཟིན་པ་ལྟ་བུ་སོགས་དུས་ངེས་པ་ཅན་མང་དུ་ཡོད་པ་རྣམས་དང་བསྟུན་ནས། སྨན་རྫས་རིགས་བཏུ་སྒྲུབ་བྱས་ན་ལྷག་པར་འོས་ཤིང་འཚམས་པར་ངེས། དེ་ལྟར་བོད་ཀྱི་སྨན་རྫས་ནི་རང་བྱུང་གི་སྨན་རྫས་དངོས་ཡིན་པས་ནུས་པའི་སྟོབས་བསམ་གྱིས་མི་ཁྱབ་པར་མ་ཟད། ཕྱི་ནང་འབྱུང་བའི་རྟེན་འབྲེལ་ཟབ་མོ་གཙོ་བོར་བཟུང་ནས་བཏུ་སྦྱོར་བྱས་པ་ཞིག་ཡིན་པས། དུས་རབས་གང་དང་ཡུལ་གང་དུ་སྤྱད་ཀྱང་ཉེས་སྐྱོན་གང་ཡང་མེད་དོ།། དེ་ཕྱིར་འདི་འབྱུང་བའི་འཕེལ་འགྲིབ་ལ་བལྟོས་པས་དུས་དབྱར་དགུན་སྟོན་དཔྱིད་བཞི་དང་། ཉི་མ་ལྡོག་དུས། དབྱར་རྔའི་སྒྲ་སྒྲོགས་ཆད། དྲང་སྲོང་རྀ་ཥི་དང་ཕག་ཞག རིག་ལྡན། བིཤྚི། སྲེག་ཚེས། བདུད་རྩི་ཐུན་མཚམས་སོགས་འཆར་རྫོགས་ཀྱི་དུས་ཡུན་བཅས་ལ་གཟའ་སྐར་གྱི་ལེགས་ཉེས་རྣམས་ལ་དཔགས་ཏེ་བླང་དོར་ལག་ཏུ་ལེན་པ་ནི། བོད་མི་རིགས་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཉམས་མྱོང་གི་ཉིང་ཁུ་ཕྱོགས་བསྡོམས་གནང་བ་ཞིག་རེད། དེ་ཡང་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། སྙན་བརྒྱུད་དང་ཆིག་བརྒྱུད། ཟབ་མོ་དག་སྣང་གི་བརྒྱུད་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་སྣ་ཚོགས་བར་མ་ཆད་པར་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ད་ལྟའི་བར་རྒྱུན་བསྐྱངས་པ་དང་། ལྷག་པར་དུ་སྨན་རྩིས་ཟུང་འབྲེལ་འདི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མཐོ་བའི་ཚན་རིག་གི་རང་བཞིན་བླ་ན་མེད་པ་ཞིག་རེད། འོན་ཀྱང་དེང་སྐབས་ཁ་ཅིག་གིས་མ་མཐའ་ཡང་རིགས་ལྡན་དང་ཕག་ཞག་ལྟ་བུ་ལའང་སྣང་མེད་དུ་བཞག་ནས་གང་འདོད་ཀྱིས་སྨན་བཏུ་སྦྱོར་བྱེད་པ་ལ། ལག་ལེན་གཅེས་བཏུས་ལས། གདུག་པའི་རིགས་ལྡན་རཱ་ཧུ་མ་སྤང་ན། སྦྲུལ་དུག་སོས་བཏབ་རྨ་དུག་བྱ་ཁྱུང་གིས།། སོས་པར་མི་འགྱུར་ཞེས་གསུངས་འདི་འཆར་ཚེ།། ཟས་ཟོས་ནད་འབྱུང་སྨན་འཐུང་དུག་ཏུ་འགྱུར།། སྨན་སྦྱོར་ཚེ་སྒྲུབ་ལེགས་བྱས་དེ་ལྟར་འགྱུར།། ཞེས་ཚད་ལྡན་གྱི་གཞུང་ལུགས་རྣམས་ལས་འཆར་ཚུལ་དང་ཉེས་དམིགས་དུ་མ་གསུངས་པ་བཞིན་དང་། ཁྱད་པར་དུ་གསོ་བ་རིག་པའི་སྐབས་འདིར་ཉེས་དམིགས་ཤིན་ཏུ་ཆེ་བར་བཤད་པས་བློ་དང་ལྡན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་དུ་སྤང་བྱ་ཡིན་པ་རྟོགས་དགོས་སོ།། གཞན་ཡང་གཟའ་དང་རྒྱུ་སྐར། བིཥྚི་སོགས་སྨན་དཔྱད་ལ་ཉེས་དམིགས་ཆེ་ཞིང་འཛེམས་དགོས་པའི་རིགས་འཆར་ཚུལ་ཤིན་ཏུ་མང་མོད་ཀྱང་ཡི་གེ་མང་བར་འཇིགས་ནས་གོང་སྨོས་ཀྱིས་འཐུས་པར་བྱས་ཏེ་མདོ་ཙམ་བཀོད་པ་ལས་ཞིབ་པར་གཞུང་དུ་གསལ་བས་གཟིགས་རྟོགས་གནང་བར་འཚལ། རི་ཥི་དང་བདུད་རྩི་ཐུན་མཚམས་སོགས་དགེ་ཞིང་ལེགས་པའི་དུས་རྣམས་ལག་ཏུ་གང་ལོན་ལ་འབད་པ་གལ་ཆེའོ།། དེ་ལྟར་སྨན་རྩིས་གཉིས་ཀྱི་འབྲེལ་བ་འདི་འོ་ཆུ་ཇི་བཞིན་དབྱེར་མེད་དུ་འདྲེས་པས་ཞིབ་པར་བརྗོད་ཀྱི་མི་སྤོབས་མོད། འོན་ཀྱང་འདིར་རགས་པའི་དབང་དུ་ཅུང་ཟད་བརྗོད་པ་ལ་འགལ་འཛོལ་གྱི་ཉེས་པ་གང་མཆིས་རྣམས་མཁས་དབང་དམ་པའི་ཚོགས་ཀྱི་སྤྱན་སྔར་འཆགས་སོ།།


- འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་ཕྱི་ལོ་༡༩༩༨ ལོའི་དེབ་གཉིས་པའི་ནང་བཞུགས་པ་དེ་ནས་ཟུར་བཏོན་བྱས།


མཐའ་མའི་འདོན་ཐེངས་།: 22.06.2015 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།