སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་རྩིས་རིག་པའི་གནས་བབ་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.06.2015
ཆེད་རྩོམ། >>


བོད་རྩིས་རིག་པའི་གནས་བབ་གླེང་བ།

- རྩིས་རམས་པ་རྡོ་རྗེ་དབང་རྒྱལ།


སྤྱིར་ས་གོ་ལ་འདིའི་སྟེང་དུ་མཐའ་དག་ནི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས། དར་རྒྱས་ནས་ཤིན་ཏུ་དར་རྒྱས་བཅས་ཏེ་གོམ་པ་རིམ་འཛེག་གིས་རིག་གཞུང་དང་། གོམས་གཤིས་ལ་སོགས་པ་མང་དག་ཅིག་མིའི་འགྲོ་བ་ཆགས་པ་ནས་ད་བར་དུ་འབྱུང་བཞིན་ཡོད་ལ། རང་རེའི་གངས་ཅན་ལྗོངས་ལ་ཡང་མཚོན་ན། ཡོངས་གྲགས་སུ་གསུངས་པའི་རིག་གནས་བཅུ་འམ། མཛོད་ལས་རྣམ་པར་དབྱེ་བའི་རིག་གནས་བཅོ་བརྒྱད། དེ་བཞིན་མེས་པོའི་བོན་གཞུང་ལས་བགྲང་པའི་ཤེས་པ་ཅན་བཅུ་གཉིས་སོགས་མང་དག་ཅིག་བྱུང་ཡོད་པ་དང་། དེ་དག་ལ་ལུང་རིག་མྱོང་གསུམ་གསུམ་གྱིས་རྣམ་པར་བརྒྱན་ཏེ་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་པའི་ཡར་རྒྱས་ཀྱི་ལམ་སྣར་འཕོ་འགྱུར་རྣམ་མང་བྱུང་ཡོད་པར་སྣང་ཞིང་། བརྒྱུད་རིམ་དེའི་ནང་འགའ་ཞིག་ཉམས་གུད་དང་། མཐའ་ན་ཁ་ཤས་མིང་ཙམ་ལས་ཤུལ་མེད་དུ་གྱུར་པའང་ཡོད་པ་གོར་མ་ཆག


བོད་རྩིས་རིག་པ་ནི་ཐོག་མར་ཞིང་འབྲོག་གཙོར་གྱུར་བའི་མིའི་སྤྱི་ཚོགས་ཀྱི་དགོས་མཁོའི་གནས་སྟངས་ལ་གཞིགས་ཏེ་མེད་པ་ནས་ཡོད་པར་གྱུར་བའི་རྒྱུན་མཁོའི་རྩིས་རིག་པའི་རྨང་གཞི་གྲངས་རྩིས་ལྟ་བུ་དང་། དུས་ཕྱིས་སུ་རྒྱ་ནག་པོའི་ཡུལ་ནས་བྱུང་བའི་རྒྱ་རྩིས་རྙིང་མའམ་ཡོངས་གྲགས་སུ་འབོད་པའི་ནག་རྩིས་སམ་འབྱུང་རྩིས་ཀྱི་ཤེས་བྱ་དང་། སྐར་རྩིས་རིག་པ་སྟེ། གཙོར་༸དཔལ་དུས་ཀྱི་འཁོར་ལོའི་ཕྱི་དུས་ཀྱི་ལེའུ་ལས་བྱུང་བའི་ཤེས་བྱ་བཅས་ཀྱི་སྤྱི་མིང་ལྟ་བུ་ཞིག་ཏུ་གོ་ན་ཆོག་ཅིང་། རང་རེའི་བོད་རྩིས་རིག་པ་འདི་ཉིད་རྩིས་རིག་པ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ནི་ནང་ཆོས་ཀྱི་དྲི་མ་ལྡན་ཡོད་པ་དེ་ཡིན་པར་དྲན།


ཁ་ཅིག་གིས་འབྱུང་རྩིས་རིག་པ་ནི་ནང་ཆོས་དང་ཅི་ནས་མི་མཚུངས་པ་ཡིན་ཚུལ་ཏེ།  འབྱུང་རྩིས་ཀྱིས་ལས་དང་རྒྱུ་རྐྱེན་ལ་དབང་མེད་དུ་བརྩི་བ་སོགས་གསུངས་བཞིན་དུ་འདུག་ན། རང་གི་བསམ་པར་དེ་ནི་འབྱུང་རྩིས་ཀྱི་ཤེས་བྱར་མཐིལ་ཕྱིན་སློབ་སྦྱོང་མེད་པས་ཡིན་པར་ངོས་འཛིན་གྱི་ཡོད།


མཁས་དབང་སྟག་ཚང་ལོ་ཙྰ་བས། ནག་རྩིས་ནི་རྒྱ་ནག་ནས་བྱུང་བ་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ས་བདག་གི་རིགས་བརྟག་པ་ལ་ཤིན་ཏུ་ཉེ་བར་མཁོ་ཞེས་གསུངས་པ་བཞིན།  ལོ་ཟླ་ཞག་དུས་སོ་སོའི་ས་བདག་གི་གནོད་པ་མཐའ་དག་ལས་གྲོལ་ཐུབ་པ་བཅས་ཏེ་མདོར་ན་གསོ་རིག་གི་གཞུང་ལས་གསུངས་པའི་ནད་བཞི་བརྒྱ་རྩ་བཞིའི་རིམ་པ་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས།  །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །ཞེས་པས་ཧ་ཅང་མཁོ་ཚུལ་སྟོན་པར་དྲན་ཞིང་། འབྱུང་རྩིས་རིག་པ་འདི་ཉིད་རང་རེའི་བོད་དུ་དར་ཚུལ་དེ་ཡང་འགྱུར་སྔ་ཕྱི་བར་གསུམ་དུ་བཞེད་ཀྱང་། དུས་ཚོད་ནི་བོད་དུ་ཆོས་རྒྱལ་བཀའ་དྲིན་ཅན་རྣམ་པས་ཆབ་སྲིད་ཀྱི་བཀའ་དབང་སྐྱོང་པའི་གནས་སྐབས་སུ་ཡིན་པ་རེད་འདུག

 

སྐར་རྩིས་རིག་པ་དར་ཚུལ་ནི་བོད་དུ་དུས་ཀྱི་འཁོར་ལོའི་གཞུང་གི་དར་ཚུལ་དུ་བཞེད་པ་ལྟ་བུར་སྣང་བས། དུས་ཀྱི་འཁོར་ལོའི་གཞུང་ཉིད་བོད་དུ་ཡོངས་གྲགས་སུ་མེ་ཡོས་ཕྱི་ལོ་ ༡༠༢༧ ལ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་ཞབས་གཉིས་པ་ཤྲཱི་བྷདྲ་བོདྷི་སྤྱན་དྲངས་ནས་བསྒྱུར་ཐོག་མར་གནང་བར་ངོས་འཛིན་ཞིང་། དེ་ནས་ལོ་ཉིས་བརྒྱ་ཙམ་གྱི་རིང་ལ་གཞུང་འདི་ཁུངས་དག་མིན་གྱི་རེ་དོགས་བྱུང་བས་གཞུང་འདིར་གསན་བསམ་གནང་མཁན་མུ་མཐུད་དེ་བྱུང་ཡང་རྒྱ་ཆེར་ཁྱབ་སྤེལ་མི་ཐུབ་པ་བྱུང་བ་ལོ་རྒྱུས་ཀྱི་དཔེ་ཡིག་ཁག་ཏུ་གསལ། ལོ་ཕྱི་མ་དེར་སྟོད་ལུང་བ་ཇོ་བོ་ཚུལ་ཁྲིམས་འོད་འབར་གྱིས་བསྟན་རྩིས་ཤིག་མཛད་པས་འདི་ཉིད་ནི་བོད་ཀྱི་མཁས་པས་མཛད་པའི་བསྟན་རྩིས་ཐོག་མར་ངོས་འཛིན་བཞིན་འདུག དེ་ནས་དུས་རབས་བཅུ་གསུམ་པའི་ནང་བོད་དུ་ལོ་ཐོ་ཐོག་མར་འདོན་སྤེལ་མཛད་པ་སྟེ། རྩིས་རིག་སྨྲ་བ་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས། རྒྱ་རྩིས་ཧང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་བ། ས་སྐྱའི་ལོ་ཐོ་ཞེས་པ་ཐོག་མར་བཏོན། ཞེས་གསུངས་འདུག་ཅིང་། རབ་བྱུང་ལྔ་པའི་ས་རྟ་ལོར་ (༡༣༡༨) དུས་གསུམ་མཁྱེན་པ་ཀརྨ་རང་བྱུང་རྡོ་རྗེས་རྩིས་ཀུན་བསྡུས་བརྩམས་གནང་འདུག་ལ། འདི་ནི་བོད་མཁས་པས་མཛད་པའི་རྩིས་ཀྱི་བསྟན་བཅོས་ཆ་ཚང་བ་ཐོག་མར་ཡོངས་གྲགས་སུ་ངོས་འཛིན་བཞིན་དུ་ཡང་མཆིས།


འདི་དག་ནི་ལོ་ངོ་སྟོང་ཕྲག་གཅིག་ཡས་མས་ཙམ་གི་གནས་ཚུལ་ཏེ། དུས་འདིའི་རིང་ལ་གཙོར་ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་དང་། དུས་ཕྱིས་སུ་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་རིང་ལ་ཡར་རྒྱས་ཤུགས་ཆེར་སོན་པ་སྟེ། དུས་ད་ལྟའི་རྩིས་རིག་སྨྲ་བ་དང་། དོན་གཉེར་ཅན་ཚོས་དུས་དྲུག་ཏུ་སློབ་སྦྱོང་བྱེད་ཡུལ་རྩིས་གཞུང་བཻ་དཀར་དང་ཉིན་སྣང་མ་བུ། དེ་བཞིན་ལོ་རྒྱུས་རང་བཞིན་ལྡན་པའི་སྨན་རྩིས་ཁང་གི་ཚོགས་པ་འདི་ཉིད་ཀྱང་ྋརྒྱལ་བ་རྣམ་གཉིས་ཀྱི་སྐུ་དུས་སུ་བྱུང་བ་ཡིན་པ་དང་། ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་རིང་ལ་བོད་དུ་དུས་བསྒྱུར་དབང་གིས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོོས་བྱུང་ཡང་། བཀའ་དྲིིན་འགྲན་བྲལ་གྱིས་རླབས་ཆེན་གྱི་མཛད་རྗེས་ཏེ་བོད་ཀྱི་སྨན་རྩིས་ཁང་འདི་ཉིད་གསར་བཙུགས་ཀྱིས་གསོ་རྩིས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་། སྐྱེ་འགྲོར་ཕན་བདེའི་ཞབས་འདེགས་མུ་མཐུད་བསྒྲུབ་རྒྱུའི་གོ་སྐབས་གསོལ་བསྩལ་གནང་།

 

དུས་ད་ནི་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེར་མངོན་པ་སྟེ། ཤར་ནུབ་ཕྱོགས་བཞི་གང་སར་སྐར་ཆ་ཁ་ཤས་ནང་དུ་འབྲེལ་གཏུགས་བྱ་ཐུབ་པར་གྱུར་ཡོད་པའི་དུས་ཤིག་སྟེ། མདོར་ན་ཡར་རྒྱས་དང་གོང་འཕེལ་རྒྱ་ཆེར་སོང་བའི་གནས་སྐབས་དེར་མིའི་སྤྱི་ཚོགས་ནང་མི་མཐུན་ལུས་སེམས་གཉིས་ཀྱི་སྡུག་བསྔལ་སོགས་ཆེས་ཉུང་ངུར་འགྲོ་དགོས་པ་ལྟ་བུར་སྣང་ཡང་། དོན་དམ་པར་དེ་ལས་ལྡོག་སྟེ་རང་རེའི་སྤྱི་ཚོགས་གང་སར་ལུས་སེམས་གཉིས་ཀྱི་སྡུག་བསྔལ་སོགས་རྐྱེན་ངན་བར་ཆད་རྫོགས་མཐའ་བྲལ་བ་ལྟ་བུས་མནར་བཞིན་དུ་མཆིས། དེ་དག་སེལ་ཐབས་ཀྱི་བཅོས་དང་རིམ་གྲོ་ལ་སོགས་པ་རིག་གསར་ཚན་རིག་ལས་ཕྱུང་བ་ཙམ་དུ་མ་ཟད། ལུང་པ་སོ་སོ་མི་འདྲ་བའི་ཁྱད་ཆོས་རང་བཞིན་ལྡན་པའི་ཆོས་དང་རིག་གཞུང་གི་རྐྱེན་དབང་དུ་གྱུར་ཏེ་གསོ་ཐབས་ཀྱི་རིག་པ་ཡང་རྣམ་གྲངས་དུ་མ་དུས་ད་ལྟའང་ལག་བསྟར་བྱེད་མུས་ཡིན་ལ། བོད་རྩིས་རིག་པའང་འདིའི་ཆ་ཤས་ཤིག་སྟེ།


རང་རེའི་རྩིས་རིག་པ་ལས་བཅོས་ཀ་ཙམ་མ་ཡིན་པར་སྔོན་འགོག་གྱི་ལམ་སྟོན་དང་། རིག་པ་གང་ཉིད་ཡང་ཚན་རིག་གི་རང་བཞིན་ལྡན་པ་ཙམ་དུ་མ་ཟད། ནང་ཆོས་ཀྱི་དྲི་མ་ཡང་ལྡན་པ་སོགས་ཁྱད་ཆོས་རྣམ་མང་གྱིས་བརྒྱན་པའི་རིག་གནས་ཁྱད་འཕགས་ཅན་ཞིག་ལ་ངོས་འཛིན་ཆོག་པས་འདིར་ཐོག་མར་དུ་རིག་གནས་འདིའི་བྱུང་རིམ་དང་། དེ་ནས་སྐབས་མཚམས་འདིར་དེང་གི་གནས་བབ་དང་། མ་འོངས་པར་ཁ་ཕྱོགས་པའི་མཚམས་འདིེར་བསམ་གཞིགས་སོགས་དངོས་སུ་གླེང་བར་འདོད།


སྤྱིར་དེང་གི་སྤྱི་ཚོགས་ནང་རྩིས་རིག་པ་ནི་མེད་ཐབས་བྲལ་བ་ལྟ་བུ་ཡིན་པར་ངོས་འཛིན་སླ་པོར་ཐུབ་ཀྱང་། དེའི་ཐོག་ལ་གོ་རྟོགས་དང་། གདེང་འཇོག་ནི་སྔར་ལས་ཉུང་ངུར་འགྲོ་བཞིན་པ་བློ་ཕམ་གྱི་ཡུལ་ཞིག་ཏུ་སྣང་ཡང་། མི་ཕམ་འཇམ་དཔལ་རྡོ་རྗེས། སྔ་ཕྱི་ཀུན་ཏུ་མཐོང་བའི་མིག་བགྲད་ནས། །རྒོལ་ངན་གླང་པོ་སྟོང་གི་སྟོབས་འཇོམས་ཤིང་། །རང་གི་འདོད་རྒུ་སྒྲུབ་ལ་རྩལ་ལྡན་པ། །རྩིས་རིག་འདི་འཛིན་མི་ཡི་སེང་གེ་འདྲ། །ཞེས་པ་ལྟར་ང་རང་ཚོ་ནི་སྔོན་གྱི་ལས་དང་སྨོམ་ལམ་གྱི་ནུས་མཐུས་རྩིས་རིག་པ་འདིར་དུས་གཉན་འཕྲང་འདི་ལྟ་བུ་ཞིག་ལ་ཞབས་འདེགས་ཀྱི་གོ་སྐབས་ཐོབ་པའི་སོ་སྐྱེ་བ་ཡིན་པས་རང་ནུས་གང་འཇོན་གྱིས་གཞན་ཕན་ཁ་དམར་སྒྲོགས་ཞེས་པ་ལྟར་བྱ་དགོས་པ་གལ་ཆེན་པོར་མཐོང་བས་འདིར་ད་ལྟའི་བོད་རྩིས་རིག་པའི་གནས་བབ་ལ་བསམ་ཚུལ་འགའ་བརྗོད་པ་ལགས་ན།


བོད་རྩིས་རིག་པའི་ཐུང་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི་ས་རིས་དེ་རེད་དྲན། ས་རིེས་ཀྱི་རིག་པ་འདིས་བོད་རྩིས་རིག་པ་མཐའ་དག་ནང་འདྲེན་བྱས་པ་ཙམ་མ་ཡིན་པར། རང་རེའི་ལྗོངས་ཀྱི་མཁས་པ་རིམ་བྱོོན་གྱིས་ཀྱང་དེའི་གོང་འཕེལ་ཐད་ལ་མི་དམན་པའི་ཕྱག་རྗེས་ཡོད་པ་མངོན་གསལ་ཅིང་། རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་ཀྱི་མཛད་པ་པོ་བུ་སྟོན་ཐམས་ཅད་མཁྱེན་པ་ལྟ་བུས་སྐུ་ཚེ་ཧྲིལ་བོར་ས་རིས་ལག་ལེན་གནང་བས་ལྕགས་ཐུར་གྲངས་བཅུ་གསུམ་ཟད་པར་གྲགས་པའང་ལོ་རྒྱུས་སུ་གསལ། ས་རིས་ཀྱི་རི་མོའི་ཚད་གཞི་ཐད་ལ་ལོ་ཆེན་དྷརྨ་ཤྲཱིས། རི་མོ་གང་འཐད་བློ་འདོད་བྲིས། །སྒྱུར་བྱེད་གང་ཡིན་དེ་ཡིས་བསྒྱུར། །སླར་ཡང་སྒྱུར་བྱེད་དེ་ཉིད་ཀྱིས། །བགོས་པས་སྔར་གྱི་གཞི་དེ་འཆར། །དཀའ་ཚེགས་མེད་པར་འདི་བྱུང་ན། །རི་མོ་བྱང་བའི་ཚད་ཡིན་པས། །ཞེས་གསུངས་པའི་དུམ་བུ་ཞིག་མཇལ་རྒྱུ་འདུག་ཀྱང། དེང་གི་ཆར་ས་རིས་དངོས་སུ་ལག་ལེན་གནང་མཁན་དང་། དོན་གཉེར་གནང་མཁན་བོད་ཕྱི་ནང་གཉིས་ནས་བྱེས་སུ་ཕྱིའི་འཕྲུལ་ཆས་རིག་པར་ཕྲན་བུའི་དང་འདོད་ཆེ་བས། རིག་པ་འདི་ཉིད་རིམ་གྱིས་རྩ་བརླག་ཏུ་འགྲོ་ཉེན་དུ་སྣང་བས་ན། ཐུན་མོང་དང་ཐུང་མིན་གྱི་ཁྱད་ཆོས་རྣམ་མང་ལྡན་པའི་ས་རིས་ཀྱི་རིག་པ་འདིར་ཅུང་དོ་སྣང་དགོས་གལ་དུ་མཐོང་།


གོང་གསལ་བཞིན་དེང་གི་ཆར་ལུས་སེམས་གཉིས་ཀྱི་སྡུག་བསྔལ་སེལ་བའི་སླད་དུ་རང་རེའི་རྩིས་རིག་པ་ལས་ལུས་སྟོན་པའི་ཚེ་རབས་ལས་རྩིས་སོགས་རྩིས་འབྲས་ཁག་ལ་དོ་སྣང་གནང་མཁན་མང་དུ་འགྲོ་བཞིན་ཡོད་པ་ནི་བོད་རྩིས་རིག་པར་མཚོན་ན་བཟང་ཕྱོགས་ཀྱི་འགྱུར་བར་སྣང་མོད་ཀྱང། དུས་འདིར་ང་ཚོ་རྩིས་པ་མིང་འཛིན་པས་གཞུང་ལ་འཆད་ཉན་མཐིལ་ཕྱིན་མཛད་པ་ཙམ་དུ་མ་ཟད། བློ་སེམས་དཀར་པོས་ལག་ལེན་མུ་མཐུད་དེ་མཁས་པ་གོང་མའི་ཞབས་མ་འདྲེན་པར་བྱེད་རྒྱུ་ནི་གལ་འགངས་ཏེ། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས། དབང་བསྐྱེད་ནད་གཅོད་ལུས་གསོ་བའི། །ཆོས་རྩིས་སྔགས་བོན་སོ་སོ་ཡི། །སྙིང་པོ་གང་དགོས་དང་དུ་བླང་། །མཐའ་དག་བརྗོད་པས་ག་ལ་ཡང་། །རིག་པའི་མདའ་ཆེན་འཕང་བར་བྱ། །ཞེས་པ་ལྟར་འབད་རྩོན་བྱ་རྒྱུ་གནད་དུ་མཐོང་བ་ལས། ཁ་གཅིག་གི་ཁུངས་མེད་སྐྱོན་བརྗོད་བྱེད་པ་བཞིན་རྩིས་འབྲས་ཁག་ནི་པར་བཤུས་བརྒྱབ་པ་ལྟ་བུ་ཞེས་པ་ལྟར་ཅི་ནས་མེད་པ་དང་། རྩིས་འབྲས་དག་ཀྱང་སོ་སོ་སྐྱེ་བོ་རེ་རེར་མི་གཅིག་པའི་ཁྱད་ཆོས་ལྡན་དགོས་པ་སྟེ་དུས་འཁོར་ལས། སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །སྐྱེས་རབས་ཐ་དད་ཐ་དད་འབྲས། །རང་རང་འབྲས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན། །ཞེས་པ་ལྟར་རོ།།


རྩིས་རིག་པའི་དགོས་པ་ནི། མན་ངག་སྣང་གསལ་ལས། དོན་དམ་རྟོགས་ན་སྣང་མེད་ཡིན། །རྣམ་རྟོག་ཅན་ལ་བསྟན་པར་བྱ། །ཞེས་གསུངས་འདུག་ན། དུང་དཀར་རིན་པོ་ཆེས་རྣམ་རྟོག་ནི་མ་ཡིན་པར་ཡིན་པར་འཛིན་པའི་འཁྲུལ་ཤེས་ཉིད་ལ་གོ་དགོས་ཚུལ་གསུངས་འདུག་པས། སྤྱིར་ཤེས་པ་ལ་དབང་པོའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་བཅས་གཉིས་ཡོད་པའི་ནང་ནས་འདིར་ཡིད་ཀྱི་ཤེས་པར་གོ་བ་ཡིན་ཞིང་། རང་རེའི་རྩིས་རིག་པ་ནི་རྣམ་རྟོག་ཅན་ལ་བསྟན་པར་བྱ། །ཞེས་གསུངས་སྐབས། འཁྲུལ་ཤེས་རྣམ་དག་མེད་པ་བཟོ་ཐུབ་པའི་ནུས་པའམ། ཁྱད་ཆོས་ལྡན་ཚུལ་བརྗོད་པར་སྣང་བས། ང་ཚོས་ཀྱང་དེ་དེ་བཞིན་ནོ་ཞེས་ཏེ་རྣམ་རྟོག་མེད་པར་བཟོ་བའམ། ཉུང་ངུར་གཏོང་བ་མ་གཏོགས་དེ་ལས་ལྡོག་སྟེ་བྱ་བ་ནི་ཡ་མཚན་ཏེ། རང་རེའི་སྤྱི་ཚོགས་ནང་དུས་ད་ལྟའང་ས་བདག་བ་དན་སྐོར་ལ་གཞུང་ནང་མི་གསལ་བའི་ལོག་རྟོག་གི་གནས་ཚུལ་མང་དག་ཅིག་ཁྱབ་ཅིང་འདུག་ན། ཕྱི་ལོ་༡༩༥༩ ཕན་གྱི་གཞུང་ཟླ་སྟེ་ལྷ་ལྡན་སྨན་རྩིས་ཁང་ནས་འདོན་གནང་མཛད་པའི་ཟླ་ཐོའི་ནང་དུ་བ་དན་མ་བཀོད་པ་ནི། གསོ་རིག་རྒྱུད་བཞི་ལས། གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་པ་ལྟར་ཕྱག་ལེན་གནང་བཞིན་འདུག་པ་ང་ཚོས་ཀྱང་བཟང་མཐའ་འཁྱོལ་དགོས་པ་གནད་དུ་མཐོང་བས། དེ་ལྟ་བུའི་རྣམ་རྟོག་གིས་རང་རེའི་རྩིས་རིག་པའི་ངོ་མཚར་གྱི་ཁྱད་ཆོས་ལ་རྐང་རྗེས་ལག་བསུབས་ལྟ་བུ་འབྱུང་ཉེན་སྣང་བས་རང་རིགས་ཀྱི་དེ་ལྟ་བུའི་རྣམ་རྟོག་ཀྱི་ཆུ་རྒྱུན་མེད་པ་བཟོ་རྒྱུར་འབད་བརྩོན་བྱ་དགོས་པ་ནི་དུས་ཀྱི་གནས་བབ་འདིར་རང་རེའི་ཕྲག་ཏུ་ཡོད་པའི་ལས་འགན་འགངས་ཆེན་ཞིག་ཏུ་ཡིན་པར་དྲན།


སྔར་ན་མེད་པ་སྐབས་འདིར་དུས་ཀྱི་དགོས་མཁོ་དང་མཚུངས་པའི་གསར་གཏོད་ཞིག་བྱུང་ཡོད་པ་ནི་ཐད་ཀར་རྩིས་འབྲས་ཀྱི་རིག་པ་འདི་ཡིན་ཞིང་། དེས་རང་རེའི་རྩིས་རིག་པར་རྣམ་པའམ་ངོས་འཛིན་གསར་པ་ཞིག་ཐོབ་ཅིང་ཡོད་པར་དྲན། མ་འོངས་ལོ་ཟླའི་ནང་དེར་དོ་སྣང་དང་། ལོངས་སུ་སྤྱོད་མཁན་མང་དུ་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་དེ། རང་རིགས་ནས་དེ་མིང་དོན་མཚུངས་པ་བཞིན་དུ་ལག་ལེན་དུ་བསྟར་བ་གལ་ཆེན་པོར་དྲན་བཞིན་ཡོད།


མདོར་ན་ཕྱོགས་བཅུ་གང་ནས་བལྟས་ཀྱང་བོད་རྩིས་རིག་པ་འདི་ཉིད་ཀྱི་གལ་གནད་ནི་རྒྱ་ཆེར་འགྲོ་ངེས་སོང་།  རང་རིགས་ནས་དེའི་རྒྱུད་འཛིན་དང་།  དར་སྤེལ་སླད་དུ་འབད་བརྩོན་བྱ་རྒྱུ་ནི་དུས་ཀྱིི་དགོས་མཁོ་སྟེ།  དེ་ཕྱིར་འདས་ཟིན་པའི་ལོ་རྒྱུས་ལ་དྲན་གསོ་དང་།  ད་ལྟའི་གནས་བབ་ལ་བསམ་གཞིགས་གཉིས་ཐོག་བྲིས་རྩོམ་མཇུག་སྒྲིལ་བས་དགེའོ།།

 

མཐའ་མའི་འདོན་ཐེངས་།: 29.06.2015 ཉིན། 10:05 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།