སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་གཞི་ལམ་འབྲས་བུའི་རྣམ་གཞག་ལ་དཔྱད་པའི་དྲི་ལན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.09.2015
ཆེད་རྩོམ། >>

 

 

༄༅། །གསོ་རིག་གཞི་ལམ་འབྲས་བུའི་རྣམ་གཞག་ལ་དཔྱད་པའི་དྲི་ལན་

ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་པ་

ཞེས་བྱ་བ་བཞུགས་སོ།།

- བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

 

 

སྭསྟི་པྲཛྰབྷྱ༔

དུས་གསུམ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱི།། འཁོར་ལོ་ཤེས་བྱའི་མཁའ་ལ་རྣམ་རོལ་བས།། ཆོས་ཀུན་ལོངས་ལ་སྤྱོད་པའི་རྒྱལ་པོ་ཆེར།། བསྔགས་འོས་ཀུན་མཁྱེན་འབྲུག་པས་བདེ་ལེགས་མཛོད།།༡  མི་འགྱུར་མཆོག་གི་བདེ་བས་རབ་མྱོས་རྡུལ་བྲལ་སྟོང་པ་ཆེན་པོའི་མཁའ།། ཟག་མེད་སྙིང་རྗེའི་དྲ་བར་འཐུལ་བཞིན་སེམས་ཅན་ཀུན་གྱི་བསམ་པ་དང་།། དབྱེར་མེད་འགྲོགས་པའི་རང་གཟུགས་གཅིག་མིན་དག་པའི་སྣང་བ་རབ་ཏུ་འབྱམས།། ཕནབདེའི་དཔྱིད་གྱུར་བཅོམ་ལནད་ཤྰཀྱ་སེང་གེའི་ཞབས་ལ་དང་བས་འདུད།།༢  དེ་ལྟའི་ཡེ་ཤེས་ཕྲ་རབ་ལྟར་མི་སྣང་བའི་གཟུགས།། འགྲོ་ལ་གསལ་བའི་མཁྱེན་བརྩེ་ནུས་པའི་ཆ་རེར་ཡང་།། རྒྱལ་བ་ཀུན་གྱི་འཕྲིན་ལས་རབ་རྫོགས་གཡུ་ཐོག་པ།། ཡོན་ཏན་མགོན་པོས་ད་དུང་འགྲོ་འདི་བརྩེ་བས་སྐྱོངས།།༣  མགོན་དེས་རྣམ་ཕྱེ་གསོ་རིག་པདྨའི་ཚལ།། ད་ལྟའི་བར་དུ་གངས་ཅན་རི་བོའི་ཁྲོད།། མ་སྙིང་ཕན་བདེའི་ཟིལ་པས་མངར་བྱས་པ།། བློ་གྲོས་རྒྱལ་པོའི་དྲིན་ཡིན་གཞན་དུ་ཅི།།༤  དེ་ཡི་མཁྱེན་རབ་སུམ་པ་བཟང་པོ་ལས།།བྱུང་བའི་དྲི་ཚིག་ཡན་ལག་བརྒྱད་ལྡན་ཆུས།།སྦྱངས་ཀྱང་རྨོངས་པའི་ངང་ཚུལ་མི་དྭངས་བ།།ཀྱེ་མ་བོད་སྨན་བླུན་པོའི་སྡིག་འདི་འདྲ།།༥  ད་ནི་འདོད་པའི་དབང་སོང་འཚོ་ཐབས་པ།། མང་ཡང་ལེགས་བཤད་གཏམ་ལ་ཆགས་བྲལ་ཕྱིར།། གཞན་ལ་ཕན་པའི་ངེས་པ་ཕྲ་མོད་ཀྱི།། ཚུལ་འདི་རང་གིས་དྲན་པ་གསོ་བའི་སྨན།།༦  སྦྱངས་སྟོབས་ལྡན་པས་སྔོན་ཡང་མ་ཕྱེད་པའི།། དྲི་ཚིག་ལེགས་པར་བཤད་པའི་མདུད་ཆེན་པོ།། དེང་འདིར་ལྷན་སྐྱེས་སྤོབ་པའི་མཐུ་གཅིག་པུས།།ཕྱེ་ཡང་ཁ་ན་མ་ཐོ་མེད་སྙམ་བགྱིད།།༧

 

          གང་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཅོད་པན་རྒྱལ་མཆོག་ཀརྨ་པ་ཆེན་པོའི་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པའི་ཆ་ཤས་ཀྱིས་བསྐྱངས་པ། ཟུར་སྨན་མཁས་པའི་དབང་པོ་ལེགས་བཤད་འཚོལ་ལམ། བློ་གྲོས་རྒྱལ་པོ་ཞེས་གྲགས་དཀར་བའི་ཐིག་ལེར་གྱུར་པ་གང་གིས། ཐོག་མ་ཉིད་དུ་ཤེས་བྱ་སྤྱི་དང་། བྱེ་བྲག་གསོ་བ་རིག་པ་ལ་སྐྱེས་སྦྱངས་ཀྱི་མཁྱེན་རབ་ཕུལ་དུ་ཕྱིན་པའི་མཐར། ཉི་ཟླ་ལྟར་གྲགས་པའི་གཞུང་ཆེན་བདུད་རྩི་སྙིང་པོ་གཡུ་ཐོག་པའི་ཕྱག་དྲེག་འབྱར་བའི་དཔེ་རྙིང་ཁུངས་མ་དང་། རྩ་བའི་ཁུངས་དཔྱད་པས་དག་པ་གཞན་ལའང་གཏུགས་པའི་ཞུས་ཆེན་རྣམ་པར་དག་པས་དྲི་མའི་ཆ་ཀུན་སྦྱངས། པར་དུ་བསྒྲུབས། འགྲེལ་ཆེན་མེས་པོའི་ཞལ་ལུང་གིས་ཚིག་དོན་འཁྲུལ་མེད་དུ་གཏན་ལ་ཕབ། གཞན་ཡང་ཤེས་བྱ་སྤྱི་བྱེ་བྲག་གི་ཁོག་དབུབ། དཀའ་འཕྲེང་མང་པོར་དཔྱད་པའི་དྲི་བ་སྔ་ཕྱི་སོགས་མང་དུ་མཛད། འཆད་ཉན་གྱི་རྒྱུན་བཙུགས། གསོ་རིག་བསྟན་པའི་རབ་རིབ་བསྲུངས་ནས་ཕྱུང་སྟེ་ཤིན་ཏུ་གསལ་བར་མཛད་པ་ལས། ཁྱད་པར་གསོ་རིག་གཞི་ལམ་འབྲས་གསུམ་གྱི་གནད་འདོམས་སྙིང་པོར་དྲིལ་བའི་དྲི་བ་ཚིགས་སུ་བཅད་པ་བཅུ་བཞི་པ་ཞིག་མཛད་ནས། བོད་ཡུལ་གྱི་ལྟེ་བ་ལྷ་ལྡན་སྤྲུལ་གནྡྷོ་ལའི་རྡོ་རིངས་ལ་ལན་གསུམ་དུ་བཀོད་པ་ན། དུས་མཚུངས་ཀྱི་བོད་སྨན་བློ་གྲོས་དང་ཐོས་པ་ཆེ་བར་རློམ་པ་དུ་མས་ལན་འཕྲེང་བཅུ་ཕྲག་བརྒལ་བ་ཕུལ་གནང་ཡང་། གསོ་རིག་འཛིན་པ་རྣམས་ཤེས་བྱ་སྤྱི་ལ་གཟིགས་པ་ཞན་ཅིང་། འགྲེལ་ཉོག་ཅི་བྱུང་ལ་ཁུངས་སུ་སེམས་པ་ཤ་སྟག་གིས། ལེགས་བཤད་གསར་དུ་འབྱུང་བ་ལྟ་ཅི། དྲི་བ་རང་གི་དོན་ཡང་ཚིག་བརླིང་བས་མ་ཁྲོལ་བའི་ཚེ། དྲི་བ་པོ་ཉིད་ཐུགས་ཀ་མ་ཁེངས་ནས། སླར་དྲི་ཚིག་གི་དོན་ལེགས་པར་འགྲོལ་བའི་ཡི་གེ་རྡོ་རིངས་མཛེས་བྱེད་གསེར་གྱི་པ་ཏྲ་ལྟ་བུའི་གསལ་བྱེད་རིན་པོ་ཆེའི་ཕྲ་ཚོམ་འདྲ་བ་ཞེས་པ་མཛད་དགོས་ཤར་བའི་དབུ་ན་གླེང་གཞི་འདི་ལྟར་སྣང་སྟེ།


          ༈ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།། དེ་ལྟ་བུས་བྱིན་གྱིས་བརླབས་པའི་ཞིང་བྱང་ཕྱོགས་གངས་རིས་བསྐོར་བའི་ལྗོངས་འདིར། སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམས་ཀྱི་མཛད་པ་གྱ་ནོམ་པ་ལ་བརྟེན་ནས་ཐུན་མོང་དང་ཐུང་མོང་མ་ཡིན་པའི་རིག་པའི་གནས་ཕལ་ཆེར་དར་ཞིང་རྒྱས་པར་གྱུར་པས། བསྟན་པ་རིན་པོ་ཆེ་དང་སེམས་ཅན་རྣམས་ལ་ཕན་བདེ་རླབས་པོ་ཆེ་གཉེན་བཤེས་སུས་ཀྱང་བསྒྲུབ་ཏུ་མེད་པ་འདི་ལྟར་མངོན་སུམ་སུ་གྲུབ་པ་ནི་རགས་པར་ཀུན་གྱི་ཐུགས་ལ་མངའ་བ་ལྟར་ལགས་ཤིང་། བྱེ་བྲག་ཏུ་གསོ་བ་རིག་པ་ཞེས་བྱ་བའི་རིག་གནས་འདི་ཡང་ཆོས་རྒྱལ་མེས་དབོན། ལོ་ཆེན་རིན་བཟང་། གཡུ་ཐོག་མགོན་པོ་རྣམས་ཀྱི་དྲིན་ལ་བརྟེན་ནས་ཕྱོགས་མཐའ་ཀུན་ཏུ་དར་རྒྱས་སུ་གྱུར་པས་ལུས་ཅན་རྣམས་ལ་ཚིག་ཙམ་མ་ཡིན་པའི་ཕན་བདེ་ཕ་མས་ཀྱང་སྩོལ་བར་མི་ནུས་ཤིང་ལྐོག་ཏུ་མ་གྱུར་པ་འདི་ཡིན་མོད། དེ་ལྟར་ནའང་གངས་ཅན་གྱི་མཁས་པ་ཚད་མར་གྱུར་པ་རྣམས་ཀྱིས་ནི་ཇི་ལྟ་ཇི་སྙེད་དགོངས་སུ་ཟིན་ཀྱང་དཀའ་གནས་སུ་མ་གྱུར་པས་རྩལ་དུ་མ་བཏོན། འགའ་ཞིག་གིས་སྣང་ལ་མ་ངེས་པའི་ང་རོ་གསང་ཐོན་པོར་བསྒྲགས། ཕལ་ཆེར་ནི་བ་ལང་རྫི་གློ་བུར་དུ་སྨན་པའི་ཆ་ལུགས་བཟུང་བ་ལྟར་ཅལ་སྒྲོགས་འབའ་ཞིག་གི་རྗེས་སུ་འགྲོ་བ་མ་གཏོགས། དོན་ལ་དཔྱོད་པའི་རྣམ་དཔྱོད་ཀྱི་མཐུ་ཐོབ་པ་འགའ་ཡང་མི་སྣང་ངོ་ཞེས་ཀུན་གྱིས་བརྙས་པར་སྣང་ཞིང་། དེའང་རིག་གནས་འདི་དམ་པའི་ཆོས་ཡིན་མིན་ལ་ཐུག་སྟེ། གཞན་དག་ནི་རིག་གནས་ལྔ་ལས་ནང་དོན་རིག་པ་གཅིག་པུ་མ་གཏོགས། གཞན་བཞི་ཀ་ཕྱི་རོལ་མུ་སྟེགས་པ་དང་ཐུན་མོང་བ་ཡིན་པས་དམ་པའི་ཆོས་མ་ཡིན་པར་བཞེད་ལ། རང་ཅག་སྨན་པར་ཁས་འཆེ་བ་རྣམས་ཀྱིས་ནི་ཆོས་དང་ཆོས་མ་ཡིན་པའི་རྣམ་ཕྱེ་མ་མཛད་པས། འདི་ཉིད་ཀྱིས་རྒྱུ་འབྲས་ལམ་གསུམ་གྱི་རྣམ་གཞག་དང་བླང་དོར་གྱི་གནས་ལ་རྨོངས་པ་དང་། ཆོས་པ་བདག་ལས་ལོགས་སུ་བྱས་ཏེ་གནས་པས་བོན་པོའི་གླ་རྔན་པ་ལྟ་བུའི་ཚུལ་དུ་བགྱིད་པ་དང་། ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ལ་མི་མཁས་པས་གནོད་བྱ་གནོད་བྱེད་དང་གཉེན་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་འབྱུང་དང་།  འབྱུང་བཞིའི་རྡུལ་ཕྲན་ལས་རགས་པ་རྩོམ་ཚུལ་སོགས་ལ་ནོངས་ཤིང་། སྨན་དཔྱད་ཟས་སྤྱོད་ཀྱིས་ནད་སེལ་ལུགས་ལ་རྒྱུ་འབྲས་ངོ་བོ་གང་སེལ། ཚུལ་ཇི་ལྟར་རྣམ་པ་དངོས་འགལ་བརྒྱུད་འགལ་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤང་འགལ་སོགས་གང་གི་སྒོ་ནས། དེས་མཚོན་པའི་ཕན་འདོགས་ཚུལ་སོགས་ལ་མ་དཔྱད་སྣང་བ་དང་། རྩ་ལ་བརྟག་པའི་རྒྱུ་དང་ངོ་བོ། དུས་ཀྱི་འགྱུར་བ་དང་རྒྱུ་ཚུལ། ཕྱི་ནང་གི་དག་སྦྱོར་སོགས་ཅི་ཡང་མི་ཤེས་བཞིན་དུ་ངོ་མཚར་བའི་རྩ་ལ་སོགས་པ་བརྟག་པ་སྐད་བྱས་ནས་ལུང་སྟོན་པ་དང་། རྩ་རྣོ་བ་ཞེས་པ་དག་མང་དུ་མཐོང་ནས་དྲི་བ་འདི་བརྩམས་སོ།། དེ་ཡང་ཧ་རི་ཙནྡན་གྱི་དྲི་བསུང་ནི་རྫི་ཕྱོགས་ཡིན་མིན་ཀུན་ཏུ་འཕྲོ་བ་བཞིན་དུ། དྲི་ཚིག་འདི་ཡང་བོད་ཀྱི་རྡོ་རྗེ་གདན་ལུགས་གཉིས་ཀྱི་འདུན་པ་ལྷ་ལྡན་གྱི་གནས་ནས་ཕྱོགས་ཀུན་ཏུ་ཁྱབ་པར་གདོན་མི་ཟའོ་སྙམ་ནས། དེ་ཉིད་ཀྱི་རྡོ་རིང་དག་ལན་གསུམ་གྱི་བར་དུ་མཛེས་པར་བྱས་པ་ལས། དོན་དུ་གཉེར་བ་རྣམས་ཀྱིས་མང་དུ་སྤེལ་ཏེ་མཐའ་དག་ཀུན་ཏུ་ཁྱབ་པར་མངོན་ཞིང་། རིམས་པས་ལན་གྱི་ཤོག་དྲིལ་ཡང་དུ་མ་ཞིག་སུག་པར་སོན་པས་དགའ་སྤྲོ་དང་རྗེས་སུ་ཡི་རང་བའི་ཆ་ལེགས་པར་སྐྱེས་ཀྱང་ཞིབ་ཏུ་བརྟགས་དུས། བདག་ཉིད་ཀྱིས་མངོན་པའི་ང་རྒྱལ་སྒྲོགས་པའམ། ཀུན་སློང་ཆགས་སྡང་གི་སྒོ་ནས་ཆོས་དང་གང་ཟག་སུན་དབྱུང་བའམ། གཞན་གྱི་ཡོན་ཏན་བགམ་པར་འདོད་པའམ། ཡིད་ལ་གང་ཤར་བྱུང་རྒྱལ་དུ་སྨྲས་པ་ལྟ་བུའི་དྲི་བར་བཟུངས་སྣང་ལ། ཅུང་ཟད་དོན་ལ་དཔྱོད་པར་བཞེད་པ་རྣམས་ཀྱིས་ཀྱང་སྨག་རུམ་གྱི་ཁྲོད་དུ་འཕོང་འཕེན་པ་ལྟར་གཏིང་མ་ལྷོང་པར་འདུག་པ་དང་། ཕལ་ཆེར་ནི་འདི་ལྟ་བུའི་དྲི་བས་དོན་ཅི་ཡང་མི་སྟོན་ནོ་སྙམ་པའི་བློས་ཆམ་ལ་བསྐྱུར་བའམ་རླུང་ལ་བསྐུར་བ་བཞིན་མཐོང་སྟེ། སླར་དྲི་ཚིག་གི་དོན་རྒྱས་པར་བཀྲོལ་ན་ལེགས་པར་བཤད་པའི་ལན་གྱིས་རེ་བའི་ཤི་རྟ་གང་བར་བྱེད་པད་དག་འབྱུང་བར་གོར་མ་ཆག་གོ་ཞེས་ཡིད་ལ་བརྣགས་ནས་འདི་སྐད་ཅེས་སྨྲ་བར་འདོད་དོ།།


          དེ་ཡང་ཐོག་མར་འཇིག་རྟེན་པ་རྣམས་ཆུ་འགོ་གངས་ལ་ཐུག་མ་ཐུག་གླེང་བ་ལྟར། གསོ་བ་རིག་པ་འདི་དང་པོར་གང་དུ་བྱུང་བ་དང་། བར་དུ་ཇི་ལྟར་དར་བའི་ཚུལ་དཔྱིས་ཕྱིན་པ་ཞིག་ཤེས་དགོས། དེ་མ་ཤེས་ན་རིག་གནས་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ངེས་པ་མི་བསྐྱེད། དེ་མ་སྐྱེས་ན་གཞུང་ལུགས་ཀྱི་དོན་མི་རྟོགས། དེ་མ་རྟོགས་ན་ཁམས་ཀྱི་རང་བཞིན་དང་རྗེས་སུ་འགྲོ་ལྡོག་མི་ཤེས། དེ་མ་ཤེས་ན་བསྟན་པ་དང་སེམས་ཅན་ལ་ཕན་མི་ཐོགས། དེ་མ་ཐོགས་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མི་འགྲུབ་པ། མེད་ན་མི་འབྱུང་བའི་འབྲེལ་པ་ལས་ཤེས་པས། མ་བག་མར་ལེན་པ་དང་། བྱ་རོག་གི་སོ་རྟོག་པའི་བསྟན་བཅོས་ལྟར་ངལ་བ་དོན་གྱིས་སྟོང་པ་དེའི་ཕྱིར། རང་ཅག་རྣམས་ཀྱིས་མི་ཤེས་སུ་གཏན་མི་རུང་བའི་དོན་འབའ་ཞིག་མ་གཏོགས། སྔར་སྤྱད་ཟིན་དང་གྲགས་ཤིང་གྲུབ་པའམ། སྤྱད་མི་བཟོད་པའམ། དོན་ཆུང་བའམ། རྟོགས་པར་སླ་བའི་རིགས་མིན་ངེས་པས། བརྟག་གཞི་དང་བཅས་པས་ལེགས་པར་གཏན་ལ་དབབ་ཏུ་གསོལ་བ་ནི་དོན་ཚན་རྣམ་པ་བརྒྱད་ཡིན་ནོ།། ཞེས་ཐོག་མ་ཉིད་དུ་བཀོད་པ་འདིས་གང་བསྟན་ན། རིག་གནས་སྤྱི་དང་བྱེ་བྲག་གི་བྱུང་བ་འགོ་རྨོས་པས་གླེང་བསླངས། བརྟག་དཔྱད་ཀྱི་དྲི་བ་རྣམ་གྲངས་འདི་ལྟར་འགོད་དགོས་པའི་རྒྱུ་མཚན། དེའི་འགོད་ཁྱེར་ལན་དུ་སྨྲ་བ་པོ་རྣམས་ཀྱི་རྣམ་ཐར། དེའི་རྐྱེན་གྱིས་དྲི་ཚིག་རྩ་བ་སླར་ཞིབ་མོར་རྣམ་པར་ཕྱེ་ཚུལ། དགོས་འགྲེལ་གྱི་ངག་དང་བཅས་ཏེ་ལན་གདབ་པར་བསྐུལ་བ་རྣམས་བསྟན་ཏེ་གོ་བར་ཟད་དོ།།


          དྲི་བ་དངོས་ལ་དོན་ཚན་བརྒྱད་ཀྱི་ཐོག་མ་མཆོད་བརྗོད་ལས་འཕྲོས་པའི་ཚུལ་གྱིས། དེ་ལ་དང་པོར་སྨན་པ་རྣམས་ཀྱི་ཁྱད་པར་གྱི་དཀོན་མཆོག་གསུམ་ལས། སངས་རྒྱས་དཀོན་མཆོག་ནི་སྐྱབས་ཀྱི་གཙོ་བོ་ཡིན་པས་དོན་ངོས་འཛིན་པར་ཞུགས་པའི་ཚེ་སྨན་པའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་ཀྱང་། དེ་ལ་བསྟན་པའི་བདག་པོ་ཉིད་སྨན་བླར་བཞེད་པ་དང་། སངས་རྒྱས་སྟོང་གི་ནང་ཚན་དུ་གྱུར་བའི་སྨན་བླ་དང་། མཚན་བརྗོད་ནས་བྱུང་བའི་སྨན་བླ་དང་། བཻཌྰུརྱ་སྣང་གི་ཞིང་གི་བདག་པོ་སོགས་དུ་མ་ཞིག་བཤད་སྣང་ན། དེ་རྣམས་ཀྱི་ནང་ནས་བློ་རྩེ་གཏོད་རྒྱུ་དངོས་དེ་གང་ཡིན། བྱེ་བྲག་ཏུ་དཔལ་ཕག་མོ་གྲུབ་པས། སྨན་བླ་མཆེད་བདུན་ལོངས་སྐུའི་ཞིང་ཁམས་དང་།། ཞེས་གསུངས་པའི་དོན་གྱིས་ལོངས་སྐུའི་སྨན་བླ་མཆེད་བདུན་བཞེད་པ་འདྲ་ཞིང་། གལ་ཏེ་སྨན་བླ་མཆེད་བདུན་ཞེས་པ་དང་། ལོངས་སྐུའི་ཞིང་ཁམས་ཞེས་པའི་ཚིག་སྦྲེལ་རྒྱུ་མིན་ནོ་ཞེ་ནའང་མ་ངེས་པ་འདྲ་སྟེ། ལི་དམར་ལས་གྲུབ་པའི་སྨན་བླ་ལོངས་སྐུའི་ཆ་ལུགས་ཅན་ཡུལ་དབུས་ཀྱི་ལྷ་རྩོད་མེད་འདྲ་ཡང་མཐོང་ཞིང་། ཆོས་རྒྱལ་གྱི་སྐབས་སུ་བཞེངས་པའི་སྨན་བླ་ལོངས་སྐུ་བཞེངས་པ་ཞིག་བསམ་ཡས་དགེ་རྒྱས་ན་ད་ལྟ་ཡང་ཡོད་ལ། གཞན་མ་དེ་རིགས་འགའ་ཟུང་ཡང་འབྱུང་བ། གཡུ་ཐོག་པས་སྨན་བླ་ལོངས་སྐུའི་བསྒྲུབས་ཐབས་སོགས་གསུངས་པ་དང་། དེ་བདུན་པོ་སྤྲུལ་པའི་སྐུ་ཡིན་དུ་ཆུག་ཀྱང་ངོས་འཛིན་ཚ་ཚུགས་མ་དེ་གང་ལ་བྱེད། གལ་ཏེ་ཤྰཀྱ་ཐུབ་པ་མ་གཏོགས་པའི་བདེ་གཤེགས་བདུན་པོ་ལ་བྱེད་ན། གཞན་དྲུག་པོ་ལ་སྨན་བླ་ཞེས་པའི་ཐ་སྙད་གསལ་པོ་སྨྲ་དགོས་ཤིང་། ཁྱད་པར་དུ་སྨན་བླ་ཞེས་ཅིག་ལ་དམིགས་ཀྱིས་བསལ་ནས་སྨོས་པས་ཀྱང་གཞན་རྣམས་སྨན་བླ་མ་ཡིིན་པར་སྟོན་པའང་མ་ཡིན་ནམ། འོན་ཏེ་འདི་ཡིན་གྱི་ངེས་པ་རྙེད་པ་ཞིག་ཡོད་ན་དེ་དག་ཀྱང་ལོངས་སྤྲུལ་གང་ཡིན་དང་། དེ་རེ་རེས་ཀྱང་སྨན་དཔྱད་ཀྱི་རིགས་པ་ཇི་ལྟར་གསུངས་པའི་ཚུལ་ཅི་ཡོད་གསལ་པོར་སྟོན་དགོས་ལ། ཕྱོགས་གང་ལྟར་སྨྲ་ཡང་ཁུངས་ཐུབ་ཀྱི་ལུང་དང་མི་འགལ་ཞིང་། ཚད་ལྡན་གྱི་རིགས་པ་ལས་མ་འགོངས་པ་ཞིག་ཅི་ནས་དགོས་པ་འདུག་པ་ལ་བསམ་ནས་བརྩམས་པའི་འགོར། བདེ་གཤེགས་སྨན་བླ་མཆེད་བདུན་གྱི།། ཞབས་ལ་ལན་བརྒྱར་ཕྱག་བྱས་ནས།། གངས་ཅན་སྨན་པ་མཁས་ཀུན་ལ།། ཐུན་མོང་དུ་ནི་འདི་སྐད་ཞུ།། ཞེས་ཞར་ལས་འོང་བའི་ཚུལ་གྱིས་སྨྲས་པ་འདི་ཉིད་ལ་དོགས་པ་ཙམ་ཡང་མི་སྐྱེ་བ་ནི་ངོ་མཚར་ཆེའོ།།

          ཞེས་པའི་ལན་ནི། སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྨན་གྱི་བླ་ཡིན་ཏེ། འདུལ་བ་གཞིར། འཚོ་བྱེད་གཞོན་ནུས་གསོས་བདེན་པ་ལ་བཀོད་པའི་ཚེ་གསུངས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ།། འཚོ་བྱེད་བཞི་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ།། རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་དང་འཁྲུག་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ།། འཚོ་བྱེད་དེ་བཞིན་གཤེགས་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོངས་བའི་སྨན་མཁྱེན་ཏོ།། རྒས་པ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་རྩ་བ་ཅན་གྱི་སྨན་མཁྱེན་ཏོ།། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ།། ཞེས་གསུངས་ཤིང་། མཚན་ཡང་དག་པར་བརྗོད་པ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་།། ཉོན་མོངས་ནད་ཀྱི་དགྲ་ཆེ་བ།། ཞེས་བཤད་པའི་མཚན་དོན་མ་ལུས་པར་ལྡན་པའི་ཕྱིར་ནའོ།། ལུང་དེའི་དོན་ཡང་། ཆགས་པ་དང་ཆགས་བྲལ་ལ་སོགས་པ་ནི་ནད། དེ་ཞི་བར་བྱེད་པའི་སྨན་པ་ཆེ་བ་དང་། ཕྱིན་ཅི་མ་ལོག་པ་ཉེ་བར་བསྟན་པའི་སྨན་གྱི་མཆོག། བདག་གི་བདེ་བ་ཆེན་པོའི་རང་བཞིན་ལ་གཞན་རྣམས་ངེས་པར་སྦྱོར་བའི་རི་གཙོ་བོ། བླང་དོར་གྱི་རྣམ་རྟོག་དང་རླུང་ཟུག་རྔུ་ལྟ་བུ་རྣམས་ཞི་བར་བྱེད་པས་ཟུག་རྔུ་འབྱིན་པ་དང་། འགྱུར་བ་མེད་པའི་བདེ་བའི་ངོ་བོ་ཉིད་བླ་ན་མེད་པའོ།། དམིགས་པ་མེད་པའི་སྙིང་རྗེ་ལས་རང་གཞན་གྱི་དམིགས་པར་ལྟ་བའི་ནད་ཞི་བའི་སྨན་རྣམས་མ་ལུས་པར་འབྱུང་བ་དཔག་བསམ་གྱི་ལྗོན་ཤིང་ལྟ་བུའོ།། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ནི་ནད། དེའི་རང་བཞིན་འོད་གསལ་བ་བདེ་བ་ཆེན་པོ་མངོན་དུ་གྱུར་པ་དེ་ཡང་བག་ཆགས་དང་བྲལ་བའི་རི་དགྲ་ཆེ་བ། ཞེས་སྨོས་པའོ།། སྙིང་པོ་འདི་སྐབས་ཀྱི་སངས་རྒྱས་སྨན་བླ་ནི་རང་རེའི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཡིན་པར་དོངས་སུ་བཤད་དོ།། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་ལས། རྫོགས་སངས་རྣམ་པར་སངས་རྒྱ་ཚེ།། འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས།། སྣོད་བཞི་དག་ནི་བླངས་ནས་སུ།། བདེ་བར་གཤེགས་ལ་ཕུལ་བ་དང་།། མཐུ་ཡིས་གཅིག་ཏུ་སྤྲུལ་པར་མཛད།། ལྷ་ཡི་སྣོད་མཆོག་དེ་དག་ནི།། བདུད་རྩི་འདྲ་བས་སྨན་གྱི་མཆོག། སྟོན་པའི་ཕྱག་ན་བསྣམས་གྱུར་པ།། བདེན་པའི་ཚིག་ནི་དེ་དག་གིས།། སྨན་རྣམས་བདུད་རྩིས་འགྱུར་བར་ཤོག། དེ་བཞིན་ལྷ་མོ་འཕྲོག་མ་ཡིས།། ལྷ་རྫས་དགེ་བ་ཨ་རུ་ར།། བླང་ནས་སྟོན་ལ་རབ་ཕུལ་བ།། བདུད་རྩི་འདྲ་བའི་སྨན་མཆོག་རྣམས།། བདེན་པའི་ཚིག་ནི་དེ་དག་གིས།། ནད་པ་རྣམས་ཀྱི་ནད་སོས་ཤིང་།། ཉེས་པ་ཐམས་ཅད་འཕྲོག་བྱེད་པ།། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག། ཅེས་པས་སྣང་ཚུལ་ཙམ་དུའང་སྨན་བླ་དངོས་སུ་བསྟན་པ་ཡིན་ལ། དེ་ཉིད་རང་བཻཌྰུརྱ་འོད་ཀྱི་རྒྱལ་པོ་ཡིན་པར་ཡང་མི་འགལ་ཏེ། མགོན་པོ་བྱམས་པས། གང་ལ་གང་འདུལ་ལ་སྣང་སྟེ།། གང་དང་གང་ལ་གང་དང་ནི།། གང་ཚེ་བྱ་བ་ཕན་གྱུར་པ།། དེ་དང་དེ་ལ་དེ་སྣང་ངོ་།། ཞེས་དང་། རྡོ་རྗེ་དྲ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ནི།། ལུས་ཅན་རྣམས་ནི་འདུལ་གྱུར་པ།། དེ་་དང་དེ་ནི་རྣམས་སྟོན་ཏེ།། སྣ་ཚོགས་ནོར་བུ་ཇི་བཞིན་ནོ།། འདུལ་བའི་ཐབས་ནི་གང་གང་གིས།། སེམས་ཅན་རྣམས་ནི་འདུལ་གྱུར་པ།། རྣམ་པ་དེ་དང་དེ་དག་གིས།། ཆོས་རྣམས་སྟོན་པར་མཛད་པ་ཡིན།། ཞེས་དང་། མཉམ་སྦྱོར་ལས། ཡང་དག་གྲུབ་པ་ཅིག་པུ་ཉིད།། ཇི་ལྟར་འདོད་པ་བཞིན་དུ་སྣང་།། ཞེས་གསུངས་པ་དེའི་ཕྱིར། བཅོམ་ལྡན་འདས་གཟུགས་དང་མཚན་མ་ཐམས་ཅད་ལས་འདས་པ་ཡིན་དུ་ཟིན་ཀྱང་། སྔོན་གྱི་སྨོན་ལམ་གྱི་མཐུས། སྐུ་ཇི་ལྟ་བུས་འདུལ་བ་དེ་ལྟར་སྟོན་པར་མཛད་པ་ནི། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་ཁྱད་པར་ཉིད་ཡིན་པར་གསུངས་སོ།། དེ་ལྟར་མ་ཡིན་ན་གཞན་གྱི་འཁོར་དུ་ཀུན་དགའ་བོ་དང་། འཚོ་བྱེད་གཞོན་ནུ་གསོས་སོགས་འཁོར་བཞི་འགལ་མེད་དུ་བསྒྲུབས་ལ་ཚེགས་ཆེ་བའི་ཕྱིར་སྙམ་མོ།། ཚུལ་དེ་ཡང་དྲང་བའི་དོན་ཙམ་སྟེ། ངེས་པའི་དོན་དུ་ན་འགྲེལ་ཆེན་སྒྲོན་མ་གསལ་བར་ཐུན་མོང་མ་ཡིན་པའི་གསང་བའི་རྒྱུད་ཀྱི་ལུང་དྲངས་པ་ནི་དེའོ།། དེ་ལས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ།། འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མར་གྱུར་ཏོ།། འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ།། དཔལ་ལྷ་མོ་ནི་གྲགས་འཛིན་ནོ།། རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ།། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤྰ་རིའི་བུའོ།། ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ།། ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ།། རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤྰཀྱ་ཐུབ་པར་གྱུར་ཏོ།། རིགས་འདིས་ནི་སྡུད་པར་བྱེད་པ་ཞེས་བྱ་བ་དང་། འཁོར་ཞེས་བྱ་བ་ནི་ལས་དང་པོ་པའི་སེམས་ཅན་རྣམས་འཇུག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་མོ་འདི་བསྟན་པ་ཡིན་ནོ།། ཞེས་གསུངས་པས། ལོངས་སྤྱོད་རྫོགས་སྐུ་ནི་རྣམ་སྣང་ཆེན་པོ་དེ་ཉིད་ཡིན་ལ། དེ་ཡང་དམ་པའི་ཆོས་པདྨ་དཀར་པོ་ལས། བསྐལ་བ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ།། དེ་ཡིན་ཚད་ནི་ནམ་ཡང་མེད་པ་ནས།། བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ།། ངས་ནི་རྟག་ཏུ་ཆོས་ཀྱང་རབ་བཤད་དོ།། ཞེས་པ་བཞིན། ཡབ་སྲས་མཇལ་བའི་མདོར། འོ་སྐོལ་གྱི་སྟོན་པ་ཉིད་སྔོན་བསྐལ་བ་གངྒྰའི་ཀླུང་གི་བྱེ་མ་སྙེད་འདས་པའི་གོང་དུ། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ཟིན་པར་བཤད་པའི་ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ཀྱི་ཞིང་། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ། དེའི་ནང་དུ་མ་ཆུད་པའི་སངས་རྒྱས་ཀྱི་ཞིང་གི་རྣམ་བཞག་ནི་མདོ་ལས་གསུངས་པ་མེད་ཅིང་། དེ་དག་ཏུ་བཞུགས་པའི་སྐུའི་བཀོད་པ་མཐའ་ཡས་པའི་སངས་རྒྱས་རྣམས་ནི་ལོངས་སྤྱོད་རྫོགས་སྐུ་ཅིག་པུ་དེ་ལས་འཕྲོས་པའི་ཕྱིར་སྟོན་པ་འདི་ཉིད་ཀྱི་རྣམ་པར་འཕྲུལ་པ་འབའ་ཞིག་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པུ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་པ་དེ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་སྡུད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ང་ཡིན་ལ། ངས་ཞིང་དེ་དག་ཡོངས་སུ་སྦྱངས་སོ།། ཞེས་དང་། དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། འདི་ནས་ཕྱོགས་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དེ་དང་དེ་ཞེས་བྱ་བར་ང་ཉིད་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དེ་དང་དེ་ཞེས་བྱ་བར་གྱུར་ཏོ།། ཞེས་སོགས་མདོ་སྡེ་སྣ་ཚོགས་པ་དག་ལས་འབྱུང་བའི་སངས་རྒྱས་ཀྱི་ཞིང་གི་རྣམ་གྲངས་མི་འདྲ་བ་དག་ན། ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་གྱི་རྣམ་གྲངས་ཇི་སྙེད་འཛིན་པ་དེ་ཐམས་ཅད་སྟོན་པ་ཤྰཀྱ་ཐུབ་པ་ཉིད་ཀྱི་རྣམ་འཕྲུལ་དུ་གསུངས་པའི་གནད་གོ་ན། མཆེད་བདུན་པོ་སྨན་བླ་ཡིན་མིན་དང་། སྨན་བླ་ཞེས་གཅིག་ལ་དམིགས་ཀྱིས་བསལ་ནས་སྨོས་པས་གཞན་རྣམས་སྨན་བླ་མ་ཡིན་པར་སོང་ངོ་སྙམ་པའི་དོགས་པའི་སྒྲོག་ཀྱང་རང་གྲོལ་དུ་གྱུར་ལ། ལོངས་སྐུའི་སྒྲུབ་ཐབས་སོགས་འབྱུང་བའང་། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། སྐུ་གསུམ་གྱིས་སངས་རྒྱས་ཀྱི་སྐུ་བསྡུས་པར་ནི་ཤེས་བྱ་སྟེ། ཞེས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཡིན་པར་གསུངས་པ་བཞིན། ལོངས་སྤྲུལ་གཉིས་སུ་མ་ཟད་ཆོས་སྐུ་ཡང་ཡོད་པས་བདེན་པ་ཡིན་ནོ།། ཕག་གྲུབ་རྗེས་སྒམ་པོ་པ་ལ་བསྟོད་པར། སྨན་བླ་མཆེད་བདུན་ལོངས་སྐུའི་ཞིང་ཁམས་དང་། ཞེས་འབྱུང་བ། རྗེ་མི་ལའི་དྲུང་དུ་སྒོམས་པའི་ལམ་རྟགས་ལ། དང་པོ་སྨན་བླ་མཆེད་བདུན་གྱི་ཞལ་མཐོང་བྱ་བ་དང་། ཕྱི་དྲོ་རླུང་བཟུང་ཙ་ན་ལོངས་སྐུའི་ཞིང་ཁམས་རབ་འབྱམས་རྣམས་མཐོང་གསུང་བ་སོགས་ཀྱི་དོན་བསྡུས་པ་སྟེ་སྐབས་འདི་ལ་ཕན་གནོད་མེད། སྨན་བླ་ཡིན་ན་སྨན་དཔྱད་ཀྱི་རིག་པ་སྟོན་དགོས་གསུང་བ། གྲོང་སྨན་བླུན་པོ་འདྲའི་ཡིད་ལ་དེ་འདྲ་ཡང་འཆར་སྲིད། གཞན་གོང་དུ་འདུལ་ལུང་དང་མཚན་བརྗོད་ཀྱི་ལུང་དྲངས་པས་དོགས་པ་འདི་གཞི་མེད་དུ་བྱས་པ་ཡིན་ནོ།།


          ༈ དྲི་བ་དངོས་ཀྱི་དང་པོར། རང་ཅག་སྨན་པར་ཁས་འཆེ་བ་རྣམས་ཀྱིས་ཉམས་སུ་ལེན་བཞིན་པའི་ཆོས་ལུགས། རིག་གནས་ལྔའི་ནང་ཚན་དུ་གྱུར་པའི་གསོ་བ་རིག་པ་ཞེས་བྱ་བའི་ཚིག་དོན་རྣམས་དང་། སྙན་ངག་མཆོད་སྦྱིན་སྲིད་སྲུང་དང་།། ངེས་བརྗོད་རིག་བྱེད་བཞི་ཞེས་བྱ།།   ཞེས་པའི་རིག་བྱེད་ཀྱི་ཡན་ལག་ཚེའི་རིག་བྱེད་ཅེས་བྱ་བའི་བརྗོད་བྱའི་དོན་དང་གཅིག་གམ་མི་གཅིག གཅིག་པའི་ཚེ་ན་ནི་རིག་བྱེད་དྲན་ཚུལ་གྱི་གཏམ་རྒྱུད་དང་བཅས་པ་ཀུན་ཀྱང་རྫུན་འབའ་ཞིག་ཡིན་པར་རང་རེ་སངས་རྒྱས་པ་རྣམས་ཀྱི་གཞུང་ལུགས་ཆེན་པོ་རྣམས་ལས་གསུངས་ཏེ། ཅི་ལྟར་ཞེ་ན། དཔལ་དུས་ཀྱི་འཁོར་ལོ་ལས། དཔལ་མོ་ཐོར་ཐོས་ལྷ་ཡི་ལྗོན་པ་གླང་པོའི་བདག་དང་ལྷ་མོ་ཀོསྟུ་བྷ་དང་ཟླ་བ་དང་།། བདུད་རྩི་སྟོབས་ལྡན་རྒྱལ་སྲིད་དུས་སུ་ཆུ་གཏེར་སྲུབས་ལས་ལྷ་ཡུལ་མཁའ་ལ་གལ་ཏེ་བྱུང་གྱུར་ན།། ཨནྟ་ཀ་ཡི་རྒྱལ་སྲིད་ལ་ནི་ཟླ་བ་མེད་པས་གཟའ་ཚེས་དུས་ཀྱི་ཚོགས་ཀྱང་མེད་པར་འགྱུར།། དེ་ཕྱིར་དབང་ཕྱུག་ཟླ་ཕྱེད་ལ་ཆགས་བསད་པར་འགྱུར་ཏེ་སྟོབས་ལྡན་དེ་ནི་དེ་ཡི་ཕྱི་ནས་སོ།། ཞེས་དང་། རིག་བྱེད་འདི་ནི་རང་བྱུང་མིན་ཏེ་སྲིད་པ་གསུམ་གྱི་གནས་སུ་རིག་བྱེད་སྒྲས་ནི་དོན་བརྗོད་བྱེད།། ཅེས་པ་ནས། དེ་ཕྱིར་བློ་ལྡན་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ།། ཞེས་པའི་བར་ཚིགས་སུ་བཅད་པ་གཉིས་དང་། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་ཏེ་རྟོག་གེ་གྲུབ་པའི་མཐར་ལྡན་འཇིག་རྟེན་ན།། སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་མིན།། ཞེས་དང་། དེ་བཞིན་དུ་དོན་དམ་བསྙེན་པ་ལས་ཀྱང་བཤད་ཅིང་། རྟོག་གེ་ལས་འབར་བ་ལས་ཀྱང་། སྐྱེས་བུ་མི་ཟད་པས་བྱས་པའི།། རིག་བྱེད་འདི་ནི་གཞལ་བྱ་སྟེ།། འབྱུང་པོ་ཚེ་དང་ཆང་འཐུང་རྫུན།། སྨྲ་ཕྱིར་མ་ཁའི་བསྟན་བཅོས་བཞིན།། རྒྱལ་བའི་བསྟན་པ་བཤད་པ་ལ།། སྦྱོར་བ་དམིགས་སུ་མེད་པ་ནི།། རིག་བྱེད་ཉེར་བཞི་མ་ཡིན་པས།། དེ་བཞིན་མཁྱེན་ཀྱང་མ་བསྟན་ཏོ།། ཞེས་དང་། རྣམ་འགྲེལ་ལས། ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ།། ཉེས་རྣམས་སྐྱེས་བུ་ལ་བསྟེན་ཕྱིར།། སྐྱེས་བུས་མ་བྱས་བདེན་དོན་ཅན།། ཞེས་ནི་ཁ་ཅིག་རབ་བརྗོད་བྱེད།། ཅེས་དང་། བྱེད་པ་པོ་རྣམས་མི་དྲན་ཕྱིར།། སྐྱེས་བུས་མ་བྱས་ཀྱང་འདོད་ལོ།། འདི་ལའང་རྗེས་སུ་བརྗོད་པ་ཡོད།། དེས་ན་ངན་པའི་མུན་པས་ཁྱབ།། ཅེས་དང་། རིག་བྱེད་ཚད་མ་དང་ནི་འགལ་བྱེད་སྨྲ།། ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲ་དྲེགས།། སྡིག་པ་གཞོམ་ཕྱིར་གདུངས་པ་རྩོམ་བྱེད་པ།། བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན།། ཞེས་པ་ལ་སོགས་ཏེ་གྲུབ་པའི་མཐའ་ཀུན་ནས་ཡང་ཡང་བཀག་སྣང་བས་ཉམས་སུ་བླངས་མི་རུང་ཞིང་། བླངས་ཀྱང་ལོག་པའི་ལམ་དུ་འཕྱན་པར་གྱུར་ལ། གལ་ཏེ་དེ་འདྲའི་ཉེས་པ་ལ་གཟེམ་ནས་རིག་བྱེད་དང་མི་གཅིག་གོ་ཞེ་ན། འོ་ན་མི་གཅིག་པ་ཙམ་གྱིས་མི་ཆོག་པས། གཞི་ལམ་འབྲས་བུ་གསུམ་ཀའི་སྐབས་སུ་མི་འདྲ་བའི་ཁྱད་པར་འདི་དང་འདི་འདྲ་ཡོད་ཅེས་གསལ་པོར་སྟོན་དགོས་ཤིང་། དེར་མ་ཟད། ཤྰཀ་ཐུབ་བྱིན་རླབས་ལྷ་མཆོག་ཚངས་པས་དྲན།། ཞེས་གསོ་དཔྱད་འབུམ་པ་དྲན་ཚུལ་དང་། ཚངས་པས་ཚེ་ཡི་རིག་བྱེད་དྲན།། ཞེས་སོགས་སྤྱིའི་གཏམ་རྒྱུད་དང་། སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱི།། བདུད་རྩི་འདོད་ནས་རྒྱ་མཚོ་སྲུབས་པ་ལས།། ཞེས་སོགས་དང་། སྒྲ་གཅན་བདུད་རྩི་རྐུ་བ་ན།། སྐེ་བཅད་པ་ལས་འཛག་གྱུར་པའི།། ཞེས་སོགས་སྒོས་ཀྱི་གཏམ་རྒྱུད་རྣམས་རིག་བྱེད་མ་ཡིན་པའི་གཞུང་ལུགས་གཞན་གང་གི་སྒོ་ནས་འཆད། དེ་ལྟར་ན། ལུགས་སྡེ་ཆེན་པོ་བཞི་ཀའི་བརྗོད་དོན་ཀུན་ཀྱང་རུས་སྦལ་གྱི་སྤུ་ལྟར་ཐལ་བས་ཆོས་ནོར་བདེ་བ་ཐོབ་པར་བཤད་པ་རྣམས་ཀྱང་མིང་ཙམ་དུ་ཟད་དོ་ཞེས་འཁུ་འཁྲིག་ཏུ་གྱུར་ནས། རང་ཅག་རྣམས་ཀྱིས་ཉམས་ལེན་པའི།། གསོ་བ་རིག་པའི་ཚིག་དོན་འདི།། ཚེ་ཡི་རིག་བྱེད་ཅེས་བྱ་དང་།། གཅིག་གམ་མི་གཅིག་གང་དུ་སྨྲ།། གཅིག་ན་རིག་བྱེད་རྫུན་ཡིན་པར།། གཞུང་ལུགས་ཆེན་པོ་འགའ་ལས་བཤད།། མི་གཅིག་ཚེ་ན་སྤྱི་སྒོས་ཀྱི།། གཏམ་རྒྱུད་གང་གི་སྒོ་ནས་འཆད།། ཅེས་སྨོས་པ་ལ་དམུས་ལོང་གིས་མར་གྱི་གཏམ་རྒྱུད་སྨྲ་བ་ལྟ་བུ་ནི་མཚང་ཆེའོ།།

          ཞེས་པའི་ལན། སྨན་པ་རྣམས་ཀྱིས་བསླབ་པར་བྱ་བའི་གསོ་བ་རིག་པ་དང་། སྔོན་གྱི་རིག་བྱེད་བཞིའི་ནང་ཚན་དུ་གྱུར་པའི་སྲིད་སྲུང་དང་ཚེའི་རིག་བྱེད་གཙང་མ་ལུས་ནད་གཉེན་པོའི་འཇུག་ལྡོག་གི་ཚུལ་སྟོན་པའི་བརྗོད་དོན་དངོས་གཞི་ནི་གཅིག་མོད་ཀྱང་སླར་རིག་བྱེད་དེ་ཉིད་ལ་མི་འཐད་པའི་ཚིག་དུ་མ་རྣམས་ནི་གདུག་པའི་དྲང་སྲོང་ཕྱི་མ་དག་གིས་བསླད་པ་ཡིན་ཏེ་སྔོན་གྱི་གྲུབ་རྩིས་ཀྱི་དཔེ་དང་འདྲའོ།། དེ་ཇི་ལྟར་ཞེ་ན། ཕྱི་རོལ་པའི་གྲུབ་རྩིས་ཀྱང་འཇིག་རྟེན་ཐ་སྙད་དུ་མི་བསླུ་བའི་ངེས་པ་སྟེར་བ་ཡིན། དེའི་ཚེ་དྲང་སྲོང་གདུག་པ་དག་གིས་བསམ་པ། ཀུན་གྱིས་ཤེས་ན་བདག་ཅག་གི་རྙེད་པ་ཉམས་པར་འགྱུར་རོ།། ཞེས། དཔེ་འཁྱུད་བྱས་ཏེ་བྱེད་རྩིས་བརྩམས་ཤིང་། མཐར་ཐུག་མཐའི་རྩིས་སྦ་བ་པོ་དག་གིས་ཀྱང་བརྗེད་དེ་མ་དག་པ་རྒྱ་འབྱམས་པར་གསུང་སྟེ། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དེས་ན་ཕྲག་དོག་གི་ཆ་ལས་སྐྱེས་པའི་མུ་སྟེགས་པ་རྣམས་ཀྱིས། གལ་ཏེ་བུད་མེད་བྱིས་པ་ལ་སོགས་པ་ཐམས་ཅད་ཀྱིས་གཟའི་རྒྱུ་བ་ཤེས་པར་གྱུར་པ་དེ་ལྟ་ན་བདག་ཅག་ལ་སུ་ཞིག་གིས་གུས་པ་བྱེད་པར་འགྱུར། དེའི་ཕྱིར་གྲུབ་པའི་མཐས་སྦས་ཏེ་རྒྱུད་ཀྱི་བྱེད་པ་ལ་སོགས་པ་བྱའོ།། ཞེས་གྲོས་བྱས་ནས། གྲུབ་པའི་མཐའ་རྣམས་སྦ་བ་བྱས་ཤིང་རྒྱུད་ཀྱི་བྱེད་པ་ལ་སོགས་པ་གསལ་བར་བྱས་ཏེ། ཞེས་བཤད་པ་དང་མཚུངས་སོ།། ཚུལ་འདི་ལ་གཞུང་ལུགས་ཆེན་པོ་རྣམས་ཀྱི་ལུང་དོན་དགོངས་པ་འགྲེལ་ཤེས་ན་མི་གནོད་དོ།། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལུང་དང་པོའི་དོན་ནི། ཇི་སྐད་དུ། ལོ་རྒྱུས་དང་ནི་ཤེད་བུའི་ཆོས།། རིག་བྱེད་ཡན་ལག་དང་བཅས་གསོ།། བཀའ་ཡི་གྲུབ་པ་བཞི་པོ་ནི།། གཏན་ཚིགས་རྣམས་ཀྱིས་གཞོམ་མི་བྱ།། ཤེས་བུ་རྒྱས་པ་བྰཤིཥྛའི།། ཚིག་ནི་རིག་བྱེད་དང་བཅས་པ།། ཚད་མ་མེད་པར་སྨྲ་བ་གང་།། དེ་ནི་ཚངས་པ་བསོད་བྱེད་འགྱུར།། ཞེས་སོགས་བྲམ་ཟེ་གདུག་པས་བཀོད་པ་སུན་འབྱིན་པ་སྟེ། འགྲེལ་པ་དྲི་མ་མེད་པའི་འོད་ལས་དེ་ལྟར་མི་འཐད་པའི་ཚིག་དུ་མ་རྣམས་ནི་གདུག་པའི་བྲམ་ཟེ་རྣམས་ཀྱིས་སངས་རྒྱས་འབྱུང་བའི་དུས་སུ་བཀོད་པ་སྟེ། སྔོན་གྱི་རིག་བྱེད་བཀླགས་པ་ལ་མེད་དོ།། ཞེས་པས་གོ་བར་ནུས་ལ། དེ་བཞིན་ནང་ལེའི་མཆོག་ཏུ་མི་འགྱུར་བའི་རིག་པ་དང་། ལྟ་བ་མདོར་བསྟན་གྱི་ལུང་དོན་ཡང་། མཐར་ཐུག་གི་དོན་ལས་གཞན་པའི་ཐ་སྙད་ཐམས་ཅད་སུན་འབྱིན་པའི་ལུང་རིགས་ཡིན་པས་སྐབས་ཀྱིས་ཤན་ཕྱེད་དགོས་ལ། གཞན་ཏུ་སངས་རྒྱས་པ་རང་གི་གྲུབ་མཐའ་སྨྲ་བ་འོག་མ་གསུམ་ཡང་ཕྱིན་ཅི་ལོག་ཏུ་ཁས་ལེན་དགོས་པར་འགྱུར་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་ཞིག་དག་གི་ཉམས།། ཀུན་རྫོབ་དག་གི་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་པའོ།། སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད།། ཞེས་པའི་འགྲེལ་པར། ད་ནི་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པའི་འདོད་པ་སུན་འབྱུང་བ་གསུངས་པ། ཞེས་སོགས་བཤད་པའི་སྐབས་ཡིན་པ་མ་ཕྱེ་བར་སྨྲས་ན། ཆོས་སྤོང་དུ་འགྲོ་བ་ལགས། རྒྱུ་མཚན་དེའི་ཕྱིར་ཚིག་ཙམ་ལ་འཆོལ་བར་མི་རིགས་ཀྱི། དོན་ལ་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ནས་རྣམ་དབྱེ་ཕྱེད་པར་སྨྲ་བ་ཞིག་པ་མཁས་པ་ཡིན་ནོ།། རྟོག་གེ་ལ་འབར་བ་དང་། རྣམ་འགྲེལ་ལས་དྲང་པའི་ལུང་དོན་འོག་མ་རྣམས་ཀྱང་། རིག་བྱེད་སྨྲ་བ་རྣམས། རིག་བྱེད་ནི་སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་བསླད་པས་རང་བྱུང་། ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་ཞེས་འདོད་པ་དང་། མུ་སྟེགས་ཀྱི་གཞུང་ལས། གངྒའི་སྒོ་དང་ཀུ་ཤ་འཁྱིལ།། བིལ་བ་ཅན་དང་སྔོན་པོའི་རི།། ཀ་ལི་ཀ་ནིའི་འཇུག་ངོགས་སུ།། ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན།། ཞེས་བྱ་བ་ལ་སོགས་པ་རྫུན་ཚིག་གིས་བྲིད་ནས་བྱིས་པའི་སྐྱེ་བོ་རྣམས་ལོག་པའི་ལམ་དུ་འདྲེན་པ་འགོག་པ་ཡིན་ཏེ། ལུང་དོན་སོ་སོ་ལ་བརྟགས་པས་ཤེས་སོ།། གཞན་དུ་རྟོག་གེ་ལ་འབར་བ་ལས། རིག་བྱེད་མཐར་ཡང་ལེགས་བསྟན་གང་།། དེ་ཀུན་སངས་རྒྱས་གསུངས་པ་ཡིན།། དེ་ཕྱིར་དཔེ་ནི་མ་གྲུབ་སྟེ།། ཐེ་ཚོམ་ཟ་ན་བརྟག་པར་གྱིས།། ཞེས་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེའི་མཐར་ཕྱིན་པ་ལས། མངོན་སློབ་པའི་གནས་སྐབས་ཀྱི་སྐྱེས་རབས་མང་དུ་གསུངས་པ་ལས་འཕྲོས། དགེ་བའི་རྩ་བ་དེས་ཆོས་ཐམས་ཅད་ཀྱི་རིགས་པ་རབ་ཏུ་ཤེས་ནས་དང་པོར་བཟོ་བྱུང་བ་ཐམས་ཅད་བྱེད་དོ།། དེས་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར་དང་ལུས་ཀྱི་ནད་རྣམས་ཀྱི་ཕྱིར་སྨན་དཔྱད་དང་ཚེའི་རིག་བྱེད་བསྟན་ཏོ།། དེའི་འོག་ཏུ་སེམས་ཅན་ནད་མེད་པའི་བསམ་ཡོ་བྱད་བསགས་པའི་དོན་དུ་ཐ་སྙད་ཀྱི་ཆོས་ལུགས་བསྟན་ཏོ།། དེའི་འོག་ཏུ་བདག་ཉིད་ཀྱི་ཡོ་བྱད་བསགས་པའི་ཕྱིར་དང་ཡང་དག་བསྲུངས་པར་བྱ་བའི་ཕྱིར་འཕོངས་ཀྱི་དཔྱད་བསྟན་ཏོ།། དེའི་འོག་ཏུ་བརྩམས་པ་འགྲུབ་པར་བྱ་བའི་ཕྱིར་སྐར་མ་ཤེས་པའི་དཔྱད་བསྟན་ཏོ།། དེ་ནས་སྡུག་བསྔལ་ལྡོག་པའི་ཕྱིར་དང་བདེ་བ་ཐོབ་པའི་ཕྱིར་ཐར་པའི་ཤེས་པ་བསྟན་ཏོ།། སེམས་ཅན་གྱི་སྡུག་བསྔལ་བསལ་བའི་དོན་དུ་བཟོའི་གནས་དང་ལས་ཀྱི་གནས་རྣམ་པ་དུ་མ་རྣམས་བསྟན་ཏོ།། ཞེས་སོགས་དང་། དཔལ་ལྡན་རྒྱུད་ལས། ནུབ་ཀྱི་ཞལ་ནས་ངེས་བརྗོད་རིག་བྱེད་དང་ནི་རྒྱལ་བའི་དབང་པོའི་གཡོན་གྱི་ཞལ་ནས་མཆོད་སྦྱིན་གསུངས།། གཡས་ཀྱི་ཞལ་ནས་སྙན་ཚིག་རིག་བྱེད་དང་ནི་མཆོག་གི་བསྲེག་བྱའི་རིགས་ལ་སྲིད་སྲུང་ཤར་གྱི་ཞལ་ནས་སོ།། ཞེས་དུས་ཀྱི་འཁོར་ལོའི་ཞལ་བཞི་ནས་རིག་བྱེད་བཞི་གསུངས་པར་བཤད་པའང་སྣང་བས་ཇི་ལྟར་འགྲེལ། དེས་ན་སྒྲ་ཟིན་ཐར་ཐོར་དེ་ཀ་བཀྲལ་བས་རྡོ་རྗེའི་ཚིག་དབྱེ་བར་མི་ནུས་ཤིང་། སངས་རྒྱས་རྣམས་ཐབས་ལ་མཁས་པས་གདུལ་བྱ་འདུལ་བྱེད་ཀྱི་རིམས་པ་ཡང་བསམ་གྱིས་མི་ཁྱབ་པས། མཐའ་གཅིག་ལ་མི་ཞེན་པར་དོན་ལ་བརྟེན་པའི་ངེས་པ་ཡིད་ལ་བཞག་ནས་འཁུ་འཁྲིག་ཟ་བར་མི་བྱའོ།། དེ་ལྟར་བྱས་ཚེ། སྤྱི་སྒོས་ཀྱི་གཏམ་རྒྱུད་རིག་བྱེད་འགྲེལ་བ་ཕལ་ཆེ་བ་ཡང་། དངོས་གནས་ལ་བདེན་པར་འདོད་པ་མ་ཡིན་ཀྱང་། ཇི་སྐད་དུ། ཇི་ལྟར་གྲགས་པ་ལ་བརྟེན་ནས། རྣམ་པར་དཔྱད་པ་ཐམས་ཅད་བརྗོད།། ཅེས་པ་བཞིན་ཐུན་མོང་དུ་གྲགས་པ་གཙོ་བོར་བརྗོད་པ་ཙམ་ལ་འགལ་བ་གང་ཡང་མེད་དོ།།


 

          ༈ དྲི་བ་གཉིས་པ་ནི། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།། གནོད་བྱེད་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ།། ཞེས་པའི་དོན། ལུས་ནད་གཉེན་པོ་གསུམ་བདག་གཅིག་གི་འབྲེལ་བ་གྲུབ་ན་གཅིག་གིས་གཅིག་ལ་ཕན་འདོགས་བྱེད་དུ་གྲུབ་པ་ཡིན་པས། གནོད་བྱ་གནོད་བྱེད་དུ་ག་ལ་རུང་། གལ་ཏེ་གནོད་བྱེད་དུ་རུང་ན་བདག་ཉིད་གཅིག་པ་མི་རུང་བས་དགྲ་ཟུན་ལྷན་གཅིག་ཏུ་གནས་པའི་འབྲེལ་བ་གང་ལས་གྲུབ། ཡང་འབྱུང་བ་བཞི་པོ་ཕན་ཚུན་མཚན་ཉིད་མི་མཐུན་པ་མེ་ཆུ་ལྟ་བུའི་སྒོ་ནས་གནོད་བྱ་གནོད་བྱེད་དུ་འགྲོ་ན་ནི། ཐོག་མར་གཟུགས་ཀྱི་ཕུང་པོ་འདི་ཀ་རང་རྒྱུ་མཚན་གང་གི་སྒོ་ནས་འགྲུབ་པར་འགྱུར་ཏེ། འབྱུང་བ་རྣམས་ནི་ཕན་ཚུན་མཚན་ཉིད་མི་མཐུན་པའི་གནོད་བྱ་གནོད་བྱེད་དུ་གྲུབ་པའི་ཕྱིར། འོན་ཏེ་འབྱུང་བ་རྣམས་ཕུང་པོ་འགྲུབ་པའི་སྐབས་སུ་གཅིག་གྲོགས་གཅིག་གིས་བྱེད་ཅིང་། ཕྱི་རྐྱེན་བཞིས་བསྐྱེད་པའི་སྐབས་སུ་གཅིག་གཤེད་གཅིག་གིས་བྱེད་དོ་ཞེ་ན་ནི་ཤ་དབྱེ་རུས་དབྱེའི་བཤད་པ་ཡིན་པས་དོན་ལ་མི་གནས་ལ། གདོན་ལ་རྟོགས་རྐྱེན་གསུམ་ཀ་འབྱུང་བ་ལས་མ་འདས་པ། དེས་ན་བསྐྱེད་པའི་སྐབས་སུ་ལུས་ཀྱི་ཁམས་རྣམས་ཀྱང་ཅི་སྟེ་མི་སྐྱེད། གལ་ཏེ་ལས་ཁོ་ནའི་བྱེད་པ་ལས་གཞན་དུ་མ་ཡིན་ནོ་ཞེའང་མ་ངེས་པ་འདྲ་སྟེ། མདོར་ན་རླུང་གིས་བསྐྱེད་པའི་མི་རྣམས་ནི། དབྱིབས་སྒུར་ཤ་སྐེམས་མདོག་སྔོ་སྨྲ་བ་མང་།། ཞེས་སོགས་རྒྱུ་མཐུན་གྱི་འབྲས་བུ་འབྱུང་བར་གསུངས་པ་དང་། ལས་ལ་དགེ་སྡིག་བར་མ་གསུམ་ཁ་ཚོན་ཆོད་ཅིང་། དེས་བསྐྱེད་པའི་འབྲས་བུ་ནི་བདེ་སྡུག་བཏང་སྙོམས་གསུམ་ཡིན་ལ། དེ་གསུམ་ནི་སེམས་ལས་བྱུང་བ་སྟེ། དེ་ལྟ་ན་ཤེས་པ་དང་འབྱུང་འགྱུར་ཕན་ཚུན་གནོད་བྱ་གནོད་བྱེད་དུ་ཅིའི་ཕྱིར་འགྲོ། འོན་དུ་ཟིན་ཀྱང་ཉེས་པ་གསུམ་ལས་ལོགས་སུ་གྱུར་པའི་ལུས་དང་། འབྱུང་བ་གཞན་བཙལ་དགའ་བས་དེ་ལྟར་དུ་འཇོག་པའི་རྒྱུ་གང་ལ་ཐུག དེ་བཞིན་གཉེན་པོ་རོ་ནུས་གཉིས་ཀྱིས་ནད་སེལ་བའི་སྐབས་སུ་ནད་ཀྱི་མཚན་ཉིད་དང་རྗེས་སུ་མཐུན་པའི་ལུས་ཀྱི་འབྱུང་བ་དེའང་ཅི་སྟེ་མི་སེལ། དེ་ལྟ་མིན་ན་གཉེན་པོ་དེ་ནད་གར་ཡོད་ཀྱི་སྟེང་དུ་འགྲོ་བའི་རྟེན་ཅིང་འབྲེལ་འབྱུང་སྨྲ་དགོས་ཤིང་། དེར་ཡང་དོགས་པ་འདི་ཡོད་དེ། ནད་མེད་གཉེན་པོས་དངོས་འགལ་དང་རྒྱུད་འགལ་གང་གི་སྒོ་ནས་འཇོམས། དང་པོ་ལྟར་ན། ནད་གང་ཡོད་ཐམས་ཅད་དུ་གཉེན་པོས་སླེབ་པ་མངོན་སུམ་གྱིས་ཁེགས་ལ། གཉིས་པ་ལྟར་ན། ནད་ཀྱི་མཚན་ཉིད་ཡང་བ་ལྟ་བུ་གཅིག་ལ་གཉེན་པོ་ལྕི་བ་ཁོ་ན་དགོས་པའི་རྒྱུ་མ་ཚང་། གཞན་ཡང་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤང་བ་གང་གི་སྒོ་ནས་འགལ་ཞེས་ཞིབ་ཏུ་དཔྱད་དགོས། དེར་མ་ཟད། སྤྱོད་ལམ་དང་ཕྱིའི་དཔྱད་ལ་བརྟེན་ནས་ཀྱང་ནད་ལ་གནོད་ལུགས་གཏིང་ཚུགས་ཤིག་མ་ཤེས་པར་མོས་བློ་ཙམ་གྱིས་ནི་ཕྱི་ནང་གོལ་བར་དོགས་ནས། ལུས་ནད་སྨན་རྒྱུ་ཀུན་མཚུངས་ན།། གནོད་བྱ་གནོད་བྱེད་ཇི་ལྟར་གྲུབ།། མཚན་ཉིད་མི་མཐུན་ཉིད་ཀྱི་ཕྱིར།། ཞེ་ན་ཕུང་པོ་གང་གིས་འགྲུབ།། ཅེས་སྨོས་པ་ལ་ལོང་རྡོ་འཕངས་པ་ནི་གནས་མ་ཡིན་ནོ།།

          ཞེས་པའི་ལན། མདོ་ལས་སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ།། ཞེས་སྙིང་པོའི་སེམས་ངོས་བཟུང་། མངོན་པ་ཀུན་བཏུས་ནས། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་ཀྱིས་བསྒོས་པས་ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པ། ཞེས་པས་དེ་ཉིད་བག་ཆགས་བསྒོ་བའི་གཞི་ཡིན་པར་བསྟན། དེ་ཡང་ཀུན་གཞིའི་ངོ་བོ་མ་སྒྲིབ་ལུང་དུ་མ་བསྟན་པ། རྟེན་ཁོག་པ་ཐམས་ཅད་ལ་མི་གསལ་བའི་རྣམ་པར་ཁྱབ་པ། སྒྲིབ་པའི་བག་ཆགས་ཐམས་ཅད་ཟད་ནས་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་འགྱུར་ཏེ་འགྲོ་བ། མ་ཟད་རིང་བག་ཆགས་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ་འཇུག་པའི་རྣམ་ཤེས་སུ་མ་ལངས་པ་ཞིག་ཡིན་ལ། དེ་ཀ་རང་ངོ་རང་གིས་མ་ཤེས་པ་ཙམ་ལ་ལྷན་སྐྱེས་ཀྱི་མ་རིག་པ་དང་། བཞི་པའི་ཕོ་བའི་བག་ཆགས་དང་། འདོད་ཆགས་ཀྱི་བག་ཆགས་དང་། མ་རིག་བག་ཆགས་ཀྱི་ས་ཞེས་ཀྱང་བྱ་སྟེ་འཁོར་བའི་རྩ་བ། ལངྐར་གཤེགས་པ་ལས། ཀུན་གཞིའི་ཆུ་བོ་དེ་བཞིན་དུ།། རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད།། སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས།། གར་ཞིང་རབ་ཏུ་འབྱུང་བར་འགྱུར།། ཞེས་དེ་ཉིད་རང་གི་བཞོན་པ་རླུང་གིས་དཀྲུགས་པས་ཀུན་གཞིའི་ངོ་བོ་གཟུགས་གཞན་དང་བདག་གི་རྣམ་པར་ཤར། དེའི་རྐྱེན་གྱིས་ཉོན་ཡིད་ཀྱིས་སེམས་གཉུག་མ་ང་མེད་ལ་ངའམ་བདག་ཏུ་བཟུང་། ཡིད་ཤེས་ཀྱི་སྒོ་ལྔའི་ཤེས་པ་རྟོག་མེད་ལ་མཚན་མར་བཟུང་ནས་ཆགས་སྡང་གི་ལས་བསགས། ལས་ཀྱིས་རང་འགག་པ་དང་དུས་མཉམ་དུ་ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པར་བྱེད་ལ། དེ་ལྟར་སེམས་ཀྱི་གནས་ལུགས་འོད་གསལ་ཉིད་ཐོག་མ་མེད་པའི་བག་ཆགས་དང་འདྲེས་པའོ།། དེ་ཡང་རྒྱུའི་ཐེག་པར། མ་རིག་པ་འཁོར་བའི་རྩ་བར་འཆད་པའི་ཚེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ཏུ་གཏོགས་པའི་མ་རིག་པ་ནི་ཉོན་མོངས་ཅན་དང་། དེའི་ཡང་རྒྱུར་གྱུར་པའི་མ་རིག་པ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ལས་ངོས་བཟུང་དྲི་མ་མེད་པའི་མདོ་ལས། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ།། དེས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ། འདོད་ཆགས་ཀྱང་འགྱུར་བའོ།། འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ། ཆགས་པ་དང་བྲལ་བ་ཞེ་སྡང་ངོ་།། ཞེ་སྡང་གི་བདག་ཉིད་ནི་རྒྱལ་བ་སྟེ། རྒྱལ་བ་ཞེས་བྱ་བ་ནི་གཏི་མུག་གོ།། དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ནི་མ་རིག་པ་སྟེ་ནམ་མཁའི་མེ་ཏོག་གི་འཕྲེང་བ་ནི་མ་ཡིན་ནོ།། མ་རིག་པ་ཞེས་བྱ་བ་ནི་ཉོན་མོངས་པའོ།། ཞེས་གསུངས་ཏེ་ཕྱི་མ་རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོ་མ་རིག་པ་ནི་ཉོན་མོངས་པ། དེས་ཀུན་ནས་བསླངས་ཏེ་དགེ་མི་དགེ་འདུ་བྱེད་པ་ནི་འདུ་བྱེད་དེ་ལས། དེ་ཀ་གཅིག་དང་པོར་མངལ་དུ་འཕངས་པའི་ཀུན་གཞི་ནི་རྣམ་པར་ཤེས་པ་སྟེ་སྡུག་བསྔལ་ལོ།། ཀླུ་སྒྲུབ་ཞབས་ཀྱིས། དང་པོར་བརྒྱད་པ་དགུ་ཉོན་མོངས།། གཉིས་པ་བཅུ་པ་ལས་ཡིན་ཏེ།། ལྷག་མ་རྣམས་ཡང་སྡུག་བསྔལ་ཡིན།། ཞེས་ཀྱང་ངོ་།། དུས་དེར་བརྟག་ལ་གཉིས་པ་ལས།། བོ་ལ་ཀ་ཀོ་ལ་སྦྱོར་བའི།། རེག་པ་སྲ་བའི་ཆོས་ཀྱིས་ནི།། ས་ནི་དེ་ལས་སྐྱེ་བར་འགྱུར།། བྱང་སེམས་ཁུ་བའི་རྣམ་པ་ལས།། ཆུའི་ཁམས་ནི་འབྱུང་བར་འགྱུར།། བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ།། འགྲོ་བ་རླུང་དུ་རབ་ཏུ་གྲགས།། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས།། ལྔ་པོ་རྣམས་ཀྱིས་ཡོངས་སུ་སྐོར།། ཞེས་འབྱུང་བའི་ས་བོན་གྲུབ། དེ་ལྟར་འཕགས་པ་ཀླུ་སྒྲུབ་ཉོན་མོངས་པ་དང་ལས་དང་། སྡུག་བསྔལ་བ་རྣམས་གཅིག་ལ་གཅིག་བརྟེན་པ་གདུང་ཁྱིམ་གྱི་ཚུལ་དུ་གསུམ་པོ་དག་ཏུ་ཟད་པར་འགྱུར་རོ།། ཟད་པ་ཞེས་བྱ་བ་ནི་མ་འདུས་པ་ཞེས་བྱ་བ་འདིའི་ཐ་ཚིག་གོ།། ཞེས་དང་། དབྱིག་གཉེན་ཞབས་ཀྱིས། རྒྱུ་དང་རྐྱེན་ལ་བརྟེན་ནས་དུས་མཉམ་དུ་འབྲས་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཞེས་སོ།། སྐད་གཅིག་གཉིས་པ་ནས་མེར་མེར་པོ་ལ་སོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ལ་ནི་ཕུང་པོ་གཞན་བཞི་ལ་མིང་གི་ཐ་སྙད་བྱས། གཟུགས་ཕུང་དངོས་སུ་སྨོས་ཏེ་མིང་གཟུགས་པོ་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ།། དེ་ནི་སེམས་མ་དག་པའི་རྒྱུ་དང་རྐྱེན་དུ་སྣང་བ་དུ་མ་འདུས་པའི་རྟེན་འབྲེལ་ལས་གྲུབ་པ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མ་རིག་ནས་རྩིས་རྒ་ཤིའི་བར།། མཐར་ཐུག་ཡན་ལག་བཅུ་གཉིས་ཀྱིས།། བརྟེན་ནས་འབྱུང་བའི་བྱ་བ་ནི།། ཁོ་བོས་རྨི་ལམ་རྒྱུ་འདྲར་འདོད།། ཅེས་དང་། གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་ལས། ལུས་འདི་ཤེས་མེད་བྱེད་པ་པོ་ཡང་མེད།། རང་བཞིན་མི་རྟག་རྐྱེན་ལ་བལྟོས་ནས་གྲུབ།། ཡང་དག་མ་ཡིན་རྣམ་རྟོག་ལས་སྐྱེས་པ།། འཕྲུལ་འཁོར་བཞིན་དུ་ལས་ཀྱི་དབང་གིས་འཇུག། ས་ཆུ་མེ་རླུང་ལྷན་གཅིག་ལུས་གྲུབ་ནས།། རྒྱུ་རྐྱེན་ཇི་བཞིན་ཐ་དད་འབྲས་བུ་ཐོབ།། ཞེས་དང་། ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་ལས། དཔེར་ན་ཤིང་གི་འཕྲུལ་འཁོར་ཕུར་བུ་གཅིག་གིས་བཟུང་བྱས་པ་དེ་བྱ་བ་ཐམས་ཅད་བྱེད་དེ་རྒྱུག་པ་དང་། མཆོངས་པ་དང་། གར་བྱེད་པ་དང་། བྱ་བ་རྣམ་པ་སྣ་ཚོགས་དག་ལ་འཇུག་ན་བཟང་སྐྱོང་འདི་ཇི་སྙམ་དུ་སེམས། འཕྲུལ་འཁོར་དེ་གང་གི་དབང་གིས་འཇུག་པར་འགྱུར། བཟང་སྐྱོང་གིས་གསོལ་བ། བཅོམ་ལྡན་འདས་བཀས་སྨྲས་པ་དེའི་རྒྱུས་ནི་བདག་གིས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་འཕྲུལ་འཁོར་དེ་ནི་ལས་ཀྱི་དབང་གིས་འཇུག་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ཞིང་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པའོ།། དེ་བཞིན་ལུས་ཀྱི་འཕྲུལ་འཁོར་འདི་ཡང་རྣམ་པར་ཤེས་པའི་དབང་གིས་འབྱུང་སྟེ། རྣམ་པར་ཤེས་པའི་ཁམས་འདི་ལུས་སྣ་ཚོགས་ལ་འཇུག་པ་ཡིན་ནོ།། ཞེས་སོགས་དང་། བཞི་བརྒྱ་པའི་འགྲེལ་པར། རྩིབ་ལོགས་སྐྱེས་ཀྱི་རིགས་སུ་གཏོགས་པའི་དགེ་སློང་འགའ་ཞིག་ཡོད་ལ། དེ་འཕྲུལ་འཁོར་གྱི་སློབ་དཔོན་ཞིག་གིས། བདག་གིས་ཁྱོད་ལ་བསོད་སྙོམས་སྦྱིན་གྱི། ཁྱོད་ཀྱིས་བདག་གི་ཁྱིམ་དུ་དབྱར་བྱ་དགོས་སོ་ཞེས་འགྲོན་དུ་གཉེར་བར་གྱུར་ཅིང་། དེའི་ཁང་བཟང་གི་འོག་ན་འཕྲུལ་འཁོར་གྱི་བྱ་བའི་ཕྱིར་འཕྲུལ་འཁོར་དག་མང་དུ་ཡོད་པར་ཡང་གྱུར་ཏོ།། དེ་ནས་དེས་དགེ་སློང་དེ་འདིར་ཇི་ལྟར་འདོད་པ་དེ་ལྟར་སྡོད་ཅིག་ཅེས་ཁང་བཟང་ཁོ་ནར་བཞག་གོ།། དབྱར་གྱི་དུས་སོང་བ་དང་བརྫང་བའི་ཕྱིར་དེ་ལ་ཆོས་གོས་ཀྱི་རིན་བྱིན་ཏེ་ལས་ཀྱི་གླ་བྱིན་པར་གྱུར་ཏོ།། དགེ་སློང་གིས་བདག་གིས་ཁྱོད་ཀྱི་ལས་ཅི་ཡང་མ་བྱས་པར་ཅིའི་ཕྱིར་གླ་བླང་བར་བྱ་ཞེས་སྨྲས་པ་དང་། དེས་ཁྱོད་ཀྱིས་ཡུད་ཙམ་ཡང་ཁྱིམ་འདིར་ལས་མེད་པར་སྤྱོད་ལམ་གང་གིས་ཀྱང་མ་སྡོད་ཅེས་སྨྲ་ཞིང་དེ་ལས་འཕྲུལ་འཁོར་དེས་བསྒྲུབས་པའི་ཁེ་ཡང་སྟོན་པར་བྱེད་པར་གྱུར་ཏོ།། ཞེས་འབྱུང་བ་དགེ་སློང་དེའི་སྤྱོད་ལམ་ཀུན་འཕྲུལ་འཁོར་བསྐྱོད་པའི་ལས་ཡིན་མོད་ཀྱི། སྤྱོད་ལམ་འཕྲུལ་འཁོར་གྱི་བྱ་བའི་གཟུགས་སུ་མེད་ལ། འཕྲུལ་འཁོར་བཟོ་བའི་སེམས་ཀྱི་ལས་གཟུགས་སུ་མེད་ཀྱང་བྱ་བ་སྣ་ཚོགས་ཀྱི་རྒྱུ་བྱེད་པ་དང་འདྲ་བར། སྙིང་པོའི་སེམས་ལ་བརྟེན་པའི་སེམས་པའི་ལས་སྣ་ཚོགས་པའི་དབང་གིས་ལུས་ཀྱི་ཁྱད་པར་སྣ་ཚོགས་པ་དག་འགྲུབ་བོ།། དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་།། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད།། འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས།། སེམས་སྤང་ན་ནི་ལས་ཀྱང་ཡོད་མ་ཡིན།། ཞེས་གསུངས་པ་བཞིན། ཐུན་མོང་བའི་ལས་ཀྱིས་ཕྱི་སྣོད་འཇིག་རྟེན་ཁམས་སོགས་ཐུན་མོང་གི་ལོངས་སྤྱོད་དང་། ཐུན་མོང་མ་ཡིན་པའི་ལས་ཀྱིས་སེམས་ཅན་རང་རང་གི་ལུས་དང་ལོངས་སྤྱོད་སོགས་འཕེན་ཅིང་འབྱུང་བ་ཡིན་ན། ཇི་ལྟར་རླུང་གིས་བསྐྱེད་པའི་མི་རྣམས་ནི།། དབྱིབས་སྒུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང་།། ཞེས་སོགས་རྒྱུ་མཐུན་གྱི་འབྲས་བུ་ལས་ལས་བྱུང་བར་ཁས་བླངས་པ་ཙམ་ལ་མི་རིགས་པ་ཅིག་ཞིག་ཡོད། དེ་ལྟར་འབྱུང་བ་མཚན་ཉིད་མི་མཐུན་པ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཏེ་ལུས་འགྲུབ་པ་ནི། ལས་ཉོན་རྟེན་འབྲེལ་ཚོགས་པའི་རྗུན་སྣང་དུ་གྲུབ་པས་བར་དུ་གནས་པའི་ཚུལ་ཡང་རྟོགས་པར་བྱས་ནས། མཐར་གཅིག་གཤེད་གཅིག་གིས་བྱས་ཏེ་འཇིག་པའི་ཚུལ་ཡང་གོང་དང་གནད་གཅིག་སྟེ། བཟང་སྐྱོང་གིས་ཞུས་པའི་མདོ་ལས། བཟང་སྐྱོང་འདིར་འཆི་བའི་དུས་ཀྱི་ཚེ་ལས་ཟད་པས་ཚེ་འགག་པ་ན་ལས་ཀྱི་སྒྲིབ་པས་ཟིན་པའི་རྣམ་པར་ཤེས་པའི་ཁམས་འདི་འཕོ་བར་འགྱུར་ཏེ། དཔེར་ན་དགྲ་བཅོམ་པ་འགོག་པའི་སྙོམས་པར་འཇུག་པའི་ཁམས་དེ་ཁོག་པ་འགགས་ནས་ཡོངས་སུ་འཕྱན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་སྐྱེ་བ་པོ་ཤི་བའི་ལུས་ཡོངས་སུ་བཏང་ཞིང་ཁམས་རྣམས་བོར་ནས་དྲན་པ་སྟོབས་དང་ལྡན་པར་འགྱུར་ཏེ། ཞེས་གསུངས་ཏེ། རྣམ་ཤེས་གང་གིས་ཟིན་པས་ལུས་ལ་ཟིན་པར་བརྗོད་པའི་རྣམ་ཤེས་དེ་ལུས་དེ་དང་ལྷན་ཅིག་ཏུ་གནས་པ་ལ་བར་དུ་གཅོད་པའི་སྒྲིབ་པའམ་ལས་དེས་གནས་པའི་འགལ་རྐྱེན་བྱས་པ་ལས་འཕོས་ཏེ། དགྲ་བཅོམ་ཐ་མའི་ཁོག་པ་འགགས་ནས་ཡིད་ཀྱི་ལུས་སུ་འཕྱན་པ་དཔེར་མཛད་ལ། དེ་དག་གིས་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། རབ་ཏུ་མི་ཤེས་མི་རྣམས་ནི།། ཐོག་མེད་དུས་ཅན་ཉོན་མོངས་ཀྱིས།། བག་ཆགས་རབ་ཏུ་བསགས་བྱས་ལ།། དེས་ན་སྔོན་བྱས་ལས་ཀྱིས་ནི།། སྐྱེ་དང་འཆི་བ་ཡང་དག་འབྱུང་།། ཞེས་པ་དེ་ལེགས་པར་འགྲུབ་བོ།། དེ་ནི་གནོད་བྱེད་ཉེས་པ་གྲུབ་པའི་ཚུལ། རྒྱལ་སྲས་དཔའ་བོས། སྐྱེ་བའི་དང་པོ་ཁུ་ཁྲག་གནས།། དུག་ཅན་སྲིན་བུའི་དུག་དང་མཚུངས།། ཞེས་དང་། ཟླ་ཟེར་ལས་དཔེར་ན། དུག་ནི་སྲོག་འཇིག་པའི་རྒྱུ་ཡིན་ཡང་དུག་གིས་སྲིན་བུ་འདི་སྐྱེ་བའི་རང་བཞིན་ཅན་དུ་འབྱུང་བར་སྣང་ངོ་།། དེ་བཞིན་དུ་འདི་དག་ནི་གནོད་པའི་རང་བཞིན་ཅན་ཡིན་ཡང་རང་གི་ཚད་པས་ལྷག་པའི་ཉེས་པ་ཁུ་བ་དང་ཁྲག་ལ་གནས་པས་སྐྱེ་བའི་དང་པོ་ལུས་འབྱུང་བར་འགྱུར་རོ།། ཞེས་འབྱུང་བས། དུས་དེའི་ཉེས་པ་རེ་རེ་ཤས་ཆེ་བ་ལས་རང་བཞིན་ཆུང་འབྲིང་ཆེན་པོ་དང་། གཉིས་ཤས་ཆེ་བས་བར་མ་ཡིན་ཀྱང་ནད་མང་བ་དང་། ཆ་སྙོམས་པ་མཆོག་སྟེ་ནད་མེད་པའི་ལུས་འགྲུབ་པར་བཤད་པ་ནི་རགས་པའི་རྣམ་བཞག་ཡིན་ལ། གཙོ་ཆེར་ནི་ལས་ལ་རག་ལས་སོ།། ལུས་ཀྱི་འབྱུང་བའི་རང་བཞིན་དེ་ལྷན་སྐྱེས་སུ་རླུང་རྩུབ་ཡང་གྲང་ཕྲ་སྲ་ཞིང་གཡོ་བ་དང་། མཁྲིས་པ་སྣུམ་བཅས་རྣོ་ཚ་ཡང་ལ་དྲི་མནམ་འཁྲུ་ཞིང་གཤེར་བ་དང་། བད་ཀན་སྣུམ་བསིལ་ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་གྱི་ངོ་བོར་ལྡང་ཚད་བཞིན་རང་གནས་སུ་གནས་པ་ནི་ལུས་ལས་གཞན་མ་ཡིན་པས་གནོད་བྱེད་དུ་བཏགས་ཀྱང་མིང་ཙམ་སྟེ། བདེ་མཆོག་གི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཇི་ལྟར་ཉི་མ་ཟླ་བ་དག། རླུང་འདེགས་མཁའ་ལ་འཛིན་པ་དང་།། དེ་བཞིན་རླུང་མཁྲིས་བད་ཀན་གྱིས།། འགྲོ་བའི་ལུས་འདི་འཛིན་པར་འགྱུར།། ཞེས་སོ།། དེ་ལྟར་ཡིན་ཀྱང་སྔོན་ལས་ཀྱི་རྒྱུ་དང་རྐྱེན་དུ་འོས་བ་ཕྲད་ཚེ་ནམ་ཞིག་འཕེལ་ཟད་འཁྲུགས་པའི་སྒོ་ནས་རྣམ་པར་འགྱུར་རུང་དུ་གནས་པས་གནོད་བྱ་གནོད་བྱེད་གཉིས་ནི་རྟེན་དང་བརྟེན་པའི་ཚུལ་གྱིས་འབྲེལ་བ་སྟེ་གསེར་འོད་དམ་པའི་ལུང་འཕྲོར། ལྷན་ཅིག་གནས་ཀྱང་ཕན་ཚུན་གནོད་བྱེད་པས།། སྦྲུལ་གདུག་བཞི་པོ་གཟེབ་གཅིག་གནས་པ་འདྲ།། འབྱུང་ཆེན་སྦྲུལ་བཞི་རང་བཞིན་ཐ་དད་པས།། ལྷན་གཅིག་གནས་ཀྱང་མཐོ་དང་དམའ་བ་ཡོད།། སྟེང་འོག་འགྲོ་ཞིང་ལུས་ནི་ཀུན་ཏུ་ཁྱབ།། འདི་དག་མཐར་ནི་ཟད་པའི་ཆོས་སུ་འགྲོ།། སྦྲུལ་གདུག་རྣམ་པ་བཞི་པོ་དེ་རྣམས་ལས།། ས་ཆུའི་སྦྲུལ་གཉིས་ཕལ་ཆེར་ཐུར་དུ་འབྱིང་།། མེ་རླུང་སྦྲུལ་གཉིས་རང་བཞིན་ཡང་བས་ན།། མི་མཐུན་འདི་དབང་ནད་མང་སྐྱེ་བར་འགྱུར།། ཞེས་སྦྲུལ་གདུག་པ་བཞི་དང་འདྲ་བའི་ལུས་ཀྱི་འབྱུང་བ་ཡང་རང་བཞིན་མི་མཐུན་པའི་དབང་གིས་ཆ་མཉམ་པ་མ་གཏོགས་གཅིག་ཙམ་མགོ་མཐོར་མི་ཉན། རྟག་ཏུ་གསོ་ཞིང་བསྐྱེད་ནི་དགོས། མེའི་མཐུན་རྐྱེན་གང་ཡིན་པ་དེ་ཆུའི་མི་མཐུན་ཕྱོགས་ཡིན་པས་མཚོན། ཟས་སྐོམ་ཧ་ཅང་མང་བ་དང་ཉུང་བ་དང་ནོར་ནས་བྱིན་པ་ལྟ་བུས་འཕེལ་ཟད་འཁྲུག་པར་བྱེད་ལ། དེ་དག་གི་ཚད་དང་དུས་ཚོད་སོགས་ཀྱང་ཇི་བཞིན་ཤེས་དཀའ་བས་ན་དུས་གདོན་ཟས་སྤྱོད་བཞིའི་རྐྱེན་གྱིས་ནད་འབྱུང་བར་གྲགས་སོ།། གདོན་མ་གཏོགས་རྐྱེན་གསུམ་ཀ་འབྱུང་བ་ལས་མ་འདས། ཞེས་གདོན་འབྱུང་བའི་ཁྲོད་ནས་ཕུད་པ་ནི་མི་འཐད་པ་འདྲ་སྟེ། རྒྱ་ནག་གི་རྩིས་ལུགས་ལ་འབྱུང་བ་གདོན་དུ་སྨྲ་བ་ཞེས་བཤད་པ་དང་མཐུན་པར། ཕྱི་རྒྱུད་ལས། གདོན་ཕྱྭ་ཤིང་རྩ་གཉན་དང་རྒྱལ་པོར་བཟུང་།། མེ་རྩ་བཙན་བདུད་ལྕགས་རྩ་རྒྱལ་པོ་དཀོར།། ས་ཡི་རྩ་ལ་ས་བདག་མ་མོར་བཟུང་།། ཆ་རྩ་ཀླུ་དང་ཀླུ་སྲིན་དམ་སྲིར་བཟུང་།། ཞེས་སོགས་བཤད་པའི་ཕྱིར་རོ།། ནད་དང་ལུས་ཀྱི་ཁམས་མཉམ་དུ་འཕེལ་ཟད་རིགས་གསུངས་པ་ནི། ད་ལྟ་གསོ་བ་རིག་པ་རྣམས་ཀྱི་ཉམས་ལོན་པའི་དྲི་བར་སྣང་སྟེ། སྙིང་པོ་བསྡུས་པ་ལས། གང་ཞིག་མཉམ་པས་ལུས་ནི་འཕེལ་བར་བྱེད།། ཉེས་པ་དེ་ནི་མི་མཉམ་གསོད་པར་བྱེད།། དེ་བས་ཟད་པ་འཕེལ་བ་ལྟ་བུ་ནི།། ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ།། ཞེས་རྣམ་པར་གྱུར་པའི་ཉེས་པ་དེ་རང་གནས་སུ་སྙོམས་གནས་འཇོག་པར་བྱེད་པའི་ཐབས་ཡིན་གྱི། འབྱུང་བ་གང་ཡིན་ཏེ་གཏན་མེད་དུ་གཏོང་བར་སུ་ཞིག་གིས་སྨྲས། སྤྱིར་ཡང་རིག་པའི་གཞུང་ལས། དེ་ལ་རང་མཚན་དངོས་པོ་སྟེ།། སྤྱི་ནི་དངོས་པོར་གྲུབ་པ་མེད།། ཅེས་པ་བཞིན་རང་རང་གི་མཚན་ཉིད་སོ་སོར་འཛིན་པས་ན་ནད་སེལ་བས་ལུས་ཀྱི་འབྱུང་བ་སེལ་དགོས་པར་ཅི་ལ་འགྱུར། འབྱུང་བཞིར་མཚུངས་པས་སོ་སྙམ་ན། སྣོད་བཅུད་གཉིས་ཀ་ཡང་དེར་འགྱུར་རོ།། གཉེན་པོས་ནད་སེལ་དུས་རྟོག་གེའི་འགལ་བ་རྣམས་གཞི་དང་མཐུན་དགོས་པའི་ངེས་པའང་མེད་དེ། སྨན་རང་རང་གི་རང་བཞིན་ཁོ་ན་གཙོ་ཆེ་ཡི། རོ་ནུས་ཞུ་རྗེས་སོགས་རགས་པའི་རྣམ་བཞག་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར། ཟླ་ཟེར་ལས། དེ་ལ་སྨན་ནི་བཟང་དང་ངན།། ལ་ལ་རོས་ནི་ལས་བྱེད་ལ།། གཞན་དག་འཇུ་བས་ལས་བྱེད་ཡིན།། ཡོན་ཏན་གཞན་དང་ནུས་པ་དང་།། མཐུ་ཡིས་ལས་ལ་བྱེད་པ་ཡིན།། ཞེས་བྱ་བ་ལ་དེ་ལ་ཞེས་པ་ནི་ངེས་པར་བཟུང་བ་སྟེ། སྨན་གྱི་རོ་དང་ནུས་པ་དང་མཐུ་སྟོབས་ཀྱི་ནང་ནས་སྨན་བཟང་བ་དང་ངན་པ་ཞེས་བྱ་བ་སྟེ་ཡོད་པ་དང་མེད་པའི་ལས་སྨན་ལ་ལ་རོས་བྱེད་པ་དང་། གཞན་དག་ནི་འཇུ་བ་ལས་བྱེད་པ་དང་། ལས་བཟང་ངན་གཞན་དག་ནུས་པས་བྱེད་པ་དང་། ལས་གཞན་དང་གཞན་དག་མཐུ་ཡིས་བྱེད་པ་ཡིན་ནོ།། འདི་དག་ནི་བསྡུས་པ་ལས་རྒྱ་ཆེར་བཤད། དཔེར་ན་སྦྲང་རྩི་ནི་རོ་མངར་དུ་ཟིན་ཀྱང་ཞུ་བའི་རྗེས་ཁ་བ་དང་བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང་། ནུས་པ་བསིལ་བས་རླུང་སྐྱེད་པར་བྱེད་དོ།། བརླན་ཅན་གྱི་སའི་ཆུ་ནི་ནུས་པ་དྲོ་བ་ཡིན་པས་མཁྲིས་པ་སྐྱེད་པར་བྱེད་ལ། དེ་བཞིན་དུ་ཏིལ་མར་ནི་ཞུ་རྗེས་ཁ་བ་ཉིད་ཀྱིས་བཤང་གཅི་སྐྱེད་ལ། རང་སྐྱུར་རྩབ་མོ་ནི་སྐྱུར་ཡང་རྩུབ་ཅིང་དྲོ་བ་ཡིན་པ་དང་། ནིམ་པའི་རྐང་ནི་རྩུབ་པས་མཁྲིས་པ་བསྐྱེད་པ་དང་། སྐྱུ་རུ་ར་ནི་ནུས་པ་བསིལ་བ་དང་ཞུ་རྗེས་མངར་བས་བད་ཀན་སྐྱེད་པ་དང་། ཡང་ཞིང་རྩུབ་པས་ཀྱང་རླུང་མི་བསྐྱེད་པ་དང་། ལན་ཚྭ་ལྕེ་མྱང་ཚ་ནི་ཞུ་རྗེས་མངར་བས་མཁྲིས་པ་སེལ་ཞིང་ཡང་བས་བད་ཀན་ལ་ཕན་པ་དང་། པུ་ཤེལ་རྩེ་དང་བཅའ་སྒ་ནི་སྣུམ་ཞིང་དྲོ་བ་དང་ཞུ་རྗེས་མངར་བས་རླུང་སེལ་བ་དང་། པི་པི་ལིང་ཡང་དེ་དང་འདྲ་བར་རླུང་སེལ་བ་དང་། སྒོག་སྐྱ་དང་ཀུན་དོང་དག་ནི་སྣུམ་པ་དང་ཚ་བ་དང་ལྕི་བས་རླུང་སེལ་བར་བྱེད་ལ། དེ་དག་ནི་སྣུམ་པས་ལྕི་བས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ།། ལ་ཕུག་རྒན་པོ་ནི་ཞུ་རྗེས་མངར་བས་བད་ཀན་བསྐྱེད་ལ། བྲི་ཧ་ཏི་དང་ཀཎྜ་ཀ་རི་དང་བྱི་ཤ་ལ་ནི་ནུས་པ་ཚ་བས་མཁྲིས་པ་བསྐྱེད་པ་དང་། ཤ་ནི་ནུས་པ་དྲོ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་དང་། ཀུ་ལརྠ་ནི་རོ་བསྐ་ཡང་ཞུ་རྗེས་བསིལ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་ཡིན་ནོ།། དེ་ལྟར་ན་དེ་དག་གིས་ཕྱོགས་གཅིག་ཙམ་གྱི་དཔེ་བསྟན་པ་ཡིན་ནོ།། ཞེས་དང་། ཡང་། སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས།། སྨན་དབྱེ་ཐ་དད་གྱུར་པ་ཡིན།། ཞེས་བྱ་བ་ལས། སྤྱིར་བཤད་པའི་སྨན་གྱི་རོ་དང་འཇུ་བ་དང་ནུས་པ་ལ་སོགས་པའི་ལས་དེ་ཡང་ཐ་དད་པར་འགྱུར་བ་ཡིན་ཞིང་བྱེ་བྲག་ཏུ་འགྱུར་བ་ཡིན་ནོ།། གང་གིས་ཐ་དད་པར་འགྱུར་ཞེ་ན། སྣ་ཚོགས་པའི་རྐྱེན་གྱི་དབྱེ་བས་ཐ་དད་པར་འགྱུར་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་གྱིས་རྣམ་པ་ཐ་དད་པའི་ཚུལ་དུ་གནས་པའི་འབྱུང་བ་ཆེན་མོ་རྣམས་ལ་བྱ་ལ། དེ་ཡང་སེམས་ཅན་རྣམས་ཀྱིས་སྔོན་དགེ་བ་དང་མི་དགེ་བ་བྱས་པའི་ལས་ལས་བྱུང་བ་འབྱུང་བ་ཆེན་པོ་དེ་རྣམས་སྣ་ཚོགས་པའི་ཐ་དད་པ་དེ་ལྟ་བུར་ཡོངས་སུ་གྱུར་པའི་རྐྱེན་སྣ་ཚོགས་པ་རྣམས་ཀྱིས་བསྐྱེད་པའི་སྨན་དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་ཏེ། ཁྱད་པར་གྱི་དབྱེ་བ་དེའི་སྤྱིར་བཤད་པའི་སྨན་རྣམས་ལས་དབྱེ་བ་ཐ་དད་པར་འགྱུར་ཞིང་དུ་མ་ཉིད་དུ་གནས་པ་ཡིན་ལ། རོ་ལ་སོགས་པ་ཡང་སྨན་རྣམ་པ་གཉིས་པོ་ལས་ལ་ལ་ནི་རོ་རྩོམ་པར་བྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་ལ། ལ་ལ་ནི་ནུས་པ་སྐྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་པས་རྐྱེན་སྣ་ཚོགས་པ་ཉིད་དུ་གནས་པ་ཡིན་ཏེ། དེ་དག་གིས་ཕྱོགས་གཅིག་གི་དཔེ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གྲོ་དང་ནས་ནི་མངར་བ་དང་།། ལྕི་བས་རླུང་འཇོམས་སྐྱེད་བྱེད་ཡིན།། ཉ་དྲོ་འོ་མ་བསིལ་བ་དང་།། སེང་གེའི་ཁ་ཡི་ཕག་གི་མིན།། ཞེས་བྱ་བ་ལ། གྲོ་དང་ནས་དག་ནི་རོ་མངར་བ་དང་། ཡོན་ཏན་ལྕི་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང་། གྲོས་ནི་རླུང་འཇོམས་པར་བྱེད་ལ། ནས་ཀྱིས་རླུང་བསྐྱེད་པར་བྱེད་པ་ནི་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བས། ཉ་ནི་རོ་མངར་དུ་ཟིན་ཀྱང་ནུས་པ་དྲོ་བ་ཡིན་གྱི་བསིལ་བ་མ་ཡིན་ལ། འོ་མ་ནི་རོ་མངར་བ་ཡིན་ཡང་ཞུ་རྗེས་དང་ནུས་པ་བསིལ་བ་ཡིན་གྱི་དྲོ་བ་ནི་མ་ཡིན། དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་སེང་གེའི་ཤ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ལ་སོགས་པ་ཁ་བ་ཡིན་ལ། ཕག་གི་ཤ་ནི་རོ་མངར་བ་ཡིན་པ་ལ་ཞུ་རྗེས་ལ་སོགས་པ་ཡང་མངར་བ་ཉིད་ཡིན་ནོ།། དེ་ལྟ་ན་ཐམས་ཅད་ཀྱང་སྣ་ཚོགས་པ་ལས་བྱུང་བའི་ཕྱིར། རོ་དང་ཞུ་རྗེས་ནུས་པ་ཐ་དད་པར་་གྱུར་པ་ཡིན་པར་དཔེས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ།། ཞེས་གསུངས་ཤིང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཛམ་བུ་གླིང་ལ་ལར་ནི་བདག་ཉིད་ཁམས་བཞི་པོ་རྣམས་སུ་བསྒྱུར་བར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ནད་བསལ་བར་བྱ་བའི་ཕྱིར་བདག་ཉིད་སྨན་དང་ཤིང་ཐམས་ཅད་དུ་བསྒྱུར་བར་བྱེད་དོ།། ཞེས་དེ་བཞིན་གཤེགས་པའི་འཕྲིན་ལས་སུ་བཤད་པའང་ཡོད་ལ། གསོ་རིག་རང་ལུགས། གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ།། རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ།། ཞེས་བསོད་ནམས་ཀྱི་མཐུ་ལས་སྨན་དང་། མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ་ཞེས་དེ་ཤེས་པ་གསོ་རིག་ལ་བལྟོས་པ་སོགས་ཐབས་ཐབས་བྱུང་གི་འབྲེལ་བ་ལྷག་མ་རྣམས་གསུངས་སོ།། དེ་ལྟར་ལུས་ནད་གཉེན་པོ་གསུམ། ཆགས་གནས་འཇིག་པ་གསུམ་ཐམས་ཅད་ཀྱི་རྒྱུ་ལས་ཁོ་ནས་བྱ་བར་ནུས་སམ་ཞེ་ན་ནུས་ཏེ། བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས།། བསྟན་མ་ལས་དང་ཀླུ་རྣམས་དང་།། སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱིས།། བསམ་གྱི་མི་ཁྱབ་བཞིར་བཤད་དོ།། ཞེས་བསྟན་མ་དང་། ལས་དང་། ཀླུ་དང་། སངས་རྒྱས་ཀྱི་མཐུ་ཡང་བསམ་གྱིས་མི་ཁྱབ་ཅེས་བཀའ་སྩལ་བའི་ཕྱིར་རོ།། མཛོད་འགྲེལ་ལས། ཐོག་པ་མེད་པས་ན་ཐོགས་མེད་ལྡན་ཏེ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པའི་རི་བོ་ལྕགས་ཀྱི་ཐོ་ལུམ་འབར་བ་གཤགས་པའི་ནང་ན་བྱུང་བའི་སྲིན་བུ་དམིགས་སོ་ཞེས་གྲགས་སོ།། ཞེས་པ་དང་། རྡོ་ཤིན་ཏུ་མཁྲེགས་པའི་ཁོག་ནས་སྲོག་ཆགས་འབྱུང་བ་སོགས་ཀྱང་ལས་ཀྱིས་མ་ཡིན་ན་ཇི་ལྟར་འགྲུབ་ཅིང་སྲིད་པར་འགྱུར། དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས། ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ།། ཞེས་བཀའ་སྩལ་བ་ཡིན་ནོ།།


 

          ༈ དྲི་བ་གསུམ་པ་ནི། བཅོམ་ལྡན་འདས་ཀྱིས། ཚེ་འདིའི་བདེ་བའི་ཆ་ཐམས་ཅད་སྔོན་གྱི་ལས་དགེ་བས་འཕངས་པ་དང་། སྡུག་བསྔལ་གྱི་ཆ་ཤས་ཀུན་ཀྱང་མི་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་པར་ཐེག་པ་གོང་འོག་ཐམས་ཅད་དུ་ཡང་ནས་ཡང་དུ་གསུངས་གནང་ལ། སྐབས་འདིར། བཞི་བརྒྱ་རྩ་བཞིའི་ནང་ནས་སྔོན་ལས་ཀྱིས་འཕངས་པ་བཞི་ཆ་གཅིག་ལས་མེད་པར་གསུངས་པས་ན། ནད་གཞན་ཐམས་ཅད་སྡུག་བསྔལ་མ་ཡིན་པར་ཐལ་ཞིང་། སྡུག་བསྔལ་ཡིན་ན་སྔོན་ལས་ཀྱིས་འཕངས་པར་ཅི་སྟེ་མི་འགྲོ། དེ་ལྟ་ན་སྔོན་ལས་ཀྱིས་འཕངས་པའི་འབྲས་བུ་འཕྲལ་རྐྱེན་གྱིས་སེལ་ནུས་པ་ཧ་ཅང་ཐལ་ཆེས་པས། རྣམ་པ་གཉིས་སུ་ན། ནད་དེ་ལུས་ལས་བྱུང་བ་ཡིན་ནམ། སེམས་ལས་བྱུང་དཔྱད་དགོས་ཏེ། དང་པོ་ལྟར་ན་སྔོན་ལས་ཀྱིས་འཕངས་པར་མི་འགྲོ་བས། ལས་ཀྱིས་མ་བསྐྱེད་པའི་སྡུག་བསྔལ་ཡོད་པར་མ་གསུངས། གཉིས་པ་ལྟར་ན་སྨན་དཔྱད་ཟས་སྤྱོད་ཀྱིས་སེལ་ནུས་པའི་སེམས་ཀྱི་ནད་དེ་ངོ་མཚར་དུ་མཐོང་ནས། འཕྲལ་རྐྱེན་སྨན་དཔྱད་ཟས་སྤྱོད་ཀྱིས།། ནད་སེལ་ནུས་པའི་ཤེས་བྱེད་ཅི།། བདེ་སྡུག་ཐམས་ཅད་ལས་ཡིན་པར།། ཡང་ཡང་རྒྱལ་བས་གསུང་མིན་ནམ།། ཞེས་སྨོས་པ་ལ་གྱ་ཚོམ་དུ་སྤྱོད་པ་ནི་རིགས་པ་མ་ཡིན་ནོ།།

          ཞེས་པའི་ལན་ནི། སྤྱིར་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུ་ལས་འབྲས་བུ་བདེ་སྡུག་གི་ཚོར་འབྱུང་བ་ནི་བདེན་མོས་ཀྱི། དེ་ལ་ཡང་། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི།། བསྐལ་བ་བརྒྱར་ཡང་ཆུད་མི་ཟད།། ཚོགས་ཤིང་དུས་ལ་འབབས་པ་ན།། འབྲས་བུ་ཉིད་དུ་སྨིན་པར་འགྱུར།། ཞེས་དང་། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར།། རྗེས་སུ་དཔོག་པར་གང་ཡིན་ཏེ།། ཞེས་རྒྱུ་རྐྱེན་ཚོགས་ཤིང་དུས་ལ་བབས་ན་འབྲས་བུ་འབྱུང་བར་འགྱུར་རོ།། སྨིན་ལུགས་ཀྱང་། ལས་གཞིར་བཞག་ལ་ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་སུ་ཡོད་པའི་དང་པོ་དེ་ལ། མཛོད་ལས། མཐོང་བའི་ཆོས་ལ་སོགས་པ་ལ།། མྱོང་འགྱུར་ལ་སོགས་ངེས་རྣམ་གསུམ།། ཞེས་མཐོང་ཆོས་ཚེ་འདི་ལ་རྣམ་སྨིན་མྱོང་བར་ངེས་པ། ཚེ་ཕྱི་མ་ལ་མྱོང་བ་སྐྱེས་ནས་མྱོང་འགྱུར། ཕྱི་མ་ཕན་ཆད་ལ་མྱོང་བ་ལན་གྲངས་གཞན་ལ་མྱོང་འགྱུར་ཏེ། དེ་གསུམ་རྣམ་སྨིན་མྱོང་ངེས་དང་། ལས་གང་ཞིག་རྐྱེན་དང་ཕྲད་ན་འབྲས་བུ་འབྱིན་ལ། མ་ཕྲད་ན་མི་འབྱིན་པ་དེ་མ་ངེས་པའི་ལས་ཡིན་ནོ།། དེ་ལྟ་ན་ནད་ཀྱི་རྒྱུའི་ལས་དེ་དེ་དག་གང་རུང་དུ་འདུའམ། གཞན་ཡིན་ཞེ་ན། འདི་ནི་ངོ་བོ་འཕེན་རྫོགས་གཉིས་སུ་ཕྱེ་བའི་རྫོགས་བྱེད་ཀྱི་ལས་སུ་བསྡུ་བར་རིགས་ཏེ། ས་པཎྜི་ཏས། མཐོ་རིས་དགེ་བས་འཕངས་མོད་ཀྱི།། དེའི་ནད་དང་གནོད་པ་ཀུན།། རྫོགས་བྱེད་སྡིག་པ་ཡིན་པར་གསུངས།། ཞེས་དང་། ལས་འབྲས་གསལ་བའི་མེ་ལོང་ལས། རྟག་པར་སྡིག་པའི་ལས་བསགས་ཀྱང་།། འཆི་ཚེ་དགེ་བས་མཚམས་སྦྱར་ན།། འཕེན་བྱེད་དགེ་བས་འཕངས་པའི་རི།། བདེ་འགྲོར་སྐྱེས་ཀྱང་རྫོགས་བྱེད་ལས།། སྡིག་པས་ནད་ཅན་དབུལ་པོ་སོགས།། རྟག་པར་སྡུག་བསླལ་གྱིས་གཟིར་འགྱུར།། ཞེས་གསུངས་པའི་ཕྱིར་རོ།། དེ་ལའང་སྨིན་ལུགས་བཞི་སྟེ། ལས་ཤིན་ཏུ་སྟོབས་ཆེ་བ་ནི་ངེས་པར་སྲོག་འཕྲོག་པའི་ཕྱིར་གཞན་དབང་གི་ནད་དེ་གསོ་ཐབས་མེད་ལ། ཁ་ཅིག་ནི་སྔོན་ལས་ཀྱི་ཁྱད་པར་ལན་ཆགས་ཤ་ཁོན་གྱི་འབྲེལ་བ་ཀུན་བརྟགས་གདོན་ནད་དེ་རིམ་གྲོས་ལན་ཆགས་གཞལ་དགོས་ཤིང་། ལ་ལ་ནི་དགེ་མིདགེའི་ལས་འདྲེས་པས་ནད་ཀྱང་བྱུང་ལ་གསོ་ཐབས་ཀྱང་འཇུག་པ་ཡོངས་གྲུབ་ཚེའི་ནད་དང་གཞན་དག་ལས་སྟོབས་ཕྲ་བས་རྐྱེན་དང་ཕྲད་ཀྱང་འབྲས་བུ་ཆེར་མི་བསྐྱེད་ཅིང་། རྐྱེན་ཆུང་ན་ལམ་ནས་ཀྱང་ལྡོག་པ་ལྟར་སྣང་གི་ནད་དེ་བཞི་ཡོད་དོ།། ཞེས་སྟོན་པ་ལ། བཤད་རྒྱུད་ལས། དེ་ལ་གཞན་དབང་བཅོས་ཀྱང་འཆི་བ་དང་།། ཀུན་བརྟགས་གདོན་ནད་རིམ་གྲོས་གྲོལ་བ་དང་།། ཡོངས་གྲུབ་མ་བཅོས་འཆི་ལ་བཅོས་ན་འཚོ།། ལྟར་སྣང་མ་བཅོས་རང་བཞིན་འཚོ་བ་བཞི།། ཞེས་གསུངས་པ་ཡིན་ལ། རིགས་པའི་དབང་ཕྱུག་གིས། མ་བརྗོད་ན་ཡང་འདོད་པ་ནི་ཤུགས་ལས་རྟོགས་པར་འགྱུར་བ་ཡིན། གསུངས་པ་ལྟར་ཕྱི་མ་གསུམ་གྱི་རྒྱུ་ཡང་ལས་ཡིན་པ་གོང་མའི་ཤུགས་ལས་གོ་དགོས་སོ།། དེ་དག་ཀྱང་གོང་མ་ནི་རྒྱུ་གཙོ་ཆེ་བས་ངེས་པའི་ལས་ཡིན་ལ། ཕྱི་མ་གསུམ་རྐྱེན་གཙོ་ཆེ་བས་མ་ངེས་པའི་ལས་ཡིན་ཏེ། ལས་འབྲས་གསལ་བའི་མེ་ལོང་ལས། རྒྱུ་ཡི་ནུས་པ་སྟོབས་ཆེ་ཡིས།། འབྲས་བུ་ངེས་པར་མྱོང་འགྱུར་ཏེ།། རྐྱེན་གྱི་ནུས་པས་མ་ངེས་འགྱུར།། ཞེས་གསུངས་པ་བཞིན་ཕྱི་མ་གསུམ་ནི་རྐྱེན་གྱིས་གཞན་དུ་སྒྱུར་ནུས་པ་ཡིན་ནོ།། སྨན་དཔྱད་ཟས་སྤྱོད་འཕྲལ་རྐྱེན་ཁོ་ནར་མཛད་མོད། མངོན་པ་ཀུན་ལས་བཏུས་ལས། ཕྱིའི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་བོ།། ནོར་བུ་དང་སྔགས་དང་སྨན་དང་འཁྱུག་དཔྱད་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ། རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་ལས་བསམ་གྱིས་མི་ཁྱབ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་གི་ལས་བསམ་གྱིས་མི་ཁྱབ་སྟེ། ཞེས་སོགས་གསུངས་པ་ལ་ཇི་ལྟར་སྨྲ། ལས་ཀྱི་ཚུལ་ཡང་ཞིབ་པར་ན། ནུས་པ་མྱུར་བུལ། སྟོབས་ཆེ་ཆུང་། གསོག་དུས་ཀྱི་རྒྱུ་དང་རྐྱེན་གྱི་ཁྱད་པར་སོགས་ཕྲ་ཞིང་ཕྲ་བ་མཐའ་དག་ནི་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། མཛོད་ལས། ལས་དང་དེས་བསྒོས་ངེས་འཇུག་རྙེད།། དེ་ལས་འབྲས་བུ་སངས་རྒྱས་ལས།། གཞན་གྱིས་རྣམ་པ་ཐམས་ཅད་ནི།། ངེས་པར་རབ་ཏུ་མི་ཤེས་སོ།། ཞེས་དང་། སྤྱོད་འཇུག་ལས། ལས་ཚུལ་བསམ་གྱིས་མི་ཁྱབ་པ།། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན།། ཞེས་གསུངས་པས་ན་གཞན་གྱིས་སྨྲ་བར་མི་ནུས་སོ།། ནད་ལུས་ལས་བྱུང་ངམ། སེམས་ལས་བྱུང་གསུང་བ། ཟླ་ཟེར་ལས། གང་གི་ཕྱིར་འདི་ལྟར་སེམས་དང་ལུས་ནི་ནད་ཉིད་དུ་གནས་པ་ཡིན་ཏེ། ལུས་གཅིག་པུའམ་སེམས་གཅིག་པུ་ལས་ནི་མ་ཡིན་ནོ།། ཞེས་གསུངས་པ་ལྟར་ངེས་པར་བྱའོ།།


 

          ༈ དྲི་བ་བཞི་པ་ནི། གངས་ཅན་འདིར་ནད་བརྟག་པ་རྣམས་ཀྱིས་གཙོ་བོར་གྱུར་པ་ནི་རེག་པ་རྩ་ལ་མཛད་ཅིང་། དེ་ལའང་གཞུང་གི་དགོངས་པ་ལེན་ལུགས་མི་མཐུན་པ་འབའ་ཞིག་སྣང་ལ། དེ་ལྟ་ན་ཉམ་ཐག་རྣམས་སུ་ལ་ཡིད་བརྟན་པར་བྱ། དེའི་ཕྱིར་ལྟ་གནས་འདིར་ནད་ཐམས་ཅད་ཀྱི་བྱེ་བྲག་ཕྱེད་པར་རྟོགས་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པ། དུ་བས་མེ་དཔག་པའམ། ཆུ་སྐྱར་ལས་ཆ་རྗེས་སུ་དཔོག་ནུས་པའི་ཚུལ་ལྟ་བུ་འཁྲུལ་མེད་གཅིག་ཡོད་ངེས་པས། དེའི་གནད་འགག་སྙིང་པོ་རང་དེ་གང་ཡིན། དེ་ཤེས་ན་དེའི་རྗེས་སུ་དུས་བཞི་ཁམས་ལྔའི་སྦྱོར་ལུགས་དང་། ཕྱི་རོལ་ཏུ་ཁམས་ལྔའི་བྱེད་པ་ལ་བརྟན་ནས། ནང་དུ་ཁམས་དེ་དང་ལྡན་པའི་དོན་སྣོད་སོགས་ཀྱི་རྩའི་རྒྱུ་ཚུལ་རྣམས། དུས་བཞིའི་ཟླ་འགོ་གང་ཡིན་ལ་ལྟོས་སམ་མི་ལྟོས། མ་ལྟོས་ན་ངེས་པར་ཁོ་ནར་དཔྱིད་ར་ལ་ཟླ་འགོར་འཇོག་པའི་རྒྱུ་མ་ཚང་ཞིང་། དུས་བཞི་ཕྱི་ནང་གཞན་གསུམ་གྱི་དག་སྦྱོར་དགོས་མེད་དུ་ཐལ་ལ། ལྟོས་ན་ནི་གཙུག་ལག་པ་ལ་དེང་སང་ལུགས་མི་འདྲ་བ་བཞི་སྣང་སྟེ། ཕུལ་ལུགས་སོགས་ཀྱི་བཅུ་གཅིག་པ་དང་། དགོན་གསར་བ་དང་མ་ར་བ་སོགས་ཀྱིས་བཅུ་གཉིས་པ་དང་། བྱང་བ་བདག་པོ་སོགས་ཀྱིས་ཧོར་ཟླ་དང་པོ་ལ་དཔྱིད་ཟླ་ར་བར་འདོད་ཅིང་། ཁ་གཅིག་ཧོར་ཟླ་གཉིས་པ་ལའང་འདོད་པ་དག་སྣང་ལ། དེ་དག་སོ་སོ་ལ་རང་རང་གི་སྒྲུབ་བྱེད་ཀྱང་སྣང་བས། སྐབས་འདིའི་དཔྱིད་ར་དེ་ཞེ་འདོད་དུ་གང་ལ་ངོས་འཛིན། གང་ལྟར་ནའང་སྨན་དཔྱད་ལ་རང་ལུགས་ལ་འཁྲུལ་མེད་ཡིན་ཚུལ་ཞིབ་མོར་དཔྱད་པའི་སྒྲུབ་བྱེད་ཚད་ལྡན་དང་། ཐུན་མོང་མ་ཡིན་པའི་ཟབ་གནད་རྩལ་དུ་འདོན་རྒྱུ་ཅི་ཡོད། དེ་ལྟར་རྒྱུ་མེད་ན་ནི་ངོ་མཚར་གྱི་རྩ་རྣམས་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྒྱུན་རྩ་དང་དུས་རྩ་ཡང་ཇི་བཞིན་ཤེས་པར་ག་ལ་འགྱུར། དེ་ལྟ་ན་རྒྱུད་སྡེ་འདུལ་མངོན་གཙུག་ལག་རྣམས་དང་མི་མཐུན་པའི་རིགས་པ་ཡིད་བརྟན་མེད་པ་འདིས་ཅི་ཞིག་བྱ་སྟེ། ཚུལ་འཆོས་པ་ཙམ་དུ་ཟད་དོ་ཞེས་བརྣགས་ནས། ནད་རྟགས་རྩ་ལ་རྟོགས་པའི་རྒྱུ།། ཐུན་མོང་མིན་པའི་གནད་གང་ཡིན།། དུས་བཞི་ཁམས་ལྔའི་སྦྱོར་ལུགས་ཀྱང་།། ཟླ་འགོའི་དབང་ལ་ལྟོས་མི་ལྟོས།། ཞེ་འདོད་གང་ཡིན་དེའི་སྒྲུབ་བྱེད།། རྩལ་དུ་འདོན་རྒྱུ་ཇི་ལྟར་མཆིས།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་།། ཞེས་པའི་དོན་ལ་བསམ་པར་གྱིས།། ཞེས་སྨོས་པ་ལ་ཟ་བ་ལས་མིད་པ་རིང་པ་ལྟ་བུ་ནི་འགག་པའི་རྒྱུའོ།།

          ཞེས་པའི་ལན་ནི། མཁྲིག་མའི་ཡར་ཟུར་དུ་རྒྱུ་བའི་ལྟ་རྩ་འདི་ཉིད་ལས་ནད་ཀྱི་བྱེ་བྲག་ཕྱེད་པར་རྟོགས་པའི་རྒྱུ་འཆད་པ་ལ། ཕྱི་རྒྱུད་འདིར། ཅི་ཕྱིར་འཕར་རྩ་ཀུན་ལ་ཡོད་མོད་ཀྱང་། དོན་དང་ཉེ་ན་ཕུ་ཆུ་འབྲུབ་དང་མཚུངས།། རིང་བ་ཐག་རིང་འགྲོན་པོའི་གཏམ་དང་འདྲ།། འཚམས་པས་རྒྱང་གྲགས་དབྱར་སྐད་བཞིན་དུ་གསལ།། ཐམས་ཅད་རྒྱུ་བས་ཚོང་འདུས་རྒྱ་སྲང་བཞིན།། དོན་སྣོད་དེར་མི་རྒྱུ་བས་འགལ་ཞེ་ན།། རླུང་ཁྲག་ཀུན་ཏུ་རྒྱུ་བས་ཚོང་དཔོན་བཞིན།། ཞེས་འབྱུང་བ་ཡིན་ཀྱང་། རྒྱུད་ཚིག་ལ་ཡང་སྦས་པའི་ཚུལ་གྱིས་གསལ་བར་ཐོན་པ་མེད་ཕྱིར། འགྲེལ་ཚུལ་སྣ་ཚོགས་ཤིག་བྱུང་། སྣང་བ་ཀུན་ཀྱང་སྙིང་པོ་མེ་ལ་ཆུ་ཤིང་གི་ནགས་ཚལ་ཡིན་ལ། ད་ནི་དེང་སང་དབང་རྟུལ་ནོར་གྱི་རྗེས་འབྲང་ཁོ་ནའི་ཁྲོད་འདིར་དོན་དུ་བྱ་བ་ཅི་ཞིག་ཡོད་དེ། སློབ་དཔོན་མཆོག་སྲེད་ཀྱིས། བོང་བུ་ཕྱུགས་ལ་མུ་ཏིག་ནོར་བུས་ཅི།། དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོས་ཅི།། ལོང་བ་སྣང་དང་འོན་པ་དག་ལ་གླུ།། གླེན་པ་དག་ལ་ཆོས་ཀྱིས་ཅི་ཞིག་བྱ།། ཞེས་པ་དེར་འདུག་ཀྱང་། རེ་རེ་ཙམ་ལ་ཕན་པའང་རྒྱ་ལམ་ན་སྲིད་པས་བརྗོད་པར་བྱ་བ་ནི། དོན་འདི་ཉིད་འཕར་རྩ་འདི་ལུས་ཀྱི་སྟོད་སྨད་འཚམས་པ་ཁོ་ནར་མ་ཟད་གནད་གཞན་ཡང་ཡོད་ལ། ཁྱད་པར་ནད་རྟགས་ཐམས་ཅད་རྒྱུ་བའི་ལམ་ཚོང་འདུས་ཆེན་པོའི་རྒྱ་སྲང་འདྲ་བ་ཞིག་ཡིན་ཏེ། ཅིའི་ཕྱིར་ན། སྙིང་ནི་རླུང་ཁྱབ་བྱེད་ཀྱི་གནས་ཡིན་ལ། དེ་དང་འཕར་རྩ་འདི་ཉིད་འབྲེལ་བའི་རྒྱུ་མཚན་གྱིས་སོ།། ཞེས་བྱའོ།། རྒྱུད་གཞན་ལས་སྙིང་ལ་སྲོག་འཛིན་གྱི་རླུང་གནས་པར་གསུངས་པ་ལྟར་མ་ཡིན་ནམ་ཞེ་ན། དེ་ཡང་འདུས་པའི་བཤད་རྒྱུད་རྡོར་འཕྲེང་དང་། སྤྱོད་བསྡུས་སྒྲོན་མེ་སོགས་ལས་བཤད་པའི་ལུགས་ཡིན་པ་དགོངས་གཞི་དང་དགོས་པ་གཞན་ཡོད་ཕྱིར་མི་འཐད་པ་ག་ལ་ཡིན་ཀྱང་། གསོ་རིག་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཁྱབ་བྱེད་སྙིང་ལ་གནས་པར་བཞེད་དེ། རྒྱུད་འདིར། ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ།། ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ།། བསྐྱང་བསྐུམ་འབྱེད་འཛུམ་བྱ་བ་ཕལ་རག་ལུས།། ཞེས་འབྱུང་བ་ལྟར། ཡན་ལག་བརྒྱད་པར། ཁྱབ་བྱེད་སྙིང་ལུས་ཀུན་ལ་གནས།། མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས།། འགྲོ་དང་འདེགས་དང་འཇོག་པ་དང་།། ཞེས་སོགས་དང་། རང་གྲོལ་ལས། རླུང་ཁྱབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་ཁྱབ་ཅིང་འདུག་གོ།། དེའི་ཡུལ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་ཅིང་འདུག་གོ།། དེའི་ལས་ནི། གང་རབ་ཏུ་མགྱོགས་པ་དང་། ཕན་ཚུན་འགྲོ་བར་བྱེད་པ་དང་། ལེན་ཞིང་འདེགས་པ་དང་འཇོག་ཅིང་འདོར་བ་དང་། མིག་འབྱེད་པ་དང་འཛུམ་པ་ལ་སོགས་པའི་ལས་བྱེད་དོ།། ཡོངས་ནི་ལུས་ཀྱི་ལས་སུ་བྱ་བ་ཐམས་ཅད་རླུང་འདི་ལ་ཕལ་ཆེར་རག་ལུས་སོ།། ཞེས་དང་། ཟླ་ཟེར་དུའང་མཐུན་པར་གསུངས་ལ། རྒྱུད་ཆུང་བ་ལས། ཁྱབ་བྱེད་སྙིང་གནས་ལུས་ཀུན་རྒྱུ།། མགྱོགས་འགྲོ་འདེགས་འཇོག་དབང་འབྱེད་འཛུམ།། དེ་སོགས་བྱ་བ་ཕལ་ཆེར་བྱེད།། ཅེས་དང་། བདུད་རྩི་སྙིང་པོ་ལས། ཁྱབ་བྱེད་སྙིང་གནས་ལུས་ཀུན་ཁྱབ་པར་རྒྱུ།། ལུས་ཅན་བྱ་བ་ཕལ་ཆེར་དེ་ཡིས་བྱེད།། ཅེས་སོགས་མཐུན་པར་གསུངས་ལ། ནད་ཐམས་ཅད་བསྐྱེད་ཅིང་ལུས་འཇིག་པར་བྱེད་པ་པོ་ཡང་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་ནི་འཇིག་པ་དེ་ལྟ་ཉིད། ཞེས་གསུངས་སོ།། དེ་ནི་གསོ་རིག་ཏུའང་འདོད་པ་ཡིན་ཏེ། བཤད་རྒྱུད་ལས། དེ་ཡང་ནད་དང་རྒྱུ་མཐུན་ཟས་ཀྱི་བཅུད།། ཁྱབ་བྱེད་རླུང་གིས་བུ་ག་རྣམས་སུ་གཏོར།། དེ་ཚེ་དྭངས་མ་གང་དུ་ཆགས་གྱུར་པ།། བུ་གའི་སྐྱོན་དང་དེ་དུས་སྤྱོད་ལམ་གྱིས།། མཁའ་ལ་སྤྲིན་འདུས་ཆར་པ་བབས་པ་བཞིན།། རང་རང་གནས་སུ་འཕེལ་ཞིང་གསོག་པར་བྱེད།། བསགས་པ་རྐྱེན་ཕྲད་ངེས་པ་ཁོ་ནར་ལྡང་།། ལམ་དྲུག་ཞུགས་ནས་བདེ་མེད་ནད་འབྱུང་འགྱུར།། ཞེས་གསུངས་པ་ལྟར། སྙིང་པོ་བསྡུས་པར་ཡང་། ཁྱབ་བྱེད་ཀྱིས་དྭངས་ལུས་ཟུངས་རྣམས།། འཐོར་བར་བྱེད་པའི་ལས་ཀྱིས་ནི།། ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ།། ལུས་ལ་རྟག་ཏུ་རྣམ་པར་འཐོར།། གཏོར་ཚེ་བུ་གའི་སྐྱོན་གྱིས་ནི།། དྭངས་མ་གང་དུ་ཆགས་གྱུར་པ།། དེར་ནི་གནོད་པ་སྐྱེད་བྱེད་དེ།། མཁའ་ལ་སྤྲིན་ཆགས་ཆར་བབས་མཚུངས།། ཞེས་སོགས་གསལ་བར་གསུངས་སོ།། དེ་ལས་ཤེས་བྱེད་ཅི་ཞིག་མཐོང་ཞེ་ན། བཤད་པར་བྱ་སྟེ། ཁྱབ་བྱེད་ཀྱི་རླུང་དེ་ནི་སྙིང་ལ་གནས་ཤིང་། ལུས་ཀུན་ཏུ་ཁྱབ་པར་ཡང་རྒྱུ་ལ། ནད་ཐམས་ཅད་ཀྱང་དེ་ཉིད་ཀྱིས་བྱེད་པར་གསུངས་པའི་གནད་དེས། ལུས་ཀྱི་གནས་གང་ན་ཡོད་པའི་ནད་དང་རྗེས་སུ་མཐུན་པའི་རྟགས་དེ་རླུང་དེ་ཉིད་ཀྱིས་བསྐྱོད་ནས་དོན་སྣོད་ཀྱི་ཁྲག་དང་མཉམ་དུ་ལག་མཐིལ་གྱི་བར་དུ་ཕྱིར་རྒྱུ་ཞིང་། སླར་ནང་དུ་ལྡོག་པའི་ཚུལ་གྱིས་རྒྱུ་བའི་ལམ་ལྟ་རྩ་འདི་ཉིད་ཡིན་པས་ཚོང་འདུས་ཆེན་པོའི་རྒྱ་སྲང་དང་འདྲའོ།། ཞེས་བྱ་བའི་དོན་ཡིན་པས། ཚོང་དཔོན་དང་སྦྱར་རྒྱུའི་རླུང་ནི་ཁྱབ་བྱེད་ཁོ་ན་ཡིན་ཀྱང་འདིར་སྦས་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། གོང་དུ་དྲངས་པའི་ལུང་དེ་དང་དེ་དག་གི་དོན་མྱངས་པ་ལས་གསལ་བའི་ཕྱིར་རོ།། རྩ་འདི་ཉིད་ཀྱང་སྙིང་གི་རྩ་བ་ནས་གྱེས་པའི་རྩ་དྲུག་གི། གཉིས་ནི་མགྲིན་པ་བརྒྱུད་ནས་མགོ་བོར་སོང་། བཞི་མཆན་འོག་དང་སྣེ་ས་ཁུད་བརྒྱུད་ནས་ཡན་ལག་བཞིར་སོང་བ་ཡིན་མོད་ཀྱི། ལག་པ་བྱ་བའི་འཁོར་ལོ་ཡིན་པས་དེར་བལྟ་བ་ནི་རྒྱུ་མཚན་དང་བཅས་པའོ།། ཕྱི་རོལ་ཏུ་དུས་བཞི་ཁམས་ལྔའི་སྦྱོར་ཚུལ་དང་། ནང་དུ་ཁམས་དེ་ལྡན་གྱི་རྩའི་རྒྱུ་ཚུལ་ཟླ་འགོ་གང་ཡིན་ལ་ལྟོས་ཏེ། དེ་ངོས་མ་ཟིན་པར་དུས་རྩ་ངོས་མི་ཟིན་ལ། དེ་མ་ཟིན་ན་ནད་ཅན་ནད་མེད་ཀྱི་རྩ་གང་ཡང་རྟོགས་པར་མི་འགྱུར་རོ།། འདི་ལ་མཁས་པ་དག་གི་གསུངས་ལས། རྒྱ་ནག་ན་སྔོན་ནས་ད་ལྟའི་བར་ཟླ་འགོ་མི་མཐུན་པ་མེད་ཀྱང་། བོད་རྒྱལ་མེས་ཨག་ཚོམ་གྱི་དུས། རྒྱ་མོ་བཟའ་ཕྱི་མ་གྱིམ་ཤང་གོང་ཇོའི་སྲས། ཆེན་མ་སྣ་ནམ་བཟས་ཕྲོགས་པའི་རྐྱེན་གྱིས། བོད་ཀྱི་ས་དཔྱད་རྣམས་ཉམས་སུ་བཅུག རྩིས་གཞི་ཀུན་བསྒྱུར། ལོ་གསར་ཟླ་བ་གང་ཡིན་པ། ང་ལ་མ་འདྲི་རྒྱལ་ལ་དྲིས།། སོགས་ཡོད་པའི་མདོ་སྡེ་བཀོལ་བུ་ཆུང་བྱ་བ་བརྩམས། ཕྱིས་སྲས་རང་གིས་ཞང་པོ་ངོས་བཟུང་བས་ཡུམ་ཡིད་ཆེས་ཏེ་དེ་དག་གསོ་བའི་ལུགས་སུ་བྱས་ཀྱང་། མི་རིང་བར་ཡུམ་གཤེགས་པས་གཞུང་ཕལ་ཆེར་ལྷད་ཅན་དུ་ལུས། དེའི་རྒྱུན་ལས་རྒྱལ་ཟླ་དཔྱིད་རར་འདོད་པའི་ལུགས་བྱུང་། དེ་ནས་རིང་ཞིག་འདས་པ་མངའ་བདག་ཁྲི་རལ་གྱི་དུས། རྒྱ་བོད་ལོ་གསར་ལ་འཁྲུག་དུས་བཏབ། བོད་ཀྱིས་གཡོ་བྱས་ཏེ་དེ་ལས་ཀྱང་ཟླ་གཅིག་གི་སྔར་སྣུར་ནས། ལྷ་སར་ཞིང་རྨོ་བ་སོགས་བྱས་ཤིང་རྒྱལ་དམག་དྲངས། བོད་རྒྱལ་བ་ལ་ཤིས་པར་བསམ་ནས་ཁ་འདྲེད་པས་མགོ་ཟླ་དཔྱིད་རར་བྱེད་པའི་ལུགས་བྱུང་། ཞེས་སྔོན་གྱི་ཡིག་ཚང་ཁུངས་མར་འབྱུང་བས་ཤེས་བྱེད་ཀྱི་ལུང་ཐམས་ཅད་ཀྱང་བཅོས་མའོ།། ཞེས་བཞེད་ལ། གཟུ་བོའི་བློས་ཅུང་ཞིག་དཔྱད་ན། གཙུག་ལག་ལ་འགྱུར་སྔ་ཕྱི་མང་བས་ལན་ནི། ལུང་ནི་སྣ་ཚོགས་ཤིག་ཡོད་པར་གསལ་མོད་ཀྱི། འོན་ཀྱང་འཇིག་རྟེན་གྲགས་ཚོད་ལ། རྩི་ཤིང་མེ་ཏོག་གི་དུས་ལ་དཔྱིད། ཆར་དུས་ལ་དབྱར། འབྲུ་རྣམས་སྨིན་དུས་ལ་སྟོན། གྲང་ལྷགས་ཀྱི་དུས་དགུན་དུ་འདོད་པ་ལ་ལུགས་དེ་གཉིས་ཀས། གྲང་སྒང་ལ་དཔྱིད་སོགས་དུས་བཞི་རིམ་ཅན་དུ་འཆུགས་པས་མངོན་སུམ་གྱི་ཚད་མ་དང་འགལ། གཉིས་ཀས་དཔྱིད་རའི་ནང་དུ་དགུན་ཉི་ལྡོག་པར་བྱས་ཏེ། འབྱུང་བ་ཀུན་འདུས་ལས། དགུན་གྱི་ཉི་མ་དཔྱིད་ར་བརྟག་ལ་ལྡོག། རྒྱལ་ཉ་སྤེན་པ་དར་བས་ཚེས་པ་ཡིན།། ཞེས་སོགས་ཀྱི་དགུན་དཔྱིད་གཞི་མཐུན་ཁས་བླངས་ཤིང་། དེ་མིན་ན་དགུན་ཉི་དཔྱིད་ཀ་ལྡོག་པ་བཞད་གད་དུ་སྣང་བ་དང་། སྡོང་པོ་བསྡུས་སུ། དབྱར་ཉི་སྟོན་ར་བརྒྱད་གསུམ་དག་ལ་ལྡོག། དགུན་ཉི་དཔྱིད་ར་གསུམ་གསུམ་དག་ལ་ལྡོག། ཅེས་དང་། གབ་པ་གནད་གཟེར་ལས། ནག་རྩིས་པ་ཡི་ལོ་གསར་དེ།། ཉི་ལྡོག་སྐད་གཅིག་ཉིད་ལ་བཟུང་།། ཞེས་པ་དེ་འཛམ་གླིང་དབུས་ཚད་ཀྱི་ཉི་ལྡོག་ལ་འཇོག་གམ། ཤར་མཐའི་ཉི་ལྡོག་ལ་འཇོག དུམ་བུ་སོ་སོའི་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་ཡང་བཤད་པའི་གང་དང་སྦྱོར་དྲི་དགོས་ལ། དེ་ངོས་ཟིན་བྱུང་ན། ཡང་དགུན་ཉི་ལྡོག་པའི་ཚེས་སྔ་མ། ལོ་ནི་སྔ་མའི་མཇུག་ཡིན་ལ། ལོག་ཉིན་ཕྱི་མའི་མགོ་བོ་སྟེ་ཞེ་འདོད་སྣང་བ་ཟླ་བ་དེ་ལ་ལོ་སྔ་མའི་འགོ་མཇུག་གཉིས་ཀ་ཡོད་པ་གང་ཞིག དེ་དཔྱིད་རའི་མཚན་གཞིར་མི་རུང་བའི་ཕྱིར། གལ་སྲིད་ཟླ་བ་དེའི་ཚེས་གཅིག་ལྟ་བུ་ལ་ལྡོག་ན་དཔྱིད་ར་ཡིན་དུ་ཆུག་ཀྱང་། མཇུག་ལ་ལྡོག་པ་ལྟ་བུས་མ་ངེས་པའི་ཕྱིར་དང་། གལ་ཏེ་ཟླ་བ་དེའི་ཉེར་གསུམ་ལྟ་བུ་ལོག་པ་ཡང་སྲིད་པ་ཞིག་ན། དུས་དེར་དགུན་ཐ་ལ་ཞག་ལྔ་བཅུ་ང་གཉིས་དང་། དཔྱིད་ར་ལ་ཞག་བརྒྱད་ལས་མེད་པར་ཁས་ལེན་དགོས་ཏེ། ཕྱི་མའི་ཚེས་གཅིག་ནས་ནི་དཔྱིད་འབྲིང་དུ་ཁྱོད་འདོད་པའི་ཕྱིར། དེས་ན་ལུགས་དེ་གཉིས་ནི་སྐྱོང་དགའ་བ་ཞིག་སྣང་ངོ་།། རྒྱ་རྩིས་ཁུངས་པ་དང་མཐུན་པའི་གསོ་བ་རིག་པ་རང་ལུགས་ནི། རྒྱའི་གསོ་དཔྱད་སོ་མ་རྰ་ཛ་ལས། དཔྱིད་དང་དབྱར་དང་སྟོན་དང་དགུན།། རིང་མཉམ་ཐུང་མཉམ་མཉམ་དུ་མཉམ།། ཞེས་དང་། དབྱར་ཟླ་འབྲིང་པོ་བྱང་གི་མཐའ།། དགུན་ཟླ་འབྲིང་པོ་ལྷོ་ཡི་མཐའ།། སྟོན་དཔྱིད་འབྲིང་པོ་དབུས་་སུ་མཉམ།། ཞེས་དང་། དཔྱིད་ལ་སྐར་མ་རྟ་དང་ཁྲ།། བྱིའུ་ཅོ་ག་འབྲིང་པོ་ལ།། སོགས་དང་། དགནུན་འབྲིང་ལ་ནི་ཉི་མ་ལྡོག། ཞེས་པ་རྣམས་དང་མཐུན་པར་ཕྱི་རྒྱུད་དུ། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། རྟ་བ་དབོ་དང་ནག་པས་ནམ་ཚོད་འཛིན།། ཞེས་སོགས་ཀྱི་མཐར་མི་འགྱུར་བའི་གཟེར། ཉི་མ་གར་ལོག་དབྱར་དགུན་འབྲིང་པོར་རྩི།། ཞེས་ཧོར་ཟླ་བཞིན་བཞེད་པ་ལེགས་ཏེ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་ལྡོག། གསུམ་ནི་ལྷོ་དང་བྱང་དུ་འགྲོ་ཞེས་བྱ།། ནམ་དང་ཉི་མ་ཕྱེད་ན་མཉམ་པ་ཡིན།། བརྒྱད་དང་བཅུ་ན་སྒྲ་སྒྲོག་ཆད་པར་འགྱུར།། ཞེས་གཞུང་སྔ་ཕྱིའི་འཇོག་མཚམས་ཀྱང་མཐུན་པར་ཡོད་པའི་ཕྱིར་རོ།། འོ་ན་དེ་འདྲ་དེ་ལ་རྒྱ་རྩིས་དང་མི་འགལ་བའི་ཁུངས་ཅི་ལྟར་ཡོད་ཅེ་ན། ཀོང་རྩེ་འཁྲུལ་རྩིས་སོགས་གཞུང་ཁུངས་མ་རྣམས་ལས། དཔྱིད་ཟླ་ར་བ་མ་ནོར་བ།། མོན་བྲེ་ཟངས་ཀྱི་སྒོ་མོས་ཚེས།། རྟ་པ་གསེར་གྱི་སྒོ་མོས་ཉ་སོགས་དང་།། དཔྱིད་ཟླ་ར་བ་སྟག་གི་ཟླ་བ་མ་ནོར་བ་ནི།། བྱ་གཞུག་ལྕགས་ཀྱི་སྒོ་མོས་ཚེས་ནས་རྟ་པ་གསེར་གྱི་སྒོ་མོ་ལ་ཉ། རང་རྟགས་སུ་སྟག་གཅན་གཟན་གྱི་རྒྱལ་པོ་སྒྲ་འདོན། གཅན་གཉན་ཐམས་ཅད་འཇུག། ཕྱི་རོལ་ཏུ་ཤིང་གི་ཁམས་འཕེལ་བས་ས་ལ་དྲོད་བག་ཙམ་ཕེབས། ཤིང་རྩི་ཁ་འབུས། བར་ན་ཅོ་ག་སྐད་འདོན། བྱ་རོག་ཚང་གསོག རླུང་དམའ་འགོ་མ་ལྡང་། ཉེར་གསུམ་ལ་ཕྱི་ཐོལ་འབབ།། ཅེས་དང་། རྒྱ་ནག་སྟག་སྣའི་མདོ་ལས། དཔྱིད་ཟླ་ར་བ་སྟག་གིས་ཐོབ།། སྐར་མ་རྟ་རིས་ནམ་ཡང་ལྡང་།། ཞེས་དང་། རྒྱ་ནག་རྩིས་ཀྱི་མདོ་བྱང་ལས། དཔྱིད་ཟླ་ར་བའི་བཅུ་གསུམ་པ།། ཉི་མ་སྟག་ལ་ཞོན་ནས་ནི།། གཟའ་ནི་ཕུར་བུས་སྣ་དྲངས་ནས།། སྐར་མ་རྒྱལ་ལ་སྐྱེ་བར་བྱེད།། ཅེས་ཚེས་བཅུ་གསུམ་ལ་སྐར་མ་རྒྱལ་ཡོད་པ་ནི་མཆུ་ཟླ་ཁོ་ན་ལས་གཞན་དུ་མི་འབྱུང་བ་དང་། གཞན་ཡང་རྒྱུད་གབ་པ་གནད་གཟེར་ཆེ་རྒྱུད་ལས། དཔྱིད་ཟླ་ར་བ་སྟག་ཟླ་མཆུས་ཉ་བའི་བཅོ་ལྔ་ལ་འཇམ་དཔལ་སྤྲུལ་པའི་སྐུར་བཞེངས་ནས། རི་བོ་རྩེ་ལྔར་བྱོན་ནས་རྩིས་ལྔར་བྱོན་ནས་རྩིས་ཀྱི་སྒོ་མོ་རྣམས་གསུངས། ཞེས་དང་། སློབ་དཔོན་དུ་ཧར་ནག་པོས་རྩིས་ཀྱི་འགག་མདོ་དྲིལ་བ་བྱ་བར་ཡང་། དཔྱིད་ར་རྟ་རི་སྟག་ཡིན་ཏེ། རྒྱ་ནག་ཆེན་པོ་ལོ་གསར་བྱེད།། ཆོ་འཕྲུལ་ཆེན་པོ་ཡར་གྱི་ངོ་།། མ་རིག་ཟླ་བ་ཤིང་གི་ཁམས།། ཞེས་འབྱུང་བ་སོགས་རྒྱ་ནག་གཙུག་ལག་གི་གཞུང་ཁུངས་མ་ཐམས་ཅད་མཐུན་པར་མ་ཟད། མཛངས་བླུན་གྱི་མདོ་རྒྱ་ནག་འགྱུར་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་དཔྱིད་ཟླ་ར་བའི་ཚེས་གཅིག་ལ་ཆོ་འཕྲུལ་གྱི་གནས་སུ་བཞུགས་ཏེ་ཞེས་གསུངས་པ་དང་། སྦ་བཞེད་ཁུངས་མ་ལས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་སྐར་མ་རྒྱལ་ལ་བསམ་ཡས་རྨང་བཏིངས། ཞེས་འབྱུང་ཞིང་། འཕགས་པ་རིན་པོ་ཆེ་དང་ཀརྨ་པ་སོགས་རྒྱ་ཧོར་གྱི་ཏི་ཤྲྰིས་མཛད་པའི་སྐྱེས་ཆེན་རྣམས་ཀྱི་རྣམ་ཐར་དུའང་ཧོར་ཟླ་དང་མཐུན་པར་ལོ་གསར་མཛད་པ་དང་། རྒྱ་ཆུ་མིག་རིང་མོ་དང་། སྙེ་ཐང་པ་གྲགས་པ་སེང་གེ་ལ་སོགས་པས་ཀྱང་རྒྱ་ནག་ཏུ་བྱོན། རྒྱ་ཧོར་གྱི་རྩིས་གཞུང་ཐམས་ཅད་གཏན་ལ་ཕབ་སྟེ། དབུས་གཙང་དུ་ཧོར་ཟླ་དང་པོ་ལ་སོགས་པར་དྲིལ་བསྒྲགས། ད་ལྟ་སྣེ་གདོང་ལོ་གསར་ཞེས་གྲགས་པ་སོགས་གཏན་ཚིགས་དང་ཤེས་བྱེད་མང་པོས་འཁྲུལ་མེད་དུ་གྲུབ་ལ། ཧོར་ཟླ་གཉིས་པ་ལ་ལོ་འགོར་བྱེད་པའི་གཙུག་ལག་པ་ནི་བདག་ཅག་གིས་སྔར་ཡོད་པར་མ་མཐོང་ལགས།


 

          ༈ དྲི་བ་ལྔ་པ་ནི། སྨན་གྱི་རོ་ནུས་ཡོན་ཏན་ཞུ་རྗེས་ཐམས་ཅད་གཉེན་པོའི་རྫས་གཅིག་གི་སྟེང་དུ་ཚང་བའི་མཚན་གཞི་ཡོད་དམ་མེད། ཡོད་ན་དེ་གཅིག་པུས་ཚ་གྲང་གཉིས་ཀའི་ནད་ཐམས་ཅད་སེལ་ནུས་པར་ཐལ་ཏེ། ནད་ཀྱི་མཚན་ཉིད་ཉི་ཤུ་པོའི་གཉེན་པོ་ནི་ཡོན་ཏན་བཅུ་བདུན་ཡིན་ཞིང་། དེ་ཉིད་ལ་རོ་ནུས་ཡོན་ཏན་ཐམས་ཅད་ཚང་བས་སོ།། འོན་ཏེ་ཉི་ཟླའི་སྟོབས་ཕུལ་དུ་བྱུང་བ་ནི་ཚ་བསིལ་གཉིས་ཡིན་ལ། དེ་གཉིས་རྫས་གཅིག་གི་སྟེང་དུ་མཉམ་དུ་འཚོགས་པ་དེའི་ཚེ་ན། མེ་ཆུ་གཉིས་ཀྱང་རྡུལ་ཕྲན་གཅིག་གི་གོ་སར་མཉམ་དུ་འཚོགས་དགོས་པར་འགྱུར་བ་ལས། དེ་ལྟ་བུ་ནི་ནམ་ཡང་མི་སྲིད་ལ། གལ་ཏེ་སྲིད་ན་དེ་གཉིས་འགལ་ཟླར་མི་རུང་ཞིང་། དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ།། བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད།། ཅེས་པའི་དོན་མ་གྲུབ་པར་འགྱུར། དཔེ་མཚོན་ནས། ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་།། ཞེས་སོགས་རྒྱུའི་ནུས་པ་ལ་བརྟེན་ནས་འབྲས་བུ་རྗེས་སུ་དཔགས་པའི་ཚེ། རྫས་གཅིག་གི་སྟེང་དུ་རོ་དྲུག་ཀ་འཚོགས་པ་གང་གི་སྒོ་ནས་ཀྱང་མི་རུང་ཞིང་། ནུས་པའང་ལྕི་སྣུམ་བསིལ་རྟུལ་བཞི་གང་དུ་ཡོད་པར་ཡང་རྩུབ་ཚ་རྣོ་བཞི་མི་འབྱུང་བ་དོན་གྱིས་གསལ་ལ། ཡོན་ཏན་ལའང་དེས་མཚུངས་པར་རྟོགས་དགོས་སོ།། འོན་ཏུ་ཟིན་རུང་ཨ་རུ་ར་ཉིད་ལ་དེ་དག་ཐམས་ཅད་ཚང་བ་དང་། ནད་རྣམས་ཀུན་ལ་ཨ་རུ་ར་ཉིད་མཆོག། ཆེས་གསུངས་ཀྱང་བཤད་མ་ཐག་པའི་རིགས་པས་གནོད་ཅིང་། མངོན་སུམ་དུ་ཨ་རུ་རས་སེལ་མི་ནུས་པའི་ནད་ཀྱང་འགའ་ཞིག་འབྱུང་ན། འདིའི་དགོངས་པ་ཇི་ལྟར་བླང་སྙམ་ནས། རོ་ནུས་ཡོན་ཏན་ཞུ་རྗེས་ཀུན།། ཚང་བའི་སྨན་གཅིག་ཡོད་དམ་མེད།། ཡོད་ན་ཚ་གྲང་གཉིས་ཀའི་ནད།། དེ་ཉིད་གཅིག་པུས་སེལ་ནུས་ཤིང་།། ཚ་བསིལ་གོ་ས་གཅིག་ཉིད་དུ།། ཚོགས་ན་འགལ་བ་ཅི་ལྟར་རྩི།། འོན་ཏེ་ཨ་རུ་ར་ཉིད་ལ།། ཐམས་ཅད་ཚང་བར་མི་འདོད་དམ།། ཞེས་སྨོས་པ་ལ་རི་བོང་ཅལ་ལྟར་སྨྲ་བ་ནི་དོན་མ་ཡིན་ནོ།།

          ཞེས་པའི་ལན་ནི། སྤྱིར་གཉེན་པོ་རྫས་གཅིག་གི་སྟེང་དུ་རོ་ནུས་ཡོན་ཏན་ཞུ་རྗེས་མ་ལུས་པར་མཉམ་དུ་ཚང་བའི་སྨན་མེད་པས་ནད་ཐམས་ཅད་གཅིག་གིས་སེལ་བའང་མ་ཡིན། རྡུལ་རྫས་བརྒྱད་ལས་རགས་པ་བརྩོམ་པའི་ཚེ་ཡང་རིགས་འདྲ་ཚོགས་པ་མ་གཏོགས། རྡུལ་ཕྲན་གཅིག་གི་གོ་སར་རིགས་མི་འདྲ་བ་མེ་ཆུ་ལྟ་བུ་མཉམ་དུ་ཚོགས་པའི་དོན་མ་ཡིན་ལ། དམིགས་བསལ་ཨ་རུ་ར་ལ་ཚང་བར་བཤད་པ་ནི། དྲང་སྲོང་ཙ་ར་ཀས་བདུད་རྩི་བམ་པོ་བཞི་པར། ལྷ་མིན་ཀུན་གྱི་བདུད་རྩི་ཟགས་པ་ནི།། ས་ལ་ལྷུང་བ་རླུང་གིས་བརྒྱད་དུ་ཕྱེ།། དེ་ནི་ཧ་རི་ཏ་ཀ་བརྒྱད་གྱུར་པ།། རྣམ་པར་རྒྱལ་དང་བདུད་རྩི་གསེར་མདོག་ཅན།། འཆི་བ་མེད་པ་ཀུན་ནས་ཤ་རྒྱས་དང་།། འཇིགས་མེད་འཕེལ་བྱེད་སྐེམ་པོ་མཆུ་རིང་བརྒྱད།། ཅེས་རིགས་བརྒྱད་དང་། བདེ་མཆོག་གི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། སྙུང་པོ་དང་ནི་འཇིགས་མེད་དང་།། འཚོ་དང་དེ་བཞིན་བདུད་རྩི་སྟེ།། གཙང་བ་དང་ནི་འཕེལ་བ་དང་།། རྣམ་པར་རྒྱལ་བ་བདུན་དུ་བརྗོད།། རི་མོ་གསུམ་པ་སྙུང་པོ་སྡེ།། འཇིགས་མེད་རི་མོ་ལྔ་པ་ཡིན།། འཚོ་བ་གསེར་མདོག་ཤེས་པར་བྱ།། བདུད་རྩི་ཤ་ཆེན་ཞེས་བྱ་སྟེ།། དེ་བཞིན་གཙང་མ་ཤ་མེད་ཡིན།། སེར་སྐྱ་འཕེལ་བ་ཞེས་བྱ་སྟེ།། ཀུ་བ་ལྟ་བུ་རྣམ་པར་རྒྱལ།། ཞེས་ངོས་འཛིན་དང་བཅས་རིགས་བདུན་དང་། དྲང་སྲོང་གྲུབ་པས་སྨན་དཔྱད་བདུད་རྩི་སྙིང་པོ་ལས། ཨ་རུ་ར་ནི་རྣམ་པ་བདུན།། རྣམ་པར་རྒྱལ་དང་གསུམ་གྱིས་སྒྲིབས།། གསོ་བྱེད་བདུད་རྩི་འཇིགས་མེད་དང་།། འཕེལ་བྱེད་སྐེམ་བྱེད་རྣམ་བདུན་ནོ།། ཞེས་ཀྱང་གསུངས་པ་དང་། རྒྱུད་འདི་དང་ཡན་ལག་བརྒྱད་པར། རྣམ་རྒྱལ། འཇིགས་མེད། བདུད་རྩི། འཕེལ་བྱེད། སྐེམ་པོ་སུལ་མང་སྟེ། རིགས་ལྔར་བསྡུས་པ་དེ་དག་ཐམས་ཅད་ལ་རོ་ནུས་ཡོན་ཏན་ཞུ་རྗེས་ཀུན་ཚང་བ་ཡོད་པའི་དོན་མ་ཡིན་ཏེ། གསེར་འོད་དམ་པ་རྒྱ་འགྱུར་ལས། ཨ་རུ་ར་ནི་རྣམ་གཅིག་ལ།། རོ་ཡི་རྣམ་པ་དྲུག་ལྡན་ཏེ།། ནད་ནི་ཐམས་ཅད་སེལ་བྱེད་པས།། ཉེས་མེད་སྨན་རྣམས་ཀུན་གྱི་རྒྱལ།། ཞེས་གསུངས་པའི་རྣམ་པ་གཅིག་པོ་དེ་གང་ཡིན་ན། དྲང་སྲོང་ཙ་ར་ཀས། དེ་ཡང་རྣམ་པར་རྒྱལ་བ་རོ་ལྔ་ལྡན།། ཅུང་ཟད་ཙམ་ནི་ལན་ཚྭའི་བག་དང་བཅས།། བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ།། ཞེས་པའི་དོན་གྱིས་རྣམ་རྒྱལ་ཁོ་ན་ཡིན་ལ། རོའི་གནས་ཚུལ་ཡང་། དྲང་སྲོང་གྲུབ་པས། དེ་ཡི་བྱེ་བྲག་གནས་པའི་ས།། ཁ་བ་དང་ནི་ཚ་བའི་རོ།། དེ་ཡི་རྩ་རྩེ་གཉིས་ལ་གནས།། སྐྱུར་བའི་རོ་ནི་དབུས་ཀྱི་ཤ། བསྐ་བ་ཡང་ནི་ཕྱི་ཤུན་ལ།། མངར་བ་རུས་ལ་ཉེ་་ལས་བྱུང་།། ཞེས་སོ་སོ་གསུངས་པས་རྡུལ་ཕྲན་གཅིག་གི་གོ་སར་མེ་ཆུ་མཉམ་དུ་ཚོགས་པའི་རིགས་པས་མི་གནོད་ལ། རྣམ་རྒྱལ་གྱི་མཚན་ཉིད་ཀྱང་ཨ་རུ་ར་ཉིས་སྦྲེལ་ལ་བྱེད་པ་ལྟ་བུ་ནི་རྨོངས་པའི་ལུགས་ཡིན་པས་མི་འཐད་དེ། ཕ་དམ་པའི་རྣམ་པའི་རྣམ་ཐར་ན། བྷི་ཤ་ཀོ་ཏ་ཙནྡན་གྱི་ནགས་ཞེས་བྱ་བའི་གླིང་ན་ཨ་རུ་རྣམ་པར་རྒྱལ་བ་འདོམ་བསྐོར་ཙམ་སྨིན་པ་དང་། གཞན་གླིང་ཕྲན་གཉིས་ན་ཡང་ཁྲུ་བསྐོར་ཙམ་སྨིན་པ་ཡོད་པར་གསུངས་ལ། བོད་འདིར་ནི། གཡུ་ཐོག་ཡོན་ཏན་མགོན་པོས་ཚོང་འདུས་མགུར་མོར་ཨ་རུ་རའི་ཆར་ཕབ་དུས། སྐུ་པང་དུ་ཨ་རུ་ར་གསེར་གྱི་མདོག་ཅན་སྙིམ་པ་ཁ་སྦྱར་ཙམ་བབས་པ། འདི་ང་ལ་ལྷ་ཚངས་པས་བྱིན་པར་འདུག ཁྱོད་རང་ཚགས་ཀྱིས་གསུང་སྲས་ལ་གནང་བ་དང་། ཁོ་ཁོམ་རྒྱལ་པོ་ལ་རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་ཏེ། ཨ་རུ་ར་རྣམ་རྒྱལ་རྗེ་མི་ལ་ལ་ཕུལ་བས་ལོ་བདུན་ཡམས་ནད་ཞི་བ་སོགས་ཀྱི་ལོ་རྒྱུས་ཙམ་ལས་དེང་སང་ཡོད་པར་མ་ཐོས་མོད། རྙེད་ན་འདུ་བའི་ནད་ཐམས་ཅད་སེལ་ཞིང་བཀྲ་ཤིས་པ་སོགས་སྨན་གྱི་ནོར་བུ་ཡིན་ནོ།། ཨ་རུ་ར་ཕལ་པ་གཞན་རྣམས་ནི། སྤྱིར་བཏང་ཤས་ཆེ་བའི་དབང་གིས་རོ་བསྐ་བར་བསྡུས་ཤིང་། ཞུ་རྗེས་མངར་བ་ཡིན་པར་གསུངས་ཏེ། ཡན་ལག་བརྒྱད་པ་ལས། བསྐ་བ་ཨ་རུ་བ་རུ་ར།། ཞེས་དང་། ཨ་རུ་རོ་བསྐ་ཞུ་རྗེས་མངར།། རྩུབ་ཅིང་ལན་ཚྭའི་རོ་མེད་ཀྱང་།། དྲོད་ཆེ་ཟས་འཇུ་ཡིད་གཞུང་བྱེད།། ཅེས་གསུངས་ཤིང་། བྱེ་བྲག་སོ་སོའི་རོ་ནུས་ནི།། དྲང་སྲོང་ཙ་ར་ཀས། བདུད་རྩི་སྐྱུར་ཞིང་དྲོད་བསྐྱེད་གསེར་མདོག་འབྱིན།། འཆི་མེད་མངར་ཁ་མཁྲིས་སེལ་རིང་དུ་གནས།། ཤ་ཆེན་མངར་སྐྱུར་ལུས་ཀྱི་ཤ་ཚིལ་བསྐྱེད།། འཇིགས་མེད་ཁ་ཚ་གདོན་དང་མིག་ནད་སེལ།། འཕེལ་བྱེད་མངར་བསྐ་རྨ་རྣམས་འདྲུབ་ཅིང་བརྟས།། སྐེམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས།། མཆུ་རིང་མཆུ་ནི་མངར་ཁ་ནད་རྣམས་འཁྲུ།། རྩ་བ་ཁ་ཚ་སྐྱུར་བས་འཁྲུ་བ་གཅོད།། ཅེས་ཞིབ་མོར་ཕྱེ་ནས་གསུངས་ཤིང་། བདུད་རྩི་འཕྲེང་བར། ནད་རྣམས་སེལ་བྱེད་ཨ་རུ་ར།། མཆུ་རིང་མ་གཏོགས་ཞུ་རྗེས་དང་།། ནུས་པས་ལས་བྱེད་མཆུ་རིང་ནི།། རྩ་རྩེའི་རོ་ཡི་ལས་བྱེད་དོ།། ཞེས་ལས་བྱེད་ཚུལ་ཡང་གསུངས་སོ།།


 

          ༈ དྲི་བ་དྲུག་པ་ནི། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་མ་བརྟེན་པར་གསོ་བ་རིག་པ་ཁོ་ནའི་ལམ་ལ་ཚུལ་བཞིན་དུ་ཞུགས་ནས་ཉམས་སུ་བླངས་པ་ཙམ་གྱིས་མངོན་མཐོ་རིས་གསུམ་དང་། ངེས་ལེགས་ཀྱི་མཐར་ཐུག་ཟུང་འཇུག་གི་སྐུ་འགྲུབ་པའི་གནས་སྐབས་ཨེ་ཡོད། ཡོད་ན་མངོན་མཐོ་ངེས་ལེགས་གཉིས་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་དང་ལམ་གྱི་འགྲོས་གསུང་རབ་དང་མི་འགལ་བ་ཞིག་ལུང་རིགས་ཀྱིས་སྟོན་དགོས་ཤིང་། དེ་ལྟར་ཡང་རང་ཕྱོགས་རྨོངས་ཞེན་གྱིས་སྒྲུབ་པར་རྩོམ་ན་མ་གཏོགས། གཞན་མདོ་རྒྱུད་རྣམས་ལས་ལན་ཅིག་ཙམ་མ་ཡིན་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མིན། ཞེས་སོགས་དང་། ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ནི་གསང་སྔགས་བླ་མེད་ཀྱི་ལམ་ལས་གཞན་མ་ཡིན་ནོ།། ཞེས་མངོན་མཐོ་ངེས་ལེགས་ལས་འཐོབ་བྱེད་ཀྱི་ལམ་གཞན་པར་བཤད་པས་ཅི་ལྟར་བྱ། གལ་ཏེ་གསོ་བ་རིག་པ་ཁོ་ནའི་ལམ་གྱིས་ངེས་ལེགས་ཐོབ་པ་ལྟ་ཞོག མཐོ་རིས་ཙམ་ཡང་ཐོབ་པའི་སྐབས་མེད་ན་ནི་མི་ཤིས་པ་རྣམས་རང་བྱེ་བྲག་ཅིག་ཞིག་ཡོད་དེ་ལྟོ་རྒྱབ་ཀྱི་ཁོལ་པོ་ཙམ་དུ་ཟད། དེའི་ཚེ་ན་སྨན་པའི་རྒྱལ་པོའང་སྟོན་པར་བཟུང་བ་ལ་དོགས་པ་ཅི་ཞིག་ཡོད་སོམས་ཤིག རྒྱུད་བཞའི་དངོས་བསྟན་ལ་ཆོས་ནོར་བདེ་བ་གསུམ་སྒྲུབ་རྒྱུ་ཞིག་འདུག་ཀྱང་། དེ་གསུམ་སྒྲུབ་བྱེད་ཀྱི་རྒྱུད་དངོས་དེ་གང་ཡིན། རྒྱུད་དེ་ངོས་ཟིན་བྱུང་ན་སླར་འབྲས་བུ་ལ་དཔྱད་དགོས་ཏེ། མེ་ལོང་དུ། སྡེ་བཞི་འབྲས་བུའི་དབང་གྱུར་ཉིད།། ཅེས་ཆོས་ནོར་བདེ་བ་ཐར་པ་སྟེ་འབྲས་བུ་འདི་བཞི་ཕྱི་རོལ་པ་རྣམས་ལའང་ཡོད་པར་བཤད། དེའི་ཆོས་དང་ཐར་པ་གཅིག་ཏུ་བསྡུས་ནས་རིག་བྱེད་ཀྱི་གཞུང་ཆེན་པོ་ལས་ཀྱང་། ཆོས་གསུམ་མེད་པའི་བྱ་བ་ལ།། མི་བརྟེན་དེ་དང་འགལ་མི་བྱ།། ཞེས་འབྱུང་བས། ཆོས་ནོར་བདེ་བ་གསུམ་པོ་དེ་འབྲས་བུ་ཐོབ་བྱ་བཟང་ངན་ཡིད་བརྟན་ཏུ་མི་རུང་གང་ཡིན། ཆོས་ནི་ཤེས་བྱ་ལམ་དང་ནི།། ཞེས་སོགས་དོན་བཅུ་ལ་འཇུག་པར་བཤད། ནོར་ནི་ཟང་ཟིང་གི་ནོར་དང་། བདེ་བ་ནི་འདོད་པའི་བདེ་བ་ལ་ངོས་འཛིན་དགོས་པ་སྐབས་གཙོ་ལ་ཐར་པ་ཙམ་ནི་ཕྱི་རོལ་པའི་རྒྱང་འཕེན་པ་མ་གཏོགས་ཐམས་ཅད་འདོད་པས་མཆོག་མ་ཡིན། དེས་ན་ཚོང་པ་རྣམས་སྲོག་དང་བསྡོས་ཏེ་དཀའ་བ་དུ་མ་སྤྱད་ནས་རྒྱ་མཚོར་འགྲོ་བ་དེ་ཡིད་བཞིན་གྱི་ནོར་བུ་འདོད་པ་ལྟར། རང་ཅག་རྣམས་ཀྱི་དོན་དུ་གཉེར་བྱའི་གཙོ་བོ་བསླུ་མེད་ཅིག་མེད་ན་འདི་ཙམ་གྱི་ངལ་བརྒྱ་ལྷུར་བླངས་པ་ལ་དགོས་པ་ཅི་ཞིག་ཡོད་དེ། མེ་ལྔ་བསྟེན་པ་སོགས་ཕྱི་རོལ་པའི་གྲུབ་མཐའ་ལས་ཀྱང་བློ་རྩེ་གཏད་རྒྱུ་ཆུང་བར་འགྲོ་བས་ཤེས་པར་བྱ་བ་ཡིན་ན། དོན་དུ་གཉེར་བྱ་ཅི་ལྟར་ཡིན་ཞེས་བྱ་མོ་ཡུག་ནས། ཆོས་འདི་ཁོ་ནས་མངོན་མཐོ་དང་།། ངེས་ལེགས་ཐོབ་པའི་གནས་ཨེ་ཡོད།། གཞན་དུ་ཁྲིམས་དང་སྔགས་ལམ་ལ།། མ་བརྟེན་དེ་གཉིས་མེད་པར་བཤད།། ཅེས་སྨོས་པ་ལ་ལེགས་པར་མི་དཔྱོད་པ་ནི་རྣམ་པར་འཁྱམས་པའོ།།

          ཞེས་པའི་ལན་ནི། འདི་ལ་མཐའ་གཅིག་ཏུ་ལན་གདབ་པར་དཀའ་ཡང་། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་མ་བརྟེན་པར་ཞེས་བྱེ་བྲག་ཏུ་བཀར་བའི་དབང་དུ་བྱས་ན་ཐུན་མོང་བའི་རིག་གནས་ལས་མ་འདས་པ་དེ་ལྟ་ན། ཡུལ་དེ་ལ་ཕན་པར་འདོད་པས་སྨན་བྱིན་པ་དང་། ནད་གཡོག་བྱས་པས་རྟག་མྱོས་ཀྱི་ལྷའི་རིགས་ཡུལ་ན་དགའ་བའི་ནང་དུ་སྐྱེ་ཞིང་། མིར་ཡང་རྒྱལ་པོས་མཆོད་པ་སྐྱེ་ཚུལ་དྲན་ཉེར་འབྱུང་བ་ནི། རྣམ་པར་སྨིན་པ་དང་། ནད་བསལ་ནད་མེད་པ་དང་། ཚེ་བསྲིངས་པས་ཚེ་རིང་བར་འགྱུར་བ་མྱོང་བ་རྒྱུ་མཐུན། ཚེ་རབས་སུ་གསོ་བའི་ལས་ལ་དགའ་བ་བྱེད་པ་རྒྱུ་མཐུན། ས་ཕྱོགས་གཟི་མདངས་ཆེ་བར་སྐྱེ་བ་བདག་པོའི་འབྲས་བུ་ཡིན་པས་མངོན་མཐོ་ནི་འགྲུབ་སྟེ། ཟག་བཅས་ཀྱི་དགེ་བ་ལ་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གཉིས་ཡོད་པའི་སྔ་མ་དེ་ཡིན་པའི་ཕྱིར་རོ།། ཡང་བདག་མེད་ལ་ཐོས་བསམ་གྱི་གོམས་སྟོབས་དང་ཕན་སེམས་ཆེ་ན་སྨན་ལམ་གྱི་ཐར་པ་ཆ་མཐུན་ཙམ་དུ་འགྱུར་བའང་སྲིད་དེ། དྲན་ཉེ་ལས། བདག་ཉིད་ཀྱི་ནད་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྨན་སྦྱར་བ་དེ། གཞན་མཐོང་ངམ་ཐོས་ནས་སྨན་སྦྱར་བ་དེ་བདག་གིར་མ་བྱས་ཀྱང་རུང་། འདི་ལྟར་དེ་བདེ་བར་གྱུར་ཅིག་སྙམ་ནས་གཞན་དག་ལ་སྦྱིན་པར་བྱས་ན། སྦྱིན་བདག་དམ་པ་མྱ་ངན་ལས་འདས་པའི་མཐར་གཏུགས་པའི་སྦྱིན་པ་བྱིན་པ་ཡིན་ཏེ། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་། ཀུན་ཏུ་གསལ་བར་སྤྱོད་པ་ཞེས་བྱ་བའི་གནས་དེར་སྐྱེ་བར་འགྱུར་རོ།། དེར་སྐྱེ་གནས་ཀྱང་ལེགས་པར་བྱས་པའི་ལས་དེའི་གནས་དེ་ཡང་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཀྱིས་ཀུན་ཏུ་གསལ་བ་བཞིན་དུ་རྣམ་པར་མཛེས་པ་ཡིན་ནོ།། ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟ་བུའི། ཟད་བྱེད་པ་དག སྲིད་པ་གསུམ་གྱི་སྟེང་ན་ཐར་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་ལྔ་པ་བདེ་བའི་གནས། གང་ཟག་དང་བྲལ་བ་ཡོད་པ་དེར་འགྲོའོ།། ཞེས་སོགས་ནི་ལོག་ཤེས་ཡིན་པས་འདོད་པ་ཙམ་དུ་ཟད་ལ། ངེས་ལེགས་ནི། ནི་ཤྲ་ཡཿ ཞེས་བྱ་བ་ཐར་པ་དང་མྱ་ངན་ལས་འདས་པའི་མིང་སྟེ། སྒྲ་དང་སྦྱར་བ་ངེས་པར་ལེགས་པར་ཞེས་བྱ། ཞེས་བཀས་བཅས་པས། ཐུན་མོང་ལ་གྲགས་པ་ཉན་རང་ཐེག་ཆེན་གྱི་མྱ་ངན་ལས་འདས་པ་ནི་རྣམ་གྲོལ་གསུམ་ཡིན་ཞིང་། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་པོ་རྣོན་པོའི་དབང་བྱས་པས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། ཞེས་རྒྱུ་འབྲས་ཀྱི་ཐེག་ཆེན་གཉིས། མངོན་དུ་བྱེད་པའི་ཐབས་ལ་ཁྱད་པར་ཞུགས་པ་མ་གཏོགས། རྟོགས་བྱའི་ལྟ་བ་དང་ཐོབ་བྱའི་འབྲས་བུ་ལ་ཁྱད་པར་མེད་པར་བཤད་ལ། སྔགས་ཀྱི་རྣམ་གྲོལ་ལོགས་པ་ཡོད་པའི་དབང་དུ་བྱེད་ཀྱང་། དེ་འདྲ་བ་ནི་གསོ་རིག་རྐྱང་པས་མི་འགྲུབ་སྟེ། ཐུན་མོང་པའི་རིག་གནས་ཀྱིས་ཐུན་མོང་མ་ཡིན་པའི་འབྲས་བུ་འགྲུབ་པ་འགལ་ཞིང་། ཡང་ན་དེ་གཉིས་ཁྱད་པར་མེད་པར་འགྱུར་རོ།། དེའི་ཕྱིར་མན་སྙེ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ལྟོས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲི་ཡང་མེད་དོ།། ཞེས་དང་། ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས་ཀྱང་། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ཡང་དག་འདའ་བར་འགྱུར། སོགས་གསུངས་པ་བཞིན། སྲིད་པའི་རྩ་བ་གཅོད་པ་ནི་ཤེས་རབ་ཁོ་ན་ལ་རག་ལས་པའི་ཕྱིར། ཐེག་ཆེན་གཉིས་གང་རུང་ལམ་གྱི་སྲོག་ཏུ་བཞག་པ་དེའི་ཚེ་ན། གསོ་རིག་གིས་ཀྱང་འགྲུབ་པ་མི་འགལ་བ་ཡིན་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།། ཅེས་པའི་ཚུལ་གྱིས་སོ།། དེ་ཡང་ཐོག་མར་སྐྱབས་སུ་འགྲོ་བ་དང་། སྨོན་འཇུག་གི་སེམས་བསྐྱེད་བསྒོམ་བྱའི་ཤེས་རབ་ནི་ལམ་སྒྲོན་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། སྐྱེ་བ་མེད་པར་རྟོགས་གྱུར་པའི།། རང་བཞིན་སྟོང་ཉིད་ཤེས་པ་ནི།། ཤེས་རབ་ཅེས་ནི་ཡོངས་སུ་བཤད།། ཅེས་གསུངས། ཇི་ལྟར་བསྒོམ་པའི་ཚུལ་ཡང་། དེ་བས་ཆོས་རྣམས་མ་ལུས་པའི།། རང་བཞིན་དག་ནི་མི་དམིགས་པས།། བདག་མེད་པ་ནི་བསྒོམ་གང་ཡིན།། དེ་ཉིད་ཤེས་རབ་བསྒོམ་པ་ཡིན།། ཤེས་རབ་ཀྱི་ནི་ཆོས་རྣམས་ཀུན།། གང་གི་རང་བཞིན་མ་མཐོང་ཞིང་།། ཤེས་རབ་དེ་ཉིད་ཆོས་བཤད་པ།། རྣམ་རྟོག་མེད་པ་དེ་བསྒོམ་བྱ།། ཞེས་པ་ལྟར་རོ།། དེ་ཉིད་ཀྱི་གྲོགས་ཐབས་ཀྱི་གཙོ་བོར་འདི་ཉིད་བསླབ་པར་བྱ་བ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དུ་སྦྱར་བ། ཕྱི་དང་ནང་གི་སྨན་གྱི་སྦྱོར་བ་འདི་དག་ཐམས་ཅད་བསླབ་པར་བྱའོ།། ཞེས་དང་། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་གསབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྨན་དཔྱད་ཀྱི་རིག་པའི་བསྟན་བཅོས་སློབ་ཅེ་ན། སེམས་ཅན་རྣམས་མི་དགེ་བའི་ནད་བཞི་བརྒྱ་རྩ་བཞི་དང་བྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་བརྩེ་བའི་ཕྱིར་སེམས་ཅན་རྣམས་དད་པ་བསྐྱེད་པར་བྱ་བ་དང་། དེ་ལྟར་དགའ་བའི་སེམས་སྐྱེས་པས་རྟག་ཏུ་སངས་རྒྱས་དྲན་པར་འགྱུར་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྨན་དཔྱད་ཀྱི་རིག་པ་སློབ་པར་བྱེད་དོ།། ཞེས་གསུངས་སོ།། དབུ་མ་འཇུག་པའི་ལུང་ཡུང་འདི་ཙམ་དུ་སྐབས་སུ་བབས་པ་ཡིན་ཏེ། རྒྱལ་སྲས་རྣམས་ཀྱི་་ངེས་པར་ལེགས་པ་དང་།། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མིན།། ཞེས་ཚུལ་ཁྲིམས་ཀྱི་ཕན་ཡོན་སྟོན་པ་ཡིན་ཡང་། གསོ་བའི་ཚུལ་འདི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་མ་ཡིན་པར་ཡང་བསྒྲུབ་དཀའ་བ་ཡིན་ཏེ། སྤྱོད་འཇུག་ལས། ཉ་ལ་སོགས་པ་གང་ཞིག་ཏུ།། དེ་དག་གསོད་མི་འགྱུར་བར་བསྐྲད།། སྤོང་བའི་སེམས་ནི་ཐོབ་པ་ལས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད།། ཅེས་གཞན་གྱི་སྲོག་ལ་གནོད་པ་བསྲུང་བ་ཚུལ་ཁྲིམས་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ།། ཐེག་ཆེན་ལམ་གྱི་སྲོག་ཏུ་བྱེད་པའི་རྣམ་བཞག་ཀྱང་གཞུང་འདིར་མི་གསལ་བའི་ཚུལ་གྱིས་གསུངས་པ་ཡིན། ཇི་སྐད་དུ། སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་༎ བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས།། སྙིང་རྗེ་བྱསམ་པ་དགའ་བ་བཏང་སྙོམས་བཞི།། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང་།། ཞེས་པས་ཕར་ཕྱིན་གྱི་ལམ་ཚང་བར་བསྡུས་པ་སྟེ། ས་སྐྱ་པཎྜིཏས། དེ་ཕྱིར་ཕ་རོལ་ཕྱིན་པ་ལ།། སེམས་བསྐྱེད་མིན་པའི་ཆོས་གཞན་མེད།། ཅེས་གསུངས་ཤིང་། དེ་ལྟ་བུ་ལ་དགོངས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ནད་པ་ལ་སྨན་བྱིན་པས་མི་རྒས། མི་འཆི་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ།། ཞེས་དང་། གསེར་འོད་རྒྱ་འགྱུར་ལས། ངས་ནི་ཁྱོད་ལ་ནད་གསོ་བའི།། བཅོས་པའི་དོན་ནི་བསྟན་པ་ཡིན།། འདི་ཡིས་སེམས་ཅན་གསོ་བྱས་ན།། བླ་མེད་འབྲས་བུ་ཐོབ་པར་འགྱུར།། ཞེས་དང་། ཙ་ར་ཀ་ལས། གཡོ་སྒྱུ་སྤངས་ཤིང་འདོད་པ་མེད།། གང་ཞིག་གསོ་བ་ལ་འཇུག་པ།། སྨན་པས་བླ་མེད་འབྲས་ཐོབ་འབྱུང་།། ཞེས་གསུངས་པ་བཞིན་རྒྱུད་འདིར་ཡང་གསུངས་པ་ལས། འབྲས་བུ་རྡོ་རྗེ་ཐེག་པ་ལམ་གྱི་སྲོག་ཏུ་བཞག་པའི་ཚུལ་བི་ཊྰ་ཀིིའི་གཙོ་མོ་དཔལ་ལྡན་འཕྲེང་བས་གཡུ་ཐོག་ཡོན་ཏན་མགོན་པོར་སྩལ་བ་བླ་སྒྲུབ་སྙིང་ཐིག་གི་གདམས་པ་ཚུལ་ཇི་ལྟ་བར་ཉམས་སུ་བླངས་ན་ཚེ་གཅིག་གིས་རྡོ་རྗེའི་ས་ཐོབ་པར་འགྱུར་རོ།།


 

          ༈ དྲི་བ་བདུན་པ་ནི། དིང་སང་དཔྱད་དྲག་པོ་འདྲལ་གཅོད་དབུག་གསུམ་དང་བསྲེག་སོགས་བྱས་ན་ནད་པ་ལ་དངངས་སྐྲག་དང་སྡུག་བསྔལ་ཆེན་པོ་འབྱུང་བས། དེའི་རྣམ་སྨིན་སྨན་པ་ལ་འབྱུང་ངོ་ཞེས་གླེང་བ་དང་། ཨ་དྲུང་སོགས་ཀྱི་གཏམ་ལས་ཀྱང་། དམྱལ་བ་ན་སྨན་པ་རྣམས་ལ་ཞག་བདུན་དུ་རྣག་ཁྲག་གི་ཆར་འབབ་པ་མཐོང་ནས་ཅི་ཡིན་དྲིས་པས། རྡོ་རྗེའི་ལུས་ལ་དཔྱད་རྩུབ་པོ་བྱས་པའི་ཉེས་དམིགས་ཡིན་ཟེར་བ་བྲིས་སྣང་བ་དང་། སྤྱོད་འཇུག་ལས། གསོ་དཔྱད་ཕལ་བ་འདི་འདྲ་བ།། སྨན་པ་མཆོག་གིས་མ་མཛད་དེ།། ཆོ་ག་ཤིན་ཏུ་འཇམ་པོ་ཡིས།། ནད་ཆེན་དཔག་མེད་གསོ་བར་མཛད།། ཅེས་བཤད་པས་ན། དེ་ལྟ་བུའི་དོགས་པ་དང་རྩོད་པ་ནི་གང་གི་སྒོ་ནས་སྤོང་བར་ནུས་ཀྱང་སྤང་དགོས་པར་སྣང་ངོ་ཞེས་བསམས་ནས། སྐྱེ་བོའི་ངག་དང་བསྟན་བཅོས་ལས།། རྣམ་སྨིན་ཟུག་རྔུ་བསྐྱེད་པའི་དཔྱད།། རྩུབ་པོ་རྒྱལ་བས་མ་གསུངས་ཞེས།། གྲགས་འདི་རྩོད་པ་གང་གིས་སྤོང་།། ཞེས་སྨོས་པ་ལ། གཞན་དུ་རྟོགས་པ་ནི་མུན་སྤྲུལ་ལོ།།

          ཞེས་པའི་ལན། སྐྱེ་བོ་གྲོང་པའི་ངག་རྒྱུད་དང་། ཁམས་པ་ཨ་དྲུང་སོགས་ཤི་ལོག་ཏུ་མིང་བཏགས་ནས་བློན་པོས་བྱས་པའི་བསྟན་བཅོས་བརྫུས་མས། ལུགས་སྲོལ་ཚད་མ་ལ་རྨ་འབྱིན་པར་འདོད་པ་ནི། ཇི་སྐད་དུ། ཡོན་ཏན་ལོག་པར་སྦྱངས་པ་འགའ།། ལེགས་པར་སྦྱངས་ལ་ཁྱད་དུ་གསོད།། ལྦ་བ་མེད་ན་གླིང་ཕྲན་འགར།། ཡན་ལག་ཉམས་པའི་སྐྱེོན་དུ་བྱེད།། ཅེས་པ་བཞིན་མཁས་པས་སྙིང་རྗེའི་གནས་ཡིན་པས་དཔྱད་དུ་མེད་ལ། སྤྱིར་རྩུབ་དཔྱད་རུང་མི་རུང་དང་། དེ་ལས་འབྲས་བུ་ཇི་ལྟར་འབྱུང་བ་ནི། ནད་དང་དཔྱད་ལ་རང་བྱན་ཆུད་པའི་སྨན་པས་འཇམ་པོའི་དཔྱད་ཀྱིས་གསོ་བར་མི་ནུས་པར་ཤེས་པ་དེའི་ཚེ་རྩུབ་དཔྱད་ཀྱང་རུང་བ་ཡིན་ལ། དེ་ལ་ཟུག་རྔུ་དང་སྔངས་སྐྲག་འབྱུང་སྲིད་ཀྱང་དེ་ཙམ་ཐེག་པ་ཆེན་པོ་པའི་སྡིག་པ་ལྟར་སྣང་ཡིན་པས། དེ་ནི་སྲོག་སྦྱིན་པའི་དགེ་བས་ཟིལ་གྱིས་གནོན་ཅིང་། འབྲས་བུ་སྡུག་བསྔལ་བསྐྱེད་བྱེད་དུ་འགྱུར་བ་ལྟ་ཅི། སེམས་བསྐྱེད་ཀྱིས་ཟིན་པས་བྱང་ཆུབ་ཀྱི་སྤྱོད་པར་འགྱུར་ཏེ། བསམ་རྒྱུ་དང་དུས་ཀྱི་ཀུན་སློང་གཉིས་ཀ་གཞན་ཕན་གྱི་བློ་ཡིན་གྱི་ཉོན་མོངས་པ་ཅན་མ་ཡིན་པ་དང་། སྦྱོར་བ་ནད་ལ་ཕན་པའི་དཔྱད་ཡིན་གྱི། གནོད་པའི་དོན་དུ་མ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་། སློབ་དཔོན་ཡེ་ཤེས་གྲགས་པས། མ་ཆགས་སོགས་ལས་བྱུང་བ་ཡི།། ལུས་ངག་ལས་ནི་དགེ་བ་ཡིན།། གང་ཞིག་ཆགས་སོགས་འབྱུང་བ་ཡི།། ལས་དེ་མི་དགེ་བར་འདོད་དོ།། དེ་བས་ཐུགས་རྗེའི་བདག་ཅན་གྱིས།། གཞན་ཕན་བྱས་པའི་ལས་རྣམས་ནི།། དེ་དག་ཐམས་ཅད་དགེ་ཡིན་པར།། རྫོགས་སངས་རྒྱས་ཀྱིས་ཡོངས་སུ་བསྒྲགས།། ཞེས་དང་སློབ་དཔོན་ཡེ་ཤེས་རྡོ་རྗེས་ཀྱང་། འདོད་ཆགས་ཞེ་སྡང་ལ་སོགས་པས།། སྡིག་པའི་ཚོགས་ནི་འབྱུང་འགྱུར་གྱི།། སྙིང་རྗེའི་བདག་ཉིད་ཉོན་མོངས་མེད།། རྣལ་འབྱོར་པ་ལ་སྡིག་ཡོད་མིན།། ཞེས་སོ།། གཞན་ཕན་ལ་དེ་ལྟར་ཡིན་ཀྱང་རྩུབ་དཔྱད་མ་བསྟན་ནོ་སྙམ་ན། སྡོམ་པ་ཉིི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལ་ཡང་།། སྡུག་བསྔལ་ཡིན་ཡང་གང་ཕན་དང་།། ཕན་དང་བདེ་བ་རྣམས་བྱ་སྟེ།། བདེ་ཡང་མི་ཕན་མི་བྱའོ།། ཞེས་དང་། རིན་ཆེན་འཕྲེང་བ་ལས། གང་ལ་དུག་ནི་ཕན་གྱུར་པ།། དེ་ལ་དུག་ཀྱང་སྦྱིན་པར་བྱ།། ཁ་ཟས་མཆོག་ཀྱང་མི་ཕན་ན།། དེ་ལ་དེ་ནི་སྦྱིན་མི་བྱ།། སྦྲུལ་གྱིས་ཟིན་པ་ཇི་ལྟ་བུར།། སོར་མོ་བཅད་པ་ཕན་བཤད་པ།། དེ་བཞིན་ཐུབ་པས་གཞན་ཕན་ན།། མི་བདེ་བ་ཡང་བྱ་བར་གསུངས།། ཞེས་བཤད་ཅིང་། དེ་ཡང་དུས་ཚོད་དང་འབྲེལ་བ་གནད་དུ་ཆེ་སྟེ། ལོ་ཙྰ་བ་ཆེན་པོ་རིན་ཆེན་བཟང་པོས། དེས་ན་དེ་དག་བྱ་བ་ཡང་།། ཀུན་གྱིས་དུས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་བྱ་བ་མ་ཡིན་གྱི། དགོས་པའི་དབང་གིས་འགའ་ཞིག་ལ་ལན་འགའ་དེ་ལྟར་བྱ་བ་ནི། དོན་གྱི་དབང་ལས་གཟིགས་ནས་གསུངས་པ་ཡིན་པས་ན་དུས་ཤེས་པ་ཉིད་དུ་བྱའོ།། ཞེས་གསུངས་པ་བཞིན་ལག་ལེན་དུ་བྱ་དགོས་པ་ཡིན་ནོ།། ལེགས་པར་མ་བསླབས་ཤིང་སྤང་གཉེན་གྱི་ཚུལ་ཇི་ལྟ་བ་མི་ཤེས་བཞིན་དུ་དཔྱད་དྲག་པོ་ལ་ཡང་ཟོང་དུ་བྱས་ཏེ། གྱ་ཚོམ་དུ་གཞན་གྱིས་ལུས་འདྲལ་གཅོད་དབུག་པ་དང་གཏར་བསྲེག་གིས་ཉམ་ཉེས་པར་བྱེད་ན་ནི་ངན་འགྲོར་སྐྱེ་བ་ཡང་ཡིན་ཏེ། ལུང་ལས་ལེགས་པར་མ་བསླབ་པར་མཚོན་གྱིས་ལས་མི་བྱ། ཞེས་དང་། མི་ལུས་ལ་སྨན་དཔྱད་གྱ་ཚོམ་གྱིས་བྱས་ནས་ལྕགས་ཀྱི་ཐུར་མ་བཙུགས་ན་ངན་སོང་དུ་སྐྱེ། ཞེས་དང་། ལས་ཀྱི་མེ་ལོང་ལས། སྨན་པས་ནད་པ་མི་སོས་ཀྱང་།། བསླུས་ཏེ་ནོར་ལེན་གཏར་ཀ་དང་།། མེ་བཙས་བསྲེག་པས་དམྱལ་བར་སྐྱེ།། དེ་ལྟར་བདག་ལུས་མེར་འབར་རོ།། ཞེས་འབྱུང་བ། མི་ཤེས་བཞིན་དུ་དཔྱད་ལོག་བྱས་པ་དང་། ནད་མ་སོས་ཀྱང་བརྔན་པ་བླངས་པ་སོགས་ཀྱིས་རྣམ་སྨིན་ཡིན་ཏེ། རྒྱུའི་ཀུན་སློང་དུ། མི་ཤེས་པ་དེ་གཏི་མུག རྫས་ལ་སྲེད་པ་དེ་འདོད་ཆགས་ཡིན་པས་བསམ་པ་ཉོན་མོངས་པ་དང་། སྦྱོར་བ་གཞན་གྱིས་ལུས་ཆུད་གསན་ཅིང་ལོངས་སྤྱོད་ཕྲལ་བའི་ཕྱིར་དེ་འདྲ་ནི་མི་དགེ་བ་དངོས་ཡིན་ནོ།། དུས་ཀྱི་ཀུན་སློང་ཕན་སེམས་ཕྲ་མོ་ཡོད་སྲིད་ཀྱང་འབྲས་བུ་མ་འབྱིན་ཏེ། རྒྱུའི་ཀུན་སློང་ནག་པོ་དེ་ཤུགས་ཆེ་བས་རྣམ་སྨིན་ནག་པོ་འཕེན་བྱེད། ཕྱི་མ་དེ་ནག་པོ་དེའི་འགྲུབ་བྱེད་དུ་སོང་བ་ཡིན་ཏེ། ཀུན་སློང་རྣམ་གཉིས་རྒྱུ་དང་ནི།། དེ་ཡི་དུས་ཀྱིས་སློང་ཞེས་བྱ།། གཉིས་ལས་དང་པོ་རབ་ཏུ་འཇུག་བྱེད།། གཉིས་པ་རྗེས་སུ་འཇུག་བྱེད་ཡིན།། ཞེས་སོ།། སྤྱོད་འཇུག་གི་ལུང་དོན་ནི། དེ་བཞིན་གཤེགས་པས་སྨན་དཔྱད་ཀྱི་མི་བདེ་བ་ཆུང་ངུ་ཙམ་ཡང་བསྟེན་མ་དགོས་པ་ལ། ཉོན་མོངས་པའི་ནད་ཚབས་ཆེན་པོ་དཔག་ཏུ་མེད་པར་ཡང་གསོ་བར་མཛད་དོ།། ཞེས་པའི་དོན་ཡིན་པས་སྐབས་འདི་ལ་ཕན་གནོད་གང་ཡང་མེད་དོ།། དེས་ན་རྒྱུ་འབྲས་ཀྱི་ཚུལ་རྣམས་ཚད་མར་གྱུར་པའི་ལུང་ལ་བརྟེན་དགོས་ཀྱི། རྒྱུ་འབྲས་བློས་བཏང་བའི་བླུན་པོ་ལབ་ཕོད་ཅན་གྱི་རྗེས་སུ་འབྲང་བར་མི་བྱའོ།།


 

          ༈ དྲི་བའི་འཕྲོར། དེ་ལྟར་དྲི་བ་བརྒྱད་ཀྱིས་གསོ་བ་རིག་པའི་རང་ལ་ལྟོས་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་འདུས་པའི་ལུགས་ཡིན་པས་སླ་ཆོས་མ་ཡིན་པར་ལེགས་པར་བརྟགས་ཤིང་ཞབ་ཏུ་དཔྱད་ནས། དྲི་བའི་གནད་ལྷོངས་པ། ལུང་གི་དགོངས་པ་ལོན་པ། རིག་པའི་འགལ་འབྲེལ་ཕྱེད་པ། འོལ་སྤྱི་ཙམ་མ་ཡིན་པའི་ལན་གཏིང་ཕྱིན་ཞིང་གནད་དུ་བསྣུན་པ། རང་གཞན་སྤྲོ་བ་བསྐྱེད་ནུས་པ་ཞིག་ཞུ་རྒྱུ་ཡིན་ལ། དེའང་གསོ་བ་རིག་པ་རང་ལ་ལྟོས་པའི་གཞུང་ཆེ་ཆུང་དང་། འགྲེལ་པ་སོགས་ཁུངས་དང་བཅས་རྣམས་ཀྱི་དངོས་བསྟན་སྤྱི་ལམ་པ་དང་། ཕལ་ཆེར་ལ་གྲགས་ཤིང་གྲུབ་པའི་ཚིག་དོན་རྣམས་ནི། དིང་སང་གི་སྨན་པ་ཁོ་བོ་ཅག་ཡན་ཆད་ཀྱི་ཐུགས་ལ་ངེས་ཤིང་གཅགས་པ་དེ་ཡིན་མོད། དེ་ཉིད་ལ་སླར་དངོས་བསྟན་གྱི་ལུང་ཙམ་དྲངས་པའི་གསལ་འདེབས་ཅི་ཞིག་དགོས། དེ་བཞིན་དུ་ལུང་ནི་ཡིད་ཆེས་པའི་ཚིག་ཡིན་དགོས་པས། དེ་ལས་ལོག་པའི་ལུང་དང་། དངོས་པོ་སྟོབས་ཤུགས་ལས་ལོག་པའི་རིག་པ་སྟེ་ལུང་རིགས་ལྟར་སྣང་བ་ནི་རྣམ་པ་ཐམས་ཅད་དུ་མི་རུང་ན། སྐབས་འདིར་ལྟ་སྨོས་ཀྱང་ཅི་དགོས། དེས་ན་གཞུང་འགྲེལ་དངོས་བསྟན་གྱི་ཚིག་དེ་ཉིད་ལ་རྣམ་པ་དུ་མས་ལན་བརྒྱར་བརྟགས་ཤིང་དཔྱད་པའི་གཏམ་ལུང་རིགས་རྣམ་དག་གིས་བརྒྱན་པ། ལུང་རིགས་དེའང་ཕྱོགས་གཅིག་ཏུ་གྲུབ་ཀྱང་ཅིག་ཤོས་ལ་མི་འགྲུབ་པ་དེ་འདྲ་མིན་པས་ཀུན་མཐུན་སྣང་དུ་གྲུབ་པ་ཞིག་ཐར་འདོད་ཀུན་ལ་འཕྲལ་ཕུགས་ཐམས་ཅད་དུ་གལ་ཆེ་ཞིང་། ཐ་ནའང་ཆོས་ལུགས་གཞན་གང་ཡང་རུང་སྟེ། གྲོང་ཆོག་པ་ཡན་གྱི་མང་པོའི་དབུས་སུ་གནད་ལ་བཀར་ནས་རྩད་ཅིང་དྲིས་བྱུང་ན་ཇི་སྐད་བྱ་བ་ཙམ་ཤེས་དགོས་སམ། དེ་ལྟར་མ་ཤེས་ན་རང་ཉིད་གར་འགྲོ་ཆ་མེད་ཀྱང་གཤིན་པོའི་ཡར་འདྲེན་གྱི་དཔེ་བཞིན། ནད་པའི་དོན་བྱེད་པ་འདི་ཡང་ཁེ་ལས་ཉེས་དམིགས་ཆེ་བ་ཞིག་ཏུ་འགྱུར་བས་ཅི་ནས་ཀྱང་དཔྱད་པར་བྱ་བའི་རིགས་སོ།། འོན་ཏེ་ཁང་སྟོང་ལ་ཡོལ་བ་བཏང་བ་ལྟར་ཚུལ་འཆོས་ཤིང་། བྲོས་པའི་ཁ་བཤད་དང་ནེའུ་ཙོའི་འདོན་འདོན་པ་ལྟར་བགྱིད་པ་མ་གྱུར་ཅིག་ཅེས་སྨོན་ནས། གཞུང་འགྲེལ་དངོས་བསྟན་ཡོངས་གྲགས་དང་།། ལུང་རིགས་ལྟར་སྣང་འདིར་མི་འཇུག། ཅེས་སོགས་ཆོས་ལུགས་གཞན་དག་གིས།། གལ་ཏེ་འདྲི་ན་ཅི་སྐད་བྱ།། ཞེས་སྨོས་པ་ལ། གཞུང་འགྲེལ་དང་ལུང་རིགས་ལ་མི་རྩི་བར་འཆོས་པ་ནི་བླུན་རྟགས་སོ།།

          ཞེས་པའི་ལན། གཙོ་བོར་རྒྱལ་བའི་བཀའ་འདུལ་མདོ་མངོན་པ་སྟེ་སྡེ་སྣོད་གསུམ། བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞི། དེ་དག་གི་དགོངས་འགྲེལ་རྒྱ་གར་གྱི་གཞུང་རྩོད་མེད་རྣམས་ཀྱི་ལུང་ནི་མཆོག་ཡིན་ལ། བོད་ཀྱི་སྨྲ་བ་ཆེན་པོ་དག་ཀྱང་དེ་འདྲ་ཞིང་། གསོ་རིག་རང་རྐང་ལའང་། བརྒྱད་པ་རྩ་འགྲེལ་སོགས་རྒྱ་གར་གྱི་གཞུང་ཚད་ལྡན་དང་། ཡུལ་གཞན་ལས་ཀྱང་ལོ་པཎ་ཚད་མས་བསྒྱུར་བ་རྣམས་ཀྱི་ལུང་ནི་འདིར་མི་འཇུག་པ་མ་ཡིན་ཏེ། དེ་དག་ལྟར་སྣང་གི་ལུང་མིན་ཞིང་ཡིད་ཆེས་པའི་ཚིག་ཏུ་གྲུབ་པའི་ཕྱིར་དང་། གསལ་འདེབས་ཀྱང་མི་དགོས་པ་ལས་དགོས་པ་ཆེས་མང་བར་སྣང་བའི་ཕྱིར་རོ།། རྩ་བའི་གཞུང་རྒྱུད་བཞི་ནི་ཚད་མ་ཡིན་ཀྱང་འདིར་བསྒྲུབ་བྱ་ཡིན་ལ། དེའི་འགྲེལ་བ་སྔ་ཕྱི་མང་པོ་ཞིག་དང་། ཆ་ལག་ཏུ་གྲགས་པ་འགའ་དང་། གཞན་ལ་ཁ་འཕངས་པ་དང་སུས་བྱས་མེད་པའི་རྒྱུད་དང་མན་ངག་ཏུ་མིང་བཏགས་པ་མང་པོ་ཞིག་སྣང་བ། དེ་དག་ལུང་དུ་སྦྱར་ན་ལེགས་བཤད་མི་འབྱུང་བ་ཙམ་དུ་མ་ཟད། རྩོམ་པ་པོའི་ནང་ཁྲོལ་ཀྱང་ངོམ་པར་འགྱུར་ལ། དེ་བཞིན་དེང་སང་གི་བསྡུས་ར་བ་ལྟ་བུ་ཕྱྭ་བསྡུས་ལད་པའི་རིགས་པ་དག་ཀྱང་གཞུང་ལུགས་ཆེན་པོ་ལ་དཔྱོད་པའི་སྐབས་འདིར་མཛེས་པ་མིན་པ་ནི་བདེན་ངེས་སོ།།


 

          ཡང་། དེས་ན་སྔོན་གྱི་འཚོ་བྱེད་གཞིན་ནུ་གསོས་དང་། བོད་ཀྱི་བླ་སྨན་དགུ་སོགས་རྗེས་སུ་གནང་བ་བྱིན་པའི་སྨན་པ་ཡིན་པས། དེ་དག་ད་ལྟ་མེད་ཀྱང་དེ་དང་རྗེས་སུ་མཐུན་པར། ཆོས་དང་སྲིད་ཀྱི་མངོན་པར་མཐོ་བ་རྣམས་ཀྱི་བླའི་སྨན་པར་དབང་བསྐུར་བ་ནོད་པ་རྣམས་དང་། སྨན་པ་ཁོ་ནའི་རིགས་ནས་རིགས་སུ་འཁྲུངས་པའི་མཁས་པ་རྣམས་དང་། དེ་འདྲའི་མིག་རྐྱེན་བཟང་པོས་ཚུལ་བཞིན་རྗེས་སུ་སྦྱངས་པའི་སྨན་པ་ལས་ཀུན་ལ་ལེགས་པར་གོམས་པ་སྟེ། མཁས་པ་རིགས་སུ་འོས་པ་ཇིི་སྙེད་གཅིག་ད་ལྟ་གངས་ཅན་གྱི་ལྗོངས་འདི་ན་ཡོད་པར་གདོན་མི་ཟ་ལ། དྲི་བ་འདི་ཡང་དེ་རྣམས་ཀྱི་སྤྱན་ལམ་དུ་བབ་ཅིང་མཛེས་པར་གྱུར་ནས་ཁོ་བོའི་བློ་གྲོས་མ་རིག་པ་ཚན་ཆེན་པོས་ཉེ་བར་བསླད་པ་འདི་དག་ཅུང་ཟད་སྲབ་མོར་བྱེད་པའི་དྲིས་ལན་གྱི་སྐྱེས་བཟང་ལ་གྱ་ནོམ་པ། བསྟན་པ་དང་སེམས་ཅན་གྱི་བཙས་སུ་རྔོ་ཐོགས་པ་ཞིག་རིངས་པར་བཙལ་དུ་གསོལ་ཞེས་གསོལ་བ་འདེབས་ཤིང་འབད་པས་དོན་དུ་གཉེར་བ་ལགས་ན། ཐུགས་རྗེའི་འཇུག་པ་དུས་ལས་མི་སེལ་བར་ཅི་གནང་། ཅི་སྟེ་མི་ཤེས་བཞིན་དུ་སྨན་པའི་ཆ་ལུགས་བཟུང་ཞིང་། ཅུང་ཟད་ཤེས་སུ་ཟིན་ཀྱང་འདོད་པའི་དབང་ཕྱུག་གི་མདའི་འབེན་དུ་གྱུར་པ་རྣམས་ལ་ནི་ཅུང་ཟད་ཙམ་ཡང་རྩད་ཅིང་དྲི་བར་ག་ལ་ནུས་ཏེ། ལེགས་པར་བཤད་པའི་ཆ་ཤས་མི་རྙེད་པ་ཙམ་དུ་མ་ཟད་རང་གཞན་གཉིས་ཀ་སྲེག་ཅིང་མ་རུངས་པར་བྱེད་པས་སོ་ཞེས་ངེས་པར་བྱས་ནས། གནང་རིགས་རྗེས་སྦྱངས་འགྲོ་བའི་གཉེན།། ཡོད་ན་འདི་ལན་གསལ་བར་ཐོབ།། མདའ་ལྔའི་ཡུལ་དུ་གྱུར་པ་ལ།། ཅུང་ཟད་འབྲི་བར་ག་ལ་ནུས།། ཞེས་སྨོས་པ་ལ་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ཡིན་ཞེས་པ་དང་། རིག་གནས་ལྔའི་བཤད་པ་བྱེད་པ་རྣམས་ནི་ངོ་མཚར་བའི་གནས་སོ།།

          ཞེས་པའི་ལན། རྗེས་སུ་གནང་བ་བླའི་སྨན་པ་རྣམས་ནི་བདེ་འབྱུང་གི་གཟིགས་པ་གནས་འདིར་མི་རྩོལ་ཞིང་། སྨན་པ་ཁོ་ནའི་རིགས་འཁྲུངས་རྣམས་རིགས་བརྒྱུད་སྤེལ་བ་དང་ཁྱིམ་གྱི་བྱ་བས་བྲེལ་ལ། རྗེས་སྦྱངས་ལས་ཀུན་ལ་གོམས་པ་ནི་ཉིན་སྐར་གྱི་ཚོད་དུ་སྣང་བས་དྲི་བ་ལ་རང་འགྲེལ་མཛད་ཕྱིན་ལན་འབུལ་མཁན་ཆེར་མ་བྱུང་བར་འདུག གྲངས་ཕྱི་མ་མང་བ་ཙམ་འདུག་ན་ཡང་དེ་དག་ནི་དྲི་བའི་ཡུལ་མ་ཡིན། བདག་ལྟ་བུའང་དེ་གཉིས་ཀའི་ཁོང་དུ་མ་འདུས་སུ་ཟིན་ཀྱང་། ལན་འབུལ་མི་འོས་པའི་དགག་བྱ་ཡང་མི་འདུག་ཕྱིན་རང་གི་གོ་ཚོད་ཙམ་ཞིག་ཕུལ་བ་ལགས་སོ།། ཡང་།


 

          དེ་ལྟར་བྲིས་པའི་དོགས་གནས་དེ་རྣམས་ལ་ལན་གྱི་དགའ་སྟོན་བཅིངས་པ་བཀྲོལ་བ་ལྟ་བུ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་བྱི་ལ་བྱི་བ་བསྒུག་པ་ལྟར་གནས་པ་བདག་གིས། གསོ་བ་རིག་པའི་ཕྱོགས་གཅིག་ཙམ་མཐོང་བས་དགའ་བ་ནི་སྐྱེས། དེ་ཙམ་གྱི་ངོམས་པར་ནི་མ་གྱུར། ཐ་ནའང་གོལ་སར་མི་ལྟུང་ཙམ་ཞིག་ཤེས་དགོས་པར་གོ་ནས། དེའི་ཐབས་སུ། རིག་པ་ནང་པར་འཆི་ཡང་བསླབ།། ཞེས་པ་དང་། ལེགས་བཤད་བྱིས་པ་དག་ལས་ཀྱང་།། མཁས་པ་རྣམས་ནི་ཡོངས་སུ་ལེན།། ཞེས་པའི་གཏམ་ཡིད་ལ་བརྣགས་ནས། མཁས་པ་མི་དགུའི་བྱོན་གནས་རྣམས་སུ་ཚྭ་བྲོ་བ་ཅི་ལྟ་བུ་ཡོད་ཅེས་བཙལ་བའི་སླད་དུ། ཉི་འོག་གི་ཆ་འདི་ལས་སྟོད་སྨད་བར་གསུམ་དུ་ལེགས་པར་བཤད་པའི་ཆ་ཤས་འཚོལ་བར་ཉུལ་ཉུལ་བས་ཅུང་ཟད་ངལ་ཏེ་ཉལ་ནས་འདུག་པ་ལགས་སོ།། ཞེས་གླེང་བར་འདོད་ནས། དེ་སྐད་གསོ་རིག་ཕྱོགས་ཅིག་ཙམ།། མཐོང་བས་མ་ངོམས་ལེགས་བཤད་འཚོལ།། དེ་སླད་ཉི་འོག་ཀུན་རྒྱུ་བའི།། ཟུར་མཁར་བློ་གྲོས་རྒྱལ་པོའོ།། ཞེས་སྨོས་པ་ལ་བདག་ཉིད་སྒྲོགས་པ་ལྟར་གཤེ་བ་ནི་ནང་ན་གཟུང་འཛིན་གྱི་ཆ་ཅི་ཡོད་མ་འཚལ་ཏོ།།

          ཞེས་པའི་ལན་ནི། དཔག་བསམ་འཁྲི་ཤིང་ལས། སྣང་བ་མེད་པའི་གནས་རྣམས་དག་ཏུ་སྒྲོན་མ་བཞིན།། ལེགས་པར་བཤད་པ་བདེན་པའི་ལམ་ནི་གསལ་བར་བྱེད།། དེ་ཉིད་ཕྱིར་ན་རྟག་ཏུ་ཉེ་བར་མཁོ་བ་ལས།། བདག་ཉིད་ཆེ་བ་རྣམས་དབེན་པ་སྤྱོད་ལ་ཡིད་དུ་འོང་།། ཞེས་གསུངས་པ་ལྟར། རྟག་ཏུ་ལེགས་བཤད་འཚོལ་བས་དུས་འདའ་བ་ནི་དམ་པའི་རྣམ་ཐར་ཡིན་ཀྱང་། གནད་ཆེ་ལ་འགག་དམ་པའི་དྲི་ཚིག་འདི་ལྟ་བུ་བློ་གྲོས་ཀྱི་མྱུ་གུ་སྤེལ་བའི་རྐྱེན་དུ་མཐོང་ནས་དད་གུས་ཀྱི་རྒྱ་མཚོ་གྱེན་དུ་འཕྱུར་ལ། འོན་ཀྱང་ཆུ་ཚོད་ཉ་པས་ལོན་ཚེ་ཉ་ལ་སྦར་འཛིན་གྱི་རྣམ་པས། དྲི་བའི་ཆ་འགའ་ཞིག་དེང་སང་གི་གསོ་བ་རིག་པའི་ཚོད་དཔོག་པས། ཅི་ཟེར་གཟིགས་པའི་སླད་དུ་ལྟར་སྣང་གི་རིག་པའི་ཀོ་ཅོ་ཅི་རིགས་མཛད་པར་ཡང་མཐོང་མོད་ཀྱི། ད་ནི་རྩོད་དུས་ཀྱི་མཐའ་ལ་སླེབ། ཐུབ་བསྟན་གྱི་སྙིང་པོ་ཡོལ། མཁས་བླུན་མགོ་མཉམ་དུ་སྤྱོད་པའི་དུས་འདིར་མཁས་པ་མི་དགུའི་བྱོན་གནས་ཙམ་དུ་མ་ཟད། ཚྭ་བྲོ་བ་ཞིག་གང་ན་ཡང་དཀའ་བར་སྣང་བས། དཀའ་བ་ཙམ་གྱིས་དཀོན་པའི་དཔེ་ཐུགས་ཡུལ་དུ་བཞག་ནས། ལན་གྱི་རྣམ་གྲངས་འདི་ཙམ་ལ་ཡང་དཔྱོད་ལྡན་དགོས་པའི་ལང་ཚོ་སྐྱེ་རུ་གསོལ།


 

          ཡང་དེ་ལྟར་བྲིས་པ་ལ་ཁ་ཅིག་འདི་རྣམ་པར་འགྱུར་ཏེ། སྒྲོན་མེའི་འོད་ལ་ནོར་བུ་དང་། ནོར་བུའི་འོད་ལ་སྒྲོན་མེ་ཞེས་ཞུགས་བྱས་པས་འབྲས་བུ་བསླུ་མི་བསླུའི་ཁྱད་པར་འབྱུང་བ་བཞིན། ཆོས་འདི་པའི་རྒྱུ་འབྲས་ལམ་གསུམ་གྱི་རྣམ་གཞག་སོགས་གོང་དུ་སྨོས་པ་རྣམས་མ་ཤེས་ཀྱང་། ནད་ཀྱི་ཚ་གྲང་དང་གཉེན་པོའི་བསིལ་དྲོད་གོ་མ་ལོག་ཙམ་བྱས་པས་སེམས་ཅན་ལ་ཕན་ཐོགས་ཤིང་། དེས་འབྲས་བུ་བསླ་མེད་ཐོབ་པར་འགྱུར་ན། བཤད་པ་ནི་ཇི་ལྟར་མཁས་ཀྱང་ཚིག་ཙམ་སྟེ་ལག་ལེན་དང་མི་མཐུན་པས་མ་ཤེས་ཀྱང་བླའོ།། ཞེས་སོ།། དེ་དག་ནི་ཤིན་ཏུའང་རིགས་པ་མ་ཡིན་ཏེ། ལམ་སྣ་དང་ས་རྒྱུས་མེད་པར་ས་མཐའ་བགྲོད་པར་འདོད་པ་ལྟ་བུ་དང་། བརྒྱ་བྱིན་འགྲུབ་པའི་རྒྱུས་གླང་པོ་ཆེ་སྨོན་པ་ལྟ་བུ་དང་། མིག་མེད་པར་གཟུགས་ཀྱི་ལེགས་ཉེས་འབྱེད་པར་འདོད་པ་ལྟ་བུ་དང་། རང་གཞན་ཀུན་ལ་ཕུབ་མ་འོག་གི་ཆུ་དོང་ལྟ་བུ་དང་། ལོང་བས་ལོང་བ་ཁྲིད་པ་ལྟ་བུ་དང་། ལྟག་ཆུ་ཆད་པའི་རྫིང་ལྟ་བུ་དང་། ལག་རྡུམ་བྲག་ལ་འཛེག་པ་ལྟ་བུ་དང་། རྒྱུ་མེད་ཀྱི་འབྲས་བུ་རེ་བ་ལྟ་བུ་སྟེ་མི་རིགས་པ་རྣམ་པ་བཅུས་མི་རིགས་སོ།། དེས་ན། རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང་།། བསྟན་བཅོས་མ་ཡིན་དེ་མེད་པར་ཡང་མིན།། ཞེས་བཤད་པ་ལྟར། བཤད་པ་དང་ལག་ལེན་ཐབས་ཤེས་ཟུང་དུ་མ་འབྲེལ་ན། བསྟན་པ་དང་སེམས་ཅན་པ་ལ་ཕན་པའི་རྒྱུན་མི་འབྱུང་ཞིང་། དེ་མ་བྱུང་ན་རྩ་བ་ཉམས་པའི་ལྗོན་ཤིང་བཞིན་དུ་འགྱུར་བས་ལེགས་པར་དཔྱད་དུ་གསོལ་བ་ལགས་སོ།།

          ཞེས་པའི་ལན་ནི། ཡན་ལག་བརྒྱད་པ་ལས། གནོད་བྱ་ཡུལ་དང་ཉམས་སྟོབས་དུས།། མེ་དྲོད་རང་བཞིན་ན་ཚོད་དང་།། སྙིང་སྟོབས་གོམས་དང་ཟས་རྣམས་ཀྱིས།། འདི་དག་ཕྲ་མོ་ཡན་ཆད་བརྟག། ནད་དང་སྨན་གྱི་ཚུལ་བརྟགས་པས།། གང་ཞིག་གསོ་བ་ལ་འཇུག་པ།། དེ་ནི་ནམ་ཡང་འཁྲུལ་མི་འགྱུར།། ཞེས་གསུངས་པ་ལྟར་དགོས་རྒྱུ་ལ། ད་ལྟ་ནི་ཐོས་བསམ་གྱི་ལོང་མེད་པར།། ཐོག་མར་ལུས་ཀྱི་གནས་ལུགས་མི་ཤེས། བར་དུ་ནད་ཀྱི་མཚན་ཉིད་མ་རྟོགས། ཐ་མར་གཉེན་པོའི་འཇུག་ལྡོག་ལ་མ་གོམས་པ་དག་ཀྱང་སྨན་པར་ཁས་བླངས་ཏེ། ཤེས་སླ་བའི་སྤྱི་སྨན་ཐར་ཐོར་དང་། དཔྱད་གྱལ་གྱོག་གྱིས་བསོད་ནམས་དམན་པ་དག་གི་སྲོག་ལེན་ཞིང་། འཆིར་མ་འདོད་པ་དག་ནད་རྩེ་གཞིལ་ཙམ་ལ་སོས་པར་རློམ་ནས། ནད་གཏིང་མ་ཐོན་པར་འཆོས་དཀའ་བའི་ནད་རྙིང་དུ་གྱུར་པས་རྒྱལ་ཁམས་བཀང་བ་ནི། ཀྱེ་མ། གཞུང་ཆེན་གྱི་དོན་མ་གོ། རོ་ནུས་ཡོན་ཏན་སོགས་ཀྱིས་ལས་བྱེད་ཚུལ་མི་ཤེས་ཀྱང་། ཁོ་བོ་ཅག་གི་ཕ་མེས་དང་། ཕ་མེས་དག་གི་ཁྱད་ཆོས་སོ་ཞེས་ཚོད་འཇོག་གིས་སྦྱར་བའི་སྨན་སྦྱོར་སད་སུད་སྙིང་ནོར་དུ་སྒོམས་པ་ལས་བྱུང་བ་ཡིན་གྱི། འདུལ་བར་རྒྱལ་བ་ཉིད་ཀྱིས་སྨན་པ་ལ་ཡན་ལག་བཞི་གསུངས་ཏེ། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ཞེས་གསུངས་བཞིན་འདོད་ན་ཐོག་མར་རྒྱུད་བཞིའམ། ཡན་ལག་བརྒྱད་པ་ལྟ་བུ་གཞུང་ཆེན་ཞིག་གི་ཚིག་དོན་ཤ་ཆོད་རུས་ཆོད་དུ་འགྲོ་བ་ཞིག་མི་དགོས་ཁ་མེད་ཡིན་ཏེ། ལུས་ནད་གཉེན་པོ་དང་། རོ་ནུས་ཡོན་ཏན། ལས་གང་གིས་བྱེད་སོགས་མངོན་པར་ཤེས་པས་ཇི་ལྟ་བར་རྟོགས་པ་དག་གིས་མཛད་པའི་གཞང་ཡིན་པའི་ཕྱིར་རོ།། དྲི་བ་རྩ་འགྲེལ་གྱི་དཔེ་ལྟར་མཐོང་བ་ཀུན་ན། མི་རིགས་པ་བརྒྱད་བགྲངས་ནས། རྣམ་པ་བཅུས་མི་རིགས་ཞེས་པ་ཁོ་ན་སྣང་བ། དཔེ་རྒྱུན་ཞིག་འཆུར་པར་ངེས་པས། དཔེ་དག་པ་བཙལ་བའི་ཞུས་ཆེན་ཀྱང་གལ་ཆེ་བ་ཉིད་དོ།།


          ཡང་། སྔོན་ཆད་གཞན་གྱི་ཡིད་ཙམ་ལའང་།། མ་བྱས་ངོ་མཚར་གཏམ་གྱི་འཕྲེང་།། རབ་གསལ་ནམ་མཁའི་གད་མོ་ཞིག། ཆུ་གཏེར་ཆེན་པོའི་ཁོང་ནས་བྱུང་།། དེ་ཚེ་འགའ་ཞིག་དོགས་མེད་ཀྱང་།། ངང་པ་འབྲོས་ཤིང་རྨ་བྱ་རྩེ།། ཙ་ཏ་ཀ་ནི་འཕུར་ལྡིང་ལ།། ཕལ་གྱི་རིང་དུ་དོར་བར་བྱས།། ཁྱུ་མཆོག་སྤྱོད་ལམ་བརླིང་བ་དག། གདོང་ངན་ཚོགས་ཀྱིས་ཤེས་སམ་ཅི།། འགྲོ་མ་མྱོང་ལ་ས་རྒྱུས་ནི།། མེད་ཅེས་གྲོང་པས་གླེང་བ་བཞིན།། དྲི་བ་དང་ནི་དྲིས་ལན་གྱི།། རྣམ་དབྱེ་ཙམ་ལ་མི་མཁས་ཀྱང་།། འཆད་རྩོད་རྩོམ་པའི་རྣམ་འགྱུར་གྱིས།། གཞན་སུན་འབྱིན་པ་སུ་ཡི་ལུགས།། དྲི་བའི་བསམ་པ་མ་ལོངས་པར།། བྱུང་རྒྱལ་ཉིད་དུ་ལན་ལྡོན་པ།། ཁོང་ནི་མི་གཙང་གིས་གང་ཞེས།། གཞན་ལ་སྟོན་པ་མ་ཡིན་ནམ།། འདི་ན་གར་འགྲོ་ཆ་མེད་ཀྱང་།། འོལ་ཚོད་འཁར་བས་ལམ་ཚོལ་ཞིང་།། རང་བཟོའི་གོམ་པས་གསོ་རིག་གནས།། བགྲོད་འདོད་དམུས་ལོང་ལྟ་བུའང་སྣང་།། དེ་ཕྱིར་དཔྱད་གསུམ་རྟོན་པ་བཞིས།། བརྒྱན་པས་ཡིད་ཀྱི་ཤིང་རྟ་ནི།། གང་བར་བྱེད་པོ་རྒྱ་ལམ་ན།། གལ་ཏེ་བྱུང་ན་ཅི་མང་རུང་།། ལན་གྱིས་གདབ་པར་མ་ནུས་ན།། སླར་ཡང་དྲི་བ་པོ་ལ་དྲིས།། ཞེས་པའི་སྔར་ལུང་སྟོན་པ་ནི།། རྒྱགས་པའི་དབང་གིས་ག་ལ་ཡིན།། དེས་ན་རྣམ་པ་ཐམས་ཅད་དུ།། ལེགས་པར་བརྟགས་པའི་ཡི་གེ་ནི།། ངང་པའི་རྒྱལ་པོའི་དབྱངས་བཞིན་དུ།། ཀུན་གྱི་དཔལ་དུ་འགྱུར་བར་བསྔོ།། ཞེས་པ་འདི། ལན་སྨྲ་བ་རྣམས་ཀྱིས་དྲི་ཚིག་མ་དགོངས་པ་འབའ་ཞིག་ཏུ་སྣང་བས་རྐྱེན་བྱས་ནས། ཟུར་མཁར་ལེགས་བཤད་འཚོལ་རང་ཉིད་ཀྱིས་ཅུང་ཟད་བཀྲོལ་བ་ཡིན་མོད་ཀྱི། འདི་ཉིད་ཀྱང་མི་གོ་བ་རྣམས་ལ་ཅི་བྱར་ཡོད་རྟོགས་ཤིག ཅེས་གསུངས་སྣང་ཡང་། དུས་དེའི་གསོ་དཔྱད་རྣམས་དྲི་བའི་ཚིག་མི་གོ་ཡང་། མཁས་སྙེམས་ཀྱིས་ལན་ལྡོན་པས་བྲེལ་གྱི། དྲི་བ་པོ་ལ་འདྲི་བའི་བློ་ཙམ་བྱུང་འདུག་པ་ནི་སྐྱེ་མ་ཤིན་ཏུ་ཐ་ཆད་ལ། ཕྱིས་སྐུ་བགྲེས་ཤིང་སྙུན་གྱིས་གཙེས་དུས་རང་ལན་ཞིག་མཛད་ཡོད་ཚོད། གནས་ཀྱིས་བསྐལ་ཞིང་དོན་གཉེར་དཀོན་པས་ལ་སྟོད་ཕྱོགས་འདིར་དཔེ་རྒྱུན་མི་སྣང་ཞིང་། གཞན་ན་ཡོད་པ་དཔེ་འཁྱུད་ཁོ་ནས་ས་འོག་གི་གཏེར་བཞིན་དུ་གྱུར་རོ།།


          དམ་ཆོས་བསྒྲུབ་ལ་རྟེན་དང་གནས་པ་ཐར་པའི་མྱུ་གུ་བསྐྱེད་པའི་གཞི།། བདེ་བའི་འདོད་འཇོ་ནད་ཀྱི་གདུང་སེལ་བདུད་རྩིའི་ཆར་གྱི་སྤྲིན་དུ་ཆེ།། འཆི་བའི་འཇིགས་འཕྲོག་ཟིལ་དངར་གྱིས་བལྟམས་བུམ་པ་བཟང་པོའི་མཚན་ཉིད་ཅན།། གསོ་བའི་རིག་བྱེད་ཕན་བདེའི་མཛོད་འདི་རྒྱལ་སྲས་རྣམས་ཀྱིས་བསྟེན་པར་རིགས།། བྱང་ཆེན་སྤྱོད་པའི་དམ་བཅའ་རྩ་བ་བརྟན།། གྲུབ་དང་མཁས་ཚུལ་ལོ་འདབ་རྩིར་མི་ཕོད།། ཟག་མེད་མངོན་མཁྱེན་མཆོག་གི་འབྲས་ཞིམ་པ།། སྔོན་བྱོན་སྤྲུལ་པའི་སྨན་པ་དེ་རྣམས་ཡིན།། དུས་མཐར་རྣམ་དཔྱོད་པདྨའི་ཁང་བཟང་ནས།།     ལེགས་གསུངས་བུང་བའི་ན་ཆུང་གླུ་ལེན་པས།། དཔྱོད་ལྡན་ཡིད་ཀྱི་དབང་པོ་ཅིག་ཅར་དུ།། འཕྲོག་ལ་མཁས་པ་ཟུར་སྨན་ལེགས་བཤད་འཚོལ།། གང་གི་དྲི་ཚིག་བརྒྱ་བྱིན་གཙུག་གི་ནོར།། རབ་འབར་ཟུར་ཕུད་རྒྱན་དུ་བྱེད་འདོད་པའི།། བོད་སྨན་མཁས་ཀུན་མངོན་རློམ་ཕྱག་རིང་ཡང་།། ཇི་བཞིན་ལོན་པའི་སྐལ་བ་ཆེ་ཕྲར་གྱུར།། དེ་ཚེ་རྣམ་པར་དཔྱོད་པའི་མཐུ་ལྡན་ཞིག། ལུང་རིགས་བདེན་པའི་ཚིག་བརྗོད་དེ་ཙམ་ནས།། ལེགས་བཤད་མཆོད་སྦྱིན་བརྒྱ་ཕྲག་ཡོངས་གྲུབ་འབྲས།། སྐད་ཅིག་ལྷ་ཡི་ལུས་སུ་གྱུར་འདི་སུ།། འོན་ཀྱང་སྙིགས་མའི་མུན་པ་ཟབ་མོའི་ནང་།། འདིར་ཞེན་གདུག་པའི་སྦྲུལ་ནག་མང་རྒྱུ་ཡང་།། མཁས་དང་བླུན་པོའི་མཚན་ཉིད་མི་ཤེས་ཀྱི།། ཟུར་གནས་དམ་པའི་སྤྱན་ཡངས་འདིར་རྩེན་ཅིག། འདིར་འབད་ལེགས་བྱས་གངྒྰའི་ཀླུང་།། གཞན་ཕན་དངུལ་དཀར་བྱེ་མའི་རྒྱུན།། འདྲེན་པས་རིས་མེད་སེམས་ཅན་ཁམས།། བསིལ་བའི་བྱེད་པོར་བདག་གྱུར་ཅིག། །།


          དེ་ལྟར་ལན་དུ་བརྗོད་པའི་ཡི་གེ་འདི་ཉིད་ནི། ལྷན་ཅིག་གནས་པ་ཡེ་ཤེས་དབང་པོས་ཐོག་མར་གླེང་པ་ལ། མཁྱེན་པའི་སྣང་བ་ཡངས་པ་རྗེ་དྲུང་བྱམས་པ་གྲགས་པས་ཕྱིས་ཡང་ཡང་གསོས་བཏབ་པ་ལྟར།། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས། ཐུན་མོང་སྟེ་ལྕགས་ཁྱིའི་ལོ། ཆུ་སྟོད་ཅན་གྱི་ཤར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་ལ། རྒྱལ་བ་རྒོད་ཚངས་པ་ཆེན་པོའི་འཕྲིན་ལས་ཀྱིས་སྒོ་བརྒྱ་རྣམ་པར་ཕྱེ་བའི་བསྟི་གནས། རྒྱལ་ཕུ་དཔལ་གྱི་སྟེང་འགྲོ་ཞེས་བྱ་བར་གྲུབ་པ་ཡང་དག་པར་བཀོད་པའི་དགེ་བས་སེམས་ཅན་ཐམས་ཅད་རྒྱུར་བཅས་ནད་ཀྱི་གདུང་བ་ལས་རྣམ་པར་གྲོལ་བ་གྱུར་ཅིག།

མངྒལཾ།


མཐའ་མའི་འདོན་ཐེངས་།: 28.09.2015 ཉིན། 10:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།