སྨན་རྩིས་དྲ་བ། - ཆེད་རྩོམ།

དཔལ་དུས་ཀྱི་འཁོར་ལོའི་འཕེལ་རིམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.05.2015
ཆེད་རྩོམ། >>

 

 

༄༅། །དཔལ་དུས་ཀྱི་འཁོར་ལོའི་འཕེལ་རིམ།

- སྐར་ནག་དབྱངས་རྩིས་པ་ལྷ་དབང་ཚེ་རིང་།

 

 

 

ངོ་མཚར་ཕྱི་ནང་གཞན་གསུམ་བདག་ཉིད་ཅན།།

གཟུང་འཇུག་ཁྱབ་བདག་དུས་ཀྱི་འཁོར་ལོ་དང་།།

དྭངས་བའི་ཡིད་ངོར་གཅིག་ཏུ་ཤར་བའི་མགོན།།

ྋརྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོར་འདུད།།

 

            ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། འདིར་བརྗོད་པ་ནི་དཔལ་དུས་ཀྱི་འཁོར་ལོའི་འཕེལ་རིམ་སྐོར་ཡིན། དེ་ཡང་གངས་རིའི་ལྗོངས་སུ་སྔོན་བྱོན་མེས་པོ་དམ་པ་བཀའ་དྲིན་ཅན་ནམ་མཁའི་སྐར་ཚོགས་ལྟ་བུའི་ནང་ནས་གནམ་རིག་སྐར་རྩིས་རིག་པ་དེ་འཛིན་ཇི་སྙེད་བཅས། རིམ་པར་བྱོན་ཚུལ་ཚུལ་བཞིན་བྲི་བའི་རིག་པ་ཁོ་བོར་ཕོངས། འོན་ཀྱང་སྔོན་བྱོན་མཁས་པའི་གསུངས་ལས་བཏུས་ཏེ་འདིར་ས་བཅད་མི་སྟོང་ཙམ་ཞིག་བྲིས་ཁུལ་བྱས་པར་ཆད་ནོར་ཤོར་ན་མཁས་རྣམས་བཤགས།

 

            དེ་ཡང་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པའི་ལོ་ཚིགས་ཀྱི་བཞེད་པ་མི་མཐུན་པ་ཆེས་མང་། འདིར་ཕུག་ལུགས་ལྟར་སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་ནས་དགུང་ལོ་སོ་ལྔར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱ་རྒོད་ཕུང་པོའི་རི་ཆེན་པོར། ཐེག་པ་ཆེན་པོ་བླ་ན་མེད་པ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཞེས་སོགས་ནས། རྒྱུད་བསྟན་སྐྱེས་བུ་རྣམས་ཀྱི་ནི། །བསོད་ནམས་ཡེ་ཤེས་དགོས་པའོ། །ཞེས་དང་། དེ་ནས་ཤམ་བྷ་ལར་གྲགས་ནས། ཤམ་བྷ་ལའི་རྒྱལ་པོ་ཆོས་རྒྱལ་ཟླ་བ་བཟང་པོ་དང་། རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས་སྐལ་ལྡན་གྱི་འཁོར་མང་པོ་དང་བཅས་ཕེབས་ཏེ་གསོལ་བ་བཏབ་པ་ལ་བརྟེན་ནས་དཔའ་བོ་ལྕགས་འབྲུག་སྤྱི་ལོའི་གོང་༨༨༠ ཟླ་༣ ཚེས༡༥ སྟོན་པ་རང་ཉིད་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་བདེན་དོན་རྣམ་པ་བཅུ་གཉིས་དང་། སྟེང་དུ་དཔལ་ལྡན་སྒྱུ་སྐར་གྱི་དཀྱིལ་འཁོར་རྣམ་པ་བཅུ་དྲུག་པ་སྤྲོ་བར་མཛད་པའི་དཀྱིལ་འཁོར་གྱི་སྐུར་བཞེངས་ཏེ། རྒྱལ་བ་དང་རྒྱལ་སྲས། ལྷ་དང་ལྷ་མོའི་ཚོགས་ཀྱི་དབུས་སུ་མི་འཇིགས་རྡོ་རྗེ་སེང་གེའི་ཁྲིར་ཞལ་ཤར་དུ་གཟིགས་ཏེ་བཞུགས་པ་ལ། སྟོན་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལེགས་པར་དབང་བསྐུར་ཏེ། བསྡུས་རྒྱུད་ཀྱི་བྱེད་པོ་དང་། འགྲེལ་ཆེན་མཛད་པོ། རྒྱུན་འཛིན་གྱི་ཆོས་རྒྱལ་དང་རིགས་ལྡན་བརྒྱུད་པར་བཅས་པ་རིམ་བཞིན་བྱོན་པར་ལུང་བསྟན་པའོ་ཞེས་སོ།།

 

            དེའི་ཕྱི་ལོ་དགུང་གྲངས་གྱ་གཅིག་ཐོག་དཔྱིད་ཐ་ཆུང་སྟེ་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་གྱི་ཐུན་བར་པའི་མཇུག་ནས་བརྩམས་ཏེ། ཐུན་ཐ་མའི་ཐོག་མའི་ཆ་ལ་སྐུ་མྱ་ངན་ལས་འདས་སོ། །ཞེས་དང་། 《གོང་ས་ལྔ་པ་ཆེན་པོའི་རྩིས་སྐར་ནག་གི་དྲིས་ལན་དུ། དུས་འཁོར་གྱི་བསྟན་པའི་ལོ་ཚིགས་སྐོར་ལ། ལོ་འདིའི་ངོས་འཛིན་རྒྱུད་གསུངས་པའི་ལོར་བྱེད་དགོས་ཞེས་དང་།》 《པད་དཀར་ཞལ་ལུང་དུ། ཡེ་ཤེས་ལེའུའི་འགྲེལ་ཆེན་དུ་ལུང་དྲངས་པ་ལ་ཡང་། འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་འདས་ནས་ལོ་དྲུག་བརྒྱ་ན་ཤམྦྷ་ལའི་ཡུལ་དུ། ཞེས་གསུངས་པ་ཐམས་ཅད་འགལ་མེད་དུ་གནས་ཏེ་ཞེས། སྟོན་པ་མྱ་ངན་ལས་འདས་ཁར་དུས་འཁོར་གསུངས་པའི་ཕྱོགས་དེ་ལེགས་པ་ཡིན་ནོ།།》 ཞེས་གསུངས་སོ། །

 

            སྟོན་པས་རྩ་རྒྱུད་གསུངས་ནས་ཆོས་རྒྱལ་ཟླ་བཟང་གིས་གླེགས་བམ་ལ་བྲིས་ཏེ་ཤམ་བྷ་ལར་སྤྱན་དྲངས་ནས་ཆུ་ལུག སྤྱི་ལོའི་གོང་(༨༧༨)ལ་ཆོས་རྒྱལ་ཟླ་བ་བཟང་པོས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བློས་བསླངས་བཞེངས་པ་དང་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་བཅུ་གཉིས་པ་མཛད་དེ་ཟླ་བཟང་བཤེགས།  ཞེས་དང་།

 

དེ་ནས་ཤིང་སྤྲེལ། སྤྱི་ལོའི་གོང་(༨༧༧)ལོར་ཆོས་རྒྱལ་གཉིས་པ་ལྷ་དབང་ཁྲིར་ཕེབས།

ཤིང་བྱི། སྤྱི་ལོའི་གོང་(༧༧༧) ཆོས་རྒྱལ་གསུམ་པ་གཟི་བརྗིད་ཅན་ཁྲིར་ཕེབས།

ཤིང་འབྲུག སྤྱི་ལོའི་གོང་(༦༧༧) ལོར་ཆོས་རྒྱལ་བཞི་པ་ཟླ་བས་བྱིན་ཁྲིར་ཕེབས།         

ཤིང་བྱི། སྤྱི་ལོའི་གོང་(༤༧༧)ལོར་ཆོས་རྒྱལ་དྲུག་པ་སྣ་ཚོགས་གཟུགས་ཁྲིར་ཕེབས།      

ཤིང་འབྲུག སྤྱི་ལོའི་གོང་(༣༧༧)ལོར་ཆོས་རྒྱལ་བདུན་པ་ལྷ་དབང་ཁྲིར་ཕེབས།

དེ་ནས་ཤིང་སྤྲེལ། སྤྱི་ལོའི་གོང་(༢༧༧)ལོར་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པ་བྱོན་ནས་ལོ་བརྒྱའི་བར་རྩ་རྒྱུད་གསུངས་ཤིང་ཁྱད་པར་དུ་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་སྨིན་པར་བྱ་བའི་ཆེད་དུ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གསུངས་ཏེ་རིགས་གཅིག་ཏུ་མཛད་པས་རིགས་ལྡན་ཞེས་པའི་མཚན་གསོལ་བ་དང་།

ཤིང་བྱི། སྤྱི་ལོའི་གོང་ (༡༧༧) རིགས་ལྡན་གཉིས་པ་པདྨ་དཀར་པོ་ཁྲིར་ཕེབས་ཏེ་ལོ་བརྒྱར་རྩ་རྒྱུད་དང་བསྡུས་རྒྱུད་གསུངས

ཤིང་འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བའི་བསྟན་བཅོས་མཛད།

ཤིང་འབྲུག སྤྱི་ལོའི་གོང་ (༧༧) རིགས་ལྡན་གསུམ་པ་བཟང་པོ་ཁྲིར་ཕེབས།(ལྕགས་བྱ། སྤྱི་ལོ་ཐོག་མ(1)འགོ་ཚུགས་ཤིང་ཡེ་ཤུ་མ་ཤི་ཀ་འཁྲུངས། འདི་ནས་ཡེ་ཤུ་འདས་ལོ་བརྩི་བ་མིན་ཏེ། སྤྱི་ལོ་༢༩ ལོར་ཡེ་ཤུ་མ་ཤི་ཀ་བཀྲོངས་པ་སྟེ་འདི་ནས་ཡེ་ཤུའི་འདས་ལོ་བརྩིས་པའོ)

ཤིང་སྤྲེལ། སྤྱི་ལོ༢༤ རིགས་ལྡན་བཞི་པ་རྣམ་རྒྱལ་ཁྲིར་ཕེབས།

ཤིང་བྱི། སྤྱི་ལོ༡༢༤ རིགས་ལྡན་ལྔ་པ་བཤེས་གཉེན་བཟང་ཁྲིར་ཕེབས།(སྲིད་ལོ་ཟླ་བ་བདུན)

ཤིང་འབྲུག སྤྱི་ལོ་༢༢༤རིགས་ལྡན་དྲུག་པ་ལྷ་དབང་ཁྲིར་ཕེབས།

ཤིང་སྤྲེལ། སྤྱི་ལོ་༣༢༤ རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་པ་སྲིད་ཁྲིར་ཕེབས།

ཤིང་བྱི། སྤྱི་ལོ་༤༢༤ རིགས་ལྡན་བརྒྱད་པ་ཉི་མ་གྲགས་ཁྲིར་ཕེབས།

ཤིང་འབྲུག སྤྱི་ལོ་༥༢༤རིགས་ལྡན་དགུ་པ་སྲིད་ཁྲིར་ཕེབས།

ཤིང་སྤྲེལ། སྤྱི་ལོ་༦༢༤ རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས།(དུས་མཚུངས་མ་ཁར་སྦྲང་རྩི་བློ་གྲོས་ཀྱིས་ཀླ་ཀློའི་ཆོས་བཞུགས། དུས་འཁོར་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འགོ་ཚུགས།)

མེ་ཁྱི། སྤྱི་ལོ་༨༠༦ རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་ཤིང་བྱེད་རྩིས་བརྩམས།

མེ་སྟག སྤྱི་ལོ་༡༨༢ ལོ་མེ་མཁའ་རྒྱ་མཚོ་སྟེ་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་གྱི་ལོ་བརྒྱ་དང་གྱ་གཉིས།

རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའི་ལོ་༢༢༡ གཉིས་བསྡོམས་པའི་ལོ་ལ་མེ་མཁའ་རྒྱ་མཚོ་(༤༠༣)ཞེས་གྲགས་པ་དེ་ལོ་འདི་ནས་མཇུག་རྫོགས། ཞེས་སོ།།            ཤམ་བྷ་ལའི་ཡུལ་དུ་སངས་རྒྱས་ཞལ་བཞུགས་པའི་དུས་ནས་དུས་ཀྱི་འཁོར་ལོའི་བསྟན་པ་བྱུང་བ་དུས་ད་ལྟའི་བར་དུ་རིགས་ལྡན་རྣམས་ཀྱིས་རིམ་པར་བསྟོན་ཏོ།།            མ་འོངས་པར་ཡང་ཆེས་ཤིན་ཏུ་རྒྱས་འགྱུར་རོ་ཞེས་སོ།།

 

ཤམ་བྷ་ལའི་ཡུལ་གྱི་བཀོད་པ་དང་ཡུལ་འདིའི་མིང་ལ་ཤམྦྷ་ལ་ཞེས་ཐོགས་ཚུལ།

            ཤམ་བྷ་ལ་འབོད་པའི་རྒྱུ་མཚན་ནི་སྔོན་ཤྰཀྱའི་རྒྱལ་པོ་ཞིག་གི་བློན་པོ་ཤམྦྷ་ཀ་ཞེས་པས་ཡུལ་དེ་བཟུང་བས་མིང་དེ་ལྟར་ཐོགས་ཤེས་གསུངས། ཡུལ་དེའི་དབྱིབས་ཟླུམ་པོ་མཐའ་གངས་རིའི་མུ་ཁྱུད་དུ་བསྐོར་བའི་ནང་པདྨ་འདབ་བརྒྱད་ཀྱི་དབྱིབས་དང་འདབ་མའི་དབྱིབས་ཀྱི་བར་དག་ན་ཆུ་བོས་བཅད་པ་ཡོད་ལ། པདྨའི་དབུས་ཀྱི་ཟེའུ་འབྲུ་ལྟ་བུར་གངས་རི་ཆེན་པོ་ཡོད་ཅིང་། པད་འདབ་རེ་རེའི་ནང་དུ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་བཅུ་གཉིས་གནས་པས་ཀུན་བསྡོམས་པས་གྲོང་ཁྱེར་བྱེ་བ་ཕྲག་གོ་དྲུག་དང་། གྲོང་ཁྱེར་བྱེ་བ་རེ་ལ་ཡུལ་ཁམས་འབུམ་ཕྲག་བརྒྱ་རེ་ཡོད་ཅིང་། དེ་དག་ལ་དབང་སྒྱུར་བའི་རྒྱལ་ཕྲན་ཀྱང་རེ་རེ་ཡོད་པར་བཞེད། ཡུལ་དེའི་དབུས་སུ་སླར་ཡང་གངས་རིས་བཅད་པའི་ས་གླིང་བཞིའི་ཚུལ་དུ་ཆོས་རྒྱལ་ཟླ་བ་བཟང་པོས་བཞེངས་པས་དུས་ཀྱི་འཁོར་ལོ་བློས་བསླང་ཆེན་པོ་དང་། ཤར་ན་ཉེ་བའི་མཚོ་དང་། ནུབ་ཏུ་པད་དཀར་མཚོ། བྱང་དུ་ཆོས་རྒྱལ་བདུན་དང་། རིགས་ལྡན་རྣམས་ཀྱི་བཞུགས་ཡུལ་ཆ་བསགས་ཀྱི་ཕོ་བྲང་ཆེན་པོ་ཡོད་ལ། དེར་དབང་སྒྱུར་བའི་རྒྱལ་པོའི་ཐོག་མ་ཉི་མའི་འོད་ཡིན་པར་བཞེད་ལ། དེ་ནས་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་ལྔ་རྣམས་རིམ་པར། (༡)(ཡབ་ཉི་མའི་འོད་དང་ཡུམ་ལྷ་མོ་རྣམ་རྒྱལ་མའི་སྲས) ཆོས་རྒྱལ་ཟླ་བཟང་དང་། (༢)ལྷ་དབང་། (༣)གཟི་བརྗིད་ཅན། (༤)ཟླ་བས་བྱིན། (༥)ལྷའི་དབང་ཕྱུག (༦)སྣ་ཚོགས་གཟུགས། (༧)ལྷ་ཡི་དབང་ལྡན་ཏེ་དེ་དག་ལ་ཆོས་རྒྱལ་བདུན་དུ་གྲགས་པ་དང་། རིགས་ལྡན་ཉེར་ལྔ་ནི། འདི་ལྟར་སྟེ། (༡) རིགས་ལྡན་འཇམ་དཔལ་གྲགས་པ་དང་། (༢)པདྨ་དཀར་པོ། (༣)བཟང་པོ། (༤)རྣམ་རྒྱལ། (༥)བཤེས་གཉེན་བཟང་། (༦)རིན་ཆེན་ཕྱག (༧)ཁྱབ་འཇུག་སྦས་པ། (༨)ཉི་མ་གྲགས། (༩)ཤིན་ཏུ་བཟང་། (༡༠)རྒྱ་མཚོ་རྣམ་རྒྱལ། (༡༡)རྒྱལ་དཀའ། (༡༢)ཉི་མ། (༡༣)སྣ་ཚོགས་གཟུགས། (༡༤)ཟླ་བའི་འོད། ( ༡༦)མཐའ་ཡས། (༡༦)ས་སྐྱོང་། (༡༧)དཔལ་སྐྱོང་། ( ༡༨)སེངྒེ། (༡༩)རྣམ་པར་གནོན། (༢༠)སྟོབས་པོ་ཆེ། (༢༡)ད་ལྟའི་རིགས་ལྡན་མ་འགག་པ་མི་ཡི་སེངྒེ། (༢༢)དབང་ཕྱུག་ཆེ། (༢༣)མཐའ་ཡས། (༡༤)དྲག་པོ། (༢༥)འཁོར་ལོ་ཅན་བཅས་རིགས་ལྡན་ཉེར་ལྔའོ།།        

 

དུས་ཀྱི་འཁོར་ལོ་ཤམ་བྷ་ལ་ནས་རྒྱ་གར་དུ་དར་ཚུལ་ནི།

            ནམ་ཞིག་ལོ་ཙཱ་ཆེན་པོ་ཙི་ལུ་པས་རཏྣ་གི་རི་ཧ་ར་དང་། བི་ཀྲ་མ་ཤི་ལ་དང་། ན་ལེནྜའི་གཙུག་ལག་ཁང་རྣམས་སུ་མདོ་རྒྱུད་ཀྱི་གླེགས་བམ་མཐའ་དག་གཟིགས་པའི་ཚེ།  སྤྱིར་ཚེ་གཅིག་གི་འཚང་རྒྱ་བ་ལ་གསང་སྔགས་ཀྱི་ཐེག་པ་དགོས་པ་དང་། དེ་ཤམ་བྷ་ལ་ན་ཡོད་པས་ཡི་དམ་གྱི་ལྷས་ཀྱང་བསྐུལ་བ་ལ་བརྟེན་ནས་ཚོང་བ་རྣམས་དང་འགྲོགས་ཏེ་ཤམ་བྷ་ལར་བྱོན་པའི་ལམ་ཁར། རིགས་ལྡན་གྱི་སྤྲུལ་པ་དང་མཇལ་ཏེ་གསོལ་བ་བཏབ་པས་དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ་གནང་བ་གསན་ནས་ཐུགས་ཚིམ་པར་བྱུང་སྟེ་ཕྱིར་ལོག་སྟེ་བིནྡོ་བ་ཆུང་བ་རྗེས་སུ་བཟུང་ནས་དབང་རྒྱུད་སོགས་མཐའ་དག་གནང་། དེས་ན་ལེནྜར་འཁྲུངས་པའི་དུས་ཞབས་པ་ཆེན་པོ་ལ་གནང་།   དུས་ཞབས་ཆེན་པོས་ཀྱང་ཡོངས་རྫོགས་ཐུགས་སུ་ཆུད་པ་རྣམས་ཉམས་སུ་བཞེས་ནས་རྒྱ་ཆེར་སྤེལ་ཞེས་དང་། ཡང་ན་དུས་ཞབས་པ་ཆེན་པོས་སྒྲོལ་མ་སྒྲུབ་ནས་ཤམ་བྷ་ལར་བྱོན། རིགས་ལྡན་གྱི་དྲུང་ནས་དབང་རྒྱུད་འགྲེལ་བ་མན་ངག་དང་བཅས་མཐའ་དག་གསན་ནས་དཔེ་ཆ་ཡང་མང་པོ་བསྣམས་ཏེ་རྒྱ་གར་དུ་བྱོན་པ་དང་། ཤར་ཕྱོགས་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་པས་སློབ་མའི་མཆོག་བཞི་བྱུང་སྟེ། དུས་ཞབས་པ་ཆུང་བ་དང།      འདུལ་པ་འབྱུང་གནས་སྦས་པ། སེངྒེ་རྒྱལ་མཚན། མཐའ་ཡས་རྣམས་སོ།། དེ་ནས་དུས་ཞབས་པ་ཆུང་བ་ནས་ན་ལེནྜར་དར་ན་ཕྱོགས་ཐམས་ཅད་དུ་དར་བར་འགྱུར་སྙམ་དུ་དགོངས་ནས་རྒྱལ་པོ་ཤིང་སྟན་ཅན་གྱི་མ་ག་དྷའི་རྒྱལ་པོ་བྱེད་ཅིང།          སིདྡྷ་བས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ན་ལེནྜར་བྱོན་ཏེ་གཙུག་ལག་ཁང་གི་སྒོ་དྲུང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས་ཏེ་དེའི་འོག་ཏུ་གང་གིས་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པ་བརྗོད་པར་མི་ཤེས་སོ་སོགས་བྲིས་པར་པཎྜི་ཏ་ལྔ་བརྒྱ་སོགས་ཡིད་མ་རངས་ནས་བརྩད་པས་པནྜི་ཏ་རྣམས་ཕམ་ཏེ་སློབ་མར་གྱུར་བ་དང་། ལྷག་པར་མཉྫ་ཀི་རྟི་དང་། ཟླ་བ་མགོན་པོ། ཙ་མི་སོགས་མཁས་པ་མང་དུ་བྱུང་ལ། རྒྱལ་རིགས་དང་། རྗེའུ་རིགས།            ཚོང་པ་ལ་སོགས་པ་རྣམས་ཀྱང་བླ་མེད་ཀྱི་ཆོས་འདི་ལ་ཤིན་ཏུ་དད་པར་གྱུར་སྟེ་འཕགས་པའི་ཡུལ་དུ་དེ་ལྟར་དར་བའོ་ཞེས་དང་། སྔ་ན་མེད་པའི་བསྟན་བཅོས་ཆེན་པོ་བཻ་ཌཱུར་དཀར་པོ་ལས་འཕྲོས་པའི་སྙན་སྒྲོན་ཉིས་བརྒྱ་བརྒྱད་པ་ཞེས་བྱ་བ་ལས། དྲི་བ་བཅུ་དྲུག་པར་དུས་ཀྱི་འཁོར་ལོ་འཕགས་ཡུལ་དུ་རབ་བྱུང་དང་པོར་ཕེབས་པ་ཕལ་ཆེར་མཐུན་ཞིང་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་མཇུག་ཆར་འཕགས་ཡུལ་དུ་ཕེབས་པར་ཞལ་ལུང་མཁན་པོའི་ཐུགས་དོགས་སུ་བཀོད་པ་ཙམ་ལས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་མཇུག་གི་རབ་བྱུང་རང་ལ་ཕེབས་པ་འདི་ཁུངས་སོགས་གལ་གནད་ཆེའོ་ཞེས་སོ།།

 

དཔལ་དུས་ཀྱི་འཁོར་ལོ་དེ་བཞིན་རྒྱ་གར་ནས་བོད་དུ་ཇི་ལྟར་དར་ཚུལ།

            རབ་བྱུང་དང་པོ་མེ་ཡོས་སྟེ་(སྤྱི་ལོ་༡༠༢༧)ལོར་དུས་འཁོར་རྒྱུད་འགྲེལ་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་འགོ་ཚུགས། ལོ་རྒྱུས་རྣམས་ཀྱི་ནང་གྲགས་ཆེ་བ་ནི། རྭ་ལོ་ཙཱ་བ་དང་འབྲོ་ལོ་ཙཱ་བ་གཉིས་ནས་དར་སྤེལ་གནང་བར་གྲགས།         དེ་ཡང་རྭ་ལུགས་ཞེས་པ་ནི་སྙེ་ནམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་རྭ་ལོ་ཙཱ་བ་ཆོས་རབ་ཀྱི་དུས་ཀྱི་འཁོར་ལོར་དོན་གཉེར་གནང་བར་གྱུར་ཏེ་བལ་ཡུལ་མཐིལ་དུ་བྱོན་ནས་པཎྜི་ཏ་ས་མནྟ་ཤྲི་བསྟེན་ནས་བཤད་བཀའ་དང་དབང་བཀའ་མན་ངག་དང་བཅས་པ་ཞུས་ཤིང་དེས་ཡེ་ཤེས་སེངྒེ་ལ་གནང་། དེས་རྭ་འབུམ་སེངྒེ་དང་། དེས་བླ་མ་རྒྭ་བློ་ལ་གནང་ངོ་། འབྲོ་ལུགས་ནི་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་བོད་དུ་བྱོན་ཏེ་ཁ་རག་གཉོས་ལ་བབས།          ཁོང་གིས་འགྲེལ་ཆེན་དྲི་མེད་འོད་ཕྱེད་ཙམ་བསྒྱུར། དེའི་འཕྲོ་བསྣམས་ནས་བོད་ཀྱི་ཕན་ཡུལ་དུ་བྱོན་པས་ཁོང་རང་གི་ཞང་པོ་ཆུང་བས་བླ་མར་བཟུང་། འབྲོ་ལོ་ཙཱ་ཤེས་རབ་གྲགས་ཀྱིས་ལོ་ཙཱ་མཛད་ནས་འགྲེལ་ཆེན་དྲི་མེད་འོད་ཡོངས་སུ་རྫོགས་པར་བསྒྱུར། བསྒོམ་པ་དཀོན་མཆོག་ལ་སེམས་འགྲེལ་སྐོར་གསུམ་གྱི་གཞུང་དང་གདམས་པ་མང་དུ་གནང་། དེ་ལ་བླ་མ་རྣམས་ཀྱིས་གཙེགས་ཆེན་ཞུས། དེ་ལ་བླ་མ་ཡུ་མོས་ཞུས། དེ་ལ་རྣལ་འབྱོར་བ་ཝ་དཀར་བས་ཞུས། དེ་ལ་རང་གི་སྲས་མོ་མ་གཅིག་སྤྲུལ་སྐུ་ཇོ་འབུམ་གྱིས་ཞུས། དེ་ནས་རིམ་པར་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བརྒྱུད།  བླ་མ་རྒྭ་ལོས་གསན་ཏེ་རྒྭ་ལོ་ནས་རྭ་འབྲོ་གཉིས་གཅིག་ཏུ་འདྲེས་པའི་བརྒྱུད་པར་གྱུར་བ་ཡིན་ཞེས་གྲགས།

            དུས་ཀྱི་འཁོར་ལོ་བོད་ཡུལ་དུ་ཐོག་མ་རབ་བྱུང་དང་པོའི་མེ་ཡོས་ལོ་སྟེ་(སྤྱི་ལོ་༡༠༢༧)ལོར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བོད་དུ་བསྒྱུར་བ་དང་། བོད་དུ་དུས་འཁོར་ལུགས་ལྟར་རབ་བྱུང་རྩི་སྲོལ་ཐོག་མར་དར་བ་དང་། དེ་ནས་བཟུང་བོད་དུ་སྔར་འབྱུང་རྩིས་ལུགས་ཀྱི་ལོ་འགོ་ཤིང་བྱི་ནས་འཛིན་པའི་ཚབ་དེ་རབ་བྱུང་གིས་བྱས་ཏེ། རབ་བྱུང་དང་པོ་མེ་ཡོས་ནས་འགོ་ཚུགས་ཞེས་སོ།།

            དུས་འཁོར་རྒྱུད་རྒྱལ་བོད་སྒྱུར་གྱི་བཞེད་པ་མི་མཐུན་པ་མང་ཡང་གྲགས་ཆེ་བ་རྭ་འབྲོ་གཉིས་ཡིན་པར་བཞེད་ལ། དེ་ནས་རིམ་པར་བརྒྱ་ཕྲག་བཅུ་གསུམ་པའི་ནང་བུ་སྟོན་ཐམས་ཅད་མཁྱེན་པའི་སྐུ་དུས་སུ་འགྲོ་དོན་རྒྱ་ཆེན་པོར་བྱུང་ལ།     བུ་སྟོན་ཐམས་ཅད་མཁྱེན་པས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལ་མཆན་འགྲེལ་ཡང་མཛད།    བུ་སྟོན་ཐམས་ཅད་མཁྱེན་པའི་སློབ་མ་ཆོས་ཀྱི་དཔལ་བ་ནས་རྗེ་ཙོང་ཁ་པ་ཆེན་པོ་བརྒྱུད་མཁས་གྲུབ་རྗེས་དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་ཀྱི་བསྟན་བཅོས་མཛད་པ་སོགས་དར་ཁྱབ་ཤིན་ཏུ་ཆེ་བར་བྱུང་བའོ།།  །།

 

དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་དང་།

དུས་ཀྱི་འཁོར་ལོའི་སྙིང་པོ་རྣམ་བཅུ་དབང་ལྡན་གྱི་སྐོར་བཤད་པ།

            དེ་ལ་དང་པོ་ཕྱི་དུས་ཀྱི་འཁོར་ལོ་ཞེས་པ་ནི། རི་རབ། གླིང་བཞི། གླིང་ཕྲན་བརྒྱད་སོགས་སྣོད་ཀྱི་འཇིག་རྟེན་ཁམས་ཡིན། ནང་དུས་ཀྱི་འཁོར་ལོ་ནི། འདོད་ཁམས་ལྔ། འདོད་ལྷ་དྲུག གཟུགས་ཁམས་བཅུ་དྲུག གཟུགས་མེད་སྐྱེད་མཆེད་མུ་བཞི་སྟེ་ནང་བཅུད་ཀྱི་འཇིག་རྟེན་སྲིད་པ་སུམ་ཅུ་སོ་གཅིག་སོགས་ཡིན། གཞན་དུས་ཀྱི་འཁོར་ལོ་ནི། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་སོགས་ཡིན་པར་གསུངས་སོ།།

 

            རྣམ་བཅུ་ནི། (༡) ནམ་མཁའ། (༢) རླུང་། (༣) མེ། (༤) ཆུ། (༥) ས། (༦) བརྟན་པ། (༧) གཡོ་བ། (༨) གཟུགས་མེད་པའི་ཁམས། (༩) ཉི་མ། (༡༠) ཟླ་བ་བཅས་ཏེ། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་། །སྒྲ་གཅན་དུས་མེ་ལ་སོགས་གདན་གྱི་སྟེང་། །རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས། །ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས། །མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ། །ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ། །དེ་སྟེང་ཧམ་དཀར་སྐྱེ་མེད་ཆོས་སྟོན་པ།   །སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར། །དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར། །ནཱ་ད་སྔོན་པོ་དུ་བའི་མདོག་ཅན་སོ། །སྤྲིན་རིས་སྨུག་པོ་པདྨའི་ཚལ་དང་མཉམ། །ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད།། ཅེས་དང།

 

            གནམ་བཅུ་དབང་ལྡན་ནི་དུས་ཀྱི་འཁོར་ལོའི་སྙིང་པོ་ཡིན་ཞིང་། (ཡ)(ར)(བ)(ལ)(མ)(ཀྵ)(ཧ) ཞེས་པའི་ཡི་གེ་བདུན་དང་། ཡེ་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནཱ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པ་ཞིག་ཡིན་སྟེ། རྣམ་བཅུ་དབང་ལྡན་ཞེས་རྟག་ཏུ་མཐོང་རྒྱུ་ཡོད་པ་དེ་ནི་ལེགས་སྦྱར་གྱི་སྐད་ཀྱི་ཡིག་གཟུགས་ལཉྫ་ལྟར་བྲིས་པ་ཞིག་སྟེ། ལཉྫའི་ཡིག་གཟུགས་འབྲི་སྟངས་རྒྱས་བསྡུས་ལས། ཕྱི་ཤད་མང་ཉུང་གི་ཁྱད་པར་ཅུང་ཟད་རེ་ཡོད། འདིའི་མཚོན་དོན་ནི། འཇིག་རྟེན་ཁམས་ལ་སྦྱར་ན། ཡ་ནི་རླུང་གི་ཁམས། ར་ནི་མེའི་ཁམས། བ་ནི་ཆུའི་ཁམས། ལ་ནི་སའི་ཁམས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་པོའམ་མཚོན་བྱེད་ཡིན། མ་ནི་འདོད་པའི་ཁམས་དང་། ཀྵ་ནི་གཟུགས་ཀྱི་ཁམས། ཧ་ནི་གཟུགས་མེད་པའི་ཁམས་ཏེ་ནང་བཅུད་ཀྱི་སེམས་ཅན་ཀྱི་ས་བོན་ནམ་མཚོན་བྱེད་ཡིན། སྣ་ལྡན་ཟླ་ཚེས་ནི་སེམས་ཅན་གྱི་སྲོག་དང་། ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད། ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་ཁམས་མཚོན་བྱེད་ཡིན། དེའི་མཚོན་མདོག་ནི། འོག་གི་འབྱུང་བ་རིམ་བརྩེགས་བཞི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་པོ། བ་དཀར་པོ། ལ་སེར་པོ། མ་འདོད་པའི་ཁམས་འདོད་ཡོན་སྣ་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན། ཀྵ་གཟུགས་ཁམས་མཚོན་པའི་དཀར་པོ། ཧ་ནི་གཟུགས་མེད་ཁམས་མཚོན་པའི་སྔོན་པོ། ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ། ཐིག་ལེ་ནི་དྲོད་ཉི་མའི་ཁམས་མཚོན་པའི་དམར་པོ། ནཱ་ད་ནམ་མཁའི་ཁམས་མཚོན་པའི་སྔོན་པོ། འདི་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། འདི་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱི་གནོན་ནས་བཀྲ་ཤིས་པར་བྱེད་པ། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་སྲུང་། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང་། དགེ་ཤིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་ཚུལ་ཤོད་སྲོལ་ཡོད་པར་བརྟེན། ཕལ་ཆེ་བས་ཁང་སྟེང་དང་། གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཆགས་ཡོད། དོན་དངོས་ཐོག་འདིར་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པའོ།། མངྒལཾ།།


 

དཔྱད་གཞིའི་དཔེ་དེབ།                              

འགྲེལ་ཆེན་དྲི་མེད་འོད།

དུང་དཀར་གྲུབ་མཐའ།

རྩིས་གཞུང་པད་དཀར་ཞལ་ལུང་།

རྩིས་གཞུང་ཉིན་བྱེད་སྣང་བ།

བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྒྲིགས་སོགས།

མཐའ་མའི་འདོན་ཐེངས་།: 04.05.2015 ཉིན། 10:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།