སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་པས་འཆི་བར་ལྟ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.06.2016
ཆེད་རྩོམ། >>


བོད་པས་འཆི་བར་ལྟ་ཚུལ།

                                                                                      - ཝར་ཇི་ནི་ཡའི་ཆེས་མཐོའི་སློབ་གཉེར་ཁང་ལ་སྩལ་བའི་བཀའ་སློབ།

 

༄༅། །ད་རང་ཞོགས་པ་ཝར་ཇི་ནི་ཡའི་ཆེས་མཐོའི་སློབ་གཉེར་ཁང་གི་གསོ་རིག་བསྟི་གནས་ཀྱི་ནང་ཚན་ཚེ་བསྲིངས་ཐབས་ཀྱི་ཉམས་ཞིབ་བྱེད་ཡུལ་དུ་ཕྱིན་པ་ཡིན། དེའི་རྗེས་སུ་སྨན་པ་ཨི་ཡན་སི་ཊི་ཝིན་སན་(Dr. Ian Stevenson)དང་མཉམ་དུ་མི་རྣམས་སྐྱེ་བ་སྔ་མ་ནས་སླར་ཡང་ཇི་ལྟར་སྐྱེ་བ་ལེན་ཚུལ་སྐོར་གླེང་མོལ་བྱས་པ་ཡིན། ད་ལྟ་ངས་ང་ཚོ་ཇི་ལྟར་འཆི་ཚུལ་དང་། འཆི་རིམ། འཆི་རིམ་ཐད་གྲ་སྒྲིག་ཇི་ལྟར་བྱེད་དགོས་པའི་ཚུལ་རྣམས་བཤད་ཀྱི་ཡིན།


          མི་འདོད་པའི་འཆི་བ་འདི་ལ་གནའ་སྔ་མོ་ནས་ཆོས་དང་། དེ་མིན་པ་གཉིས་ཀའི་ཐོག་ནས་དཔྱད་པ་བྱས་ཡོད། ནང་པའི་ཆོས་ཀྱི་ནང་སྟོན་པའི་གསུང་གི་ཐོག་མར་བདེན་བཞི་བསྟན་པ་དང་། བདེན་བཞིའི་ནང་ནས་ཐོག་མར་སྡུག་བསྔལ་བདེན་པ་གསུངས་ཡོད། དེས་ན་སྡུག་བསྔལ་ཤེས་པར་བྱ་རྒྱུ་གལ་ཆེན་པོ་ཡིན་པས་དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད། སྡུག་བསྔལ་དེ་དག་ངོས་བཟུང་བའི་རྗེས་སུ་དེའི་རྒྱུ་ངོས་བཟུང་སྟེ་རྒྱུ་དེ་དག་མེད་པར་བཟོ་དགོས་ཤིང་། དེ་ལ་སྡུག་བསྔལ་དང་། སྡུག་བསྔལ་འདྲེན་བྱེད་ཀྱི་རྒྱུ་གཉིས་ཟད་པའི་འགོག་པ་ཐོབ་པར་བྱེད་པའི་ལམ་བདེན་བསྐྱེད་དགོས། དེས་ན་བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་། སྡུག་བསྔལ་དང་དེའི་རྒྱུ་ཟད་པའི་འགོག་པ། འགོག་པ་དེ་ཐོབ་བྱེད་ཀྱི་ལམ་བཅས་བཞི་པོ་འདི་རྣམས་ཡིན།


          བདེན་པ་བཞི་པ་རེ་རེར་རྣམ་པ་བཞི་བཞི་ཕྱེ་སྟེ་རྣམ་པ་བཅུ་དྲུག་ཡོད། སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མི་རྟག་པ་དང་། སྡུག་བསྔལ་བ། སྟོང་པ། བདག་མེད་པ་བཅས་ཡིན། མི་རྟག་པ་ལ་རགས་པའི་མི་རྟག་པ་དང་། ཕྲ་བའི་མི་རྟག་པ་བཅས་ནང་གསེས་གཉིས་ཡོད། ཕྲ་བའི་མི་རྟག་པ་ཞེས་པ་རྡུལ་ཕྲ་མོ་ལ་དོ་སྣང་བྱེད་མཁན་གྱི་ཚན་རིག་པ་ཚོས་འགྲེལ་བཤད་བྱེད་ཐུབ་པ་ཞིག་ཡིན། གང་ཡིན་ཞེ་ན། ཁོང་རྣམ་པས་དཔེར་ན། རྒྱ་ཅོག་ལྟ་བུ་ཁ་སང་འདིར་ཡོད་པ་ལྟ་བུར་སྣང་བའི་དངོས་པོ་མཁྲེགས་པོ་རྣམས་སྣང་བ་དེ་ཉིད་ཀྱིས་ཆོག་པར་མི་བྱེད་པར། དངོས་པོ་རྣམས་འགྲུབ་བྱེད་ཀྱི་རྩ་བའི་རྫས་ཕྲ་བ་རྣམས་ཀྱི་ནང་གི་འགྱུར་བ་ལ་ལྟ་ཞིབ་བྱེད་ཀྱི་ཡོད། ཕྱིའི་དངོས་པོ་དེ་དག་གི་འགྲུབ་བྱེད་ཀྱི་རྫས་རྣམས་སྐད་ཅིག་སྐད་ཅིག་གིས་འཇིག་གི་ཡོད་ཅིང་། དེ་བཞིན་དུ་ཕྱིའི་དངོས་པོ་དེ་དག་འཛིན་པར་བྱེད་པའི་ནང་རྣམ་པར་ཤེས་པ་ཡང་སྐད་ཅིག་སྐད་ཅིག་གིས་འཇིག་གི་ཡོད། སྐད་ཅིག་གིས་འཇིག་ཚུལ་འདི་ལ་ཕྲ་བའི་མི་རྟག་པ་ཞེས་བརྗོད། རགས་པའི་མི་རྟག་པ་ཞེས་པ་ནི་དཔེར་ན། དངོས་པོ་ཞིག་པ་དང་། མི་ལ་མཚོན་ན། མིའི་འཆི་བ་རྣམས་ལ་བརྗོད་པ་ཡིན།


          འཆི་བ་དྲན་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད། ངས་གོང་དུ་ཞུས་པ་བཞིན་གལ་ཏེ་སྡུག་བསྔལ་དེ་ངོས་བཟུང་བ་ཡིན་ན། དེའི་རྒྱུ་འཚོལ་ཐུབ་པ་དང་། ལྷག་དོན་དེ་ལ་གདོང་ལེན་བྱས་ན་ཁ་གཏད་གཅོག་ཐུབ། ནམ་ཞིག་གི་ཚེ་ན་འཆི་བ་ནི་སླེབས་ངེས་ཡིན། ང་ཚོས་འདི་མི་འདོད་ཀྱང་། ང་ཚོ་ཇི་སྲིད་ཟག་བཅས་ཀྱི་ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་པ་དེ་སྲིད་དུ་དེ་དག་ངེས་པར་དུ་ཡོང་རྒྱུ་ཡིན། དེའི་ཕྱིར་ཐོག་མ་ཉིད་ནས་འཆི་བ་བསམས་ནས་གྲ་སྒྲིག་ཆ་ཚང་ཞིག་བྱེད་ཐུབ་ན། འཆི་བ་ངོ་མ་སླེབས་པའི་སྐབས་ལ་ཕན་ཐོགས་ཡོད། དེ་ནི་འཆི་བ་དྲན་པའི་དགོས་པ་ཡིན།


          ངས་འདིར་བཤད་རྒྱུའི་ཐད་ཁྱེད་རང་ཚོའི་ཆེས་མཐོའི་སློབ་གཉེར་ཁང་གི་སྨན་པ་ཨི་ཡན་སི་ཊེ་ཝིན་སན་(Dr. Ian Stevenson)གྱིས་གསུངས་པའི་སྐྱེ་བ་ཕྱི་མའི་སྐོར་གྱི་འགྲེལ་བཤད་དེས་ཕན་ཐོགས་བྱུང་། གང་འདྲ་ཡིན་ཞེ་ན། གལ་ཏེ་ཁྱེད་རང་ཚོ་མི་ཚེ་འདི་ཙམ་མ་གཏོགས་འདིའི་རྒྱུན་ཁས་མ་བླངས་ན། འཆི་བ་དྲན་རུང་མ་དྲན་རུང་ཁྱད་པར་དེ་ཙམ་ཡོང་གི་མེད། འཆི་བ་དང་མི་རྟག་པའི་ཐོག་སྒོམ་རྒྱག་རྒྱུ་འདི་སེམས་ཀྱི་རྒྱུན་སྐྱེ་བ་ཕྱི་མར་འགྲོ་གི་ཡོད་པའི་ལྟ་གྲུབ་གཞིར་བཞག་པའི་སྒོ་ནས་ཡིན། སེམས་ཀྱི་རྒྱུན་སྐྱེ་བ་ཕྱི་མར་འགྲོ་བའི་སྐྱེ་བ་གཞན་ཞིག་ཡོད་ཕྱིན་ཆད་འཆི་བའི་གྲ་སྒྲིག་བྱེད་རྒྱུ་ནི་ཕན་ཐོགས་ཡོད། གང་ཡིན་ཞེ་ན། གྲ་སྒྲིག་བྱས་པ་ཡིན་ན། འཆི་བ་རིམ་གྱིས་ཡོང་དུས་དངངས་འཚབ་དང་། འཇིགས་སྣང་ཕལ་ཆེར་མི་ཡོང་བ་དང་། རང་ཉིད་ཀྱི་བསམ་བློའི་ཐོག་ནས་གནས་སྟངས་སྡུག་ཏུའང་གཏོང་གི་མེད།


          གལ་ཏེ་སྐྱེ་བ་ཕྱི་མ་ཡོད་པ་ཡིན་ན། སྐྱེ་བ་ཕྱི་མ་དེ་བཟང་ངན་ཅི་འདྲ་ཞིག་ཆགས་མིན་སྐྱེ་བ་འདི་ལ་རག་ལས་ཡོད་པས་ད་ལྟའི་སྐྱེ་བ་འདིར་ཀུན་སྤྱོད་ཡག་པོ་བྱས་ན། དེས་སྐྱེ་བ་ཕྱི་མར་ཕན་ཐོགས་ཡོད། ཁོང་ཁྲོ་དང་། འདོད་ཆགས་ལ་སོགས་པས་ང་ཚོའི་མི་ཚེ་འདི་མི་མཐུན་ཕྱོགས་ལ་སྤྱོད་པའི་གྲོགས་བྱས་ཏེ་མ་འོངས་པར་འབྲས་བུ་ངན་པ་རྣམས་འདྲེན་པ་ཡིན། སེམས་མི་མཐུན་ཕྱོགས་འདི་དག་ལ་འཇུག་པའི་རྐྱེན་ནི་རྟག་འཛིན་དེ་ཡིན། དེ་ལས་གཞན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ལ་སོགས་པ་དེ་དག་གི་རྒྱུ་གཞན་ཡང་ཡོད་མོད་ཀྱང་། རྟག་འཛིན་བློ་ཤུགས་ཆུང་དུ་བཏང་ན། ཚེ་འདི་ལ་ཞེན་ཆགས་ཆུང་དུ་འགྲོ་ཞིང་། དེ་བཞིན་སེམས་ཀྱི་ནང་མི་རྟག་པའི་བསམ་བློ་གནས་ཐུབ་པ་ཡིན་ན། དངོས་པོའི་རང་བཞིན་འཇིག་རྒྱུ་ཡིན་པར་མཐོང་བ་འདིས་འཆི་བ་ངོ་མ་སླེབས་སྐབས་སུ་ཕལ་ཆེར་འཇིགས་སྣང་ཆེན་པོ་མི་ཡོང་།


          འཆི་བ་རྩ་བ་ནས་མེད་པར་བཟོ་བ་ལ་རང་རྒྱུད་ཀྱི་ཉོན་མོངས་མེད་པར་བཟོ་དགོས་ཤིང་། ཉོན་མོངས་མེད་པ་བཟོས་པ་ལས་སྐྱེ་བ་འགག་ལ། དེ་ལ་བརྟེན་ནས་འཆི་བ་ཡང་འགག་གི་ཡོད། འདི་ལྟར་ཡོང་བ་ལ་བརྩོན་འགྲུས་བརྩམ་དགོས་ཤིང་། བརྩོན་འགྲུས་བསྐྱེད་པ་ལ་འཆི་བ་དང་མི་རྟག་པའི་ཐོག་བསམ་བློ་བཏང་ན་ཕན་གྱི་ཡོད། འཆི་བ་དང་མི་རྟག་པའི་ཐོག་བསམབློ་བཏང་བ་ལས་དེ་དག་མི་འདོད་པའི་བློ་སྐྱེས་ཤིང་། དེ་ལྟ་བུའི་མི་འདོད་པའི་བློ་དེས་འཆི་བ་ལས་གྲོལ་བའི་ཐབས་ལམ་འཚོལ་བར་འཇུག་པར་བྱེད།


          དེ་བཞིན་དུ་འཆི་བ་དང་མི་རྟག་པའི་ཐོག་བསམ་བློ་བཏང་བ་ན། གཙོ་བོ་མི་ཚེ་འདིའི་དངོས་པོ་དོན་དུ་གཉེར་བའི་འདོད་ཐག་ཐུང་ཐུང་གི་བསམ་པ་དེ་ཡང་ཤུགས་ཆུང་དུ་འགྲོ་གི་ཡོད། འཆི་བ་ནི་ངེས་པར་དུ་འོང་རྒྱུ་ཡིན་པས་རང་ཉིད་ཀྱི་མི་ཚེ་འདིའི་འཕྲལ་སེལ་གྱི་དོན་ཙམ་ལ་མགོ་འཁོར་ནས་འཆི་བའི་ཆེད་གྲ་སྒྲིག་མ་བྱས་པ་ཡིན་ན། འཆི་བ་སླེབས་པའི་ཉིན་མོ་དེར་སེམས་ནང་དུ་སྡུག་བསྔལ་དང་དངངས་སྐྲག་མ་གཏོགས་གཞན་གང་གི་ཡང་བསམ་བློ་མི་འཁོར་བ་དང་། དེ་བཞིན་གཞན་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཀྱང་མི་ཡོང་། འདི་ལ་བརྟེན་ནས་འགྱོད་པ་སྐྱེ་སྲིད། དེ་ལས་ལྡོག་སྟེ་འཆི་བ་དང། མི་རྟག་པའི་ཐོག་བསམ་བློ་ཡང་ཡང་བཏང་ཡོད་ན། འཆི་བ་འདི་ལྟ་བུ་སླེབས་ཀྱི་ཡོད་པ་ཤེས་སྟབས་དུས་ཚོད་ལྷོད་ལྷོད་ཅིག་གི་ཐོག་ནས་ལས་སླ་པོ་ཞིག་གི་ཐོག་གྲ་སྒྲིག་བྱེད་ཐུབ། དེ་ནས་འཆི་བ་ངོ་མ་སླེབས་པའི་སྐབས་སུ་ཧ་ཅང་ལས་སླ་བ་ཡོད། ཡིན་ནའང་སྨན་ཁང་གི་ལས་བྱེད་རེ་ཟུང་ནས་སྐྱེ་བ་ཕྱི་མའི་ཐོག་སེམས་ཁྲལ་བྱེད་མཁན་གྱི་ཆོས་པ་འགའ་ཞིག་ལས་སྐྱེ་བ་ཕྱི་མ་ལ་དོ་སྣང་མེད་མཁན་འགའ་ཞིག་འཆི་དུས་སླ་བ་འདུག་ཅེས་བརྗོད་ཀྱི་འདུག


          འཆི་བའི་སྐབས་ཀྱི་སེམས་དེ་སྐྱེ་བ་ཕྱི་མར་སྐྱེ་རྒྱུའི་དངོས་རྒྱུ་ཡིན་སྟབས་འཆི་ལ་ཉེ་བའི་ཚེ་སེམས་ཉམས་ལེན་ལ་འདྲིལ་རྒྱུ་གལ་ཆེན་པོ་ཡིན། མི་ཚེ་གཅིག་པུ་འདིའི་ནང་བཟང་ངན་གང་བྱུང་ཡོད་རུང་། འཆི་ཁ་མའི་སྐབས་སུ་གང་བྱུང་བ་དེ་ལྷག་པར་དུ་སྟོབས་ཆེ་བ་ཡིན། དེར་བརྟེན་འཆི་རིམ་སྐོར་ཤེས་ནས་དེར་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན།


          བྱང་སེམས་ཀྱི་ཐེག་པ་དང་། བྱེ་བྲག་ཏུ་སྔགས་ཀྱི་ཐེག་པའི་ནང་། འབྲས་དུས་ཀྱི་སངས་རྒྱས་ལ་ཡོད་པའི་ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུ་བཅས་སྐུ་གསུམ་དང་། ཕལ་བའི་གནས་སྐབས་སུ་ང་ཚོར་རང་བཞིན་གྱིས་ཡོད་པའི་འཆི་སྲིད་དང་། བར་སྲིད་དང་། སྐྱེ་སྲིད་བཅས་གསུམ་གྱི་འགྲོ་སྟངས་རྣམས་ཆ་མཐུན་པའི་འགྲེལ་བཤད་དེ་འདྲ་ཡོད། འབྲས་དུས་ཀྱི་སངས་རྒྱས་ཀྱི་སྐབས་ཀྱི་རྣམ་པ་དང་རགས་ཙམ་མཐུན་པའི་ཐ་མལ་བའི་རྣམ་པ་རྣམས་ཇི་ལྟར་བེད་སྤྱོད་བྱེད་པའི་ཚུལ་དུ་ལམ་གསུམ་བསྟན་ཡོད། རྣལ་འབྱོར་བླ་མེད་ཀྱི་སྔགས་ཀྱི་ཐུན་མོང་མིན་པའི་འགྲེལ་བཤད་ནང་། འཆི་བའི་རིམ་པ་ཤེས་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་ཡང་གསུངས་ཡོད།


          འཆི་བར་གྲ་སྒྲིག་ཇི་ལྟར་བྱེད་པའི་ཚུལ་ལ། ནང་པའི་ཆོས་ཀྱི་མདོ་སྔགས་གཉིས་ཀ་ནས་འགྲེལ་བཤད་གནང་ཡོད་པ་དང་། སྔགས་ཀྱི་ནང་ལ་ཡང་། བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་བཅས་རྒྱུད་སྡེ་འོག་མ་གསུམ་དང་། དེ་བཞིན་རྣལ་འབྱོར་བླ་མེད་རྒྱུད་བཅས་ཀྱི་ནང་འགྲེལ་བཤད་གསུངས་ཡོད། འཆི་བའི་རང་བཞིན་ནམ་ངོ་བོ་གང་ཡིན་ཞེ་ན། དེ་ནི་ཚེ་རྫོགས་པའམ་འགགས་པ་ལ་བརྗོད་པ་ཡིན། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་ནང་སྲོག་ཅེས་པ་དྲོད་དང་རྣམ་ཤེས་ཀྱི་རྟེན་དང་། འཆི་བ་ཞེས་པ་ནི་དེ་ལྟ་བུའི་བྱེད་ལས་འགགས་པ་ལ་གསུངས། དེར་བརྟེན་མི་བརྟན་པའི་གཟུགས་རགས་པ་འདི་དང་རྣམ་ཤེས་གཉིས་ལྷན་དུ་ཡོད་པའི་ཚེ་གསོན་པོ་དང་། དེ་དག་སོ་སོར་བྲལ་བ་ན་ཤི་བ་ཡིན། དེས་ན་ལུས་སེམས་རགས་པ་དང་། ཕྲ་བ། ཤིན་ཏུ་ཕྲ་བ་རྣམས་ཀྱི་བར་ཁྱད་པར་འབྱེད་དགོས་པ་ཡིན་ཞིང་། འཆི་བ་ཞེས་པ་ལུས་རགས་པ་དང་རྣམ་ཤེས་གཉིས་སོ་སོར་འབྱེད་པ་དེ་ཡིན་གྱི། ཤིན་ཏུ་ཕྲ་བའི་རྣམ་ཤེས་ནི་ཤིན་ཏུ་ཕྲ་བའི་གཟུགས་ཕུང་དེ་ལས་སོ་སོར་འབྱེད་པའི་ཐབས་ཤེས་མེད། གང་ཡིན་ཞེ་ན་ཕྱི་མ་ནི་རྣམ་ཤེས་དེའི་བཞོན་པར་གྱུར་པའི་རླུང་ངམ་ནང་གི་ནུས་པ་ཙམ་ཞིག་ཡིན།


          འཆི་བའི་རྐྱེན་དུ་མ་བཤད་ཡོད་པ་ལས་གཅིག་ནི་ཚེ་རྫོགས་ནས་ཤི་བ་དང་། ཡང་གཞན་ནི་བསོད་ནམས་ཟད་ནས་ཤི་བ། གསུམ་པ་ནི་རྐྱེན་ངན་བྱུང་ནས་ཤི་བ་བཅས་ཡིན། དེ་རྣམས་ལས་ཕྱི་མ་ནི་ཆང་རག་འཐུང་བ་ལྟ་བུར་མཚོན་ན། ཆང་གིས་བཟི་སྟེ་རླངས་འཁོར་བཏང་ནས་ལམ་ཆེན་ཐོག་རང་སྲོག་སྐྱེལ་བ་ལྟ་བུ་རྣམས་ཡིན།


          རང་ཉིད་སྐྱེ་བ་གང་ཞིག་བླང་རྒྱུ་ཡིན་པའི་རྟགས་མཚན་ལམ་ཙམ་ཞིག་འཆི་བའི་སྐབས་སུ་འཆར་ཞིང་། དེ་ཡང་ལུས་ཀྱི་དྲོད་འདུ་སྟངས་ནས་ཤེས་པ་སྟེ། མི་འགའ་ཞིག་ལུས་ཀྱི་སྟོད་ནས་དྲོད་འདུ་བ་དང་། འགའ་ཞིག་ཐོག་མར་སྨད་ནས་འདུ་གི་ཡོད། དྲོད་སྟོད་ནས་མར་འདུ་བ་དེ་ངན་པ་དང་། སྨད་ནས་ཡར་འདུ་བ་དེ་བཟང་བ་ཡིན།


          མི་འགའ་ཞིག་ཞི་འཇམ་ངང་ཤི་བ་དང་། འགའ་ཞིག་དངངས་སྐྲག་གི་ངང་ཤི་གི་ཡོད། འཆི་མཁན་གྱི་མི་དེ་ཡི་སེམས་ལ་བཟང་ངན་གྱི་སྣང་བ་སྣ་ཚོགས་པ་ཞིག་ཤར་གྱི་ཡོད།


          འཆི་རིམ་དེ་སྔགས་ལུགས་ནས་བཤད་པ་ཡིན་ན། རྣལ་འབྱོར་བླ་མེད་རྒྱུད་ནང་། རླུང་རགས་པ་འགགས་པ་དེ་ལ་འཆི་བ་བརྗོད་ཀྱི་ཡོད། འཆི་བ་ནི་ནང་གི་རླུང་འགག་པ་དང་འབྲེལ་བ་ཡོད་ཅིང་། ནང་གི་རླུང་རྣམས་ལུས་ལ་བརྟེན་ནས་ཡོད་སྟབས་ལུས་ཀྱི་ཆགས་སྟངས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། སྔགས་ལུགས་ལ་རྩ་རླུང་ཐིག་ལེ་རྣམས་གཙོ་བོར་བྱས་ནས་འགྲེལ་བཤད་གནང་གི་ཡོད། མདོ་ལུགས་ལ་རྩའི་གྲངས་སྟོང་ཕྲག་བརྒྱད་ཅུ་གསུངས་ཡོད་པ་དང་། སྔགས་ལུགས་ལ་སྟོང་ཕྲག་བདུན་ཅུ་དོན་གཉིས་གསུངས་ཡོད། དེའི་ནང་ནས་གསུམ་གལ་ཆེ་ཤོས་ཡིན་ཞིང་། དེ་དག་ནི། རྩ་དབུ་མ་ཞེས་པ་དཔྲལ་བ་ནས་སྤྱི་བོ་དང་དེ་ནས་སྒལ་ཚིགས་ཀྱི་གཤམ་བར་རྒྱུགས་ནས་ཡོད་པ་དེ་དང་། དེའི་གཡས་གཡོན་ལ་གནས་པའི་རྩ་གཉིས་བཅས་ཡོད། ནང་གི་རླུང་ལ་མཚོན་ན། རིགས་མི་འདྲ་བ་དུ་མ་ཞིག་གསུངས་ཡོད་ནའང་། གཙོ་བོ་ལྔ་དང་། ཡན་ལག་ལྔ་བཅས་བཅུ་གལ་ཆེ་ཤོས་ཡིན། ཐིག་ལེ་དེར་ཁམས་དཀར་དམར་གཉིས་ཡོད། སྤྱིར་བཏང་གང་ཟག་རྣམས་འཆི་བའི་སྐབས་ལ་འཆི་བ་འོད་གསལ་མངོན་དུ་འགྱུར་བའི་ཚུལ་གྱིས་འཆི་རིམ་ཤར་བ་མཚུངས་ན་ཡང་། རྩ་དེ་ཚོའི་ནང་རླུང་དང་ཐིག་ལེ་རྒྱུགས་སྟངས་སྣ་ཚོགས་པ་ལ་བརྟེན་ནས་འཆི་མཁན་གྱི་གང་ཟག་རྣམས་ལ་སྣང་བ་འདྲ་མིན་ཤར་གྱི་ཡོད། དེ་བཞིན་དུ་ལུས་ཀྱི་བཀོད་པའི་ཁྱད་པར་ཕྲན་བུ་ཡོད་པ་ལ་བརྟེན་ནས། གང་ཟག་རྣམས་ཀྱི་འཆི་རིམ་ལའང་ཁྱད་པར་ཕྲན་བུ་ཡོང་གི་ཡོད།


          འཆི་རིམ་གྱི་སྐབས་རགས་པ་ཉེར་ལྔ་ཐིམ་གྱི་ཡོད་པ་གསུངས་ཡོད། དེ་ལ་རགས་པའི་དངོས་པོ་ཉེར་ལྔ་ཞེས་བརྗོད་ཅིང་། དེ་དག་ནི། གཟུགས་དང་། ཚོར་བ་དང། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་བཅས་ཕུང་པོ་ལྔ་དང་། ས་ཆུ་མེ་རླུང་བཅས་ཁམས་བཞི། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་བཅས་སྐྱེ་མཆེད་དྲུག གཟུགས། སྒྲ། དྲི། རོ། རེག་བྱ་བཅས་ཡུལ་ལྔ། དེའི་ཐོག་གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་སྒྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་བཅས་གཞི་དུས་ཀྱི་ཡེ་ཤེས་ལྔ་རྣམས་ཡིན། འཆི་བ་དངོས་གཞི་སྐབས་སུ་རགས་པ་འདི་དག་རིམ་པ་བྱས་ནས་ཐིམ་ཞིང་། རིམ་པ་དེ་ཚོའི་གནས་སྐབས་སུ་ཕྱི་རྟགས་དང་། དེ་བཞིན་ནང་རྟགས་ཤར་གྱི་ཡོད། རྟགས་འདི་ཚོ་ལྷོད་ལྷོད་ཅིག་དང་། རིམ་པ་བྱས་ནས་གསལ་པོར་ཤར་བ་ཞིག་ཡོང་བ་ལ། འཆི་མཁན་དེའི་ཁམས་རྣམས་ནད་ཀྱི་དབང་གིས་ཧ་ཅང་ཟད་པ་མ་ཡིན་པ་དང་། བརྡབ་སྐྱོན་སོགས་བྱུང་བ་ལས་གློ་བུར་དུ་འཆི་བ་མ་ཡིན་པ་ཞིག་དགོས། གལ་ཏེ་ལམ་ཆེན་གྱི་སྟེང་དུ་བརྡབ་སྐྱོན་གྱིས་ཤི་བ་ཡིན་ན། རིམ་པ་བརྒྱད་པོ་འདི་དག་ཡུད་ཙམ་གྱིས་ཤར་གྱི་ཡོད་པས་ཉམས་ལེན་གང་ཡང་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་མེད། དེར་གྱོང་ཉིས་བརྩེགས་རག་གི་ཡོད་ཅིང་། གཅིག་ནི་བརྡབ་སྐྱོན་གྱི་དབང་གིས་དུས་མིན་འཆི་བ་འབྱུང་བ་དང་། གཞན་ནི་ཐིམ་རིམ་གྱི་སྣང་བ་དང་མཐུན་པའི་ཉམས་ལེན་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དེ་ཡིན། གལ་ཏེ་རང་བཞིན་གྱིས་འཆི་བ་ཡིན་ན་སྣང་བ་འདི་དག་ལྷོད་ལྷོད་ངང་ནས་རིམ་གྱིས་འཆར་གྱི་ཡོད།


          རིམ་པ་དང་པོ་ནི་གཟུགས་ཀྱི་ཕུང་པོ་ཐིམ་པ་དེས་མཚོན་གྱི་ཡོད། རགས་པ་ཞིག་གི་ཐོག་ནས་བཤད་ན། གཟུགས་ཀྱི་ཕུང་པོ་ཉམས་འགོ་ཚུགས་དུས་སའི་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཤུགས་ཆུང་དུ་ཕྱིན་པའི་སྒོ་ནས་ས་ཁམས་ཀྱི་ནུས་པ་ཉམས་ཀྱི་ཡོད། འདི་དང་དུས་མཉམ་དུ་ཆུའི་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་རྒྱུའི་ནུས་པ་དེ་མངོན་གསལ་ཇེ་གསལ་དུ་འགྲོ་ཞིང་། རིམ་པ་འདི་ལ་ས་ཁམས་ཆུ་ཁམས་ལ་ཐིམ་པ་ཞེས་ཟེར། འདིའི་ཕྱི་རྟགས་ལ་རྐང་ལག་ཕྲ་རུ་ཕྱིན་པ་དང་། རྒུད་དུ་ཕྱིན་པ། མདངས་ཤོར་བ་སོགས་ཡོང་གི་ཡོད། འདིའི་སྐབས་སུ་ང་ཚོའི་གཟུགས་པོ་ས་འོག་ཏུ་ཐིམ་པའི་ཚོར་སྣང་བྱུང་བ་དང་། དེ་བཞིན་མིག་མི་གསལ་བར་འགྱུར་གྱི་ཡོད།


          འདིའི་སྐབས་ནང་རྟགས་ལ་གསང་བ་འདུས་པའི་རྒྱུད་ལྟར་ན། སྨིག་རྒྱུའི་སྣང་བ་ཤར་བར་གསུངས་ཤིང་། དུས་འཁོར་གྱི་རྒྱུད་ལྟར་ན། དུ་བའི་སྣང་བ་ཤར་གྱི་ཡོད། འགྲེལ་བཤད་གནང་སྟངས་ལ་ཁྱད་པར་ཡོང་བ་འདི་རྒྱུད་དེ་དག་ཉམས་ལེན་གནང་མཁན་གྱི་རྒྱུད་ཀྱི་རྩ་རླུང་ཐིག་ལེ་གསུམ་གྱི་ཕྱིའི་བཀོད་པ་ལ་ཁྱད་པར་ཕྲན་བུ་ཡོད་པའི་དབང་གིས་ཡིན། ལྷག་པར་སྤྱི་བོ་དང་མགྲིན་པར་གནས་པའི་རྩ་འདབ་དང་། རྩ་འཁོར་གྱི་གྲངས་ལ་ཁྱད་པར་ཡོད་པ་ཡང་དེའི་དབང་གིས་ཡིན། དཔེར་ན་རྒྱུད་འདི་གཉིས་ཀས་རྩ་འཁོར་དྲུག་རྒྱས་པ་དང་བཞི་བསྡུས་ནས་གསུངས་ཡོད་ན་ཡང་། རྩ་འདབ་ཀྱི་ཁ་གྲངས་གསུང་སྟངས་ལ་ཁྱད་པར་ཡོད།


          དེ་རྗེས་རིམ་པ་གཉིས་པར་ཚོར་བའི་ཕུང་པོ་ཐིམ་གྱི་ཡོད། སྐབས་འདིར་ཆུ་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་རྒྱུའི་ནུས་པ་ཆུང་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་མེའི་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲོ་གི་ཡོད། ཕྱིའི་རྟགས་ལ་ལུས་ཀྱི་རླན་གཤེར་སྐམ་འགྲོ་བ་དཔེར་ན། ཁ་སྐམ་པ་དང་། མིག་ནང་གི་རླན་གཤེར་སདེ་ཡང་ཕྲན་བུ་སྐམ་ཞིང་། མིག་འགུལ་ཤུགས་ཆུང་དུ་འགྲོ་གི་ཡོད། གསང་བ་འདུས་པའི་རྒྱུད་ལྟར་ན། རིམ་པ་འདིའི་ནང་རྟགས་ལ་དུ་བ་ལྟ་བུའི་སྣང་བ་ཤར་བ་གསུངས་ཡོད།


          རིམ་པ་གསུམ་པར་འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་དང་། འདིའི་སྐབས་མེའི་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་རྒྱུའི་ནུས་པ་ཆུང་དུ་འགྲོ་བ་དང་། རླུང་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲོ་གི་ཡོད། ཕྱིའི་རྟགས་ལ་གཟུགས་པོའི་དྲོད་འདུས་པའི་སྒོ་ནས་དྲོད་ཀྱི་མྱོང་ཚོར་མེད་པར་འགྱུར་ལ། སོ་སོའི་བསམ་བློ་གཏོང་ཕྱོགས་ཀྱི་ཆ་ནས་བཤད་ན། སོ་སོར་ཉེ་བའི་མི་རྣམས་ཀྱང་དྲན་མི་ཐུབ་པའི་དྲན་པ་ཉམས་ཀྱི་ཡོད། ནང་རྟགས་ལ་ཁ་ནང་མེ་འཁྱེར་རམ་མེ་སྟག་འཐོར་བ་ལྟ་བུའི་སྣང་བ་ཤར་གྱི་ཡོད།


          རིམ་པ་བཞི་པར། འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་དང་། དེའི་སྐབས་རླུང་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་རྒྱུའི་ནུས་པ་ཆུང་དུ་འགྲོ་གི་ཡོད། ཕྱི་རྟགས་ལ་དབུགས་འགགས་པ་དང་། ནང་རྟགས་ལ་མར་མེ་ཏ་ལ་ལ་འབར་བ་ལྟ་བུའི་སྣང་བ་ཤར་གྱི་ཡོད། སྔར་མེ་སྟག་ཐོར་བ་ལྟ་བུའི་སྣང་བ་ཡོད་པ་དེ་རིམ་གྱིས་ཕྲ་རུ་སོང་ནས་དམར་ལྷང་ལྷང་གི་སྣང་བ་ཙམ་ལྷག སྤྱིར་བཏང་བྱས་ན། འདིའི་སྐབས་སྙིང་འགུལ་མཚམས་དང་། དབུགས་གཏོང་མཚམས་ཆད་པས་མི་ཚོས་ཤི་བར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་སྨན་པ་ཞིག་སླེབས་པ་ཡིན་ན་དེས་ཀྱང་མི་འདི་ཤི་ཚར་བར་ངོས་འཛིན་བྱེད་པ་ཡིན། འོན་ཀྱང་ང་ཚོས་ལྟར་ན། ད་དུང་འཆི་བཞིན་པའི་སྐབས་ཡིན་གྱི་ཤི་ཟིན་པ་མ་ཡིན། དབང་པོའི་ཤེས་པ་རྣམས་འགགས་ཟིན་ན་ཡང་ཡིད་ཀྱི་ཤེས་པ་གནས་ཡོད། འོན་ཀྱང་འདི་ནི་སླར་ཡང་གསོ་རྒྱུ་ཡོད་པའི་དོན་མིན།


          ཡིད་ཀྱི་ཤེས་པའི་ནང་གསེས་ལ་ཡང་ཕྲ་རགས་རིམ་པ་མང་པོ་ཡོད། ནང་པའི་གཞུང་ནང་རྣམ་ཤེས་འདོད་ཚུལ་ལ་རྩ་བ་གྲགས་ཆེ་ཤོས་རྣམ་ཤེས་དྲག་ཏུ་འདོད་པ་དེ་ཡིན་ཡང་། གཞན་ཡང་དགུ་དང་། བརྒྱད། དྲུག་གཅིག་བཅས་འདོད་ཚུལ་དུ་མ་ཞིག་ཡོད། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་དབང་ཤེས་ལྔ་དང་། ཡིད་ཤེས། ཉོན་ཡིད། ཀུན་གཞི་བཅས་རྣམ་ཤེས་བརྒྱད་དུ་འདོད་ཀྱི་ཡོད། ཐ་སྙད་ཕྱི་མ་གཉིས་པོ་གཞུང་གཞན་རྣམས་ཀྱི་ནང་དོན་གཞན་ལ་འཇུག་པའི་སྒོ་ནས་བེད་སྤྱོད་བྱས་ཡོད་ཀྱང་། དེ་ཙམ་གྱིས་སེམས་ཙམ་པ་དང་མཐུན་པར་རྣམ་ཤེས་བརྒྱད་འདོད་དགོས་པའི་ངེས་པ་མེད།


          ཡང་ཤེས་པ་དེ་གྲངས་འདྲེན་ཙམ་གྱི་ཆ་ནས་དབྱེ་བ་མིན་པར། གཙོ་སེམས་དང་སེམས་བྱུང་གཉིས་སུ་དབྱེ་ཆོག་ཅིང་། སྔ་མ་ནི་ཡུལ་དེའི་ངོ་བོ་ཤེས་པར་བྱེད་མཁན་ཙམ་དང་། ཕྱི་མ་ནི་ཡུལ་དེའི་ཁྱད་ཆོས་རྣམས་དབྱེ་བ་འབྱེད་མཁན་དེ་ཡིན། ཤེས་པའི་ཁྱད་ཆོས་སྤྱི་ནི་གསལ་ཞིང་རིག་ཙམ་འདི་ཡིན་ཞིང་། འདི་ཉིད་ཤེས་པ་ཀུན་ལ་ཁྱབ་ཡོད། ཤེས་པའི་ངོ་བོ་ནི་ཡུལ་གང་གིས་ཀྱང་མ་སྒྲིབ་པའི་གསལ་རིག་ཙམ་དེ་ཡིན་ལ། འདིའི་བྱེད་ལས་ནི་ཡུལ་གང་སྣང་བ་དེ་ལ་བརྟེན་ནས་ཡུལ་རིག་པ་དེ་ཡིན།


          དཔེར་ན། དབང་པོའི་ཤེས་པ་སྐྱེ་བ་ལ། རྐྱེན་གསུམ་དགོས་ཤིང་། དེ་དག་ནི། བདག་རྐྱེན་མིག་གི་དབང་པོ་དང་། དམིགས་རྐྱེན་ཁ་དོག་དང་དབྱིབས་ལ་སོགས་པའི་མིག་ཤེས་ཀྱི་གཟུང་བྱ་དང་། དེ་མ་ཐག་རྐྱེན་ཤེས་པ་སྐད་ཅིག་སྔ་མ་ཞིག་དགོས། རྐྱེན་གསུམ་པོ་འདི་ཚང་བ་ན། གཟུགས་འཛིན་ཤེས་པ་ཞིག་སྐྱེས། རྐྱེན་གསུམ་པོར་བྱེད་ལས་སོ་སོ་ནས་ཡོད་ལ། ཤེས་པ་འདིའི་ངོ་བོ་གསལ་ཞིང་རིག་པ་ཡོང་བ་ནི། དེ་མ་ཐག་རྐྱེན་གྱི་དབང་གིས་ཡིན་པ་དང་། གཟུགས་ཀྱི་སྐྱེ་མཆེད་འཛིན་ལ་སྒྲ་མི་འཛིན་པ་ནི་བདག་རྐྱེན་མིག་དབང་ལ་བརྟེན་ནས་ཡིན་ཞིང་། དེ་ལ་ཁ་དོག་དང་དབྱིབས་གང་རུང་གི་སྣང་བ་ཤར་བ་ནི། དམིགས་རྐྱེན་དངོས་པོ་དེ་ལ་བརྟེན་ནས་ཡིན། འདི་ནི་ཤེས་པ་རགས་པ་རྣམས་སྐྱེ་ཚུལ་ཡིན།


          ཡིན་ན་ཡང་འཆི་བའི་སྐབས་སུ་ཤེས་པ་རགས་པ་དེ་དག་གི་རྟེན་མིག་དབང་དང་། རྣ་བའི་དབང་པོ་ལ་སོགས་པ་ཉམས་ཤིང་། དེ་ལ་བརྟེན་ནས་དེ་དག་དང་འབྲེལ་བའི་ཤེས་པ་རྣམས་འགག་གི་ཡོད། དབང་ཤེས་རྣམས་འགགས་པའི་རྗེས་སེམས་ལྷག་མ་ཡོད་པ་འདིའི་ནང་ད་དུང་ཕྲ་རགས་ཀྱི་རིམ་པ་བཞི་ཡོད་པས་སྔར་གྱི་ཁམས་ཐིམ་རིམ་བཞིའི་རྗེས་སུ་ད་དུང་རྣམ་པར་ཤེས་པའི་ཐིམ་རིམ་བཞི་ཡོད། ཀུན་རྟོག་བརྒྱད་ཅུ་ནས་བརྩམས་པའི་རགས་པ་རྣམས་སྔོན་ལ་ཐིམ་གྱི་ཡོད། ཀུན་རྟོག་བརྒྱད་ཅུ་པོ་རྣམས་སྡེ་ཚན་གསུམ་དུ་ཕྱེ་བ་དང་། གསུམ་པོ་རེ་རེས་སེམས་ཀྱི་རིམ་པ་ཕྲ་བ་ཕྱི་མ་གསུམ་མཚོན་པར་བྱེད་ཀྱི་ཡོད། སུམ་ཅུ་སོ་གསུམ་ནི། དཀར་ལམ་པ་སྣང་བའི་ཡིད་ཤེས་ཀྱི་རང་བཞིན་དང་། བཞི་བཅུ་ནི་མཆེད་པ་དམར་ལམ་པ་སྣང་བའི་ཡིད་ཤེས་ཀྱི་རང་བཞིན་དང་།­ བདུན་ནི་ཉེར་ཐོབ་ནག་ལམ་པའི་ཡིད་ཤེས་ཀྱི་རང་བཞིན་དང་ལྡན་པ་ཡིན། ཀུན་རྟོག་སྡེ་ཚན་གསུམ་པོའི་བཞོན་པར་གྱུར་པའི་རླུང་གི་གཡོ་འགུལ་གྱི་རིམ་པ་ཆེ་འབྲིང་ཆུང་གསུམ་གྱིས་སེམས་ཀྱི་རིམ་པ་ཕྲ་བ་གསུམ་དང་འབྲེལ་ནས་ཡོད་པའི་རླུང་གི་གཡོ་འགུལ་གྱི་རང་བཞིན་མཚོན་གྱི་ཡོད།


          ཀུན་རྟོག་བརྒྱད་ཅུ་པོ་རླུང་གི་བཞོན་པ་དང་བཅས་པ་ཐིམ་པ་ན་ནང་རྟགས་ལ་དཀར་ལམ་པའི་སྣང་བ་ཤར་ཞིང་། འདི་ནི་དཀར་ལམ་པ་སྣང་བའི་ཡིད་ཤེས་དེ་ཡིན། འདི་ནི་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཁོ་ནས་ཁྱབ་ནས་ཡོད་པ་དང་དཔེ་མཚུངས་སྦྱར་ཡོད། འདིའི་སྐབས་ཕྱི་རྟགས་ཤར་རྒྱུ་གང་ཡང་ལྷག་མེད།


          དཀར་ལམ་པ་སྣང་བའི་ཡིད་ཤེས་དེ་རང་གི་བཞོན་པའི་རླུང་དང་བཅས་པ་ཐིམ་པའི་སྐབས་སུ་སེམས་ཕྲ་བ་ཞིག་ཤར་ཞིང་། དེ་ལ་མཆེད་པ་དམར་ལམ་པའི་ཡིད་ཤེས་ཟེར། འདི་སྟོན་ཀའི་ནམ་མཁའ་གཡའ་དག་པ་ཞིག་ལ་ཉི་མའི་འོད་དམར་པོའམ་ཡང་ན་ངུར་སྨྲིག་གི་མདོག་ཁོ་ནས་ཁྱབ་པ་ལྟ་བུ་ཡིན།


          སྣང་བ་དམར་ལམ་པ་མཆེད་པའི་ཡིད་ཤེས་དེ་རང་གི་བཞོན་པ་དང་བཅས་པ་ཐིམ་པའི་ཚེ་དེ་བས་ཀྱང་སེམས་ཕྲ་བ་ཞིག་ཤར་ཞིང་། དེ་ལ་ནག་ལམ་པ་ཉེར་ཐོབ་ཡིད་ཤེས་བརྗོད་པ་ཡིན། འདི་ནི་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་སྲོད་ཀྱི་མུན་པ་ཐིབས་པ་ལྟ་བུ་ཡིན། སེམས་འདིའི་གནས་སྐབས་ཀྱི་ཐོག་མའི་ཆ་ལ་དྲན་པ་ཡོད་པ་དང་། རིམ་གྱིས་དྲན་པའི་ནུས་པ་ཉམས་ནས་ཧ་ལམ་དྲན་མེད་ལྟ་བུར་འགྱུར་གྱི་ཡོད།


          ནག་ལམ་པ་ཉེར་ཐོབ་ཡིད་ཤེས་དེ་རང་གི་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ན། ཤིན་ཏུ་ཕྲ་བའི་སེམས་འཆི་བ་འོད་གསལ་ཞེས་པ་འདི་ཤར་ཏེ་འཆི་བ་ངོ་མ་དེ་སླེབས་པ་ཡིན། འདི་ནི་སྣང་བ་གཞན་གང་ཡང་མེད་པའི་སྟོན་ཀའི་ཐོ་རངས་སྐབས་ཀྱི་ནམ་མཁའ་གཡའ་དག་པ་དང་འདྲ་བ་ཡིན། འོད་གསལ་གྱི་སེམས་དེ་ལ་གཞིའི་སེམས་ཞེས་བརྗོད། གང་ཡིན་ཞེ་ན། དེ་ནི་སེམས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། འདི་ལ་ལྟོས་ཏེ་སེམས་གཞན་ཚང་མ་གློ་བུར་བ་ཡིན། སེམས་འདི་ཐོག་མ་མེད་པ་ནས་ཡོད་པ་ཞིག་ཡིན་ལ། སྐྱེ་འགྲོ་ཡོངས་སྐྱེ་བ་ཅི་འདྲ་ཞིག་བླངས་རུང་། སངས་རྒྱས་ཀྱི་སའི་བར་མུ་མཐུད་ནས་གནས་ཀྱི་ཡོད། འདི་ལྟ་བུའི་བཤད་པ་རྣམས་ནི་རྣལ་འབྱོར་བླ་མེད་ཀྱི་སྔགས་ཁོ་ནའི་ནང་གསལ་བ་ཡིན།


          ཐིམ་རིམ་གྱི་གནས་སྐབས་སུ། ང་ཚོས་དྲན་ཤེས་བསྟེན་དགོས་རྒྱུ་གལ་ཆེན་པོ་ཡིན། ཇི་ཙམ་གྱིས་དྲན་ཤེས་ཆེ་བ་བསྟེན་པ་དེའི་ཚོད་ཀྱིས་སྐྱེ་བ་གསར་པ་བླངས་པའི་ཚེ་སྐྱེ་བ་སྔ་མ་དྲན་པའི་ནུས་པ་ཆེ་བ་ཡོད། འདི་ནི་དཔེར་ན། མཚན་མོ་ཉལ་བའི་སྔོན་དུ་སང་ཞོགས་ཆུ་ཚོད་ཇི་ཙམ་ལ་ལངས་དགོས་པ་དང་། ལངས་པའི་རྗེས་གང་བྱེད་རྒྱུ་ཡིན་པ་ཆ་ཚང་དྲན་ཤེས་གསལ་པོ་ཞིག་གིས་འདུན་པ་ཤུགས་དྲག་ཅིག་བཏང་བ་ཡིན་ན། གཉིད་ཉལ་བའི་སྐབས་སུ་དྲན་གྱི་མེད་ན་ཡང་། སྔར་གྱི་འཕེན་པ་དེ་ལ་བརྟེན་ནས་སང་ཞོགས་དུས་ཚོད་དེ་ག་རང་ལ་གཉིད་སད་དེ་ང་ཚོས་གང་བྱེད་དགོས་པ་དེ་ཡང་ལམ་སེང་དྲན་ཐུབ། དེ་བཞིན་དུ་འཆི་རིམ་དེ་དག་གི་སྐབས་དྲན་ཤེས་གནས་པ་དེ་སྲིད་དུ་དེའི་ནུས་ཤུགས་ཆ་ཚང་བེད་སྤྱོད་བཏང་བའི་སྒོ་ནས་ཤེས་པ་གསལ་པོའི་ངང་གནས་ཐུབ་པ་ཡོང་རྒྱུར་རིག་པ་སྒྲིམ་དགོས།


          ལུས་པོ་ལ་ཉམས་རྒུད་ཧ་ཅང་མེད་པར་བདེ་བའི་ངང་ནས་རང་བཞིན་གྱིས་འཆི་བའི་གང་ཟག་ཅིག་ཡིན་ན་གང་ཟག་དེ་འོད་གསལ་གྱི་སེམས་ཞེས་པ་སེམས་ཕྲ་ཤོས་འདིའི་ཐོག་ལ་ཉིན་གསུམ་ཙམ་གྱི་རིང་གནས་ཀྱི་ཡོད། འདིའི་གནས་སྐབས་སུ་ཤེས་པ་ཕྲ་ཤོས་དེ་གཟུགས་པོ་རྙིང་པ་དེའི་ནང་དུ་གནས་ཡོད། མི་ཚེ་གང་པོར་ཉམས་ལེན་བྱས་པ་ལ་བརྟེན་ནས། སེམས་ཀྱི་རང་བཞིན་ངོས་བཟུང་བ་དང། དེ་བཞིན་རྩ་རླུང་ཐིག་ལེའི་ཉམས་ལེན་ལ་སྦྱངས་པ་བྱས་པའི་གང་ཟག་ཁྱད་པར་ཅན་འགའ་ཞིག་གིས་འཆི་རིམ་ངོས་བཟུང་སྟེ་འདིའི་ཐོག་ནས་དྲན་ཤེས་བརྟན་པོས་ཟིན་པའི་ངང་ནས་འོད་གསལ་ཤར་བ་བྱེད་ཀྱི་ཡོད། ཁོང་ཚོར་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་ཡོད་པ་ལ་བརྟེན་ནས་འོད་གསལ་གྱི་ངང་བདུན་ཕྲག་གཅིག་གམ། ཡང་ན་ཟླ་བ་གཅིག་གི་ཡུན་ཚད་ལ་སོགས་པ་རང་གི་འདོད་པ་དང་བསྟུན་ནས་གནས་ཐུབ་ཀྱི་ཡོད། ང་ཚོ་ཕྱི་ལོ་༡༩༥༩ ལོར་རྒྱ་གར་ལ་འབྱོར་པ་ནས་ད་བར་བོད་པའི་ནང་གནས་ཚུལ་འདི་འདྲ་བ་བཅུ་ཙམ་བྱུང་ཡོད། རྒྱ་གར་གནམ་གཤིས་ཚ་པོ་འདིའི་ནང་ལ་ཡང་སྐྱེ་བོ་འདི་ཚོས་འོད་གསལ་གྱི་ངང་བདུན་ཕྲག་གཉིས་རིང་གཉིད་ཉལ་བ་བཞིན་དུ་གནས་ཤིང་། དེའི་རིང་རོ་དང་འདྲ་བར་དབུགས་ཀྱི་རྒྱུ་བ་མེད་ནའང་། རོ་ལྟར་གྱི་རུལ་དྲི་གང་ཡང་མི་བྲོ།


          ཤིན་ཏུ་ཕྲ་བའི་འོད་གསལ་འདིའི་ངང་ལ་གནས་པའི་ཚེ་གཡོ་འགུལ་ཕྲན་བུ་ཞིག་བྱུང་བ་ན། འོད་གསལ་གྱི་སེམས་འགགས་ཏེ་ཕུང་པོ་རྙིང་པ་དེ་ནས་རྣམ་པར་ཤེས་པ་ཕྱིར་ཐོན་ཅིང་། སྔར་གྱི་འཆི་བའི་རིམ་པ་དེ་ལྡོག་ནས་ཤར་ཡོང་བ་ཡིན། དཔེར་ན། སླར་ཡང་ལུགས་ལྡོག་གི་ནག་ལམ་པ་ཉེར་ཐོབ་ཡིད་ཤེས་ཤར་བ་དང་། དེ་ནས་སྣང་བའི་རིམ་པ་གཞན་དྲུག་པོ་ཤར་གྱི་ཡོད། དེ་ནི་དམར་ལམ་པ་མཆེད་པའི་ཡིད་ཤེས་ཀྱི་སྣང་བ་དང་། སྣང་བ་དཀར་ལམ་པ་སྣང་བའི་ཡིད་ཤེས་དང་། མར་མེ་འབར་བ་ལྟ་བུའི་སྣང་བ་དང་། ཁ་ནང་མེ་འཁྱེར་ལྟ་བུའི་སྣང་བ་དང་། དུ་བ་ལྟ་བུའི་སྣང་བ་དང། སྨིག་སྒྱུ་ལྟ་བུའི་སྣང་བ་བཅས་སྣང་གི་ཡོད། གལ་ཏེ་བར་དོའི་སྐྱེ་བ་དང་བཅས་པའི་འདོད་ཁམས་དང་། གཟུགས་ཁམས་ལ་སླར་ཡང་སྐྱེ་བ་བླངས་པའི་ཚེ། ལུགས་ལྡོག་གི་སྣང་བ་ནག་ལམ་པ་ཉེར་ཐོབ་ཡིད་ཤེས་ཀྱི་གནས་སྐབས་སུ་བར་དོ་འགོ་ཚུགས་ཀྱི་ཡོད། གཟུགས་མེད་ལ་སྐྱེ་བ་བླང་རྒྱུ་ཡིན་ན་བར་དོ་མེད།


          བར་དོ་བརྒྱུད་ནས་འགྲོ་མཁན་ཞིག་ཡིན་ན། བར་དོ་བ་དེས་སྐྱེ་བ་གསར་པ་ཞིག་ཏུ་ཉིང་མཚམས་སྦྱོར་ཞིང་། བར་དོའི་མཚམས་ཆད་པ་ལ་འདིའི་སྐབས་སླར་ཡང་འཆི་རྟགས་བརྒྱད་པོའི་བརྒྱུད་ནས་འཆི་བ་འོད་གསལ་གྱི་སེམས་ཤར་བར་བྱེད་ཀྱི་ཡོད། གལ་ཏེ་མངལ་ནང་སྐྱེ་བ་ལེན་མཁན་ཞིག་ཡིན་ན་མའི་མངལ་ནང་སྐྱེ་བ་གསར་པ་ཞིག་ཏུ་ཉིང་མཚམས་སྦྱར་བ་དེ་དང་། བར་དོའི་འཆི་བ་འོད་གསལ་རྗེས་ཀྱི་ནག་ལམ་པ་ཉེར་ཐོབ་ཡིད་ཤེས་ཤར་བ་གཉིས་དུས་མཉམ་ཡིན། ཕྱོགས་གཅིག་ནས་བཤད་ན། འོད་གསལ་གྱི་སེམས་ཀྱི་ཐོག་ནས་སྐྱེ་བ་འགོ་ཚུགས་ཀྱི་ཡོད།


          སྤྱིའི་ཆ་ནས་བཤད་ན། སྤྱིར་བཏང་མི་ཚེ་ཕལ་པའི་གནས་སྐབས་ཀྱི་ཤེས་པ་དེ་རགས་ཤོས་དང་། འཆི་བའི་སྐབས་ཕྲ་ཤོས། བར་སྲིད་སྐབས་བར་མ་ཡིན། དེ་བཞིན་དུ་ཆུ་ཚོད་༢༤ ཡོད་པའི་ཉིན་ཞག་གཅིག་གི་རིང་བཤད་ན། སད་དུས་ཀྱི་གནས་སྐབས་ཀྱི་ཤེས་པ་དེ་རགས་ཤོས་དང་། གཉིད་མཐུག་པོའི་སྐབས་ཕྲ་ཤོས། རྨི་ལམ་གྱི་གནས་སྐབས་སུ་བར་མ་དེ་ཡིན། ཡང་དྲན་མེད་བརྒྱལ་སྐབས་སེམས་ཕྲ་རུ་འགྲོ་གི་ཡོད། སྤྱིར་བཏང་ནས་ཉི་མ་རེར་སེམས་ཕྲ་རགས་ཀྱི་རིམ་པ་སྣ་ཚོགས་པ་ཞིག་གི་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་ན་ཡང་། དེ་དག་འཆི་བའི་གནས་སྐབས་ཀྱི་རིག་པ་དང་ཆ་ཐམས་ཅད་ནས་མཚུངས་པའི་ཚུལ་གྱིས་མ་ཡིན།


          མཐའ་བསྡོམས་སུ། ང་རང་ཚོས་འོད་གསལ་གྱི་སེམས་ཞེས་པ་གཞིའི་སེམས་དེ་ངོས་བཟུང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སེམས་ཕྲ་ཤོས་དེ་ངོས་བཟུང་བ་ལ། ཐོག་མར་སེམས་ཀྱི་ཀུན་རྫོབ་ཀྱི་རང་བཞིན་དེ་ངོས་བཟུང་དགོས། སེམས་ཀྱི་རང་བཞིན་ངོས་བཟུང་བའི་བློ་ཡོད་ན་སེམས་དེ་གའི་སྟེང་དུ་དམིགས་པ་རྩེ་གཅིག་ཏུ་བསྒྲིལ་ཏེ་རིམ་གྱིས་རྣམ་པར་ཤེས་པའི་ངོ་བོ་ངེས་པའི་ངེས་ཤེས་དེ་ཤུགས་ཆེ་རུ་གཏོང་དགོས། ཐབས་ལམ་འདིའི་ཐོག་ནས་སེམས་དེ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། སྟངས་འཛིན་བྱེད་པའི་ཤུགས་འདིས་སེམས་རགས་པ་རྣམས་འགག་རྒྱུར་གྲོགས་བྱེད་ཅིང་། འདི་དག་འགགས་ཟིན་པ་དང་སེམས་ཕྲ་བ་རྣམས་རང་བཞིན་གྱིས་མངོན་དུ་འགྱུར་གྱི་ཡོད། གལ་ཏེ་འཆི་བའི་སྔོན་ང་ཚོས་སེམས་ཕྲ་མོ་དེ་ངོས་བཟུང་ཐུབ་ན། སེམས་ཕྲ་མོ་འདི་ཤེས་རབ་ཀྱི་ངོ་བོར་བསྒྱུར་ཐུབ་ལ། ཤེས་རབ་འདི་ནི་མ་རིག་པ་དང་སྡུག་བསྔལ་རྩ་མེད་བཟོ་རྒྱུའི་གོ་མཚོན་ཤུགས་ཆེ་ཤོས་དེ་ཡིན། དེར་བརྟེན་ཉམས་ལེན་པ་ཞིག་ལ་ཐོས་པ་བྱེད་རྒྱུ་དང་། སྦྱོང་བརྡར་བྱེད་རྒྱུ་མཐའ་ཡས་པ་ཡོད།


 

          དྲི་བ། ྋགོང་ས་མཆོག་ནས་འཆི་བའི་གྲ་སྒྲིག་བྱ་རྒྱུའི་ཕྱོགས་གཅིག་གསོན་པའི་སྐབས་སུ་འཆི་རྟགས་མི་འདྲ་བ་ཁག་ལ་ཉམས་མྱོང་དགོས་པ་དང་། འདིའི་ཐོག་ནས་འཆི་བའི་སྐབས་སུ་རྟགས་དེ་ཚོ་ཤར་ཡོང་དུས་གྲ་སྒྲིག་འབྱུང་གི་ཡོད་པའི་སྐོར་གསུངས་སོང་། གསོན་པའི་སྐབས་རྣམ་པར་ཤེས་པ་དང་གཟུགས་པོ་རགས་པ་འདི་གཉིས་ལོགས་སུ་དབྱེ་རྒྱུའི་ཉམས་ལེན་དེ་འདྲ་ཡོད་དམ། དེ་བཞིན་འདི་དང་། ནུབ་ཕྱོགས་ལ་བྱུང་བའི་མི་འགའ་ཞིག་འཆི་ཁར་རང་ཉིད་གཟུགས་པོའི་ཕྱིར་གནས་ཤིང་། གཟུགས་ཕྲ་བ་གཞན་ཞིག་ནང་དུ་ཡོད་པ་ཚོར་བའི་མྱོང་བ་གཉིས་མཚུངས་མིན་གང་འདྲ་ཡིན་ནམ།


          བཀའ་ལན། སྐྱེ་བ་སྔ་མར་འདི་འདྲའི་ཉམས་ལེན་ལ་གོམས་པའི་དབང་གིས་ཚེ་འདིའི་གཟུགས་རགས་པ་འདི་དང་སེམས་གཉིས་ལོགས་སུ་དབྱེ་བའི་གནས་ཚུལ་འདི་འདྲ་ཡོད་ཅིང་། འདི་ཚོ་ཚེ་འདི་ལ་གསོལ་རས་གནང་བ་ནང་བཞིན་ཆགས་པ་རེད། དེ་བཞིན་ཚེ་འདིར་ཉམས་ལེན་བྱས་པ་ལ་བརྟེན་ནས་ཀྱང་དེ་ལྟ་བུའི་གནས་ཚུལ་བྱུང་ཡོད། བྱེ་བྲག་ཏུ་རྨི་ལམ་གྱི་གཟུགས་དམིགས་བསལ་ཅན་ཞིག་ཡོད་ཅིང་། འདི་ནི་སེམས་ཀྱི་སྣང་བ་ཙམ་མིན་པར་རྒྱུན་གཏན་གྱི་གཟུགས་པོ་དེ་ལས་ལོགས་སུ་གནས་ཐུབ་པའི་གཟུགས་ཕྲ་མོ་མཚན་ཉིད་པ་ཞིག་ཡིན། ང་ཚོས་རྒྱུན་གཏན་ནས་ཕྱིའི་གནས་ཚུལ་ཇི་ལྟར་མྱོང་བ་བཞིན་དུ་འདིས་ཀྱང་མྱོང་ཐུབ་ཀྱི་ཡོད། རྨི་ལམ་གྱི་གཟུགས་བླངས་པའི་ཚེ་རྒྱུན་གཏན་གྱི་གཟུགས་པོ་དེས་དབུགས་འབྱུང་རྔུབ་བྱེད་མིན་དང་། ཡང་ན་སྒོམ་ཕྲ་མོའི་སྐབས་བཞིན་དུ་དབུགས་འབྱུང་རྔུབ་རགས་པ་འགགས་པ་སོགས་གང་འདྲ་ཡིན་པ་ཞིབ་ཕྲ་ངས་ཤེས་ཀྱི་མེད། གནས་ཚུལ་གང་ཡིན་རུང་གཟུགས་ཕྲ་མོ་དེ་གནས་གང་དུའང་འགྲོ་ཐུབ་ཀྱི་ཡོད། དེར་མ་ཟད་ལུས་རགས་པ་མེད་པ་ཡིན་ན་ཐག་རིང་ཐུང་གི་སྐད་ཆ་མེད་པར་སོ་སོ་བར་སྣང་མཐོངས་ལ་འགྲོ་ཐུབ་ལ། གང་དུ་ཡིན་ནའང་སླེབས་ཐུབ་པ་ཡིན། དེ་ནས་རང་གི་འདོད་པ་གཞིར་བཟུང་རང་གི་ལུས་རྙིང་པའི་ནང་ཚུར་ལོག་ན་འགྲིགས། འདི་ནི་འཆི་ཁའི་མྱོང་བའི་སྐབས་དང་། དེ་བཞིན་ནད་དྲག་པོས་མནར་བའི་སྐབས་སུ་འབྱུང་གི་ཡོད།


          དྲི་བ། ང་ཚོ་མང་པོ་ཞིག་གིས་བར་དོ་ཐོས་གྲོལ་ཀློག་མྱོང་ཞིང་། བར་དོའི་སྐབས་སུ་སོ་སོར་ཐུག་རྒྱུའི་ཞི་དྲག་གི་ལྷའི་སྐོར་དེ་དག་ང་ཚོའི་བློ་ལ་འབབ་པོ་བྱུང་། ཡིན་ན་ཡང་ང་ཚོ་བོད་པའི་ནང་ཆོས་ལ་ཞུགས་མེད་ལ། ང་ཚོར་དབང་དང་གནང་བ་ཡང་ཐོབ་མེད། དེ་བཞིན་སྒོམ་གྱི་ཐོག་མན་ངག་བཀའ་སློབ་གང་ཡང་ཐོབ་མེད། ལྷ་དེ་རྣམས་གང་འདྲ་ཡོད་མེད་ཀྱི་བསམ་ཚུལ་ཅི་ཡང་མེད་པའི་གང་ཟག་ང་ཚོའི་གྲས་ཀྱིས་ཀྱང་རིམ་པ་དེའི་སྐབས་གཟུགས་དབྱིབས་དེ་བཞིན་མཐོང་གི་རེད་དམ།


          བཀའ་ལན། ངས་དེ་འདྲ་ཡོང་གི་རེད་བསམ་གྱི་མི་འདུག སྤྱིར་བཏང་ནས་བཤད་ན་བར་དོ་ཐོས་གྲོལ་གྱི་ཞི་དྲག་གི་ལྷའི་སྣང་བ་དེ་རང་ཉིད་གསོན་པའི་སྐབས་ནས་ལྷ་དེ་དག་ལ་གོམས་འདྲིས་ཡོད་པ་དང་། དེ་དག་སྒོམ་མྱོང་མཁན་གྱི་གང་ཟག་དེ་རྣམས་ལ་བཤད་པ་ཡིན། གལ་ཏེ་ཉམས་ལེན་པ་ཞིག་གིས་ཤི་བའི་སྔོན་རོལ་ནས་རིམ་པ་རྣམས་ངོ་འཕྲོད་པའི་སྒོ་ནས་ཉམས་སུ་བླངས་ཏེ་གྲོལ་མ་ཐུབ་པ་ཡིན་ན། དེ་ནས་བར་སྲིད་ཀྱི་དུས་ཡུན་རེ་རེའི་སྐབས་སུ་བར་དོ་ཐོས་གྲོལ་ཉམས་ལེན་བྱེད་མཁན་དེས་སྔར་འདུན་པ་བཏང་བའི་ཉམས་ལེན་དེ་དང་མཐུན་པའི་ཞི་དྲག་གི་ལྷའི་སྣང་བ་འཆར་ཐབས་ཀྱི་དོན་གཉེར་བྱེད་ཀྱི་ཡོད། དེ་རྣམས་འཆར་མི་ཡོང་ངམ་སྙམ་སྟེ་ཉམས་ལེན་བྱེད་པ་ལ་བརྟེན་ནས་གཞིའི་སེམས། གཞིའི་རིག་པ། རྙིང་མའི་ལུགས་ཀྱི་རྫོགས་པ་ཆེན་པོའི་ཉམས་ལེན་དུ་གྱུར་པའི་སེམས་ཀྱི་རང་བཞིན་གསལ་ཞིང་རིག་པ་འདི་ངོས་བཟུང་བའི་ཆེད་དུ་ཉམས་ལེན་པས་བར་སྲིད་ཀྱི་གནས་སྐབས་སུ་ངོ་འཕྲོད་ཡོང་བར་དོན་གཉེར་བྱེད་ཀྱི་ཡོད། རང་གིས་སྔར་ལྷ་འདི་དག་དང་གོམས་འདྲིས་བྱས་པའི་ནུས་པས་དྲན་པ་རྒྱས་པར་བྱེད་ཚུལ་ནི། སྣང་བ་དེ་རིམ་པས་འཆར་ཡོང་བ་ན་གསལ་རིག་སད་རྒྱུར་གོ་སྐབས་མང་པོ་ཐོབ་པ་དང་། དེའི་སྒོ་ནས་སེམས་ཀྱི་རང་བཞིན་མཐར་ཐུག་རྟོགས་པ་ཡོང་གི་ཡོད།


          དྲི་བ། ཉིན་རེའི་འཚོ་བ་དང་འབྲེལ་ནས་རིག་པའི་སྐོར་མང་ཙམ་གསུང་རོགས་གནང་།


          བཀའ་ལན། སོ་སོའི་གཞི་མའི་སེམས་དེ་རིག་པའི་ངོ་བོར་བསྐྱེད་ནས་ད་དུང་འཛིན་སྟངས་མ་སླེབས་པའི་སྐབས་དེ་འདྲ་ཡོད། གསལ་རིག་གི་ཆ་འདི་ངོས་བཟུང་དགོས་རྒྱུ་གལ་ཆེན་པོ་ཡིན། འདིའི་ཐོག་ལ་ཉམས་མྱོང་ཡོང་པའི་རྣལ་འབྱོར་པ་རྣམས་ཀྱིས་འདི་ལྟ་བུ་བྱེད་པར་གསུང་རབ་ལ་དད་གུས་དགོས་པ་ཤིན་ཏུ་ནས་གལ་ཆེ་ཞིང་། བླ་མའི་མདུན་ནས་བླ་མ་སོ་སོར་རང་གི་ཉམས་མྱོང་གཞིར་བཟུང་གི་མན་ངག་རྣམས་ཐོབ་དགོས་པ་གསུངས་ཡོད། གཞི་མའི་སེམས་ཀྱི་རང་བཞིན་འདི་ངོས་མ་བཟུང་བར་དུ་དེ་ཉིད་མྱོང་ཐུབ་རྒྱུ་ཁག་པོ་ཡིན། འོན་ཀྱང་ཉིན་རེ་བཞིན་ང་རང་ཚོས་སོ་སོའི་སེམས་དེར་བལྟས་ནས་གཞི་མའི་སེམས་ཀྱི་རང་བཞིན་དང་གཞི་མའི་སེམས་ཀྱི་ཁྱད་ཆོས་གསལ་ཞིང་རིག་པའི་རང་བཞིན་འདི་གང་ཡིན་དཔྱད་པ་བྱས་ན་ཕན་ཐོགས་ཡོད། ལྷག་པར་ཐོ་རངས་ཀྱི་སྐབས་སུ་བྱས་ན་ཕན་ཐོགས་ཆེ་བ་ཡོད། གང་ཡིན་ཞེ་ན་སྐབས་དེར་ཤེས་པ་གསལ་པོ་ཡོད།


          དྲི་བ། དབྱིན་ཡིག་ནང་ལ་ཡོད་པའི་བར་དོ་ཐོས་གྲོལ་གྱི་མན་ངག་རྣམས་སློབ་ཁྲིད་ཞུ་མ་མྱོང་བའི་ནུབ་ཕྱོགས་པ་ཚོས་དེ་ཉིད་འཆི་བཞིན་པའི་གང་ཟག་དེ་དག་ལ་བེད་སྤྱོད་བྱས་པ་ཡིན་ན། ཁྱེད་ཀྱིས་ལུགས་དང་མཐུ་པའམ་ཕན་ཐོགས་ཡོང་གི་རེད་ཅེས་དགོངས་ཀྱི་འདུག་གམ། གལ་ཏེ་ཀློག་མཁན་དེར་དགོས་ངེས་ཀྱི་སེམས་རྣམ་པར་དག་པ་ཞིག་ཡོད་ན་ཚེ་འདས་ལ་ཕན་གྱི་རེད་དམ།

 
          བཀའ་ལན། སྤྱིར་བཏང་ནས་དབང་གི་སྦྱོར་བ་དང་སྒོམ་ལ་སོགས་པ་མེད་ན་ཁག་པོ་ཡིན། གསུང་རབ་དང་གོམས་འདྲིས་དགོས་པ་ནི་དགོས་ངེས་ཅན་ཡིན། དེར་བརྟེན་འཆི་བཞིན་པའི་གང་ཟག་དེ་བར་དོ་ཐོས་གྲོལ་གོམས་འདྲིས་ཡོད་པ་ཞིག་ཡིན་ན་དེ་ལ་བེད་སྤྱོད་བྱས་ན་ཕན་ཐོགས་ཡོད། སྤྱིར་བཏང་བཤད་ན། གང་ཟག་ཅིག་འཆི་བཞིན་པའི་སྐབས་སུ་དེ་ཉིད་ཞི་འཇམ་ངང་བཞག་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། འཆི་བཞིན་པའི་གང་ཟག་དེའི་སེམས་འཕྲོ་བ་དང་ཚ་གེ་ཚིག་གེ་བཟོ་མི་ཉན་པས་ང་རང་ཚོས་གང་ཟག་དེའི་སེམས་དཀྲུག་པའི་བྱ་བའི་རིགས་རྩ་བ་ནས་བྱེད་རྒྱུ་མེད་ལ། འཆི་བཞིན་པའི་གང་ཟག་ཁོ་རང་གི་ངོས་ནས་ཀྱང་བསམ་བློ་གསལ་པོ་དགོས་རྒྱུ་གལ་ཆེན་པོ་ཡིན།


          དྲི་བ། གསལ་རིག་གི་ནུས་པ་དེ་ཇི་ལྟར་བྱས་ཏེ་འཕེལ་གྱི་ཡོད་དམ།


          བཀའ་ལན། རགས་པའི་ཤེས་པ་བག་ལ་མ་ཉལ་གོང་ནས་སོ་སོས་གྲུང་ཆ་སྟོབས་ཆེན་པོ་ཞིག་སྐྱེད་པར་བྱེད་དགོས། སྒོམ་གྱི་ནང་དུ་སོ་སོས་འཆི་རིམ་གྱི་རྣམ་པ་དང་མཐུན་པ་ལ་འདྲིས་པར་བྱེད་དགོས། ང་རང་གི་ཉིན་རེའི་ཉམས་ལེན་ནང་ངས་འཆི་རིམ་འདི་ཐེངས་དྲུག་བདུན་སྒོམ་གྱི་ཡོད། ད་ལྟ་ང་རང་ལ་གྲུབ་འབྲས་ཐོན་པ་འདི་ཡིན་བསྟན་རྒྱུ་མེད་ཀྱང་། ངས་དྲན་པ་དང་ཤེས་བཞིན་བསྟེན་ནས་མ་མཐར་འབྲས་བུ་ཐོན་པར་བྱེད་པའི་རྒྱུ་སྒྲུབ་ཀྱི་ཡོད། དཔེར་ན། ས་གནས་ངེས་ཅན་ཞིག་ལ་དམག་རྒྱག་ཏུ་འགྲོ་གི་ཡོད་ན། ས་གནས་དེར་དངོས་སུ་སླེབས་པ་ན་སོ་སོས་གང་མཐོང་བ་རྣམས་ངོས་བཟུང་ཐུབ་པ་དང་། གང་བྱེད་དགོས་པ་ཤེས་པ་ལ་ས་གནས་དེའི་རི་གང་དུ་ཡོད་མེད། རྒྱུགས་ཆུ་གང་དུ་ཡོད་མེད། མཚེའུ་གང་དུ་ཡོད་མེད་ལ་སོགས་པ་ངོས་བཟུང་ཕྱིར་ས་ཁྲ་ལ་བལྟ་དགོས་ཀྱི་ཡོད། གང་ཡིན་ཟེར་ན་སྔོན་ནས་ཕྱིས་གང་འཆར་རྒྱུ་དེར་གོམས་པ་བརྟན་པོ་ཞིག་ཐོབ་ཡོད་ན་ཕྱིས་དམའ་ཞུམ་པའམ་བློ་འཚབ་བྱེད་དགོས་དོན་མེད།། །།

 

   -རིགས་སློབ་ལྷག་བརྩེགས་ཚོགས་ཆུང་གིས་ཕབ་བསྒྱུར་ཞུས་པའི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་གསུང་བཤད་ཕྱོགས་བསྡུས་ཀྱི་ཕྱག་དཔེ་《ནང་པའི་ལྟ་སྤྱོད་ཀུན་བཏུས་》ཞེས་པ་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 10.06.2016 ཉིན། 12:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།