སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་སྦྱོང་དང་། ས་བདག་བ་དན་ཁྲ་བོའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.08.2014
ཆེད་རྩོམ། >>

 

གསོ་སྦྱོང་དང་། ས་བདག་བ་དན་ཁྲ་བོའི་སྐོར།

 

སྐར་རྩིས་དགེ་ཆེ་བྲག་མཐོན་བྱམས་པ་རྒྱལ་མཚན།

 

འདིར་གསོ་སྦྱོང་དང་། ས་བདག་བ་དན་ཁྲ་བོའི་ཐོག་ལ་དགོངས་པའི་དཔྱད་གཞི་ཅུང་ཞིག་འཆད་པར་བྱ་བ་ན། དེ་ཡང་།

དང་པོ། གསོ་སྦྱོང་གི་སྐོར།

འདིར་ང་ཚོའི་ལོ་ཐོ་བསྡུས་པའི་ནང་གསོ་སྦྱོང་ཞེས་བཀོད་པ་དེ། སྔར་བོད་ཀྱི་ཟླ་ཐོའི་ནང་བསྐྱོན་སྲོལ་མི་འདུག་ལ། ལྷ་ས་སྨན་རྩིས་ཁང་གི་སྔ་མོའི་གཞུང་ལེ་ནང་གསོ་སྦྱོང་བསྐྱོན་གནང་གི་མེད། རང་རེ་བྱེས་སུ་སླེབས་ཏེ་ཐོག་མར་སྤྱི་ལོ་ ༡༩༦༢ དང་ ༡༩༦༣ ལོར་ངའི་དགེ་རྒན་དམ་པ་དེས་ཕྱག་ལེ་སྟོན་པ་གནང་ནས་ཟླ་ཐོ་རྒྱས་པའི་ནང་གསོ་སྦྱོང་བསྐྱོན་ཡོད་པ་མ་རེད། ཡིན་ནའང་ ༡༩༦༤ - ༡༩༦༥ ཙམ་ལ་ང་ཚོས་ཟླ་ཐོ་བསྡུས་པ་ཞིག་བཏོན་ཡོད། དེའི་སྐབས་ང་ཚོ་གསར་འབྱོར་བ་ཡིན་པས་རྒྱ་གར་ལུང་པ་གང་ས་གང་དུ་འཁྱམས་ནས་འགྲོ་དགོས་ཀྱི་ཡོད་སྟབས། རྒན་གཞོན་ཚང་མས་ཚེས་གྲངས་ལྟ་རྒྱུ་མ་ནོར་བ་ཙམ་གྱི་ཆེད་ཟླ་ཐོ་བསྡུས་པ་ཞིག་བཟོས་ཤིང་། དེའི་ནང་ནས་དགེ་འདུན་པ་མང་པོ་ཞིག་ལམ་ལས་སུ་ཕེབས་དགོས་པ་སོགས་ཕྱག་ལས་མང་པོ་ཞིག་གནང་བར་ཕེབས་དགོས་ཀྱི་ཡོད་པས། གསོ་སྦྱོང་གནང་རྒྱུ་དེ་གཅིག་གི་སྒང་ལ་གཏན་འབེབས་མ་བྱུང་ན་འགྲིག་གི་མི་འདུག་ཅེས་བཀའ་བསྡུར་བྱུང་། དེའི་སྐབས་བཞུགས་སྒར་དུ་ྋསྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་སྐུ་བཞུགས་གནང་ཡོད། བཞུགས་སྒར་ནས་གཏན་འབེབས་གནང་སྟེ་ཟླ་ཐོ་བསྡུས་པའི་ནང་གསོ་སྦྱོང་བསྐྱོན་གནང་ཡོད་པ་རེད། དེའི་སྐབས་གང་གི་ལུགས་ནས་གསོ་སྦྱོང་བསྐྱོན་གནང་ཡོད་དམ་ཞེ་ན། སྡེ་སྲིད་རིན་པོ་ཆེའི་བཻ་དཀར་ནང་། བརྒྱད་པའི་བཅུ་དྲུག་དང་། དགུ་པའི་བཅུ་དྲུག  བཅུ་པའི་བཅུ་དྲུག་སོ་སོར་འདུལ་བའི་ལོ་འགོ་གསར་རྙིང་མི་འདྲ་བ་རྣམས་བཀོད་ཡོད། དེའི་ནང་ནས་བཅུ་པའི་བཅུ་དྲུག་དེ་འདུལ་འཛིན་ཆེན་པོ་རྗེ་བླ་མ་བློ་བཟང་གྲགས་པའི་བཞེད་པ་ཡིན་པས་དེ་ལྟར་བཅུ་པའི་བཅུ་དྲུག་ལ་འདུལ་བའི་ལོ་འགོ་ཟིན་ཞེས་གསོ་སྦྱོང་བཀོད་ཡོད། འགོད་ཚུལ་ནི་ཆ་ཟླ་བར་ཡར་ངོ་མར་ངོ་གཉིས་ཀ་གསོ་སྦྱོང་བཅུ་བཞི་པ་བྱས་ནས་བཀོད་པ་དང་། དམིགས་བསལ་ཞིག་ལ་བོད་ཟླ་ ༡ ཚེས་ ༡༥ ཉིན་སྐུ་མདུན་ལྷ་ས་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ཆིབས་བསྒྱུར་གནང་བ་དང་། གདན་ས་གསུམ་གྱི་དགེ་འདུན་པ་ལྷན་དུ་འཛོམས་རྒྱུའི་དུས་ཚོད་ལ་བརྟེན་གསོ་སྦྱོང་དེ་ཡིན་གཅིག་མིན་གཉིས་བཅུ་བཞི་བཅོ་ལྔའི་སྐད་ཆ་མ་དགོས་པར་དང་པོའི་ཚེས་བཅོ་ལྔ་རང་དུ་བཀོད་པ་རེད། དེ་འདྲ་ཞིག་བཀོད་ནས་དུས་ཡུན་གང་འཚམས་སོང་བ་རེད། སྤྱི་ལོ་ ༡༩༨༠ ནང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་པད་མ་རྒྱལ་མཚན་དགོངས་པ་མ་རྫོགས་གོང་ཡར་ཆིབས་བསྒྱུར་གནང་བའི་སྐབས། གསོ་སྦྱོང་བཀོད་སྟངས་ཐད་སྨན་རྩིས་ཁང་གི་བཀོད་སྟངས་དེ་འགྲིག་གི་མི་འདུག  ཅེས་བཀའ་གནང་ནས་སྨན་རྩིས་ཁང་གི་རྩིས་པ་ཡར་ཤོག་ཅེས་བཀའ་འགུག་གནང་སྟེ་ཁྱེད་ཚོས་དེ་གང་འདྲ་བྱས་ནས་བཀོད་ཀྱི་ཡོད་དམ་ཞེས་བཀའ་གནང་བྱུང་བས། ངས་དེ་སྔོན་མ་གཏན་འབེབས་གནང་བ་གཞིར་བཟུང་བྱས་ནས་བཀོད་ཀྱི་ཡོད་ཅེས་སྙན་སེང་ཞུ་རྒྱུ་ལས་མ་འདས་པས་དེ་ལྟར་སྐུ་སྒེར་ཡིག་ཚང་དུ་སྙན་སེང་ཞུས་པའི་ཚེ་དེ་འགྲིག་གི་མི་འདུག  བཅུ་པའི་བཅུ་དྲུག་ནས་འགོ་ཞིག་ཟིན། ཡང་དང་པོའི་བཅོ་ལྔ་ལ་དམིགས་བསལ་ཞིག་བཀོད། དེ་ལྟར་བཀོད་ན་འདིར་གྲངས་ཀ་རྒྱག་སྟངས་འཁྲུགས་ཀྱི་འདུག ཅེས་མཁན་རིན་པོ་ཆེ་རྣམ་པ་ཚོས་དེ་ལྟར་བཀའ་གནང་ཞིང་། དེའི་སྐབས་རྣམ་རྒྱལ་གྲྭ་ཚང་གི་མཚན་ཉིད་ཀྱི་དགེ་རྒན་དགེ་བཤེས་ལགས་གཉིས་འདུག སྐུ་སྒེར་ཡིག་ཚང་ནས་དགེ་བཤེས་ལགས་རྣམ་པ་གཉིས་དང་བཀའ་བསྡུར་གནང་སྐབས། འདུལ་བའི་འགྲེལ་བའི་ནང་ནས་མཚན་གྲགས་ཆེ་ཤོས་དེ་ཀུན་མཁྱེན་མཚོ་སྣ་བའི་འདུལ་འགྲེལ་ཡིན་པས་དེར་གཞི་བཅོལ་ཏེ་ཐུགས་ཞིབ་གནང་། འདུལ་བའི་ནང་གི་ཚིག་ཟིན་དེ་དག་དགེ་བཤེས་ལགས་རྣམ་པ་གཉིས་ཀྱིས་ངའི་མདུན་ལ་ལྗགས་ཀློག་གནང་དོན་དུ། ལུང་པ་གང་དུ་ཡིན་ནའང་དེར་བརྩི་སྲོལ་གང་དར་བ་དེ་རང་ནས་རྩིས་བཞག་ན་འགྲིག་གི་རེད། ལྷག་པར་དུ་རྒྱལ་པོའི་བཀའ་གནང་ནས་ལུང་པའི་ནང་གྲགས་ཆེ་བའི་ཚེས་གྲངས་གང་རྩིས་ཀྱི་ཡོད་པ་དེ་ནས་རྩིས་ན་འགྲིག་གི་རེད། ཅེས་དེ་འདྲ་ཞིག་བཀའ་གནང་འདུག་ཅེས་གསུངས་བྱུང་བས། དེ་ནས་མཐའ་མའི་ལག་ལེན་སྙིང་པོ་དེ་གང་དུ་བྱེད་དགོས་མིན་བཀའ་དྲི་ཞུ་སྐབས་ཕྱག་དཔེ་ཚང་མར་དཔྱད་པ་གནང་རྗེས། འདུལ་བའི་ནང་རྒྱལ་པོའི་བཀའ་ཡིས་བཅད་པ་དེ་ཆོག་གི་འདུག་པས་ད་ཕྱིན་ནས་རྒྱལ་པོའི་བཀའ་ཡིས་བཅད་པ་ཞེས་པ་ཡིན་པས་དང་པོའི་བཅུ་དྲུག་ནས་ཟིན། དང་པོའི་ཚེས་བཅོ་ལྔ་དེར་གསོ་སྦྱོང་དང་པོ་དེ་བཀོད། དེ་ནས་དང་པོའི་བཅུ་དྲུག་ནས་དང་པོ་ཡ་ཟླ་བ་ཡིན་པར་མར་ངོའི་གསོ་སྦྱོང་བཅུ་བཞི་དང་། དེ་ནས་གཉིས་པའི་མར་ངོ་བཅོ་ལྔ་པ། གསུམ་པར་བཅུ་བཞི་པ། བཞི་པར་བཅོ་ལྔ་པ་བཟོས། ལྔ་པ་ལ་བཅུ་བཞི་པ་བཀོད་པ་སོགས་ལོ་གཅིག་བསྐོར་བ་བརྒྱབ་ནས་བཀོད་ཅེས་བཀའ་གནང་བྱུང་། དེ་སྐབས་ངས་སྐུ་སྒེར་ཡིག་ཚང་ནས་ཡིག་ཐོག་བཀའ་དེ་དག་ཞུ་སྤོབས་བྲལ་ཡང་། ཟླ་ཐོ་བསྡུས་པ་ཞིག་གི་རྒྱབ་ལ་ལོ་རྒྱུས་དེ་དག་བྲིས་པ་ཡིན། འོན་ཀྱང་ད་ཆ་ཡིག་ཆ་ཉར་རྒྱུ་མ་བྱུང་ཞིང་། ཟླ་ཐོ་བསྡུས་པ་དེ་ཡང་ལག་པར་བསྡད་མེད་སྟབས། ན་ནིང་རྩིས་ཁང་དུ་ཐབས་ཆག་ཅིག་བྲིས་ཡོད་པ་ད་ལྟ་བསྡད་ཡོད་མིན་མ་ཤེས། གང་ལྟར་ད་ལྟའི་བརྩི་སྲོལ་དེ་དེ་འདྲ་བྱས་ནས་ཆགས་པ་རེད། ཡིན་ནའང་སྐབས་རེ་ང་ཚོའི་རྩིག་འགེལ་ལོ་ཐོ་ཤོག་རྐྱང་མ་དང་། ཟླ་ཐོ་རྒྱས་པ། ཟླ་ཐོ་བསྡུས་པ་དེ་དག་ཞུ་དག་གཏོང་དུས་དང་། ལས་ཀ་བྱེད་མཁན་གྱིས་དབང་གིས་གྲངས་ཀ་རྒྱག་པའི་སྐབས་ལ་ཏོག་ཙམ་འཁྲུགས་ནས་ཉི་མ་རེ་ཙམ་ཡར་འཁྲུགས་མར་འཁྲུགས་དེ་འདྲ་ཡོད་སྲིད་ཀྱི་རེད། ཡིན་ནའང་དགོངས་པ་བཞེས་པའི་སྐབས་འདུ་བའི་གསོ་སྦྱོང་དེ་ཚེས་པ་བཅོ་ལྔ་ལ་དགོས་ཀྱི་རེད། བཅུ་དྲུག་ལ་འཁེལ་ཆོག་གི་མ་རེད། ཟེར་བའི་དགོངས་འཆར་ཡོང་སྲིད་ཀྱི་རེད་ཀྱང་དངོས་ཡོད་གནས་ཚུལ་ལ་གྲངས་ཀ་རྒྱག་པའི་སྐབས་གནས་སྟངས་དེ་འདྲ་ཞིག་ཆགས་ཀྱི་འདུག འབྱུང་སྟངས་འབྱུང་ལུགས་དེ་འདྲ་རེད། ཅེས་འདིའི་ཐོག་དགོངས་འཆར་འདྲ་བྱུང་བ་ཡིན་ན། ངས་སྐུ་སྒེར་ཡིག་ཚང་དུ་ད་ལོ་ང་ཚོ་རྩིས་པའི་ཚོགས་ཆེན་སྐབས་དགོངས་འཆར་དེ་འདྲ་བྱུང་སོང་། བསྒྱུར་བ་གཏང་ཆོག་གི་ཡོད་དམ་མེད། ཅེས་བཀའ་དྲི་ཞུ་རྒྱུ་རེད་མ་གཏོགས་དེ་སྐུ་སྒེར་ཡིག་ཚང་གི་བཀའ་ཡིན་པས་ངས་རང་བཞིན་གྱི་བཟོ་བཅོས་བརྒྱབ་ན་འགྲིག་ཐབས་མེད། གནས་ཚུལ་དེ་འདྲར་བརྟེན་ཚང་མས་རྒྱུ་མཚན་མཁྱེན་པ་གནང་རྒྱུ་གལ་ཆེ་བ་ལགས་སོ།།

 

གཉིས་པ། ས་བདག་བ་དན་ཁྲ་བོའི་སྐོར།

བར་སྐབས་ཤིག་འདིའི་སྐོར་གྱི་ཤོག་རྐྱང་མ་ཞིག་ཐོན་པའི་ནང་། བཻ་དཀར་ཤོག་གྲངས་དེ་འདྲ་ཞིག་འདུག བ་དན་འཁེལ་བའི་ཉིན་མོར་དར་བཙུགས་པ་ཡིན་ན་དར་དེ་མ་ཟད་བར་དུ་མི་དེའི་རླུང་རྟ་རྒུད་ཀྱི་རེད། ཅེས་ང་ཚོ་བོད་པའི་དམངས་སྒྲུང་ནང་ཡོངས་ཁྱབ་སོང་ཡོད། ཡིན་ནའང་མཁྱེན་རབ་ནོར་བུས་བཏོན་གནང་བའི་ཕྱག་ཐོའི་ནང་བ་དན་འགོད་གནང་མཛད་མི་འདུག   བཻ་དཀར ནང་བ་དན་ཡོད་ཀྱི་རེད་སྙམ་ནས་མཇལ་བའི་སྐབས་ལ་བ་དན་འདུག  ས་བདག་གཅིག་གིས་ལག་པར་དར་ཅོག་ཅིག་འཁུར་ནས་བསྡད་པ་ཞིག་འདུག  འོན་ཀྱང་དེའི་ནང་ས་བདག་དར་ཅོག་འཁུར་ནས་བསྡད་པ་དེ་རིགས་མང་པོ་འདུག ཚིག་ཟིན་ལ་གང་འདུག་ལྟ་དུས་སྲིན་མའི་ས་བདག་བཅུ་གསུམ་ཟེར་བའི་གྲས། དེ་ནང་གི་ས་བདག་དེ་ཟླ་བའི་ས་བདག་རེད་འདུག་པ་གཅིག་དེ་དང་། གཉིས་ཐད་ནས་ཀོ་ལོང་རོ་བག་གཉིས་ལ་བསྡོམས་ཟེར་བ་ལས་དར་ཅོག་འཛུགས་མ་འཛུགས་ཀྱི་སྐད་ཆ་གང་ཡང་བཤད་མི་འདུག དེར་བརྟེན་སྔོན་མ་དེ་རྩིས་མ་ཐུབ་པར་འཁྲུངས་སྐར་དུས་ཆེན་ཉིན་འཁེལ་སྟབས། བཀའ་ཤག་ནས་ང་བཀའ་བཀུག་གནང་ནས་བཀའ་བཀྱོན་ཕེབས་དོན། ཁྱོད་ཀྱིས་འཁྲུངས་སྐར་ཉིན་བ་དན་འཁེལ་དུས་དེ་ཉིན་དབུ་ཅོག་བཙུགས་བཙུག་ནས། ཞེས་བཀའ་ཕེབས་བྱུང་ཡང་། ངས་བཻ་དཀར་གྱི་དཔེ་ཆ་བཀའ་ཤག་ལ་སྤྱན་འབུལ་ཞུས་ནས་ཁུངས་ལུང་རྒྱུ་མཚན་ཞུས་པས་ཐུགས་ཡིད་ཆེས་ཏེ་དགོངས་པ་དྭངས་ཙམ་བྱུང་བས་བཀའ་ཉེས་མ་འཕོག་ཙམ་བྱུང་། སྔ་མོ་ལྷ་ས་སྨན་རྩིས་ཁང་གི་མཁྱེན་རབ་ནོར་བུའི་ཕྱག་ཐོ་དང་། ལོ་འགའི་སྔོན་གྱི་ལྷ་ས་སྨན་རྩིས་ཁང་གི་ཕྱག་ཐོའི་ནང་བསྐྱོན་གནང་གི་མེད་ཀྱང་། དེང་སང་ལྷ་ས་སྨན་རྩིས་ཁང་གི་ཕྱག་ཐོའི་ནང་བ་དན་དེ་བསྐྱོན་ཡོང་གི་འདུག  གང་ལྟར་ད་རེས་འདིར་ཕྱོགས་ནས་ཕེབས་མཁན་གྱི་མཁས་པ་རྣམ་པ་དང་། གཞན་ཡང་ང་ཚོ་འདིར་བཞུགས་མཁན་གྱི་ཁྲོད་ནས་བ་དན་གྱི་ཁུངས་རྣམ་དག་ཅིག་གནང་རྒྱུ་ཡོད་ཕྱིན་ཡིན་གཅིག་མིན་གཉིས་གནང་རོགས་གནང་། གལ་ཏེ་དེ་ལྟར་བྱུང་ཚེ་ང་ཚོས་ཁུངས་དེ་ལ་གཞི་བཅོལ་ཏེ་ཟླ་ཐོའི་ནང་འགོད་ཐབས་བྱ་རྒྱུ་ཡིན་ཞེས་སྙན་སེང་ཞུས་པ་ལགས་ན་དེ་དོན་དགོངས་འཇགས་གནང་རོགས།།


འདི་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བཏབ་པའི་དེབ་ <<བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གསུང་བཤད་དང་དཔྱད་རྩོམ་ཕྱོགས་བསྒྲིགས།>> ཞེས་པ་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 11.08.2014 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།