སྨན་རྩིས་དྲ་བ། - བོད་ཀྱི་སྨན་སྦྱོར་རིག་པ།

སྨན་མར་གྱི་ལག་ལེན་འཚོ་བྱེད་གསར་བུའི་ལྡེ་མིག །

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.08.2013
བོད་ཀྱི་སྨན་སྦྱོར་རིག་པ། >>

 


སྨན་མར་གྱི་ལག་ལེན་འཚོ་བྱེད་གསར་བུའི་ལྡེ་མིག

སྨན་རམས་པ་སྤེན་པ་ཚེ་རིང་།


ཕྱི་རྒྱུད་སྨན་མར་གྱི་ལེའུར། འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་པ། །འབའ་སམ་ཞེས་བྱ་སྟོད་སྨད་ཀུན་ལ་བསྔགས། །ཞེས་གསུངས་པའི་འབའ་སམ་སྨན་མར་ཡིན་ཏེ། དེ་ཡང་ས་བཅད་དབྱེ་བ་རྣམ་པ་དགུའི་སྒོ་ནས་བསྟན་པར་བྱ།


དང་པོ། དགོས་མཁོའི་ཡོ་བྱད་ཁག་བསྟན་པ།

སྦྱོར་ཚད་ལ་གཞིགས་པའི་འབྲས་བུ་གསུམ་དང་རྩ་བ་ལྔ་བཅས་ཁྲམ་ཁྲུམ་བརྡུངས་པ། ཁ་ཚར་གྱི་སྨན་ཚ་བ་གསུམ་དང་དབང་ལག་བཅས་ཀྱི་ཕྱེ་མ། ཀ་རའི་ཕྱེ་མ། སྦྲང་རྩི་ལྷད་མེད། བུ་རམ་དཀར་པོ། མར། འོ་མ། སྒོག་ཏིང་གཅིག་སྟོད་ཧ་ཡང་ཆེ་བ་གཅིག་དང་ཆུང་བ་གཉིས་ཙམ། སྨན་ཁུ་བླུག་སྣོད་གཅིག་གམ་གཉིས། སྨན་ཁུ་འཚག་བྱེད་རས་སྲབ་མཐུག་སྙོམས་པ་གཅིག ཟངས་ཚགས་དང་ལྕགས་ཚགས་ཞིབ་པ་གཅིག་རེ། ཤིང་གི་སྐྱ་བ་གཉིས། སྣོད་ཀ་ཏོ་ར་གཉིས་གསུམ་ཞིག ཆང་བཟང་པོ་ཀི་ལོ་ཕྱེད་ཀ ར་ཤའམ་ར་མཆིན་ཐེབ་ཙམ། ལག་པར་བྱུག་བྱེད་མར་ཅུང་ཟད། རས་ལྟེབ་གཙང་མ་གཉིས། ཤིང་ཐབ་བམ་ Gas ཐབ་གཅིག རྡོ་གཞོང་གཅིག་བཅས་དགོས་སོ།།


 

                                     གཉིས་པ། སྦྱོར་ཚད་བསྟན་པ།

ཨང་།

སྨན་མིང་།

རྒྱ་གར་སྐད་དུ།

བེད་སྤྱོད་སྐབས་ཀྱི་ལས་སྣོན།

སྦྱོར་ཚད།

ཀི་ལོ། སྒ་རམ།

འབྲས་བུ་གསུམ།

× ཨ་རུ།

Harar Chilka

ཨ་རུ་སྐམ་པོ་བཅག་རྗེས་ཚི་གུ་དང་རུལ་སྐྱོན་སོང་བ་རྣམས་དོར་དགོས།

༠      ༥༠༠

× བ་རུ།

Bahera Chilka

བ་རུ་སྐམ་པོ་བཅག་རྗེས་ཚི་གུ་དང་རུལ་སྐྱོན་སོང་བ་རྣམས་དོར་དགོས།

༠     ༣༠༠

× སྐྱུ་རུ།

Amla

སྐམ་རྗེས་ཚི་གུ་དང་རུལ་སྐྱོན་སོང་བ་རྣམས་དོར་དགོས།

༠     ༣༠༠

རྩ་བ་ལྔ།

× ལྕ་བ།

Asgandh

རུལ་པ་དང་ཐལ་རྡུལ་སོགས་ཡོད་ཚེ་གཙང་མ་བཟོ་དགོས།

༠     ༣༠༠

× ར་མཉེ།

Shikakai

རུལ་པ་དང་ཐལ་རྡུལ་སོགས་ཡོད་ཚེ་གཙང་མ་བཟོ་དགོས།

༠     ༣༠༠

× ཉེ་ཤིང་།

Satavar

རུལ་པ་དང་ཐལ་རྡུལ་སོགས་ཡོད་ཚེ་གཙང་མ་བཟོས་ཐོག་ཆ་རྐྱེན་འཛོམས་ན་ཉེ་ཤིང་སྣུམ་ཞག་ཅན་རྣམས་དབྱེ་འབྱེད་ཀྱིས་བེད་སྤྱོད་བྱེད་དགོས།

༠     ༣༠༠

× བ་སྤྲུ།

Kuth Mitta

པགས་པ་རྣམས་གྲིས་གྲད་གྲད་གཏོང་བ་དང་། རུལ་པ་དང་ཐལ་རྡུལ་སོགས་ཡོད་ཚེ་གཙང་མ་བཟོ་དགོས།

༠     ༣༠༠

× གཟེ་མ།

Bhakra

བྱེ་མའི་ནང་ར་མགོ་འཚིག་ཙམ་བརྔོས་རྗེས་གཙང་མ་བཟོ་དགོས།

༠     ༣༠༠

ཁ་ཚར་གྱི་སྨན་ཚ་བ་གསུམ།

* བཅའ་སྒ།

Sundh

ཐལ་རྡུལ་དང་རུལ་པ་སོགས་ཡོད་ན་ཚགས་བརྒྱབས་ཏེ་གཙང་མ་བཟོ་དགོས།

༠     ༠༢༥

༡༠

* པི་པི་ལིང་།

Pipli, Maga

ཐལ་རྡུལ་དང་རུལ་པ་སོགས་ཡོད་ན་ཚགས་བརྒྱབས་ཏེ་གཙང་མ་བཟོ་དགོས།

༠     ༠༢༠

༡༡

* ཕོ་བ་རིས།

Kali Mirch

ཐལ་རྡུལ་དང་རུལ་པ་སོགས་ཡོད་ན་ཚགས་བརྒྱབས་ཏེ་གཙང་མ་བཟོ་དགོས།

༠     ༠༢༠

༡༢

* དབང་ལག

Salab Panja

དབང་ལག་ནུས་པ། དྲོད་བཅུད་དུ་འགུགས་པ་བྱུང་ན་རབ་དང་། དེ་མིན་ཐལ་རྡུལ་དང་རུལ་པ་སོགས་ཡོད་ན་ཚགས་བརྒྱབས་ཏེ་གཙང་མ་བཟོ་དགོས།

༠     ༠༥༠

༡༣

མངར་གསུམ།

× ཀ་ར།

Misri

གཤམ་དུ་གསལ་བཀོད་ཞུས་ཡོད།

༡      ༠༠༠

༡༤

× བུ་རམ།

Gur

གཤམ་དུ་གསལ་བཀོད་ཞུས་ཡོད།

༡      ༠༠༠

༡༥

× སྦྲང་རྩི།

Madhu

གཤམ་དུ་གསལ་བཀོད་ཞུས་ཡོད།

༡      ༠༠༠

༡༦

འོ་མ།

Dudh

གཤམ་དུ་གསལ་བཀོད་ཞུས་ཡོད།

༤     ༠༠༠

༡༧

མར།

Makhan

གཤམ་དུ་གསལ་བཀོད་ཞུས་ཡོད།

༥     ༠༠༠

 

ཁ་ཚར་གྱི་སྨན་ཚ་བ་གསུམ་དང་དབང་ལག་བཅས་དང་ཀ་ར་རྣམས་སྔོན་ཚུད་ནས་འཇམ་དབུར་བརྒྱབས་ཏེ་འཇོག་དགོས། བཅུད་ལེན་སྐབས་དབང་ལག་ནུས་འདོན་ནི། དབང་ལག་གི་དྲེག་པ་རྣསམ་ཆུར་བཤལ་རྗེས། ཆུ་གཙང་སྨན་གྱི་ཉིས་འགྱུར་དུ་ཁུ་བ་རང་ཐིམ་བཙོས་པས་ནུས་པ་དྲོད་དུ་འགྲོ་བ་དང་། སླར་ཡང་འོ་མ་བཞི་འགྱུར་ནང་འོ་མ་རང་ཐིམ་བཙོས་པས་བཅུད་དུ་འགུགས་པ་ཡིན་པས་ཉི་མར་སྐམ་རྗེས་སྨན་ནང་བེད་སྤྱོད་གཏོང་དགོས།


 

གསུམ་པ་བཟོ་ཚུལ་གྱི་ལག་ལེན་རྒྱས་པར་བཤད་པ།

ཕྱི་རྒྱུད་སྨན་མར་གྱི་ལེའུར། དེ་སོགས་སྨན་མར་མཐའ་དག་སྦྱར་བའི་ཐབས། །འཚོས་པར་བཙོས་ལ་ཁུ་བ་ཡང་ཡང་གདོན། །ཁུ་ཕྱིན་དྭངས་མ་ཆུ་བྲེ་གསུམ་དུ་བསྡུས། །ཞེས་གསུངས་པ་ལྟར་འབྲས་བུ་གསུམ་ལ་སོགས་པའི་སྨན་རྣམས་ཁྲམ་ཁྲུམ་བརྡུངས་རྗེས་ནུབ་གཅིག་ཆུ་ཚ་པོའི་ནང་སྦངས་ཏེ་བཞག་ཚེ་སྨན་ཁུ་ཐོན་མགྱོགས་པའི་ཁྱད་པར་ཡོད་ཅིང་། སང་ཉིན་དེར་ཆུ་གྲང་མོ་མང་ཙམ་བསྣན་ཏེ་མེ་དལ་བུས་ཆུ་ཚོད་གཉིས་གསུམ་གྱི་ཡུན་ཙམ་བསྐོལ་རྗེས་སྨན་ཁུ་ཐེངས་དང་པོ་དེ་སྣོད་གཙང་མ་ཞིག་གི་ནང་དུ་ཟངས་ཚགས་ཞིབ་པོའམ་རས་ཚགས་སུ་དྲངས་ཏེ་ཞོགས། སླར་ཡང་སྨན་རྒྱུ་དེར་ཆུ་གྲང་མོ་སྔ་མ་དེ་ལས་ཉུང་ཙམ་རེ་བླུགས་རྗེས་ཐེངས་གཉིས་ཆུ་ཚོད་གཅིག་རེ་བྱས་ཏེ་གདུ་དགོས་པ་དང་ཐེངས་རེ་རེའི་རྗེས་གོང་ལྟར་ཚགས་ལ་དྲངས་དགོས་པ་རིགས་བསྒྲེ་དང་། དེ་ལྟར་གསོག་པའི་ཁུ་ཕྱིན་དྭངས་མའམ་སྨན་ཁུ་ཆ་ཚང་སླར་ཡང་མཉམ་དུ་གདུས་ཏེ་ Litre ལི་ཀྲར་   གསུམ་ཙམ་དུ་མ་ཐིམ་བར་དུ་གདུ་དགོས།

དེ་རྗེས་སྨན་ཁུ་དེ་སྟེང་འོ་མ་བསྲེ་ལུགས་ཕྱི་རྒྱུད་སྨན་མར་གྱི་ལེའུར། དེ་ལ་བཞོས་ཐོག་འོ་མ་བྲེ་བཞི་བླུག །དཀྲུག་ཅིང་བཙོས་པས་ཆུ་དེ་འོ་མར་སྟིམ། །ཞེས་གསུངས་པ་ལྟར་ཚ་སེལ་བ་ར་དང་གྲང་སེལ་འབྲི་ལུག་གི་བཞོས་ཐོག་འོ་མ་ཐོབ་ན་རབ་དང་། དེ་མིན་འོ་མ་གང་ཐོབ་ལི་ཀྲར་བཞི་ཙམ་བླུགས་རྗེས་སླར་ཡང་སྨན་ཁུ་དང་འོ་མ་གཉིས་ལི་ཀྲར་བཞི་ཙམ་དུ་མ་ཐིམ་བར་ཡང་ཡང་དཀྲུག་ཅིང་གདུ་དགོས། དེ་ཡང་སྨན་ཁུ་ཁོལ་མའི་སྟེང་འོ་མ་གྲང་མོ་བླུག་ཚེ་སྨན་ཁུའི་སྐྱུར་ཤས་ལ་བརྟེན་འོ་མ་སྐྱུར་བའམ་ཤི་འགྲོ་ཉེན་ཡོད་པས་སྨན་ཁུ་ཁོལ་མའི་སྟེང་འོ་མ་ཡང་ཁོལ་མ་བཟོས་ཏེ་བླུགས་དགོས་པ་གནད་དུ་མཐོང་། སྐབས་འདིར་སྨན་ཁུ་དང་འོ་མ་གཉིས་མང་ཉུང་གོང་ལྟར་བྱས་ཀྱང་སྐབས་འཚམས་མར་མང་ཉུང་ལ་གཞིགས་པའི་སྨན་རྒྱུ་དང་འོ་མ་མར་བཅས་ཀྱང་སྤོར་ཆ་བྱེད་དགོས་ལ་བརྟེན་ལག་ལེན་འདི་ལྟར་བྱེད་ཀྱང་འཐུས་ཏེ། ཁུ་ཕྱིན་དྭངས་མའམ་སྨན་ཁུ་དེ་གསུམ་ཆ་གཅིག་ཏུ་མ་ཐིམ་བར་དུ་གདུས་རྗེས་མང་ཉུང་ལི་ཀྲར་བཞི་ཙམ་ཡོད་ན་འོ་མ་ལི་ཀྲར་ལྔ་བསྲེས་དགོས་པ་དང་མར་མང་ཉུང་གི་ཚད་གཞི་ནི་རྩ་བའི་སྨན་གྱི་ཉིས་འགྱུར་གཏོང་བ་ལེགས།

དེ་རྗེས་སྨན་ཁུའི་སྟེང་མར་བླུག་ཚུལ་ཕྱི་རྒྱུད་སྨན་མར་གྱི་ལེའུར། དེ་ལ་ཚ་སེལ་བ་ར་མཛོ་ཡི་མར། །གྲང་སེལ་འབྲི་དང་ལུག་མར་རྙིང་པ་གཞུག །འོ་མ་མར་ལ་ཐིམ་པར་བསྡུས་བྱས་ཏེ། །ཞེས་གསུངས་པ་ལྟར་གཞུང་བཞིན་ནད་གཞིར་དཔགས་ཏེ་མར་ཐོབ་ཚེ་ལེགས་པའི་ཆ་རྐྱེནདུ་གྱུར་ཀྱང་དེ་ལྟར་མ་བྱུང་ནའང་མར་གང་ཐོབ་འགྲིག སྐབས་འདིར་གོང་གསལ་འབའ་སམ་སྨན་མར་གྱི་སྦྱོར་ཚད་ལ་གཞིགས་ཏེ་རྒྱ་གར་བའི་Amul Butter ཞེས་པའི་མར་ཀི་ལོ་ལྔ་བླུགས། དེ་ལྟ་བུའི་གདུས་ཁུ་དེ་ཆུ་མ་ཆོད་བར་དུ་ཡང་ཡང་དཀྲུག་ཅིང་གདུ་དགོས་པ་མ་ཟད། ཆུ་ཆོད་གྲབས་སྐབས་མེ་ཤེད་ཤིན་ཏུ་ཆུང་ཆུང་གཏོང་དགོས་ཐོག་གཟབ་ནན་གྱིས་བར་མཚམས་མེད་པར་མ་དཀྲུག་ཚེ་སྨན་གྱི་སྐྱོ་མ་དེ་སྣོད་ཀྱི་མཐིལ་དུ་འབྱར་ཏེ་འཚིག་འགྲོ་ཉེན་ཡོད།

ཆུ་ཆོད་པའི་ཚད་ནི་ཕྱི་རྒྱུད་སྨན་མར་གྱི་ལེའུར། ཆུ་ཆོད་དྭངས་སྙིགས་ཕྱེ་ནས་མཛུབ་མོས་ཚུགས། །མེར་བཅུག་སྒྲ་མེད་ཚིགས་མ་དྲིལ་དུ་བཏུབ། །ཆུ་ཆོད་ཚད་ཡིན་ཐལ་ན་ནུས་པ་འཚིག །མ་ཆོད་ཕོ་བས་མི་ཆུན་ནུས་པ་ཆུང་། །ཚད་ལྡན་ཕོག་ལ་ཁུ་བ་གུད་དུ་བཞུར། །ཞེས་གསུངས་པ་ལྟར་མར་ཁུ་རྣམས་སྨན་གྱི་ལྡེ་གུའམ་སྐྱོ་མ་ནག་སྨུག་དེ་ཉིད་ཀྱི་ཁར་འཁྱིལ་ཏེ་དྭངས་སྙིགས་བྱེ་འགྲོ་བ་དང་མར་ཁུ་དེ་ནང་མཛུབ་མོ་བཅུག་ཚེ་མི་འཚིག་པའི་ཁྱད་ཆོས་དང་། མར་ཁུ་དེ་ནས་ཅུང་ཟད་ཅིག་མེ་ནང་བཏབ་ཚེ་ཚེགས་སྒྲ་མེད་ཅིང་། ཚིགས་མའམ་མཐིལ་དུ་ཡོད་པའི་སྨན་གྱི་ལྡེ་གུ་དེ་ལས་ཅུང་ཟད་བླངས་ཏེ་རིལ་བུར་འདྲིལ་དུ་བཏུབ་ན་ཆུ་ཆོད་པའི་ཚད་ཡིན། འོན་ཀྱང་ཆུ་ཆོད་པའི་རྗེས་དེ་མ་ཐག་ཏུ་མེ་སྟེང་ནས་མ་ཕོག་ཚེ་ནུས་པ་འཚིག་པའི་སྐྱོན་དུ་གྱུར་ཉེན་དང་། ཆུ་མ་ཆོད་གོང་ཕོག་ཚེ་ཕོ་བའི་མེ་དྲོད་ཀྱིས་མི་ཆུན་ཏེ་འཇུ་དཀའ་བས་ནུས་པ་ཆུང་བའི་སྐྱོན་དུ་གྱུར་བར་བརྟེན། གོང་དུ་སྨོས་པའི་ཆུ་ཆོད་ཀྱི་ཚད་དུ་སླེབས་མ་ཐག་ཕོག་ལ་སྣོད་ཧ་ཡང་ལྟ་བུའི་ནང་རས་ཚགས་སྲབ་མཐུག་སྙོམས་པ་ཞིག་ཏུ་དྲང་དགོས་པས་རས་ཚགས་འཇུ་མཁན་མི་གཉིས་དང་མར་ཁུ་བླུག་མཁན་མི་གཅིག་བཅས་གསུམ་ངེས་པར་དུ་དགོས་ཤིང་། དྭངས་སྙིགས་བྱེ་བའི་མར་ཁུ་ཆ་ཚང་རས་ཚགས་སུ་དྲངས་རྗེས་སྨན་གྱི་སྐྱོ་མ་དེ་ནང་མར་ཁུ་ལྷག་མ་ཅུང་ཟད་ཡོད་སྟབས་རས་ཚགས་ནང་ཆ་ཚང་བླུགས་ཏེ་ཟུར་གཉིས་ནས་གྲིམ་རྒྱག་པ་དང་སྐྱ་བ་ལྟ་བུ་གཉིས་ཀྱིས་མཐའ་གཉིས་ནས་གནོན་ཤུགས་སྤྲད་དེ་གང་ཐུབ་བཙིར་དགོས།

དེ་རྗེས་ཁ་ཚར་སྨན་སོགས་འདེབས་ལུགས་ཕྱི་རྒྱུད་སྨན་མར་གྱི་ལེའུར། དེ་ལ་ཁ་ཚར་སྨན་གདབ་མངར་གསུམ་སྦྱར། །འདྲེས་པར་དཀྲུག་ལ་ཐོ་རངས་ཁམ་རེ་བཏང་། །ཞེས་གསུངས་པ་ལྟར་མར་ཁུ་དེ་ཅུང་ཟད་འཁྱགས་ཏེ་གར་སླ་ཞོ་ཙམ་ཆགས་མཚམས་གོང་གསལ་གྱི་ཁ་ཚར་སྨན་རྣམས་དང་སྦྲང་རྩི་དང་བུ་རམ་ཆུ་བཅད་ཀྱི་ཕྱེ་མ་རྣམས་ཚུལ་བཞིན་བཏབ་སྟེ་འདྲེས་པར་དཀྲུག་རྗེས་དགོང་མོ་གཅིག་འཁྱག་ཏུ་གཞུག་དགོས་པ་ནི་རང་ཉིད་ཀྱི་མཐོང་བརྒྱུད་ཉམས་མྱོང་འདི་ལྟར་ཡིན་ཀྱང་། གཞུང་བཞིན་ནད་གཞིར་བསྟུན་ཏེ་ཁ་ཚར་གྱི་སྨན་སྦྱར་སྲོལ་ཡང་ཡོད། སང་ཉིན་དེར་ཉི་དྲོད་མ་སླེབས་གོང་ལ་སྨན་མར་དེ་དག་རིལ་བུ་བསྒྲིལ་ཐུབ་ན་མི་ཞུ་བའི་ཁྱད་པར་དང་། དེ་ཡང་རིལ་བུ་ཆེ་ཆུང་འཕྲུལ་ཐང་གི་ཚད་ཙམ་དང་སྒྲིལ་མཁན་གྱི་ལག་པ་དྲོད་ཅན་མ་ཡིན་པར་གྲང་མོའི་རང་བཞིན་ཅན་བྱུང་ན་ལེགས་པར་མངོན། དེ་ལྟར་རིལ་བུ་བསྒྲིལ་རྗེས་སྣོད་ཀ་ཏོ་ར་ལྟ་བུ་ཞིག་ནང་མང་ཉུང་རན་པོར་བླུགས་རྗེས་ཀ་རའི་ཕྱེ་མ་མདོག་ཐོན་ངེས་ཤིག་བཏབ་སྟེ་ལེགས་པར་དཀྲུག་ཚེ་རིལ་བུ་རྣམས་མདོག་དཀར་ཞིང་མཛེས་པ་དང་དྲོད་ཅུང་ཟད་ཙམ་ཞིག་གིས་ལམ་སེང་མི་ཞུ་བའི་ཁྱད་གནད་ཡོད། དེ་ལྟ་བུའི་རིལ་བུ་རྣམས་སྣོད་ཁ་དམ་པོ་ཞིག་ནང་བླུགས་ཏེ་འཁྱག་སྒམ་བྱུང་ན་རབ་དང་དེ་མིན་གནས་གྲང་ས་ཞིག་ཏུ་ཉར་ཚགས་ལེགས་པར་བྱེད་དགོས་སོ།།

 

 

 

བཞི་པ་སྦྲང་རྩི་ཆུ་བཅད་བཟོ་ཚུལ།

སྨན་མར་དེ་ཉིད་ཆུ་བཅད་ཚར་མ་ཐག་སྦྲང་རྩི་དང་བུ་རམ་ཆུ་བཅད་ཀྱི་ལས་ལ་ཞུགས་དགོས། སྦྲང་རྩི་ཀི་ལོ་གཅིག་ལ་ཆང་ཀི་ལོ་ཕྱེད་ཀ་དང་དུག་འདོན་ཆེད་ར་ཤའམ་ར་མཆིན་གང་ཐོབ་མཐེབ་མཛུབ་ཙམ་བླུགས་ཏེ་ཆུ་ཚོད་ཕྱེད་ཀའི་ཡུན་བསྐོལ་རྗེས་ར་ཤའམ་ར་མཆིན་དེ་ཕྱིར་འདོན་དགོས། སྦྲང་རྩི་དེ་ཉིད་མུ་མཐུད་གདུས་ཏེ་གར་དུ་སོང་མཚམས་ཆུ་མ་ཆོད་བར་དུ་མཚམས་མ་ཆད་པ་དཀྲུག་དགོས། མེ་སྟེང་འཇོག་ཡུན་རིང་དྲགས་ན་སྦྲང་རྩི་ཁ་ཏིག་ཏུ་གྱུར་ཏེ་སྨན་མར་ཡང་ཁ་ཏིག་ཏུ་གྱུར་ཉེན་ཡོད་སྟབས་ཆུ་ཆོད་གྲབས་སྐབས་ཡང་ཡང་ལྟ་དགོས་པ་དང་མེ་ཆེ་དྲགས་རྒྱུ་མེད་པ་གལ་གནད་ཆེ། ཆུ་ཆོད་མ་ཆོད་ལྟ་ཚུལ་ནི། ཧ་ཡང་གི་ཁ་གོད་དམ་རྡོ་གཞོང་གྲང་མོའི་སྟེང་ཐིགས་པ་གཅིག་གཉིས་བླུགས་པའམ་ཡང་ན་ཆུ་གྲང་མོ་ཞིག་གི་ནང་ཐིགས་པ་གཅིག་གཉིས་བླུགས་ཏེ་ལྟ་ཚེ་མཁྲེགས་པོར་གྱུར་ཡོད་ན་ཆུ་ཆོད་པའི་ཚད་ཡིན་པས། སྔོན་ཚུད་ནས་རྡོ་གཞོང་གི་སྟེང་མར་ཅུང་ཟད་བྱུགས་ཏེ་བཞག་པ་དེར་སྦྲང་རྩི་རྣམས་གང་མགྱོགས་བླུག་དགོས། ཡུད་ཙམ་བཞག་རྗེས་ལག་པས་ཚ་དྲོད་མྱོང་ཐུབ་མཚམས་མི་གཉིས་གསུམ་ལ་ཆ་བགོས་ཀྱིས་ལག་པར་མར་ཡང་ཡང་བྱུགས་ཏེ་མདོག་དཀར་ཞད་ཅན་དུ་མ་གྱུར་བར་སྦྲང་ཤད་རྒྱག་པ་སྟེ་ལག་གཉིས་ཀྱིས་ཤུགས་རྒྱག་སྟེ་ཡང་ཡང་མྱུར་བར་འཐེན་དགོས། དེ་ལྟར་བྱས་རྗེས་མཁྲེགས་པོར་མ་གྱུར་གོང་སྦོམ་ཕྲ་རན་པོ་ཞིག་འཐེན་རིམ་བཞིན་རས་ལྟེབ་ཅིག་གི་སྟེང་བཀྲམ་སྟེ་མཁྲེགས་པོ་མ་ཆགས་བར་ཆུ་ཚོད་ཕྱེད་ཀའི་རིང་འཇོག་རྗེས་སྦྲང་རྩི་རྣམས་དུམ་བུར་བཅག་སྟེ་རྡོ་གཞོང་སྟེང་རིམ་བཞིན་ཅུང་ཟད་རེ་དབུར་བའི་ཕྱེ་མ་ལྕགས་ཚགས་ཞིབ་པོ་ཞིག་ཏུ་དྲངས་ལ་གོང་གསལ་གར་སླ་ཞོ་ཙམ་ཡོད་པའི་སྨན་མར་ནང་བཏབ་མ་ཐག་འདྲེས་པར་དཀྲུག་དགོས་ཤིང་། སྦྲང་རྩི་དབུར་སྐབས་ཀ་རའི་ཕྱེ་མ་ཅུང་ཟད་ཡང་ཡང་བསྲེ་འགྱུར་ན་མི་འབྱར་བའི་ཁྱད་གནད་མཐོང་ངོ་།།

 

 

ལྔ་པ་བུ་རམ་ཆུ་བཅད་བཟོ་ཚུལ།

བུ་རམ་རྣམས་ཧྲོབ་ཙམ་བརྡུངས་རྗེས་ཆུ་ལི་ཀྲར་ཕྱེད་ཀ་མིན་ཙམ་བླུགས་ཏེ་བསྐོལ་དགོས། དེ་ལྟར་གར་དུ་སོང་མཚམས་མེ་ཆུང་དུ་བཏང་སྟེ་མུ་མཐུད་དཀྲུག་དགོས་པ་མ་ཟད། ཡང་ཡང་ཆུ་ཆོད་མ་ཆོད་ལྟ་དགོས་ཤིང་། ལྟ་ལུགས་དང་རྗེས་ཀྱི་ལས་སྣོན་རྣམས་སྦྲང་རྩི་དང་མཚུངས་པར་ཕྱེ་མ་བཟོས་ཏེ་སྨན་མར་ནང་བཏབ་དགོས། འོན་ཀྱང་བུ་རམ་དབུར་སྐབས་སྦྲང་རྩི་ལྟར་རྡོ་གཞོང་སྟེང་འབྱར་གྱི་མེད་སྟབས་ཀ་རའི་ཕྱེ་མ་མ་བླུགས་ཀྱང་འགྲིག

ཡང་ལག་ལེན་བྱེད་ཚུལ་གཞན་ཞིག་ནི། སྦྲང་རྩི་གོང་གསལ་ལྟར་ཆུ་བཅད་དེ་རས་སྟེང་བཀྲམ་རྗེས་དེ་མ་ཐག་བུ་རམ་ཡང་ཆུ་བཅད་དེ་རས་ལྟེབ་ཅིག་གི་སྟེང་བཀྲམ། གཉིས་ཀ་མཁྲེགས་པོར་གྱུར་མཚམས་ཀ་རའི་ཕྱེ་མ་ཅུང་ཟད་རེ་བསྲེས་ཏེ་རྡོ་གཞོང་སྟེང་སྦྲང་རྩི་དང་བུ་རམ་གཉིས་ཀ་རིམ་བཞིན་མཉམ་དབུར་བྱས་པའི་ཕྱེ་མ་ལྕགས་ཚགས་ཞིབ་པོར་དྲངས་ཏེ་སྨན་མར་ནང་བཏབ་ལ་འདྲེས་པར་དཀྲུག་དགོས་སོ།།


 

དྲུག་པ་ཕན་ཡོན་བསྟན་པ།

ཕྱི་རྒྱུད་སྨན་མར་གྱི་ལེའུར། འབའ་སམ་ཞེས་བྱ་སྟོད་སྨད་ཀུན་ལ་བསྔགས། ཞེས་དང་། བཤད་རྒྱུད་ཟས་ཚུལ་གྱི་ལེའུར། ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། །ཞེས་དང་། ཡང་འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། །ཞེས་གསུངས་པ་ལྟར་དབང་པོ་གསལ་ཞིང་ལུས་སྟོབས་བསྐྱེད་པ་དང་རོ་ཙ་འཕེལ་བ། རླུང་ནད་ཅན་དང་མཁལ་གྲང་རྐྱེན་གྱིས་དཔྱིད་རྐེད་ཞིང་དྲོད་མི་ཁུག་པ་གཅིན་ཁ་སྙི་བ་སོགས་ལ་ཕན་ཅིང་།

གཞན་ཡང་སྨན་སོ་སོའི་ནུས་པ་བཤད་རྒྱུད་སྨན་གྱི་ནུས་པ་བསྟན་པའི་ལེའུར། ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །འཚོ་བྱེད་དྲོད་བསྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྱུར་ནད་ཀུན་འཇོམས། །བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཉེ་ཤིང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཨ་ཤོ་གནྡྷ་(བ་སྤྲུ་)སྨད་གྲང་ཆུ་སེར་སེལ། །གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །སྨན་སྒས་དྲོད་བསྐྱེད་ཟས་ལེན་བད་རླུང་སེལ། །པི་པི་ལིང་གིས་གྲང་ནད་མ་ལུས་སེལ། །ན་ལེ་ཤམ་(ཕོ་བ་རིས་ནག་པོ་)གྱིས་བད་ཀན་གྲང་བ་སེལ། 'ཞེས་གསུངས་པ་སོགས་ཕན་ཡོན་ཤིན་ཏུ་མང་ངོ་།།


 

བདུན་པ་བསྟེན་པར་མི་འོས་པའི་ནད་གཞི་ཁག་བསྟན་པ།

གཅིན་སྙི་Diabetes ཡི་ནད་གཞི་ཡོད་པ་དང་། ཆམ་རིམས་ཀྱི་ནད་ཕོག་པ། རྒྱུན་ལྡན་ཁྲག་ཤེད་མཐོ་བའི་ནད་ཡོད་པ། ཚ་བ་དང་ཁྲག་མཁྲིས་ཀྱི་ནད། རྨ་དང་པགས་ནད་སོགས་ལ་གཉན་ཚད་ཡོད་རིགས་བཅས། མདོར་ན་ཚ་བ་དང་བསྡོངས་པའི་ནད་གཞི་མཐའ་དག་ལ་སྤང་བར་བྱའོ།།

 


                                                       བརྒྱད་པ་བཟོ་བ་དང་བསྟེན་པའི་དུས་ཚོད་བསྟན་པ།

དགུན་ཁ་བོད་ཟླ་བཅུ་པར་གནམ་གཤིས་གྲང་ངར་སླེབས་མཚམས་སྨན་མར་རྣམས་བཟོས་རྗེས་གོང་གསལ་ལྟར་ཉར་ཚགས་ལེགས་པར་བྱེད་དེ་ཕྱི་རྒྱུད་སྨན་མར་གྱི་ལེའུར། འདྲེས་པར་དཀྲུག་ལ་ཐོ་རངས་ཁམ་རེ་བཏང་། །ཞེས་གསུངས་པ་ལྟར་ཚ་བ་མ་སླེབས་བར་ཐོ་རངས་སམ་ཡང་ན་སྔ་དྲོ་ལྟོ་སྟོང་གི་དུས་སུ་རིལ་བུ་གཅིག་རེ་བསྟེན་དགོས་སོ།།


 

དགུ་པ་ཟས་སྤྱོད་སོགས་ཀྱི་སྤང་བླང་དང་མཇུག་བཅོས་བསྟན་པ།

ཕྱི་རྒྱུད་སྨན་མར་གྱི་ལེའུར། རླན་གྲང་བསེར་བུ་འཇུ་དཀའ་དྲག་ཤུལ་སྤང་། །སྨན་མ་ཞུ་ན་རྒྱམ་ཚ་བཞི་ཐང་བཏང་། །སྨན་ཟད་རྗེས་ལ་ཟས་ཀྱིས་ལུས་ཟུངས་གསོ། །ཞེས་གསུངས་པ་ལྟར་སྨན་མར་བསྟེན་པའི་རིང་གཞའ་རླན་གྲང་རེག་གི་སྤྱོད་ལམ་དང་། བསེར་བུའམ་རླུང་གྲང་མོ། ཁ་ཟས་འཇུ་དཀའ་བའི་རིགས། དྲག་ཤུལ་གྱི་ལས་བཅས་གང་ཐུབ་སྤང་དགོས་པ་དང་། ཕོ་བའི་མེ་དྲོད་ཀྱིས་སྨན་མར་ཞུ་མ་ཐུབ་པའི་དཀའ་ངལ་བྱུང་ཚེ་རྒྱམ་ཚྭ་སྒ་རམ་༡༠། བཅའ་སྒ་རམ་༨། ཨ་རུ་སྒ་རམ་༡༥། པི་པི་ལིང་སྒ་རམ་༨། བཅས་རྒྱམ་ཚྭ་བཞི་ཐང་གཏོང་དགོས་པ་མ་ཟད། སྨན་མར་ཟད་པ་སྟེ་རྫོགས་པའི་རྗེས་སུ་ཟས་སྐོམ་གསར་བཅུད་རིགས་ཀྱིས་ལུས་ཟུངས་གསོ་དགོས་པའང་ཡིན་ནོ།།


སླར་སྨྲས་པ།

མ་གསང་ལྷུག་པར་སྨྲ་བའི་ལག་ལེན་འདིར།།

མ་རྟོགས་ནོངས་པའི་ཆ་ཤས་མཆིས་སྲིད་ཀྱང་། །

མ་རབས་དཔེ་མཁྱུད་དྲི་ངན་རིང་དོར་ནས།།

མ་བཅོས་དྲི་བཟང་ཐུལ་ལ་ཅིས་མི་དགའ།།

ཞེས་སྨན་མར་གྱི་ལག་ལེན་མཐོང་བརྒྱུད་ཉམས་མྱོང་གི་ཟིན་བྲིས་གོ་བདེའི་ཚིག་གིས་གསལ་བར་བཀོད་པ་འདི་རང་མཉམ་འཚོ་བྱེད་བློ་གསར་རྣམས་དང་གཞན་ཡང་དོན་གཉེར་ཅན་འགར་ཕན་ཕྱིར་སྨན་པ་དཀའ་བཅུ་པ་སྤེན་པ་ཚེ་རིང་(ད་ལྟ་སྨན་རམས་པ་ཡིན།)གིས་ཕྱི་ལོ་༡༩༩༤ལོར་འཕགས་ཡུལ་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་བོད་གཞུང་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་ནང་དངོས་སུ་ལག་ལེན་བྱེད་སྐབས་བྲིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་འཕེལ་བའི་ཆ་རྐྱེན་དུ་གྱུར་ཅིག ། །།



འདི་ནི་བོད་གཞུང་སྨན་རྩིས་ཁང་གིས་སྤྱི་ལོ་༡༩༩༦ ལོར་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་གཉིས་པ།》ནང་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 08.08.2013 ཉིན། 3:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།