སྨན་རྩིས་དྲ་བ། - ཆེད་རྩོམ།

མིག་སྤྲིན་དང་ཤ་མདངས་སེར་བའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.07.2015
ཆེད་རྩོམ། >>


མིག་སྤྲིན་ཤ་མདངས་སེར་བའི་རྒྱུ་རྐྱེན་གྱི་དབྱེ་བའི་སྐོར་གླེང་བ།

 

                                                                   - སྟོབས་རྒྱལ།


 

          མིག་སྤྲིན་དང་། ཤ་མདངས་སེར་བ་ནི་ནད་གཅིག་ཏུ་མ་ངེས་པར་ནད་ཐོག་ཏུ་རྒྱུན་དུ་མཐོང་བའི་རྒྱུ་རྐྱེན་མང་པོའི་དབང་གིས་བྱུང་བའི་ནད་ཀྱིས་བསྟན་པའི་ཚུར་སྣང་གི་ནད་རྟགས་ཤིག་ཡིན། དེར་བརྟེན་རྒྱུ་རྐྱེན་མི་འདྲ་བ་ལས་བྱུང་བའི་ནད་དེའི་ངོ་བོ་དང་། རྟགས་དང་། བཅོས་ཚུལ་སོགས་ལ་ཁྱད་པར་ཆེན་པོ་ལྡན་ཡོད་པས་འདྲ་སྣང་རྟགས་ལ་མི་རྨོངས་པར་ནད་ཀྱི་རྒྱུ་རྐྱེན་ལ་དཔྱད་པར་བྱ་རྒྱུ་ནི་ཧ་ཅང་གི་དོ་གལ་ཅེ་བ་སྟེ་རྒྱུད་ལས། རྒྱུ་ལ་ཉེས་པ་གནས་ལ་འཇུག་པའི་ཕྱིར། །མཚན་ཉིད་ནད་རིགས་བྱེ་བྲག་ཕྱེད་པར་འགྱུར། །ཞེས་བསྟན་པ་ལྟར་ནད་རིགས་སོ་སོའི་ངོ་གྱུར་གྱི་རྣམ་པ་ཚུལ་བཞིན་རྟོགས་པ་ལ་མངོན་ནས་དཔལ་ལྡན་རྒྱུད་དང་། སྔོན་བྱོན་མཁས་དབང་དམ་པས་ཚུལ་དེར་བསྟན་པའི་དགོངས་པ་རྣམས་རང་བློས་གང་དཔོག་གིས་བསྡུས་པའི་ཚིག་གིས་བརྗོད་པར་བྱ་བ་ཡིན།

 

དང་པོ། སྣོད་མཁྲིས་ཀྱི་བྱེད་ལས་དང་ངོ་བོའི་སྐོར།

          སྣོད་ཀྱི་མཁྲིས་པ་ནི་མཆིན་འདབས་སུ་གནས་ཤིང་ཡར་མཆིན་པ་དང་། མར་ཐད་ཀར་རྒྱུ་མ་ལ་འབྲེལ་བ་དང་།  དབྱིབས་སྡོར་གྱི་རྐྱལ་པ་བཀལ་བ་དང་འདྲ་བ་ཞིག་ཡིན། དེ་ཡང་སྣོད་མཁྲིས་དེ་ལ་བྱ་བ་བྱེད་པའི་མཁྲིས་ཁུ་དེ་ཉིད་གང་ལས་བྱུང་སྙམ་ན། རོ་དྲུག་གི་ཟས་སྐོམ་ཟོས་པ་རྣམས་ཕོ་ལོང་རྒྱུ་མའི་ཡུལ་དུ་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཕྱེ་བའི་དྭངས་མ་རྣམས་རྒྱུ་མ་སོགས་ཡུལ་དུ་དྲ་བ་ལྟར་འབྲེལ་ཞིང་ཆགས་པའི་རྒྱུ་གྲོག་གི་རྩ་རྒྱུད་དེ་མཐར་ཁ་ཟས་ཀྱི་དྭངས་མ་རྣམས་མཆིན་པའི་གནས་ནས་མཁྲིས་པ་མདངས་བསྒྱུར་གྱིས་ཁྲག་ཏུ་གྱུར་བའི་ཁྲག་གི་སྙིགས་མ་ཞིག་ཡིན། ཁྲག་གི་སྙིགས་མ་མཁྲིས་ཁུ་དེ་ཡང་རང་རང་མེ་དྲོད་རྣམ་གསུམ་གྱིས་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་དེ་ལུས་ཀྱི་ཆུ་སེར་དུ་འགྱུར་བ་དང་། སྙིགས་མ་དེ་རང་ལམ་རྩ་སྦུབས་བརྒྱུད་དེ་རྒྱུ་མའི་གནས་སུ་སོང་ནས་ཟས་སུ་སྡོར་བཏབ་པ་ཇི་བཞིན་ཟས་སྐོམ་སྣུམ་ལྡན་རྣམས་འཇུ་བའི་ནུས་པ་སྐྱེ་བ་སྟེ། དེའི་ངོ་བོ་ནི་རྣོ་ཞིང་ཚ་བ་སོགས་མཁྲིས་པའི་མཚན་ཉིད་དང་ངོ་བོ་གཅིག་ཏུ་མཚུངས་ནས་ཞུ་དང་མ་ཞུའི་གནས་རྒྱུ་མའི་མེ་དྲོད་ཀྱི་སྟོབས་བསྐྱེད་དེ་རྩི་མར་དང་ཚིལ་ཞག་སོགས་ཁ་ཟས་སྣུམ་པ་རྣམས་འཇུ་ཞིང་ཟུངས་ཀྱི་དྭངས་སུ་འགྱུར་བ་མ་ཟད། དྲི་ཆེན་གྱི་རྩི་དང་། ཆུ་ཡི་ཀུ་ཡ། རྩ་ཆུ་གཉིས་ཀའི་ཁ་མདོག་སེར་པོར་འགྱུར་བ་བྱེད་པ་ཡིན།

 

གཉིས་པ། མཁྲིས་ནད་ཀྱི་དབྱེ་བའི་རྒྱུ་རྐྱེན།

1. མཁྲིས་པའི་འགྲམས་ཚད། རྒྱུ་རྐྱེན་ནི་རྟ་ཡིས་བརྡབས་པ་དང་། གཡང་དུ་ལྷུང་བ། དབྱུག་པ་དང་། ཁུ་མཚུར་སོགས་དྲག་ཏུ་གཞུས་པའི་རྐྱེན་གྱིས་སྣོད་མཁྲིས་ལ་འགྲམས་པའི་ཕྱི་རྐྱེན་དབང་གིས་བྱུང་མང་བ་དང་། དེས་ཁྲག་འཁྲུགས་ནས་མཁྲིས་པའི་ཚ་བ་བསླངས་པར་བརྟེན་མཁྲིས་ཚད་འཕེལ་ཞིང་རྒྱས་པའམ། ཡང་ན་སྐྲངས་ཤིང་གཉན་ཚད་ལྡན་པ་དེས་མཆིན་པའི་རྩ་རུ་ལུས་ནས་མིག་སྤྲིན་སེར་བ་དང་། མཆིན་པ་སྐྲངས་སྙམ་བྱེད་པ། རོ་སྟོད་གང་སྙམ། དྲི་ཆུའི་མདོག་དམར་བ། གླང་ཐབས་ལྡང་བའོ།།

2. འཁྲུགས་ཚད་མཁྲིས་པར་བབས་པ། རྒྱུ་རྐྱེན་ནི་ལུས་ལ་ཐ་མལ་རང་བཞིན་དུ་གནས་པའི་མཁྲིས་པ་དེ་ལ་དུས་གདོན་ཟས་སྤྱོད་བཞིའི་རྐྱེན་དང་འཕྲད་ནས་རྣམ་པར་གྱུར་ཏེ་ཉེས་པ་འཁྲུགས་ནད་ཁྲག་ཚད་འཕེལ་བའི་རྐྱེན་གྱིས་མཆིན་མཁྲིས་སོགས་གནས་ལ་ཚ་བས་རྨུགས་ཏེ་གཉན་ཚད་རྒྱས་ཅིང་སྐྲངས་པས་མཁྲིས་པ་འཕེལ་ཞིང་གསོག་པ་རྣམས་རྩ་རུས་ལུད་པས་མིག་སྤྲིན་དང་། ཤ་མདོག་སེར་ཞིང་། ཁ་ཏིག་བྲོ་བ། སྐྲ་འདབ་རྔུལ་བ། ཁ་སྐམ་པ་སོགས་ཀྱི་རྟགས་འབྱུང་བ་ཡིན།

3. གཉན་རིམས་མཁྲིས་པ་རྩར་རྒྱུག དུས་བཞིའི་འབྱུང་བ་དམན་ལྷག་ལོག་པ་དང་། མྱ་ངན་དང་སྡུག་བསྔལ་གྱིས་མནར་བ། ཁ་ཟས་བཅུད་མེད་པ་སོགས་ཀྱིས་ལུས་སྟོབས་དབྲི་བའི་ཁར་ཀླུ་བདུད་བྱང་སྨན་དང་། ནད་དེའི་དུག་རླངས་སོགས་ཕོག་པས་གཉན་རིམས་བྱུང་བ་དེས། མཁྲིས་པའི་ཚ་བ་རྒྱས་ཤིང་བསླངས་བ་ལ་བརྟེན་གཉན་རིམས་ནད་བྱུང་བ་ཡིན་ལ་ནང་མཆིན་མཁྲིས་གནས་སུ་བབས་རྗེས་མཁྲིས་ཚད་རྒྱས་ཤིང་རྩ་རུ་རྒྱུ་བ་སྟེ། རིན་ཆེན་གཏེར་མཛོད་ལས། མཁྲིས་པའི་གནས་སུ་བབས་པ་ཡིས། །ཁ་ལུད་མཆིན་པའི་ཁྲག་དང་འདྲེས། །རླུང་གིས་སྣ་དྲངས་རྩ་རུ་ཁྲིད། །ཟུག་ཆེ་རྔམ་བརྩེགས་སྒོ་བཞི་སེར།། ཞེས་གསུངས་པ་ལྟར། དེ་ལ་ཐོག་མར་ཚ་བ་མ་སྨིན་པའི་རྟགས་འབྱུང་བ་དང་། བར་དུ་རྒྱས་དུས་མིག་སྤྲིན་དང་། ལྕེ་འོག མུར་གོང་རྣམས་སེར་བ། ཁ་ཁ་ཞིང་ལུས་ཚ་བ། དང་ག་འགག་པ། སེན་མོ་དང་རྙིལ། ལྕེ་མཆུའི་མདོག་དཀར་སེར་འབྱུང་བ་དང་། མ་སྨིན་པའི་ཞག་ཏེ་གཉིས་ནང་བཤང་བའི་ཁ་མདོག་ཀྱང་དཀར་པོ་འབྱུང་བའོ།།

4. མཁྲིས་པ་ཤ་སེར། རྒྱུ་རྐྱེན་ནི་ཟས་སྐོམ་ཆང་རག་དང་། སུ་པན་སོགས་རོ་ཚ་ཞིང་སྐྱུར་བ་དང་། བྱ་ཡི་སྒོ་ང་དང་ཉ་ཤ་ལྟ་བུ་འདྲེས་པར་ཟོས་པ་སོགས་མི་འཕྲོད་ཅིང་ཟས་དུག་ཏུ་གྱུར་པའི་རང་བཞིན་ཟས་སྤྱོད་རྐྱེན་གྱིས་ཁྲག་གི་སྙིགས་མ་འཕེལ་བ་དེ་ཉིད་མཆིན་པའི་རང་གནས་ནས་རྩ་རུ་ལུད་པས་ཤ་ཡི་མདོག་གསེར་ལྟར་སེར་ཞིང་ལུས་དྲོད་ཆེ་བ་དང་། ཟས་གང་ཡང་ཁ་ཏིག་བྲོ་བ། རས་སོགས་དངོས་པོ་དཀར་པོ་ཡང་སེར་པོར་མཐོང་བ། སྔ་དྲོ་བདེ་ཞིང་ཕྱི་དྲོ་ན་བ་ཡིན།  

5. མཁྲིས་པ་མིག་སེར། རྒྱུ་རྐྱེན་ནི་ཤ་སོགས་རྙིང་ཞིང་སུངས་པ་དང་། ལུག་ཤ་སོགས་ཁ་ཟས་དྲོད་དང་ལྡན་པས་མཁྲིས་པ་འཕེལ་བའི་གྲོགས་སུ་འགྱུར་བ་དང་། དྲག་ཤུལ་གྱི་སྤྱོད་ལམ་བསྟེན་དྲགས་པ། རང་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེ་བ་སོགས་ཟས་སྤྱོད་ཀྱིས་མཁྲིས་པ་འཕེལ་ཏེ་རྩར་རྒྱུག་པ་ཡིན་པས་མིག་སྤྲིན་དང་། སེན་མོའི་མདོག་སེར་བ་དང་། ཁོང་པ་ཚ་ཞིང་མིག་རུས་ན་བ། ཁ་ཟས་ཡི་གར་མི་འོང་བ་འབྱུང་བ་ཡིན།  

6. མེ་དྲོད་ཀྱི་མཁྲིས་པ་རླུང་གི་གནས་གྱུར་བ། རྒྱུ་རྐྱེན་ནི་རང་བཞིན་གྲང་རླུང་ཅན་དང་། རྒས་པ། མྱ་ངན་དང་སེམས་ལས་ཆེ་བ་སོགས་རྟེན་དང་། ཁ་ཟས་བཅུད་མེད་ཡུན་དུ་བསྟེན་པ་སོགས་ཀྱིས་རླུང་གི་སྟོབས་འཕེལ་ནས་འཇུ་བྱེད་མཁྲིས་ཡུལ་དུ་ཞུགས་པ་ཡིས་མེ་དྲོས་ཀྱི་ཉམས་སྟོབས་དབྲི་བ་དང་། འབྱིན་སྟོམ་གྱི་བྱ་བ་ཚུལ་བཞིན་མི་བྱུང་བར་བརྟེན་ཁོང་པ་སྦོ་ཞིང་འཕྲོག་པ་དང་། དྲི་ཆེན་སྐམ་པ། གཡལ་མང་བ། དྲོད་བཅུད་ཀྱིས་ཕན་པ་སོགས་གོམས་པའི་རྟགས་བཅས་འབྱུང་བ་ཡིན།  

7. མེ་དྲོད་མཁྲིས་པ་མ་ཞུ་བད་ཀན་གྱི་གནས་གྱུར་བ། རྒྱུ་རྐྱེན་ནི་ཁ་ཟས་མ་སྨིན་པ་དང་། ཤ་རིད། མ་ཚོས་པ། འཚིག་པ་སོགས་རྫས་ཀྱི་ངོ་བོ་ཉིད་ནས་འཇུ་དཀའ་བ་སོགས་ཀྱིས་བད་ཀན་གྲང་བའི་སྟོབས་འཕེལ་བ་དེས་མཁྲིས་ཡུལ་ཕྲོགས་པས་ལུས་ལྕི་ཞིང་གཉིད་ཆེ་བ། སྒྱིད་པ་སྐྱུར་བ་སོགས་བད་ཀན་མཚན་ཉིད་ཀྱི་རྟགས་དང་ལྡན་ལ་མིག་སྤྲིན་སེར་བ་དང་། དྲི་ཆེན་གྱི་ཁ་མདོག་སྐྱ་བ་འབྱུང་བ་ཡིན།  

8. མཁྲིད་པ་ཁ་ལུད། རྒྱུ་རྐྱེན་ནི་གཞན་དབང་ལྡན་པའི་ནད་ཞིག་ཡིན་པ་སྟེ་རྒྱུད་ལས། སྐྲན་རྒྱས་མཁྲིས་ཡུལ་ཕྲོགས་ན་མིག་ཆུ་སེར། །ཞེས་པ་ལྟར་མཆིན་པ་དང་། ཕོ་བ། ཤ་རྨེན་སོགས་ལ་འབྲས་སྐྲན་གྱི་ནད་བྱུང་ནས་ཆེར་རྒྱས་ཏེ་སྣོད་མཁྲིས་དང་། བུ་གའི་རྩ་བུབས་ཀྱི་གནས་སུ་བཅར་ཞིང་གནོན་པ་དེས་མཁྲིས་ཁུ་རྒྱུ་བའི་ལམ་བཀག་ཅིང་མནན་སྟབས་མཁྲིས་ཁུ་རྒྱུ་གྱེན་དུ་ཁ་ལུད་པས་དང་ག་འགག་ལ། ལུས་ཤེད་ཆུང་བ་མིག་སྤྲིན་དང་ཤ་མདོག་སེར་བ། དྲི་ཆུ་མར་ནག་འདྲ་བ། སྨིན་ནས་ཟ་འཕྲུག་ལངས་པ་དང་། ཕྲུགས་ན་ཁྲག་དང་མཁྲིས་པ་འཛག་པ། དྲི་ཆེན་གྱི་ཁ་མདོག་རྒྱུན་དུ་དཀར་བ་འབྱུང་བ་ཡིན།

 

གསུམ་པ། མཇུག་བསྡུ་བ།

རྒྱུད་ལས། ཀུན་ལ་མིག་ཆུ་སེར་ན་མཁྲིས་པར་བརྟག །ཅེས་བསྟན་གནང་བ་ལྟར། སྤྱིར་རྒྱུ་མཁྲིས་པ་ལས་བྱུང་བའི་ནད་རིགས་ལ་མིག་སྤྲིན་དང་། ཆུ་མདོག་སེར་ན་མཁྲིས་པའི་རྒྱུ་ལས་བྱུང་བ་ཞིག་ཏུ་བརྟག་དགོས་པ་ཡིན། བྱེ་བྲག་རྒྱུ་རྐྱེན་གང་གིས་སྐྱེད་པ་དང་། རྟགས་དང་ནད་ཀྱི་ངོ་གྱུར་རྣམ་པ་གང་ཡིན་བརྟག་པའི་སྐབས་འདྲ་སྣང་རྟགས་ལ་མི་རྨོངས་པར་ཞིབ་ཏུ་བརྟག་པ་ནི་གནད་ཀྱི་དམ་པ་ཡིན། རྒྱུད་ལས། དེ་ཡང་རྟགས་ལ་ལྟར་སྣང་འབྱུང་སྲིད་དེ། །མ་ཞུ་མཁྲིས་ཡུལ་ཕྲོགས་པའི་མིག་སེར་དང་། །ཞེས་པ་ལྟར་ཐོག་མར་ཚ་གྲང་ཁོ་ནར་འཁྲུལ་སྣང་འབྱུང་སྲིད་པས་དེར་བརྟེན་ནད་རིགས་བྱེ་བྲག་སོ་སོའི་རྒྱུ་རྐྱེན་དང་། ངོ་བོ། བསྡོངས་ཟླ་སོགས་ཕྱོགས་གང་ནས་ཞིབ་ཏུ་དཔྱད་ན་ཚ་གྲང་གི་དབྱེ་བ་གཞི་གང་ལ་བརྟེན་ནས་དབྱེ་བ་དང་། བྱེ་བྲག་སོ་སོར་དབྱེ་བའི་རྒྱུ་རྐྱེན་གང་། ནད་ཀྱི་ངོ་གྱུར་གང་ཡིན་པ་སོགས་རྟོགས་པ་ལ་ཕན་ནུས་ཐོན་ངེས་ལ་དེ་ལ་བརྟེན་ནས། འགྲམས་ཀྱི་ཚ་བ་ལུས་ཟུངས་རང་སོར་གཞུག །འཁྲུགས་ཀྱི་ཚ་བ་དབྱེ་བསད་དབྱུང་བས་མཉམ། །ཞེས་པ་དང་། མཁྲིས་པ་རྩར་རྒྱུག་ནད་ལ་འབྲོས་འཕྲང་བསྡམ། །ཞེས། མདོར་ན་ཞུགས་པའི་ནད་དེ་བཅོས་པ་ཡིས། །རང་གནས་མཁྲིས་པ་རང་སོར་འགྱུར་བ་ཡིན། །ཞེས་པ་སོགས་རྒྱུད་ལས་བསྟན་པ་ལྟར་དམིགས་པ་དང་ལྡན་པའི་སྒོ་ནས་ནད་གཞི་བཅོས་ཐུབ་ལ་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཐུན་མོང་མིན་པའི་ཁྱད་ཆོས་ཀྱང་མངོན་ཐུབ་པ་ཡིན།།


- འདི་ནི་བོད་ལྗོངས་ཞིབ་འཇུག་དུས་དེབ་༦༤ ཕྱི་ལོ་༡༩༩༧ ལོའི་དེབ་བཞི་པའི་ནང་བཞུགས་པ་དེ་ནས་ཟུར་འདོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 29.07.2015 ཉིན། 9:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།