སྨན་རྩིས་དྲ་བ། - ཆེད་རྩོམ།

བླ་གནས་འཕོ་ཚུལ་ཕྱོགས་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.04.2022
ཆེད་རྩོམ། >>


༄༅། །བླ་གནས་འཕོ་ཚུལ་ཕྱོགས་བསྡུས།

                                                                                     སྨན་རྩིས་ཁང་བླ་གནས་བསྐྱར་ཞིབ་ཚོགས་ཆུང་ནས་ཟུར་འདོན་ཞུས།



བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་དགོངས་དོན་གཞིར་བཟུང་གཏར་སྲེག་སོགས་རྩུབ་དཔྱད་ལག་ལེན་སྐབས་བླ་གནས་གང་དུ་འཕོ་ཡོད་མིན་ངེས་པར་ཤེས་དགོས་པ་གསུངས་པ་བཞིན་བླ་གནས་འཕོ་ཚུལ་ཐད་ལ་བཞེད་ལུགས་ཐ་དད་པ་འགའ་ཞིག་ཡོད།

འདིའི་ནང་དང་པོ་གཙོ་བོ་སྨན་གཞུང་ཁག་ཏུ་དང་། དེ་ནས་རྩིས་གཞུང་ཁག་ཏུ་བསྟན་པའི་བླ་གནས་འཕོ་ཚུལ་སྐོར་ཟུར་འདོན་ཞུས་ཡོད། དེ་ནས་གཤམ་དུ་ལྟ་བདེ་སླད་དུ་བླ་གནས་འཕོ་ཚུལ་བཞེད་ལུགས་རྣམས་རེའུ་མིག་ཏུ་བཟོས་ཏེ་ PDF སྤྱོད་བདེའི་ཡིག་སྒྲོམ་ནང་དུ་བཞག་ཡོད། བླ་གནས་འཕོ་ཚུལ་འདི་དག་གི་ནང་དུ་ཚེས་ཆའི་བླ་གནས་སྟེང་། དུས་ཚོད་ཀྱི་བླ་གནས་དང་། གཟའི་བླ་གནས་སོགས་རྒྱས་པར་བསྟན་ཡོད་པ་མ་ཟད། བླ་གནས་འཕོ་ཚུལ་ལ་མ་གཟིགས་པར་རྩུབ་དཔྱད་ལག་ལེན་བྱས་པའི་ཉེས་དམིགས་སྐོར་དང་། ཡང་བླ་གནས་ཀྱི་ཉེས་དམིགས་དག་ལས་སྲུང་ཐབས་ཀྱི་ཆོ་ག་སོགས་ཀྱང་བསྟན་ཡོད།

 

དང་པོ། སྨན་གཞུང་ཁག་ཏུ་བསྟན་པའི་བླ་གནས་འཕོ་ཚུལ་སྐོར།

(༡)

ཨོཾཿ བླ་མ་ནོར་བུ་རྒྱ་མཚོ་ལསཿ བླ་གནས་བརྩི་བ་དང་འབྲུག་ཆར་འཇའ་སྐར་མ་ལེགས་ཉེས་བརྟག་པ་རྣམས་བཞུགས་སོཿ

-          རིག་འཛིན་པདྨ་གླིང་པའི་ཟབ་གཏེར་ཆོས་མཛོད་རིན་པོ་ཆེ། པོད། ༢

ཨོཾཿ ཨོ་རྒྱན་པདྨ་འབྱུང་གནས་ཀྱིསཿ སྨན་པ་རྣམས་ཀྱི་ལོ་དང་དུས་ཚོད་ཚེས་ལ་བརྟེན་ནསཿ བླ་གནས་རྩི་བའི་མན་ངགཿ བོད་དུ་ཆོས་རྒྱལ་ཆེན་པོ་ལ་གནང་བའོཿ ལས་ལྡན་གྱི་བུ་དང་འཕྲད་པར་གྱུར་ཅིགཿ ཅེས་སྨོན་ལམ་བཏབ་ནས་གཏེར་དུ་སྦསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ འགྲོ་བའི་ལུས་ལ་བླ་གནས་བརྩི་བ་ནིཿ ཚེས་གཅིག་རྐང་པའི་མཐོ་བོང་ལ་གནསཿ གཉིས་ལ་རྗེ་ངར་ལ་གནསཿ གསུམ་ལ་བརླ་ཤ་ལ་གནསཿ བཞི་ལ་སྐྱེ་བ་ལ་གནསཿ ལྔ་ལ་ཨོག་མ་ལ་གནསཿ དྲུག་ལ་རྐང་པའི་བོལ་ལ་གནསཿ བདུན་ལ་བྱིན་པ་ལ་གནསཿ བརྒྱད་ལ་ལོང་བུ་ལ་གནསཿ དགུ་ལ་རྒལ་ཚིག་ལ་གནསཿ བཅུ་ལ་ཚང་ར་དང་འཇུག་འདུས་ལ་གནསཿ བཅུ་གཅིག་ལ་སྣ་ལ་གནསཿ བཅུ་གཉིས་ལ་རྐང་ལག་མཚམས་སུ་གནསཿ བཅུ་གསུམ་ལ་ཕྲག་པར་གནསཿ བཅུ་བཞི་ལ་ཕོ་བར་གནསཿ བཅོ་ལྔ་ལ་ལུས་བྱིངས་ཁྱབ་པར་གནསཿ བཅུ་དྲུག་ལ་བྲང་ལ་གནསཿ བཅུ་བདུན་ལ་ཨོལ་ཀོང་ལ་གནསཿ བཅོ་བརྒྱད་ལ་པུས་གོང་ལྷ་ང་ལ་གནསཿ བཅུ་དགུ་ལ་སོར་མོ་རྣམས་ལ་གནསཿ ཉི་ཤུ་ལ་ཉ་ཤ་དང་རྗེ་ངར་ལ་གནསཿ ཉེར་གཅིག་ལ་མ་འགལ་ལ་གནསཿ ཉེར་གཉིས་ལ་སྤྱི་ཁུང་ལ་གནསཿ ཉེར་གསུམ་ལ་མཇིང་པར་གནསཿ ཉེར་བཞི་ལ་ལག་ངར་དང་རྩིབ་མ་ལ་གནསཿ ཉེར་ལྔ་ལ་སྙིང་ཁ་ལ་གནསཿ ཉེར་དྲུག་ལ་སོག་པ་ལ་གནསཿ ཉེར་བདུན་ལ་སྤྱི་གོང་ལ་གནསཿ ཉེར་བརྒྱད་ལ་གསང་བའི་བུ་ག་ལ་གནསཿ ཉེར་དགུ་ལ་པུས་མོའི་ལྷ་ང་ལ་གནསཿ གནམ་སྟོང་ལ་སྤུ་དཀར་ནག་མཚམས་སུ་གནསཿ དུས་ཚོད་དེ་རྣམས་ལ་གཏར་སྲེག་བྱས་ནཿ སྙིང་ལ་མཚོན་ཆ་ཟུག་པ་འདྲ་སྟེ་འཆི་བར་འགྱུརཿ ཉི་མའི་དུས་ཚོད་ལ་བླ་གནས་བརྩི་བ་ནིཿ ནམ་ལང་ཉིན་དྲོས་ཚུན་ལ་སྤྱི་གོང་ལ་གནསཿ ཉིན་ཕྱེད་རྩིབ་མའི་ལོགས་ལ་གནསཿ ཕྱེ་ཡོལ་འཕོ་བ་ལ་གནསཿ མྱུར་སྨད་བྲང་ལ་གནསཿ དགོང་ཁ་ཡན་ལག་ཐམས་ཅད་ལ་གནསཿ མཚན་མོ་ས་རུབ་ནས་ཐོ་རང་མན་ཆད་སྙིང་ལ་གནསཿ ཉི་ཚོད་དེ་རྣམས་ལ་གཏར་སྲེག་མི་བྱཿ བྱས་ན་འཆི་བའི་ཉེ་ན་ཡོདཿ ཡང་ལོ་དང་བསྟུན་པའི་བླ་གནས་བརྩི་བ་ནིཿ བྱི་བ་ནམ་ཕྱེད་ལ་གནསཿ གླང་ལོ་པ་ལ་ཕྱེད་ཡོལ་ལ་གནསཿ སྟག་ལོ་པ་ལ་མྱུར་སྨད་ལ་གནསཿ ཡོས་ལོ་པ་ལ་ཉི་ནུབ་ལ་གནསཿ འབྲུག་ལོ་པ་ལ་ནམ་ནུབ་ལ་གནསཿ སྦྲུལ་ལོ་པ་ལ་སྲོད་ལ་གནསཿ རྟ་ལོ་པ་ལ་སྲོད་འཁྱེར་ལ་གནསཿ ལུག་ལོ་པ་ལ་ནམ་ཕྱེད་ལ་གནསཿ སྤྲེའུ་ལོ་པ་ལ་ཐོ་རང་ལ་གནསཿ བྱ་ལོ་པ་ལ་ཉི་ཤར་དུས་ལ་གནསཿ ཁྱི་ལོ་པ་ལ་ཉི་དྲོས་ལ་གནསཿ ཕག་ལོ་པ་ལ་དྲོས་ཆེན་ལ་གནསཿ དུས་ཚོད་གནས་པ་དེ་རྣམས་བརྩིས་ལཿ གཏར་སྲེག་དང་བྱུག་པའི་ལས་རྣམས་མི་བྱའོཿ དུས་ཚོད་དེ་རྣམས་ལ་མཚོན་ཕོག་པ་དངཿ སྣད་ཡར་གང་བྱུང་ཡང་སྲོག་དང་བྲལ་བས་ངན་ནོཿ དེ་རྣམས་ལ་འཛེམ་པ་ཤིན་ཏུ་གལ་ཆེཿ འགྲོ་བའི་ལུས་ལ་བླ་གནས་བརྩི་བའི་མན་ངགཿ བདག་པདྨ་ཐོད་ཕྲེང་གིས་སྦྱར་བའོཿ ལས་ཅན་གཅིག་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ

 

(༢)

༄༅།།རིན་པོ་ཆེའི་བང་མཛོད་ལས། བླ་གནས་བརྩི་བ་བཞུགས་སྷོཿ

༄༅། །ཆོས་དབྱིངས་སྤྲོས་བྲལ་ནམ་མཁའ་དངས་པའི་གདོངཿ ལོངས་སྐུ་གདོད་ནས་འཇའ་འོད་འཁྲིགས་པའི་གུརཿ སྤྲུལ་སྐུ་ཉི་ཟླ་བཞིན་དུ་ཀུན་ལ་གསལཿ སངས་རྒྱས་སྨན་བླའི་ཞབས་ལ་ཕྱག་འཚལ་ལོཿ ཕྱི་རབས་འགྲོ་བ་སྡུག་བསྔལ་བསལ་བའི་ཕྱིརཿ བླ་གནས་བརྩི་བའི་རིམ་པ་མ་ནོར་པཿ པདྨ་བདག་གི་མ་ནོར་ཡིག་གེར་བཀོདཿ བླ་གནས་ཞེས་བྱ་ལུས་ལ་གནས་པ་ཏེཿ གང་གནས་དེ་རུ་བསྲེག་དང་གཏར་ཁ་སྤངཿ གལ་ཏེ་ཐུགས་ན་སྲོག་ལ་རྒོལ་བར་བྱེདཿ གློ་བུར་བཙན་ཐབས་མྱུར་དུ་དགོས་པ་ནཿ སྔགས་དང་དུ་བ་བྱུག་པས་སྲུང་བར་བྱེདཿ ཉ་སྟོང་ལ་ཅིས་ཀྱང་གཏར་བསྲེག་དངཿ དབྱུག་ཆོས་ལ་སོགས་ཐམས་ཅད་སྤང་བར་བྱཿ ཚེས་གཅིག་རྐང་པའི་མཐེ་བོང་ལ་གནསཿ གཉིས་ལོང་བུ་ལ་གནསཿ གསུམ་བླའི་ནང་ལ་གནསཿ བཞི་རྐང་པའི་བར་ལ་གནསཿ ལྔ་ཁ་ནང་ལ་གནསཿ དྲུག་ལ་བྲང་ལ་གནསཿ བདུན་ལ་རྒྱབ་ལ་གནསཿ བརྒྱད་ལག་པའི་འཁྲིག་པ་ལ་གནསཿ དགུ་མཆིན་པ་ལ་གནསཿ བཅུ་རྐང་པ་ལ་གནསཿ བཅུ་གཅིག་སྣ་ལ་གནསཿ བཅུ་གཉིས་ཕོ་བ་ལ་གནསཿ བཅུ་གསུམ་སོ་ལ་གནསཿ བཅུ་བཞི་ལག་པའི་སྐྱོར་གོང་ལ་གནསཿ བཅོ་ལྔ་ལ་ལུས་ཁྱབ་པར་གནསཿ བཅུ་དྲུག་མགྲིན་པ་ལ་གནསཿ (བཅུ་བདུན་ཆད་སྐྱོན།) བཅོ་བརྒྱད་ལ་ཕོ་བའི་མཐིལ་ལ་གནསཿ བཅུ་དགུ་ལོང་བུ་གནསཿ ཉི་ཤུ་ལ་ངར་གདོང་ལ་གནསཿ ཉི་ཤུ་གཅིག་ལ་རྐང་པའི་མཐེབ་ཆུང་ལ་གནསཿ ཉི་ཤུ་གཉིས་ལ་སོག་འཕྲག་གཉིས་ལ་གནསཿ ཉེར་གསུམ་མཆིན་པ་ལ་གནསཿ ཉེར་བཞི་ལ་ལག་མཐིལ་ལ་གནསཿ ཉེར་ལྔ་ལ་ལྕེ་ལ་གནསཿ ཉེར་དྲུག་ལ་འགྱིང་པ་ལ་གནསཿ ཉེར་བདུན་ལ་སྤུས་མོ་ལ་གནསཿ ཉེར་བརྒྱད་ཕོ་མཚེར་ལ་གནསཿ ཉེར་དགུ་སྤྱི་མིག་གཉིས་ལ་གནསཿ གནམ་གང་ལ་ལུས་ཁྱབ་པར་གནསཿ གསང་བ་དུས་ལ་བརྟེན་ཏེ་གནས་པ་ནིཿ ནམ་ལང་རྐང་པ་ལ་གནསཿ ཉི་ཤར་འགྱིང་པ་ལ་གནསཿ དྲོས་ཆུང་ལྟག་པ་ལ་གནསཿ དྲོས་ཆེན་མཆུ་ལ་གནསཿ ཉིན་ཕྱེད་ཁྲོ་རྩེབ་ལ་གནསཿ ཕྱེད་ཡོལ་ལྟོ་བ་ལ་གནསཿ དགོངས་ཀ་སྙིང་ལ་གནསཿ དགོངས་ཆུང་རྒྱབ་ལ་གནསཿ ཉི་ཟེར་ལ་རྐང་པ་ལ་གནསཿ སྲོད་དང་ནམ་ལང་བར་དུ་ལུས་ལ་ཁྱབ་པར་གནས་སོཿ གལ་ཏེ་བླ་གནས་དུ་ཐུགས་དོག་ནཿ གུ་ཁུལ་གྱི་བདུག་པ་བྱ་ཞིངཿ སྤང་སྤོས་བྱུག་པས་བྱུགཿ སྔགས་ནི་བརྒྱ་དང་ཉེར་གཅིག་བཏབ་གྱུར་ནཿ བླ་གནས་ལ་སོགས་དུས་ཚོད་མི་དགོསཿ ཨོཾ་ཙག་ཤུ་དྷེ་བ་ཏྲིང་ཀི་སྭཱཧཱཿ སྔགས་དང་རྫས་ཀྱི་ཟབ་རྒྱས་ཁྱད་པར་ཅནཿ པདྨ་བདག་གི་མངའ་བདག་ཁྱོད་ལ་གཏོདཿ མ་སྤེལ་ཙིཏྟའི་གནས་སོ་དམ་པོར་སྤོསཿ ཡོན་མེད་གཡོ་རྒྱུ་ཅན་ལ་གསང་ལ་སྤྱོདཿ འཛམ་གླིང་གསེར་གྱི་གང་ན་ཡངཿ གསེར་ལ་རིན་ཐང་མེདཿ བོང་བུ་ལག་ཐག་རིང་ན་རྟ་བུའི་བྲེས་ལ་གནོདཿ །།མངྒལཾ།། བཀྲ་ཤིས་ཤོག ཞུས་སོ།།

 

(༣)

བཞི་པ། བླ་གནས་ཟིན་བྲིས་ཀྱི་མེ་ལོང་བཞུགས།

བོད་ལུགས་གསོ་རིག་མཁས་དབང་གི་ཉམས་མྱོང་སྙིང་བསྡུས།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ དྭགས་པོ་ལྷ་རྗེ།?

མན་ངག་གསེར་བུམ་ལས་བླ་གནས་ཟིན་བྲིས་རྩིས་ཀྱི་གསལ་བའི་མེ་ལོང་ཡོད། སངས་རྒྱས་སྨན་བླ་དྲང་སྲོང་བརྒྱུད་པར་བཅས། གཡུ་ཟུར་མཁས་པའི་ཞབས་ལ་གསོལ་བ་འདེབས། བདག་གི་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། ཐབས་ཤེས་རོ་རྐྱང་དབང་གིས་ནི། །བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་གཡས། །དེ་ཡང་ཚེས་གཅིག་རྐང་པ་ཡི། །སོར་ཚིགས་དང་པོ་ཡི་གེ་ཨཱ༔ གཉིས་པར་ཨི་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡི་གཟུགས། །ལྔ་པར་པུས་མོར་ལྀ་ཡིག་གནས། །དྲུག་པར་དཔྱི་མིག་མཚམས་སུ་ཨཱཿ བདུན་པར་ལག་སོར་དང་པོར་ཨེཿ བརྒྱད་པར་སོར་ཚིགས་གཉིས་པར་ཨརཿ དེ་བཞིན་དགུ་ལ་གསུམ་པར་ཨེཿ བཅུ་པར་མཁྲིགས་མའི་མཚམས་སུ་ཨལཿ བཅུ་གཅིག་པ་ལ་གྲུ་མོར་ཧཿ བཅུ་གཉིས་པུས་མགོར་ཡཿཞེས་བརྗོད། བཅུ་གསུམ་པ་ལ་མགྲིན་པར་རཿ བཅུ་བཞི་པ་ལ་མཚོགས་མར་ཝཿ བཅོ་ལྔ་པ་ལ་དཔྲལ་བར་ལཿ བཅོ་ལྔ་བཅུ་དྲུག་མཚམས་སུ་ནི། སྤྱི་བོར་ཨཾཿགིས་གཟུགས་ཀྱིས་སོ། སླར་ཡང་བཅུ་དྲུག་ལྟག་པར་ལཱཿ བཅུ་བདུན་པ་ལ་གཉའ་བར་ཝཿ བཅོ་བརྒྱད་སྙིང་ཁར་རཿཡི་གཟུགས། བཅུ་དགུ་དཔུང་པའི་ཚིགས་སུ་ཡཿ ཉི་ཤུ་པ་ལ་གྲུ་མོར་ཧཿ ཉེར་གཅིག་མཁྲིགས་མར་ཡི་གེ་ཨཱལཿ ཉེར་གཉིས་སོར་ཚིགས་གསུམ་པར་ཨོཿ ཉེར་གསུམ་ཚིགས་པ་གཉིས་པར་ཨརཿ ཉེར་བཞི་སོར་ཚིགས་དང་པོར་ཨཻཿ ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱཿ ཉེར་དྲུག་པ་ལ་པུས་མོར་ལྀཿ ཉེར་བདུན་པ་ལ་ལོང་བུར་ཨུཿ ཉེར་བརྒྱད་སོར་ཚིགས་གསུམ་པར་རྀཿ ཉེར་དགུ་སོར་ཚིགས་གཉིས་པར་ཨིཿ གནམ་གང་སོར་ཚིགས་དང་པོར་ཨཱཿ གནམ་སྟོང་དང་ནི་ཚེས་གཅིག་མཚམས། རྐང་པའི་མཐིལ་དུ་ཨཱཿཡི་གཟུགས། འདི་དང་ཨཾཿ ཡིག་དུས་ཀྱི་ཚེ། བྱང་ཆུབ་སེམས་ཀྱིས་མགོ་ལུས་ཁྱབ། དེ་ཕྱིར་ཤིན་ཏུ་གཉན་པ་སྟེ། བློ་ལྡན་རྣམས་ཀྱིས་རྟོག་པར་བྱ། དེ་ཡང་ཞིབ་ཏུ་ན་ཕྱག་ན་རྡོ་རྗེ་འགྲེལ་པར། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་པ་དང་གསུངས་པའི་རིམ་པས་འདིར་ཁམས་བྱང་ཆུབ་ཀྱི་སེམས་ཡི་གེའི་གཟུགས་ཅན་དེ་རྣམས་རང་རང་གི་གནས་དེ་དང་སྔ་མར་ནུས་པ་ཐིམ་པ་དང་དེ་ཉིད་དུ་ལོངས་སྤྱོད་པ་དང་། ཕྱི་མ་དེ་འགོ་རྩམ་པའི་ཚུལ་གྱིས་ནུས་པ་གསལ་བར་བྱེད་པ་ཡིན་ཏེ། དཔེར་ན་ཚེས་ལྔ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱིས་རིགས་དེ་ཉིད་ལོང་བུའི་ཚིགས་མཚམས་ཀྱི་ཁམས་ཨིའི་རྣམ་པ་ཅན་དེ་དག་ལ་ཐིམ་ནས་པུས་མོའི་གཟུགས་ཅན་ལོངས་སྤྱོད་ཅིང་དཔྱི་རུས་ཀྱི་ཨའི་གཟུགས་ཅན་ལ་མགོ་བརྩམས་པ་འདི་ཁོ་ན་ལྟར་གཞན་རྣམས་ལའང་མཚུངས་པའི་དོན་གྱིས་སོ། །དེས་ན་ནུས་པ་འཕོ་བ་ཙམ་མ་གཏོགས་ཁམས་ཡི་གེའི་གཟུགས་ཅན་དེ་རྣམས་གནས་གཅིག་ནས་གཅིག་ཏུ་འཕོ་བ་ནི་མ་ཡིན་ནོ། །སོར་མོའི་ཚིགས་ལ་སོགས་པའི་གནས་སུམ་ཅུ་རྩ་གཉིས་པོ་དེ་རྣམས་སུ་རང་རང་གི་ཡི་གེས་གཟུགས་ཅན་ཁམས་སར་རྟག་པར་གནས་བཞིན་པ་ཡིན་པའི་ཕྱིར་དེ་ལྟར་མ་ཡིན་ན་ཁམས་བྱང་ཆུབ་ཀྱི་སེམས་སྲན་མ་ཙམ་ཞིག་ལས་མེད་པར་ཐལ་བ་སོགས་སྐྱོན་དུ་མ་ཞིག་འཇུག་པར་འགྱུར་རོ། །འོ་ན་སྐྱེས་པ་ལ་གཡོན་དང་བུད་མེད་ལ་གཡས་ནས་ཐོག་མར་མགོ་བརྩམས་པའི་རྒྱུ་མཚན་ཅི་ཞེ་ན། སྐྱེས་པའི་ཁམས་བྱང་ཆུབ་ཀྱི་སེམས་ནི་རྐྱང་མའི་དབང་ལས་བྱུང་བའི་ཕྱིར་གཡོན་དང་། བུད་མེད་ཀྱི་བྱང་སེམས་རོ་མའི་དབང་གིས་འབྱུང་བའི་ཕྱིར་ན་གཡས་ཕྱོགས་ནས་ཐོག་མར་མགོ་རྩོམ་པ་ཡིན་གྱི་སྐྱེས་པ་ལ་དམར་ཆ་དང་བུད་མེད་ལ་དཀར་ཆའི་གནས་ཚུལ་དེ་ལྟ་བུ་མེད་དོ། །འདི་ལ་ཤིན་ཏུ་མཁས་པ་དག་གིས་ཀྱང་འཕོ་བའི་དུས་ནི་ཡར་ངོའི་ཚེས་གཅིག་ལ་སྐྱེས་པའི་རྐང་པ་གཡས་པའི་མཐེ་བོང་ཕྱེད་མ་ནས་འགོ་འཛིན་ཅིང་། མར་ངོས་ཚེས་གཅིག་ལ་སྐྱེས་པའི་གཡོན་མའི་བུད་མེད་ཀྱི་གཡས་གཏུམ་མོ་ནས་འགོ་འཛིན་ཞེས་གསུངས་མོད་ཀྱང་། འདིར་ནི་རི་དྭགས་ཀྱི་དབང་པོའི་ཁ་ནས་བྱི་ལའི་སྐད་འབྱིན་པ་དང་མཚུངས་པ་ཡིན་ནོ།།

ལྔ་པ། བླ་གནས་རྩིས་ཀྱི་ཟིན་བྲིས་ཡང་ཏིག་བཞུགས།

བླ་གནས་རྩིས་ཀྱི་ཟིན་བྲིས་བཞུགས།

༑ དེ་ནས་རྣམ་གསུམ་སྤྱོད་དག་ལ། བླ་གནས་ཞེས་བྱའི་གནས་ཡོད་དེ། མ་ཤེས་དེ་ལ་བཏབ་འགྱུར་ན། སྐྱོན་ནི་དཔག་ཏུ་མེད་པ་འབྱུང་། ཚེས་གཅིག་རྐང་པའི་མཐེའུ་ཆུང་། གཉིས་ནི་ལོང་བུ་པུས་མོ་གཉིས་ལ་གནས། གསུམ་ནི་བྱིན་པའི་ཉ་ལའོ། །བཞི་པ་པུས་མོ་སྟེང་ལའོ། །ལྔ་པ་སྒྱིད་ཁུག་ནང་ལའོ། །དྲུག་པ་བརླ་སུལ་དག་ལའོ། །བདུན་པ་དཔྱི་མིག་ཚིགས་ལ་གནས། བརྒྱད་པ་མཁལ་མའི་ཚིགས་ལ་གནས། དགུ་པ་རྩིབས་ལོག་དག་ལ་གནས། བཅུ་པ་དཔུང་པ་སོག་པ་ལའོ། །བཅུ་གཅིག་པ་ལ་ལག་ངར་གནས། བཅུ་གཉིས་པ་ལ་ལག་མཐིལ་ཏེ། བཅུ་གསུམ་པ་ལ་སྐེ་ལ་གནས། བཅུ་བཞི་རྣ་ལྟག་ཟ་འགྲམ་ཡིན། བཅོ་ལྔ་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་དུ་རྒྱུ། བཅུ་དྲུག་ནས་མར་ངོ་ལ་རྣ་ལྟག་ཟ་འགྲམ་ལ་སོགས་ནས་རྩད་ཅིང་སྦྱོང་བར་བྱ། ཁྱད་པར་ཕོ་མོའི་བྱེ་བྲག་ནི། ཕོའི་ཡར་ངོའི་ཚེས་གཅིག་གཡོན། མོའི་གཡས་སུ་ཤེས་པར་བྱ། ཚེས་བརྒྱད་དང་ནི་བཅུ་བཞི་ལ། གཏར་བསྲེག་མ་དགོས་པ་ནི་ལེགས། དགོས་ན་ཉེས་པ་འབྲིང་ཙམ་ཡོད། བཅོ་ལྔ་གནམ་སྟོང་མགོ་ལུས་ཁྱབ་པར་གནས། མཁས་པས་དེ་ཚེ་དཔྱད་མི་བྱ། གཏར་བ་སྐྲངས་དང་རྣག་སོགས་དང་། བསྲེག་པ་ཞ་གྲུམ་རྒུར་པོ་དང་། དེ་ལ་སོགས་པའི་རྐྱེན་རྣམས་ཀུན། འདི་ལས་འབྱུང་བར་ཤེས་པར་བྱ། དེས་ན་འདི་ཡི་བྱེ་བྲག་རྣམས། མཁས་པས་ཞིབ་ཏུ་ཤེས་པར་བྱ། བླ་གནས་བརྩི་བ་མ་ཤེས་པའི། གཏར་བསྲེག་དཔྱད་རྣམས་ལོག་པར་འགྲོ། དེ་ཕྱིར་བླ་གནས་བརྩི་བ་ཤིན་ཏུ་གཅེས། བླ་གནས་རྩིས་ཀྱི་ཟིན་བྲིས་ཡང་ཡིག་ཡིན།།

དྲུག་པ། ཟུར་མཁར་དྷརྨ་སྭ་མིས་མཛད་པའི་བླ་གནས་རྩིས་ཀྱི་ཟིན་བྲིས་ཡང་ཏིག་གསལ་བའི་མེ་ལོང་བཞུགས།

ཟུར་མཁར་དྷརྨ་སྭ་མིས་མཛད་པའི་བླ་གནས།

རྩིས་ཀྱི་ཟིན་བྲིས་ཡང་ཏིག་གསལ་བའི་མེ་ལོང་ཞེས་བྱ་བ་ཡོད།

༈ ཨོཾ་ཨ་ཐཱཿ ཆོས་དབྱིངས་རྣམ་དག་སྤྲོས་བྲལ་མཁའ་ལ་འཆར། ལོངས་སྐུ་གདོད་ནས་འཇའ་འོད་འཁྲིགས་པའི་གུར། སྤྲུལ་སྐུ་ཉི་ཟླ་བཞིན་དུ་ཀུན་ལ་ཁྱབ། སྨན་གྱི་བླ་དང་པདྨ་སམྦྷར་འདུད། དེ་ཡང་རྒྱུད་རྒྱལ་ཕྱི་མ་ལས། དོགས་དང་རྩ་མདུད་བླ་གནས་སར་མི་གཏར། ཅེས་པའི་དོན་ནི་དོགས་པ་ནི། བཅོ་ལྔ་ཚེས་བརྒྱད་ཚེས་བཅུ་ཉི་ཤུ་ལྔ། གནམ་གང་རྣམས་ནི་གཟའ་ཡི་དོགས་ཡོད་སྤང་། རྩ་མདུད་བྱ་བ་གཉིས་འདུས་གསུམ་འདུས་མཚམས། འཕར་རྩ་འོག་མ་ཁྲག་རྩ་སྟེང་ན་གནས། གཏར་ཁ་ཞེས་པ་གོང་མ་རྣམས་ཀྱིས་གསུངས། བླ་གནས་ཞེས་པ་ལུས་ལ་ཁྱབ་པའི་སྲོག དེ་ལ་སོང་ན་སྲོག་འདོར་བརྩི་ཐབས་བསྟན། ཚེས་ཅིག་ཕོ་གཡོན་མོ་གཡས་རྐང་མཐིལ་ནས། གཉིས་ལ་ལོང་བུ་གསུམ་ལ་བརླ་ནང་དཔུང་། བཞི་ལ་རྐང་པ་ལྔ་ལ་ཁ་ཡི་ནང་། དྲུག་ལ་བྲང་དང་བདུན་ལ་རྒྱབ། བརྒྱད་ལ་ལག་མཐིལ་དགུ་ལ་མཆིན་པའོ། །བཅུ་ལ་སྐེད་པ་བཅུ་གཅིག་སྣ། བཅུ་གཉིས་ཕོ་བ་བཅུ་གསུམ་སོག་པའོ། བཅུ་བཞི་སྐྱོར་གོང་བཅོ་ལྔ་ལུས་ཀུན་ཁྱབ། བཅུ་དྲུག་སྐེ་ལ་བཅུ་བདུན་མགྲིན་པར་གནས། བཅོ་བརྒྱད་ཕོ་དཀྱིལ་བཅུ་དགུ་ལོང་བུའོ། ཉི་ཤུ་རྐང་ངར་ཉེར་གཅིག་རྐང་གི་ཐེམ་པོ་ཡིན། ཉེར་གཉིས་སོག་གཡོན་ཉེར་གསུམ་མཆིན་པར་གནས། ཉེར་བཞི་ལག་མཐིལ་ཉེར་ལྔ་ལྕེ་ཡིན་ནོ། །ཉེར་དྲུག་ཉེར་བདུན་པུས་མོར་གནས་ཞེས་བྱ། ཉེར་བརྒྱད་མཚན་མ་ཉེར་དགུ་མིག་གཉིས་ལ། གནམ་གང་ལུས་སྤྱིར་ཁྱབ། དུས་ཚོད་དག་ལ་རྒྱུ་བའི་བླ་གནས་ནི། ནམ་ལང་རྐང་པ་ཉི་ཤར་མཇིང་པའོ། ཉི་དྲོས་མཆུ་དང་ལྟག་པར་གནས་པའོ། ཉིན་ཕྱེད་བྲང་རྩིབས་ཕྱེད་ཡོལ་ལྟོ་བ་ལ། ཉི་ཐལ་སྙིང་གར་མུན་རུབ་རྒྱབ་ལ་གནས། སྲོད་ནས་ནམ་ལང་བར་དུ་ལུས་སྤྱིར་རྒྱུ། འདིར་གནས་ས་ལ་གཏར་བསྲེག་བྱུག་བཅོས་སྤང་། དེར་ཕོག་ལོག་ན་གུ་གུལ་དུད་པས་བདུག སྤོས་ཆུས་བྱུག་ཅིང་སྔགས་འདི་གདབ་པར་བྱ། ཨོཾ་ཙཀྵུ་དེ་ཝ་ཏྲི་ཀི་སྭཧཱཿ གཟའ་བི་ཏྲིའི་རྩི་ནི་ཟླ་བ་གང་ཡང་རུང་བའི་ཚེས་བཞིའི་མཚན་མོ་ལ། ཤར་ནས་ནུབ་ཏུ་རྒྱུ། བརྒྱད་ཀྱི་སྔ་དྲོ་ནུབ་ནས་ཤར་དུ་རྒྱུ། བཅུ་གཅིག་ལྷོ་ནས་བྱང་དུ་ཕྱི་དྲོ་རྒྱུ། བཅོ་ལྔའི་སྔ་དྲོ་བྱང་ནས་ལྷོ་རུ་རྒྱུ། བཅོ་བརྒྱད་ལ་ཕྱི་དྲོ་ལྷོ་ནས་ནུབ་བྱང་དུ་རྒྱུ། ཉི་ཤུའི་སྔ་དྲོ་ནུབ་ནས་ལྷོ་རུ་རྒྱུ། ཉེར་ལྔ་ལ་ཕྱི་དྲོ་ལྷོ་ནས་ནུབ་བྱང་དུ་རྒྱུ། ཉེར་དགུ་ལ་སྔ་དྲོ་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ།།

 

(༤)

མན་ངག་བྱེ་བ་རིང་བསྲེལ།

ཟུར་མཁར་མཉམ་ཉིད་རྡོ་རྗེ།

དགུ་པ། དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་བླ་གནས་བརྩི་བའི་ཟིན་བྲིས་གསལ་བའི་མེ་ལོང་།

༈ ཨོཾ་ཨ་ཐ། ཆོས་དབྱིངས་རྣམ་དག་སྤྲོས་བྲལ་ནམ་མཁའ་ལ། །ལོངས་སྐུ་གདོད་ནས་འཇའ་འོད་འཁྲིགས་པའི་གུར། །སྤྲུལ་སྐུ་ཉི་ཟླ་བཞིན་དུ་ཀུན་ལ་ཁྱབ། །སྨན་གྱི་བླ་དང་པདྨ་སམྦྷར་འདུད། །དེ་ཡང་རྒྱུད་རྒྱལ་ཕྱི་མ་ལས། (དོག)དང་རྩ་མདུད་བླ་གནས་སར་མི་གཏར། །ཅེས་པའི་དོན་ནི། དོག་པ་རྩ་གནད་གཉན་སར་ཉེ་བ་སྟེ། །རྩ་མདུད་ཅེས་བྱ་གཉིས་འདོམ་སུམ་འདོམ་མཚམས། །འཕར་རྩ་འོག་ལ་ཁྲག་རྩ་སྟེང་གནས་སོགས། །གཏར་ག་དཀའ་ཞེས་གོང་མ་རྣམས་ཀྱིས་གསུངས། །བླ་གནས་ཞེས་པ་ལུས་ལ་ཁྱབ་པའི་སྲོག །དེ་ལ་སོང་ན་སྲོག་འདོར་བརྩི་ཐབས་བསྟན། །ཚེས་གཅིག་ཕོ་གཡོན་མོ་གཡས་རྐང་མཐིལ་གནས། །གཉིས་ལ་ལོང་བུ་གསུམ་ལ་བརླ་ནང་དུ། བཞི་ལ་རྐེད་པ་ལྔ་ལ་ཁ་ཡི་ནང་། །དྲུག་ལ་བྲང་མདུན་བདུན་ལ་རོ་རྒྱབ་སྟེ། །བརྒྱད་ལ་ལག་མཐིལ་དགུ་ལ་མཆིན་པའོ། །བཅུ་ལ་རྐེད་པ་བཅུ་གཅིག་སྣ་ལ་གནས། །བཅུ་གཉིས་ཕོ་བ་བཅུ་གསུམ་སོག་པའོ། །བཅུ་བཞི་སྐྱོར་གོང་བཅོ་ལྔ་ལུས་ཀུན་ཁྱབ། །བཅུ་དྲུག་སྐེ་ལ་བཅུ་བདུན་མགྲིན་པར་གནས། །བཅོ་བརྒྱད་ཕོ་དཀྱིལ་བཅུ་དགུ་ལོང་བུ་ལ། །ཉི་ཤུ་རྐང་ངར་ཉེར་གཅིག་རྐང་མཐེབ་ཡིན། །ཉེར་གཉིས་སོག་གཡོན་ཉེར་གསུམ་མཆིན་པར་གནས། །ཉེར་བཞི་ལག་མཐིལ་ཉེར་ལྔ་ལྕེ་ཡིན་ནོ། །ཉེར་དྲུག་ཉེར་བདུན་པུས་མོ་གནས་ཞེས་གསུངས། །ཉེར་བརྒྱད་མཚན་མ་ཉེར་དགུ་མིག་གཉིས་ལ། །གནམ་སྟོང་ལ་ནི་ལུས་སྤྱིར་ཁྱབ་པ་ཡིན། །དུས་ཚོད་དག་ལ་གནས་པའི་བླ་གནས་ནི། །ནམ་ལངས་ལྒང་བ་ཉི་ཤར་མཇིངས་[མཇིང་]བའོ། །ཉི་དྲོས་མཆུ་དང་ལྟག་པར་གནས་པར་འདོད། །ཉིན་ཕྱེད་བྲང་རྩིབ་ཕྱེད་ཡོལ་ལྟོ་བ་ལ། །ཉི་ཐལ་སྙིང་ག་མུན་རུབ་རྒྱབ་ལ་གནས། །སྲོད་ནས་ནམ་ལངས་བར་དུ་ལུས་སྤྱིར་རྒྱུ། །འདི་གནས་ས་རུ་གཏར་སྲེག་དབྱུག་བཅོས་སྤང་། །དེར་ཕོག་ལོག་ན་གུ་གུལ་དུད་པས་བདུག །ཡང་ཡང་བྱུག་ཅིང་སྔགས་ནི་བཟླ་བར་བྱ། །ཨོཾ་ཙཀྵུ་དྷེ་ཝ་ཀྲི་ཀྲི་སྭཱཧཱ། འདིས་ནི་ཉེས་པ་མི་འབྱུང་ངོ་། །བླ་གནས་རྩིས་ཀྱི་ཟིན་བྲིས་འདི། །དྷརྨ་སྭཱ་མིའི་མིང་ཅན་གྱིས། །བྲིས་པས་འགྲོ་དྲུག་ནད་བྲལ་ཤོག།

 

(༥)

སྐྱེམ་འགྲེལ།

ཕྱི་མ་རྒྱུད། ལེའུ་ ༢༠ གཏར་ཁ།

སྐྱེམ་པ་ཚེ་དབང་།

བླ་གནས་སར་མི་གཏར་ཞེས་པའི་བླ་གནས་ལ་གཉིས། རྒྱུད་སྡེའི་ལུགས་དང་རིག་བྱེད་ཀྱི་ལུགས་སོ།། དང་པོ་ལ་གཉིས། བླ་གནས་དངོས་དང་དེའི་འཕོ་ཚུལ་ལོ། །དང་པོ་ནི། རྩ་རླུང་ཐིག་ལེ་སོགས་ཀྱི་དྭངས་མ་བདེ་བ་ཆེན་པོའི་རྟེན་ཡི་གེའི་རྣམ་པར་གནས་པ་སྟེ། དུས་འཁོར་འགྲེལ་ཆེན་དུ། རང་སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ། ཞེས་དང་། རྒྱལ་བའི་དབང་པོའི་ཞལ་སྔ་ནས། འདིར་ཚེས་ཀྱི་བདག་ཉིད་ཀྱི་ཁམས་ཀྱི་འཕོ་བ་ཞེས་གསུངས་པ་ནི། ལུས་ཀྱི་རྩ་རླུང་བྱང་སེམས་འབྱུང་པ་ཐམས་ཅད་ཀྱི་དྭངས་མ་བདེ་བར་གཤེགས་པའི་སྙིང་པོའི་བྱེ་བྲག་རྒྱས་འགྱུར་གྱི་རིགས་ཡིན་མོད། ཅེས་དང། བཤད་རྒྱུད་དུ། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། །སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང་། །ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། །ཅེས་པ་དེ་རྣམས་རྟེན་བརྟེན་པ་དབྱེར་མེད་དོ། །གཉིས་པ་དེའི་འཕོ་ཚུལ་ནི་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་ཉེར་ལྔ་པ་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉའི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་དེ་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རྒྱུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་གི་ཉིན་དག་སོ་སོའི་དུས་འདོད་པའི་དངོས་གྲུབ་རབ་གཏེར་[སྟེར་]ཞེས་པའི་འགྲེལ་བ་དྲི་མེད་འོད་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཞེས་པ་ནི། འདིར་འདོད་པའི་བསྟན་བཅོས་ལས་ཐོས་ཏེ། དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོང་ནས་ཚེས་གཅིག་ལ་སོགས་པ་འཕེལ་བ་དང་། ཟླ་བའི་ཆ་འཕེལ་བས་ཉའི་མཐར་གཙུག་ཏོར་ཏུ་རང་སེམས་འགྲོ་ཞེས་པ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ། ཚེས་ཀྱི་དབང་གིས་སོ། །སླར་ཡང་གཙུག་ཏོར་ནས་ནི་རྐང་པ་གཡས་པའི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ། ནག་པོའི་ཕྱོགས་ཀྱི་དབང་གིས་ཇི་སྲིད་ནག་པོའི་མཐའ་རུ་ཞེས་པ་གནམ་སྟོང་གི་མཐར་རོ། །དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ནི། བྱང་ཆུབ་ཀྱི་སེམས་རྐང་པའི་མཐེ་བོང་ལ་རེག་པར་བྱའོ། །སླར་ཡང་ཟླ་བ་གཞན་གྱི་དཀར་པོའི་ཕྱོགས་ལ། གཡོན་གྱི་ཐེ་[མཐེ་]བོང་ལ་སྔར་བཞིན་ནོ། །དེ་ལ་སྨྲས་པ། དང་པོ་ནི་དང་པོའི་སོར་མོའི་ཚིགས་ལའོ། །གཉིས་པ་ནི་གཉིས་པ་ལའོ། །གསུམ་པ་ནི་གསུམ་པ་ལའོ། །བཞི་པ་ནི་གཡོན་གྱི་རྐང་པའི་ཚིགས་ལའོ། །ལྔ་པ་ནི་པུས་མོའི་ཚིགས་ལའོ། །དྲུག་པ་ནི་རླ་[བརླ]དང་སྤྱིའི་[དཔྱིའི་]ཚིགས་ལའོ། །བདུན་པ་ནི་གཡོན་པའི་སོར་མོའི་ཚིགས་མཚམས་ལའོ། །བརྒྱད་པ་ནི་དབུས་མའི་ཚིགས་ལའོ། །དགུ་པ་ནི་གསུམ་པའི་ཚིགས་ལའོ། །བཅུ་པ་ནི་ལག་པའི་ཚིགས་ལའོ། །བཅུ་གཅིག་པ་ནི་གྲུ་མོའི་ཚིགས་ལའོ། །བཅུ་གཉིས་པ་ནི་ཕྲག་པ་དང་དཔུང་པའི་ཚིགས་ལའོ། །བཅུ་གསུམ་པ་ནི་སྙིང་གར་རོ། །བཅུ་བཞི་པ་ནི་མགྲིན་པར་རོ། །ཉ་ནི་དཔྲལ་བར་རོ། །ཁུ་བའི་ཉའི་མཐར་ནི་སྤྱི་གཙུག་ཏུ་འགྱུར་རོ། །སླར་ཡང་ནག་པོའི་ཚེས་གཅིག་ནི། དཔྲལ་བར་རོ། །གཉིས་པ་ལ་ནི་མགྲིན་པར་རོ། །གསུམ་པ་ལ་ནི་སྙིང་ཁར་རོ། །བཞི་པ་ནི་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་པའོ།། ལྷག་མ་ནི་གཡོན་པ་བཞིན་ལུགས་ལས་ཟློག་[ལྡོག་]པ་སྟེ། རྐང་པ་གཡས་པའི་སོར་མོའི་མཐའ་ཇི་སྲིད་བར་བྱང་ཆུབ་ཀྱི་སེམས་ཀྱི་གནམ་སྟོང་གི་མཐའ་འོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་གཏེར་[སྟེར་]བ་ཞེས་པ་ནི། འདིར་གཡོན་དང་གཡས་ཀྱི་རྩ་ལ་རབ་ཏུ་འབབ་པའི་དབང་གིས་གཡོན་དང་གཡས་སུ་བསྒྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་འབབས་པས་མར་བབས་པས་གསང་བ་ལ་སོགས་པའི་པདྨ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སྟེངས་སུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་དེ་ནི། འདོད་པའི་དངོས་གྲུབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་རབ་ཏུ་གཏེར་[སྟེར་]བའོ།། དེའི་དགོངས་པ་འགྲེལ་བ་ནང་དོན་གྱི་རྣམ་བཤད་ཉིན་བྱེད་འོད་འཕྲེང་ལས། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་ཚིགས་དང་པོ་ལ་ཨའོ།། ཚེས་དང་ཚིགས་གཉིས་པ་ལ་ཨེའོ།། གསུམ་ལ་རི་[རྀ]འོ།། བཞི་པ་ལ་གཡོན་གྱི་ལོང་བུའི་མཚམས་སུ་ཨུའོ།། ལྔ་པར་པུས་མོའི་མཚམས་སུ་ལི[ལྀ]འོ།། དྲུག་པར་རླ་[བརླ]སྤྱིའི་[དཔྱིའི]མཚམས་སུ་ཨའོ།། བདུན་པར་གཡོན་གྱི་ལག་པའི་སོར་ཚིགས་དང་པོའི་མཚམས་སུ་ཨེའོ།། བརྒྱད་པར་སོར་ཚིགས་བར་མ་ལ་ཨར་རོ།། དགུ་པར་སོར་ཚིགས་གསུམ་པའི་མཚམས་སུ་ཨོའོ།། བཅུ་པར་མཁྲིགས་[མཁྲིག]མའི་མཚམས་སུ་ཨལ་ལོ།། བཅུ་གཅིག་པ་གྲུ་མོའི་མཚམས་སུ་ཧའོ།། བཅུ་གཉིས་པར་ཕྲག་པ་དང་དཔུང་པའི་མཚམས་སུ་ཡའོ།། བཅུ་གསུམ་པར་སྙིང་ཁར་རའོ། །བཅུ་བཞི་པར་མགྲིན་པར་ཝའོ། །བཅོ་ལྔ་པར་སྤྱི་བོར་ལའོ། །འདི་དཔྲལ་བར་ཡིན་པ་འདྲ་སྟེ་གྱེན་དུ་ཉ་ནི་དཔྲལ་བར་ཞེས་པས་སོ། །ཉའི་མཐའ་སྟེ་བཅུ་དྲུག་པ་ལ་ཨོཾ་གྱི་རང་བཞིན་ཚང་[ཚངས་]བུག་ཏུ་འགྲོ་སྟེ། དེ་ནས་མར་ངོའི་ཚེས་གཅིག་ལ་སྤྱི་བོའི་ལྷ་ལའོ། །འདི་དཔྲལ་བར་ཏེ། མགྲིན་(གཅིག་)ཏུ་སླར་ཡང་ནག་པོའི་ཚེས་གཅིག་ནི་དཔྲལ་བར་རོ།། ཞེས་པས་སོ།། གཉིས་པ་ནི་མགྲིན་པར་རོ།། གསུམ་པ་ནི་སྙིང་གར་རོ།། བཞི་པ་ནི་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་མཚམས་སུ་ཡཱའོ།། ལྔ་པར་གྲུ་མོར་ཧའོ།། དྲུག་པར་ཁྲིག་[མཁྲིག]མར་ཨཱའོ།། བདུན་པ་ལ་ལག་པ་གཡས་ཀྱི་སོར་ཚིགས་གསུམ་པར་ཨོའོ།། བརྒྱད་པ་གཉིས་པར་ཨཱར་རོ།། དགུ་པ་ལ་ཚིགས་པ་དང་པོར་ཨཱེའོ།། བཅུ་ལ་གཡས་ཀྱི་རླ་[བརླ]དང་སྤྱིའི་[དཔྱིའི]མཚམས་སུ་ཨཱའོ།། བཅུ་གཅིག་པ་ལ་དཔུས་[པུས]མོའི་མཚམས་སུ་ལཱེ[ལཱྀ]འོ།། བཅུ་གཉིས་ལ་ལོང་བུར་ཨུའོ།། བཅུ་གསུམ་ལ་རྐང་པ་གཡས་པའི་སོར་ཚིགས་གསུམ་ལ་རི་[རྀ]འོ།། བཅུ་བཞི་ལ་སོར་ཚིགས་ལ་གཉིས་པར་ཨཱིའོ།། བཅོ་ལྔ་ལ་སོར་ཚིགས་དང་པོར་ཨའོ།། དེ་མཐར་གནམ་སྟོང་ལ་རྐང་མཐིལ་དུ་ཨཿཚིག་དྲག་ཅན་ནོ།། དེ་དག་ནི་ཡར་ངོ་དཀར་ཆ་འཕེལ་བ་དང་། མར་ངོ་འགྲིབས་[འགྲིབ]པའི་རིམ་པས་འཕོ་བའི་ཚུལ་ཡིན་ལ། དམར་ཆ་ནི་མར་ངོར་འགྲིབ་ཅིང་ཡར་ངོ་ལ་འཕེལ་བའི་ཚུལ་གྱིས་འཕོ་སྟེ། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡས་པའི་སོར་ཚིགས་དང་པོར་ཨཱའོ།། ཞེས་པ་ནས་ཨོཾ་གྱི་རང་བཞིན་ཚང་[ཚངས]བུག་ཏུ་འགྲོ་སྟེ། ཞེས་པའི་བར་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ།། ཞེས་འབྱུང་ངོ་།། གཉིས་པ་ནི། རིག་བྱེད་ཀྱི་ལུགས་ལ་གཉིས་དངོས་དང་འཕོ་ཚུལ་ལོ།། དང་པོ་ནི། མིའི་ལུས་ལ་སྲོག་གི་རྟེན་དུ་སྲིན་བུ་བདུན་གནས་པ་བླ་རྩ་འཁྱམ་[འཁྱམས་]པོ་དང་རྟེན་བརྟེན་པའི་ཚུལ་དུ་གནས་ཏེ་ཞག་རེ་བཞིན་འཕོ་བ་ཡིན་ལ། དེ་གནས་པའི་སར་གཏར་བསྲེག་སོགས་བྱས་ན་སྲིན་ཁྲོས་ནས་ནད་བསྐྱེད་པ་དང་། ཚེ་ལ་གནོད་པར་བྱེད་དོ། །གཉིས་པ་ནི་རྗེ་གཡུ་ཐོག་པས་སྙིང་པོ་བསྡུས་པའི་ལག་ལེན་དུ་བཤད་པ་ཕོ་ལ་ཚེས་གཅིག་ལ་རྐང་པའི་མཐེ་བོང་གཡོན་པར་གནས། གཉིས་བོལ་གོང་། གསུམ་བྱིན་ཉྭ། བཞི་པ་པུས་ཏེ། ལྔ་སྒྱིད་ཁུང་། དྲུག་རླའི་[བརླའི་]སུལ། བདུན་སྤྱི་[དཔྱི]ཚིགས། བརྒྱད་མཁལ་གཡོན། དགུ་རྩིབ་སྟེང་། བཅུ་དཔུང་གཡོན། བཅུ་གཅིག་ལག་ངར། བཅུ་གཉིས་ལག་མཐིལ། བཅུ་གསུམ་སྐེ། བཅུ་བཞི་རྣ་ལྟག་འགྲམ། བཅོ་ལྔ་སྤྱི་གཙུག་ཏུ་གནས་སོ།། མར་ངོ་ལའང་དེའི་རིགས་པས་སྤྱད[དཔྱད]། ཕོ་ལ་མར་ངོའི་ཚེས་གཅིག་ལ་གཡས་པ་རྩི[བརྩི]། མོ་དེ་བཞིན་མར་ངོ་སྔོན་དུ་ཤེས། བཅོ་ལྔ་གནམ་སྟོང་ལུས་ཀུན་ཁྱབ་པར་གནས། ཞེས་དང་། སློབ་དཔོན་པདྨས་མཛད་པའི་ཆུང་སྤྱད་[དཔྱད་]ཀྱི་གཞུང་ལས། གསང་བ་དུས་ལ་བསྟེན་ཏེ་གནས་པ་ནི། ནམ་ལངས་རྐང་པ་ལ་གནས། ཉི་ཤར་མཇིང་བ་ལ་གནས། ཉི་གྲོས་[དྲོས་]ལག་པ་ལ། གྲོས་[དྲོས་]ཆེན་འཆུ་[མཆུ་]ལ། ཉི་ཕྱེད་བྲང་རྩིབ་ལ། ཕྱེད་ཡོལ་ལྟོ་བ་ལ། ཉུར་[མྱུར་]བ་སྙིང་ལ། ཉུར་[མྱུར་]ཆུང་རྒྱབ་ལ། ཉི་གཟེར་ལྒང་པ་ལ། སྲོད་ནས་ནམ་མ་ལངས་བར་དུ་ལུས་ལ་ཁྱབ་པ་དང་། ཁྱད་པར་སྨད་ལ་གནས། དཔྱད་མི་བྱ་ཀ་མེད་བྱུང་ན། གུ་གུལ་བདུག་ཅིང་སྤང་སྤོས་བྱུགས། ཨོཾ་ཙག་ཤུ་དེ་བ་ཏྲིང་སྭཱཧཱ། བརྒྱའམ་ཉེར་གཅིག་བཏབ་ན་བླ་གནས་ཉམས་པའི་ཉེས་པ་མི་འབྱུང་། ཞེས་འབྱུང་བས། དེ་གཉིས་གང་དབང་བཙན་ཞེ་ན། རྒྱུད་སྡེ་ནི་དེ་བཞིན་གཤེགས་པ་དང་རྒྱལ་སྲས་ལ་འཁྲུལ་བ་མི་མངའ་བའི་གསུང་ཡིན་ལ། རིག་བྱེད་ནི་ཐུན་མོངས་པ་ཡིན་པས་སྔ་མ་དབང་བཙན་ལ། འོན་ཀྱང་ལས་གནང་བསམ་གྱིས་མི་ཁྱབ་པ་དང་རང་སྐབས་ཀྱིས་དོན་ཡིན་པས་གཉིས་ཀ་བཟུང་ནས་སྤང་བླངས་བྱེད་པར་རིགས་སོ།།

 

(༦)

གསོ་རིག་མན་ངག་གཅེས་བསྡུས་ཕན་བདེའི་སྙིང་པོ།

ལེའུ་བདུན་པ། ཉེར་མཁོའི་ལག་ལེན།

དཀོན་མཆོག་འགྲོ་ཕན་དབང་པོ།

ཡང་བླ་གནས་འཕོ་ཚུལ་རྒྱུད་སྡེ་ནས་གསུངས་པ་དང་། རིག་བྱེད་པའི་ལུགས་གཉིས་ལས། །དང་པོ་ནི། མེས་པོའི་ཞལ་ལུང་དུ། ཐབས་ཤེས་རོ་རྐྱང་དབང་གིས་ནི།། བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ།། ཡར་ངོ་སྔོན་འགྲོའི་དབང་བྱས་ཏེ།། སྐྱེས་པའི་གཡོན་དང་བུད་མེད་གཡས།། དེ་ཡང་ཚེས་གཅིག་རྐང་པ་ཡིན[ཡི]། །སོར་ཚིགས་དང་པོར་ཡི་གེ་ཨཿ།། གཉིས་པར་མི་དང་གསུམ་པར་རི།། བཞི་པར་ལོང་བུར་ཨུ་ཡི་གཟུགས།། ལྔ་པར་པུས་པོར་ལི་ཡིག་གནས།། དྲུག་པར་དཔྱི་ཡི་ཚིགས་སུ་ཨ།། བདུན་པར་ལག་སོར་དང་པོར་ཨེ།། བརྒྱད་པར་སོར་ཚིགས་གཉིས་པར་ཨར།། དེ་བཞིན་དགུ་ལ་གསུམ་པར་ཨོ།། བཅུ་པར་འཁྲིག་[མཁྲིག]མའི་ཚིགས་སུ་ཨལ།། བཅུ་གཅིག་པ་ལ་གྲུ་མོར་ན།། བཅུ་གཉིས་དཔུང་པར་ཡ་ཞེས་བརྗོད།། བཅུ་གསུམ་པ་ལ་སྙིང་གར་ར།། བཅུ་བཞི་མགྲིན་པར་ཡི་གེ་ཝ།། བཅོ་ལྔ་པ་ལ་དཔྲལ་པར་ལ།། བཅོ་ལྔ་བཅུ་དྲུག་འཚམས་[མཚམས]སུ་ནི།། སྤྱི་བོར་ཨམ་གྱི་གཟུགས་ཀྱིས་སོ།། སླར་ཡང་བཅུ་དྲུག་ལྟག་པར་ལ[ཨཱ]། །བཅུ་བདུན་པ་ལ་གཉའ་བར་ཝཱ།། བཅོ་བརྒྱད་སྙིང་གར་ར་[རཱ་]ཡི་གཟུགས།། བཅུ་དགུ་དཔུང་པའི་ཚིགས་སུ་ཡ།། ཉི་ཤུ་པ་ལ་གྲུ་མོར་ཧཱ།། ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ།། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ།། ཉེར་གསུམ་ཚིགས་པ་གཉིས་པ་ཨར[ཨཱར]། །ཉེར་བཞི་སོར་ཚིགས་དང་པོར་ཨཻ།། ཉེར་ལྔ་དཔྱི་རུས་འཚམས་[མཚམས་]སུ་ཨཱཿ ཉེར་དྲུག་པ་ལ་པུས་མོར་ལི[ལཱི]། །ཉེར་བདུན་ལོང་བུར་ཨི་[ཨཱུ]ཞེས་བྱ།། ཉེར་བརྒྱད་སོར་ཚིགས་གསུམ་པར་རི[རཱི]། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི།། གནམ་གང་སོར་ཚོག་[ཚིགས]དང་པོར་ཨཱ།། གནམ་སྟོང་དང་ནི་ཚེས་གཅིག་འཚམས[མཚམས]། །རྐང་པའི་མཐིལ་དུ་ཨཱཿཡི་གཟུགས།། འདི་དང་ཨམ་གྱི་དུས་ཀྱི་ཚེ།། བྱང་ཆུབ་སེམས་ཀྱི་མགོ་ལུས་ཀུན།། ཁྱབ་ཕྱིར་ཤིན་ཏུ་གཉེན་[གཉན]པ་སྟེ།། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ།། ཞེས་སོ།། རིག་བྱེད་ཀྱི་ལུགས་ནི། རྗེ་གཡུ་ཐོག་པའི་ཞབས་ཀྱི་སྙིང་པོ་བསྡུས་པའི་ལག་ལེན་དུ། ཕོ་ལ་ཡར་ངོའི་ཚེས་གཅིག་ལ། རྐང་པ་གཡས་པའི་མཐེ་བོང་ལ་གནས། གཉིས་པ་བོལ་གུང་[གོང་]། གསུམ་པ་བྱིན་ཉྭ། བཞི་པ་པུས་སྟེང་། ལྔ་པ་སྒྱིད་ཁུང་། དྲུག་པ་བླ་[བརླ་]ཤ བདུན་པ་དཔྱི་ཚིགས། བརྒྱད་པ་མཁལ་གཡོན། དགུ་པ་རྩིབ་སྟེང་། བཅུ་པ་དཔུང་གཡོན། བཅུ་གཅིག་ལག་ངར། བཅུ་གཉིས་ལག་མཐིལ། བཅུ་གསུམ་སྐེ། བཅུ་བཞི་རྣ་ལྟག་འགྲམ། བཅོ་ལྔ་སྤྱི་གཙུག་ཏུ་གནས་སོ།། མར་ངོ་ལ་ཡང་དེའི་རིགས་པས་དཔྱད། ཕོ་ལ་མར་ངོའི་ཚེས་གཅིག་གཡར་[གཡས]པར་བརྩི། མོ་ལ་དེ་བཞིན་གཡོན་དུ་ཤེས་པར་བྱ། ཉ་སྟོང་སྤྱི་བོར་གནས་ཀྱང་ལུས་ཀུན་ཁྱབ། ཅེས་གསུངས་སོ།། དེ་ཡང་རྒྱུད་སྡེ་རིན་པོ་ཆེའི་དགོངས་འགྲེལ་དང་བཅས་པ་ནི་སངས་རྒྱས་དང་རྒྱལ་སྲས་འཁྲུལ་པ་མི་མངའ་བའི་གསུང་ཡིན་ལ། རིག་བྱེད་ནི་ཚད་མ་མིན་པར་གསུང་པས། སྔ་མ་ཁོ་ན་ལྟར་འཕོ་བ་ངེས་མོད། འོན་ཀྱང་ལས་སྣང་བསམ་གྱིས་མི་ཁྱབ་ཅིང་སྐབས་ཐོབ་གཙོ་བོར་བཤད་པས། ཕྱི་མ་ལ་ཡང་སྤང་བླངས་བྱ་བར་རིགས་སོ།།

 

(༧)

མན་ངག་བཀའ་རྒྱ་མ།

ལེའུ་སོ་ལྔ་པ། བླ་གནས་བརྩི་ཚུལ་་་་།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

ཨོཾ་ཨ་ཐཱ། བླ་གནས་བརྩི་ཚུལ་ནི། ཚེས་གཅིག་རྐང་པའི་མཐེ་བོང་ལ་གནས། ཚེས་གཉིས་ལོང་བུ་ལ་གནས། ཚེས་གསུམ་བྱིན་པ་ལ་གནས། ཚེས་བཞི་པུས་མོའི་བརླ་ནང་ལ་གནས། ཚེས་ལྔ་སྒྱིད་ཁུག་ལ་གནས། ཚེས་དྲུག་བརླའི་སུལ་ལ་གནས། ཚེས་བདུན་བྲང་གི་དཀྱིལ་ལ་གནས། ཚེས་བརྒྱད་སྙིང་ལ་གནས། ཚེས་དགུ་སྐེ་མཇིང་ལ་གནས། བཅུ་ལྐོག་མ་ལ་གནས། བཅུ་གཅིག་སྣ་རྩེ་ལ་གནས། བཅུ་གཉིས་དཔྲལ་བ་ལ་གནས། བཅུ་གསུམ་མཚོགས་མ་ལ་གནས། བཅུ་བཞི་རྣ་རྩེ་ལ་གནས། བཅོ་ལྔ་སྤྱི་གཙུག་ནས་ལུས་སྤྱིར་ཁྱབ། བཅུ་དྲུག་ལྟག་ཁུང་ལ་གནས། བཅུ་བདུན་སོག་པ་ལ་གནས། བཅོ་བརྒྱད་དཔུང་པ་ལ་གནས། བཅུ་དགུ་སྐེ་མཇིང་ལ་གནས། ཉི་ཤུ་གྲུ་མོ་ལ་གནས། ཉེར་གཅིག་རྩིབ་ལོགས་ལ་གནས། ཉེར་གཉིས་མཚན་འོག་ལ་གནས། ཉེར་གསུམ་ལག་པ་ལ་གནས། ཉེར་བཞི་མཁལ་མ་ལ་གནས། ཉེར་ལྔ་དཔྱི་མིག་ལ་གནས། ཉེར་དྲུག་སྦལ་ནག་ལ་གནས། ཉེར་བདུན་མཚན་མ་ལ་གནས། ཉེར་བརྒྱད་ངར་གདོང་ལ་གནས། ཉེར་དགུ་རྒྱབ་ལ་གནས། གནམ་གང་རྐང་མཐིལ་ནས་ལུས་སྤྱིར་ཁྱབ་པར་གནས་སོ།། དུས་ཚོད་ཀྱི་བླ་གནས་ནི། ནམ་ལངས་མཆུ། ཉི་ཤར་ཁ་ནང་། ཉི་དྲོས་ལྕེ། ཉིན་ཕྱེད་མིག ཕྱེད་ཡོལ་རྩེ་ཆུང་། དགོང་སང་ཁར་གློ་རྩ། ཉི་མྱུར་སྦོ་བྲང་། ཉི་ནུབ་བྲང་། ས་སྲོས་ལྟོ་བ། སྲོད་འཁོར་མཚན་མ། ནམ་ཕྱེད་ཕོ་བ། ཕྱེད་ཡོལ་བྲང་དཀྱིལ། ཐོ་རངས་རྒྱུ་མ་ལ། ཨོཾ་ཙ་ཀྵུ་དེ་བ་ཧྲི་མ་གི་སྭཱཧཱ། བླ་གནས་གཏར་སྲེག་མི་བྱེད་ཁ་མེད་བྱུང་ན། གཏར་བསྲེག་གང་བྱེད་པར་སྔགས་བཏབ་ལ། དེ་ནས་གཏར་སྲེག་བྱས་པས་ཉེས་པ་ཐམས་ཅད་སེལ་ལོ།། གཏར་ག་དང་མེ་བཙའ་བྱེད་པའི་ཚེ། ལོ་ཚིགས་སུ་གཏར་མེ་བྱ་མི་རུང་བས། བྱི་བའི་ལོ་བ་དགུན་ཟླ་འབྲིང་པོ་ལ་བསྲེག་མི་རུང་ངོ་།། གླང་གི་ལོ་བ་དབྱར་ཟླ་ར་བ་ལ་བསྲེག་མི་རུང་། སྟག་གི་ལོ་བ་དབྱར་ཟླ་ཐ་ཆུངས་[ཆུང་]ལ་བསྲེག་མི་རུང་། ཡོས་ལོ་བ་སྟོན་ར་བ་དང་། དབྱར་ཟླ་ཐ་ཆུངས་[ཆུང]ལ་བསྲེག་མི་རུང་། འབྲུག་གི་ལོ་བ་དགུན་ཟླ་ཐ་ཆུང་ལ་བསྲེག་ཏུ་མི་རུང་། འབྲུག་སྦྲུལ་རྟ་ལུག་བཞི་ཉི་མ་ནུབ་ཀ་མན་ཆད་དང་། མཚན་མོ་བསྲེག་མི་རུང་། སྤྲེའུ་དང་བྱ་གཉིས་ཉི་ཤར་ལ་བསྲེག་མི་རུང་། ཁྱི་ཕག་གཉིས་ཉི་དྲོས་ལ་བསྲེག་མི་རུང་བས། མཁས་པས་ཞིབ་ཏུ་བརྩི་བར་བྱའོ།། ཐ་མར་དམ་ལྡན་སློབ་བུའི་རྒྱཿ དྷརྨ་ཀཱི་རྟིས་ཉམས་སུ་མྱོང་བ་ཡིན།། ཕན་སེམས་ཟླ་བ་གསར་པའི་འོད་འཕྲེང་འདི།། སློབ་བུ་ཀུན་ད་བཞད་པའི་གཉེན་དུ་བྲིས།། འོན་ཀྱང་འགལ་འཁྲུལ་ནོངས་པའི་ཆུ་འཛིན་གང་།། མཆིས་ན་མཁས་རྣམས་བཟོད་པའི་ཕ་མཐའ་མཚལ།། དེ་ལས་བྱུང་བའི་དགེ་བས་མ་གྱུར་འགྲོ།། བཞི་བརྒྱ་རྩ་བཞིའི་བྲོ་ནད་ལས་ཐར་ཏེ།། བླ་མེད་སྨན་བླའི་གོ་འཕང་ཐོབ་ཕྱིར་བསྔོ།། སརྦ་ཛ་ག་ཏཾ། འདི་ལ་ལུང་དང་ལག་ལེན་མེད་པར་ལོངས་སྤྱོད་ན། ཞང་བློན་སོགས་སྨན་སྲུང་རྣམས་ཀྱིས་དེའི་སྙིང་ཁྲག་རོལ་པར་གཉེར་དུ་གཏད་དོ།། མངྒ་ལཾ།། །།

 

(༨)

དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་རྙོག་མ་དྲུངས་འབྱིན་ཀེ་ཏ་ཀ

དེའུ་དམར་བསྟན་འཛིན་ཕུན་ཚོགས།

གསུམ་པ་གཏར་བའི་དུས་གནད་བརྟག་པ་ལ། །སྤང་བླང་གཉིས་ཡིན་དང་པོ་སྤང་བྱ་ལ། །ལོ་ཟླ་ཞག་དུས་དུས་བཞིའི་བླ་གནས་བརྩི། །ལོ་ནི་སྤར་ཁ་གང་ལ་གནས་པ་ཡི། །དཔྱད་སྤང་དཔེར་ན་ལི་ལ་མེ་དཔྱད་དང་། །དེ་བཞིན་མགོ་ལག་རྩིབ་རྐང་གསང་བ་སྦྱར། །ཟླ་བའི་བླ་གནས་བྱི་ཕག་ལོ་པ་ནི། །དགུན་ཟླ་འབྲིང་པོར་མི་གཏར་གླང་ལུག་བྱ། །དབྱར་ར་ལ་འཛེམ་སྟག་འབྲུག་དགུན་མཐར་སྤོངས། །ཡོས་སྦྲུལ་དབྱར་ཐ་རྟ་ལ་དཔྱིད་ར་མིན། །སྤྲེལ་ལོ་དབྱར་འབྲིང་ཁྱི་ལོ་སྟོན་མཐར་སྤོངས། །ཞག་གི་བླ་གནས་བདེ་མཆོག་ཁ་སྦྱོར་དང་། །དུས་འཁོར་ལ་སོགས་བཀའ་གཏེར་མན་ངག་ལུགས། །འདྲ་མིན་མང་རྣམས་ཀུན་རྫོབ་བདེན་མཉམ་ཕྱིར། །འདོར་ལེན་མི་རིགས་ཀུན་ཀྱང་ཁྱོན་གཅིག་བཤད། །ཚེས་གཅིག་རྐང་མཐེབ་བོལ་དང་སྤྱི་བོ་གཡོན། །ཚེས་གཉིས་བྱིན་གཡོན་དཔྲལ་གཡོན་ལོང་བུར་གནས། །ཚེས་གསུམ་བརླ་གཡོན་རྣ་བ་གཡོན་ལ་གནས། །ཚེས་བཞི་སྤྱི་གཡོན་མིག་གཡོན་རྐེད་པར་གནས། །ཚེས་ལྔ་ལྟེ་བའི་གཡོན་དང་མཁུར་གཡོན་ཁ། །ཚེས་དྲུག་སྙིང་མགྲིན་གཡོན་དང་ལག་པ་ལ། །ཚེས་བདུན་ནུ་ཕྲག་གཡོན་དང་ལག་པའི་ནང་། །ཚེས་བརྒྱད་མགྲིན་དཔུང་གཡོན་དང་མཁྲིག་མར་གནས། །ཚེས་དགུ་ལག་ངར་མཐིལ་གཡོན་མིག་རྩ་ལ། །ཚེས་བཅུ་མཁུར་ནུ་གཡོན་དང་རྐང་པའི་རྒྱབ། །བཅུ་གཅིག་མིག་སྙིང་གཡོན་དང་ལྷེན་སྣའི་རྩེ། །བཅུ་གཉིས་རྣ་ལྷན་གཡོན་ལྟེ་སྐྲ་མཚམས་སུ། །བཅུ་གསུམ་དཔྲལ་སྟེང་རྒྱུ་གཡོན་རྩིབ་ལོགས་ལ། །བཅུ་བཞི་མཚོག་མ་རྒྱུ་ལོང་གཡོན་སྙིང་ཁར། །བཅོ་ལྔ་ལུས་ཁམས་དབང་པོ་ཀུན་ལ་ཁྱབ། །བཅུ་དྲུག་སྤྱི་གཙུག་རྐང་གསང་བར་གཡས་བྲང་། །བཅུ་བདུན་མཚོག་མ་གསང་རྒྱུ་བར་གཡས་སྐེ། །བཅོ་བརྒྱད་དཔྲལ་བ་ལྟག་པ་བརླ་གཡས་པ། །བཅུ་དགུ་རྣ་བ་སྐེ་ལྷེན་བར་གཡས་པ། །ཉི་ཤུ་མིག་ལྷེན་སྙིང་བར་གཡས་ལོང་ལག །ཉེར་གཅིག་མཁར་སྙིང་ནུ་བར་གཡས་མཐིལ་ཆུང་། །ཉེར་གཉིས་ལག་གཡས་ལུས་ཡོངས་ལོང་བུར་གནས། །ཉེར་གསུམ་མགྲིན་དཔུང་ཕྲག་གཡས་མཆིན་པར་གནས། །ཉེར་བཞི་ནུ་མ་ཕྲག་གཡས་ལག་པའི་བོལ། །ཉེར་ལྔ་སྙིང་ཁ་མགྲིན་གཡས་རྐང་པའི་བོལ། །ཉེར་དྲུག་ལྟེ་བ་འགྲམ་མཁར་གཡས་དང་བྲང་། །ཉེར་བདུན་མཚན་མ་མིག་གཡས་སོར་མོ་དག །ཉེར་བརྒྱད་བརླ་དང་རྐང་གཡས་གསང་གནས་ལ། །ཉེར་དགུ་བྱིན་པ་དཔྲལ་གཡས་ངར་གདོང་ལ། །གནམ་སྟོང་རྐང་མཐེབ་གཙུག་གཡས་རྟིང་པར་གནས། །འདི་དག་ཕོ་ཡི་དབང་བྱས་མོ་ལ་ནི། །གཡས་གཡོན་ཕོ་ལས་གོ་ལྡོག་ཤེས་པར་བྱ། །

(རེའུ་མིག)

(ཚིགས་བཅད་གཞུང་འདི། བདེ་མཆོག་དང་། སམ་བྷུ་ཊའི། གཡུ་ཐོག་གསུམ་གྱི་དགོངས་པ་དང་། རྒྱུད་ཀྱི་བླ་གནས་དུས་འཁོར་དགོངས་པ་དང་། མཆིན་སྐྱ་ཟུར་ལུགས་བྱེ་རིང་གི་བླ་གནས་བརྩི་ཚུལ། གཙུག་ལག་རིག་བྱེད་ལུགས་ཀྱི་མི་ཡི་བླ་གནས་དང་། རྟ་སོགས་ཕྱུགས་ཀྱི་བླ་གནས། མཆིན་སྐག་དུས་ཚོད་དང་སྦྱར་བ་ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་གྱི་ལུགས། རྒྱ་རྩིས་གསར་འགྱུར་གྱི་བླ་གནས་འཕོ་ཚུལ་སོགས་གོང་དུ་རེའུ་མིག་ནང་བཀོད་ཡོད་པ་རྣམས་ཀྱང་ཕོ་གཡོན་མོ་གཡས་གོ་ལྡོག་གིས་མགོ་འཛིན་པར་བྱ་ལ།)

          གཞན་ཡང་རེས་གཟའི་བླ་གནས་ནི། །རེས་གཟའ་ཉི་མར་མགོ་དང་ཟླ་ནུ་མཆིན། །མིག་དམར་གློ་མཆིན་ལྷག་པ་རྐེད་པ་ལ། །ཕུར་བུ་མཁལ་རྐེད་པ་སངས་རྒྱབ་གཞུང་ལ། །སྤེན་པ་སྒང་རྩ་དག་ལ་གནས་པ་ཡིན། །བིཥྜི་ཞེས་བྱ་གདུག་པ་ཅན་གྱི་གཟའ། །མཚོ་བྲག་སྐྱོན་དང་དེ་ཉིད་ཕྱི་དྲོའི་ཆ། །གླུ་ཚེས་ལག་མིག་བུག་ཟུང་སྔ་དྲོ་རྒྱུ། །(འདིར་རགས་པ་སྟེ་ཞིབ་པར་ཚེས་ལོངས་མང་ཉུང་དང་བསྟུན་རྩིས་བྱ། དུས་ཚོད་བླ་གནས་ཕུག་ལུགས་རིན་ཆེན་ཕྲེང་བའི་ནང་། ལྟོ་གཏེར་སྲིད་པའི་གཏེར་ཁྱིམ་གཉིས་ཀྱི་ལུགས་ཟུང་།) །དུས་ཚོད་ཉི་(མཇིང་པ་)ཤར་ཁ་ལ་དྲོས་ལྟག་ཁུང་(ལྕེ་ལ་གནས)། །དྲོས་ཆེན་མཆུ་ལ་ཉིན་ཕྱེད་བྲང་(མིག)གཞུང་གནས། །ཕྱེད་ཡོལ་ལྟེ་བ་(རྩེ་ཆུང་)ཉི་མྱུར་སྙིང་ཁར་(སྦོ་བྲང་)གནས། །མྱུར་སྨད་རྒྱབ་གཞུང་ཉི་ནུབ་རྐང་པ་གཉིས(བྲང་ཞོལ)། །སྲོད་འཁོར་མཚན་མ་ནམ་ཕྱེད་ཕོ་བ་ལ། །ཕྱེད་ཡོལ་བྲང་ལ་ཐོ་རངས་རྒྱུ་མར་གནས། །མཚན་མོ་ལུས་སྟོད་ནམ་ལངས་མཆུ་ལ་གནས(རྐང་པ་གཉིས)། །དེ་ལྟར་ལུགས་མང་དང་བསྟུན་ཞིབ་པར་བརྩི། །མི་ལ་ཚེ་རྩ་གསུམ་ཡོད་གཅིག་དེ་བླ། །འདི་ཡིན་མ་འཛིན་གཏར་ཡང་འགའ་ཞིག་ལ། །མི་གནོད་འདྲ་བར་སེམས་ནས་ཁྱད་གསོད་མང་། །བླ་དེ་སྲོག་ལྷར་མཉམ་གནས་གཏར་ན་འཆི། །ལུས་ལྷར་མཉམ་གནས་གཏར་བསྲེགས་རྨ་ཉེས་ཞ། །དབང་ལྷར་འགྲོགས་ཚེ་གཏར་བསྲེགས་བསོད་ནམས་ཉམས། །རླུང་ལྷར་མཉམ་གནས་གཏར་ན་ཚེ་ཐུང་ངོ་། །སྐྱེར་ལྷར་གནས་ཚེ་གཏར་བསྲེགས་གཟི་སྟོབས་ཉམས། །དེས་ན་རྣམ་པ་ཀུན་ཏུ་འཛེམ་གལ་ཆེ།།

 

(༩)

གླིང་སྨན་པའི་རྒྱུད་བཞིའི་དཀའ་འགྲེལ།

བཤད་རྒྱུད་ལེའུ་ ༤། གནས་ལུགས་ནད་གཞི།

གླིང་སྨན་བཀྲིས་འབུམ།

ཚེ་ཡི་རྩ་གསུམ་གྱི་དང་པོ་མགོ་ལུས་ཐམས་ཅད་ཁྱབ་པར་གནས་ཞེས་པ་ཚེས་ལ་འཕོ་བའི་བླ་གནས་ཡི་གེའི་གཟུགས་སུ་གནས་པ། གཉིས་མེད་དུས་ཀྱི་འཁོར་ལོ་ལས།། ཐབས་ཤེས་རོ་རྐྱང་དབང་གིས་ནི།། བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ།། ཡར་ངོ་སྔོན་འགྲོའི་དབང་བྱས་ནས།། སྐྱེས་པའི་གཡོན་དང་བུད་མེད་གཡས།། དེ་ཡང་ཚེས་གཅིག་རྐང་པ་ཡི།། སོར་ཚིགས་དང་པོར་ཡི་གེ་ཨཿ། གཉིས་པར་ཨི་དང་གསུམ་པར་རྀ།། བཞི་པར་ལོང་བུར་ཨུ་ཡི་གཟུགས།། ལྔ་པར་པུས་མོར་ལྀ་ཡིག་གནས།། དྲུག་པར་དཔྱི་ཡི་མཚམས་སུ་ཨ།། བདུན་པར་ལག་སོར་དང་པོར་ཨེ།། བརྒྱད་པར་སོར་ཚིགས་གཉིས་པར་ཨར།། དེ་བཞིན་དགུ་པར་གསུམ་པར་ཨོ།། བཅུ་པར་མཁྲིག་མའི་མཚམས་སུ་ཨལ།། བཅུ་གཅིག་པ་ལ་གྲུ་མོར་ཧ།། བཅུ་གཉིས་དཔུང་པར་ཡ་ཞེས་བརྗོད།། བཅུ་གསུམ་པ་ལ་མགྲིན་པར་ར།། བཅུ་བཞི་པ་ལ་མཚོག་མར་ཝ།། བཅོ་ལྔ་པ་ལ་དཔྲལ་བར་ལ།། བཅོ་ལྔ་བཅུ་དྲུག་མཚམས་སུ་ནི།། སྤྱི་བོར་ཨཾ་གི་གཟུགས་ཀྱིས་སོ།། སླར་ཡང་བཅུ་དྲུག་ལྟག་པར་ལཱ།། བཅུ་བདུན་པ་ལ་གཉའ་བར་ཝཱ། བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས།། བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ།། ཉི་ཤུ་པ་ལ་གྲུ་མོར་ཧཱ།། ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ།། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ།། ཉེར་གསུམ་ཚིགས་པ་གཉིས་པར་ཨཱར།། ཉེར་བཞི་སོར་ཚིགས་དང་པོར་ཨཻ། ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ།། ཉེར་དྲུག་པ་ལ་པུས་མོར་ལཱྀ[ལི]། ། ཉེར་བདུན་ལོང་བུར་ཨཱུ་ཞེས་བྱ།། ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ།། ཉེར་དགུ་སོར་ཚིགས་གཉིས་པར་ཨཱི།། གནམ་གང་སོར་ཚིགས་དང་པོར་ཨཱ།། གནམ་སྟོང་དང་ནི་ཚེས་གཅིག་མཚམས།། རྐང་པའི་མཐིལ་དུ་ཨཿ ཡི་གཟུགས།། འདི་དང་ཨཾ་གི་དུས་ཀྱི་ཚེ།། བྱང་ཆུབ་སེམས་ཀྱིས་མགོ་ལུས་ཀུན།། ཁྱབ་ཕྱིར་ཤིན་ཏུ་གཉན་པ་སྟེ།། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ།། ཞེས་པའོ།།

 

(༡༠)

གསོ་རིག་ཡན་ལག་བརྒྱད་ལྡན་ཆུ་གཏེར་ལས་གཅེས་བསྡུས་འཆི་མེད་ནོར་ཕྲེང་།

ལེའུ་བཅོ་ལྔ་པ། མན་ངག་ཉེར་མཁོ་ཁ་ཐོར་གྱི་སྡེ་ཚན།

ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས།

བླ་གནས་འཕོ་ཚུལ་རྒྱུད་སྡེ་ལས་གསུངས་དང་།། རིགས་བྱེད་ལུགས་ཏེ་གཉིས་ཡོད་དང་པོ་ནི།། ཐབས་ཤེས་རོ་རྐྱང་དབང་གིས་ནི།། བྱང་ཆུབ་སེམས་ཀྱི་ཁམས་འཕོ་བ།། ཡང་ངོ་སྔོན་འགྲོའི་དབང་བྱས་ཏེ།། སྐྱེས་པའི་གཡོན་དང་བུད་མེད་གཡས།། དེ་ཡང་ཚེས་གཅིག་རྐང་པ་ཡི།། སོར་ཚིགས་དང་པོར་ཡི་གེ་ཨཿ།། གཉིས་པར་ཨི་དང་གསུམ་པར་རྀ།། བཞི་བར་ལོང་བུ་ཨུ་ཡི་གཟུགས།། ལྔ་བར་པུས་མོར་ལི་ཡིག་གནས།། དྲུག་པར་དཔྱི་མིག་མཚམས་སུ་ཨ།། བདུན་པར་ལག་སོར་དང་པོར་ཨེ།། བརྒྱད་པར་སོར་ཚིགས་གཉིས་པར་ཨར།། དེ་བཞིན་དགུ་ལ་གསུམ་པར་ཨོ།། བཅུ་པར་མཁྲིག་མའི་ཚིགས་སུ་ཨལ།། བཅུ་གཅིག་པ་ལ་གྲུ་མོར་ཧ།། བཅུ་གཉིས་དཔུང་པར་ཡ་ཞེས་བརྗོད།། བཅུ་གསུམ་པ་ལ་སྙིང་གར་ར།། བཅུ་བཞིར་མཁྲིས་པར་ཡི་གེ་ཝ།། བཅོ་ལྔ་པ་ལ་དཔྲལ་བར་ལ།། བཅོ་ལྔ་བཅུ་དྲུག་མཚམས་སུ་ནི།། སྤྱི་བོར་ཨཾ་གི་གཟུགས་ཀྱིས་སོ།། སླར་ཡང་བཅུ་དྲུག་ལྟག་པར་ལཱ།། བཅུ་བདུན་པ་ལ་གཉའ་བར་ཝཱ།། བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས།། བཅུ་དགུ་དཔུང་བའི་ཚིགས་སུ་ཡཱ།། ཉི་ཤུ་པ་ལ་གྲུ་མོར་ཧཱ།། ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ།། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ།། ཉེར་གསུམ་ཚིགས་པ་གཉིས་པར་ཨཱར།། ཉེར་བཞི་སོར་ཚིགས་དང་པོར་ཨཻ།། ཉེར་ལྔ་དཔྱི་རུས་འཚམས་[མཚམས་]སུ་ཨཱ།། ཉེར་དྲུག་པ་ལ་པུས་མོར་པཱི།། ཉེར་བདུན་ལོང་བུ་ཨཱུ་ཞེས་བྱ།། ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི།། གནམ་གང་སོར་ཚིགས་དང་པོར་ཨཱ།། གནམ་སྟོང་དང་ནི་ཚེས་གཅིག་མཚམས།། རྐང་པའི་མཐིལ་དུ་ཨཱཿཡི་གཟུགས།། འདི་དང་ཨཾ་གི་དུས་ཀྱི་ཚེ།། བྱང་ཆུབ་སེམས་ཀྱི་མགོ་ལུས་ཀུན།། ཁྱབ་ཕྱིར་ཤིན་ཏུ་གཉན་པ་དེ།། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ།།

གཉིས་པ་རིག་བྱེད་ལུགས་ནི་འདི་ལྟར་རོ།། ༡ མི་ཡི་རྐང་བའི་མཐེ་བོང་ལ།། རྟ་ལ་སོགས་པའི་རྐང་མཐིལ་གནས།། ༢ མི་ཡི་རྐང་པའི་བོལ་ཚིགས་ལ།། རྟ་ཡི་རྐང་བའི་ཚིགས་ལ་ར་རྒན་ཨག་ཚོམ་གནས།། ༣ མི་ཡི་བྱིན་པའི་ཉྭ་ལ་གནས།། རྟ་ལ་སོགས་པའི་ངར་གདོང་ཡིན།། ༤ མི་ཡི་རྐེད་པ་ལ་གནས་ཏེ།། རྟ་ལ་སོགས་པའི་སྲེ་ལོང་ཡིན།། ༥ མི་ཡི་རྐེད་པའི་ནང་ལ་གནས།། རྟ་ལ་སོགས་པའི་སེ་ར་རུས།། ༦ མི་ཡི་བརླ་ཡི་སུལ་ལ་གནས།། རྟ་ལ་སོགས་པའི་དཔྱི་མིག་ལ།། ༧ མི་ཡི་དཔྱི་མིག་ཚིགས་ལ་སྟེ། རྟ་ལ་སོགས་པའི་གྲུ་མོར་གནས།། ༨ མི་ཡི་མཁལ་མའི་སྟེང་དུ་སྟེ།། རྟ་ལ་སོགས་པའི་མཁལ་ཁུང་གནས།། ༩ མི་ཡི་རྩིབས་[རྩིབ་]མའི་ལོགས་ལ་གནས།། རྟ་ལ་སོགས་པའི་ལག་མཐིལ་ལ།། ༡༠ མི་ཡི་དཔུང་སོགས་སྟེང་ན་གནས།། རྟ་ལ་སོགས་པའི་ལྟག་སྒོར་ཡིན།། ༡༡ མི་ཡི་ལག་ངར་སྟེང་ན་གནས།། རྟ་ལ་སོགས་པའི་ཚིགས་ལ་གནས།། ༡༢ མི་ཡི་ལག་པའི་མཐིལ་ལ་གནས།། རྟ་ལ་སོགས་པའི་ལག་ངར་གནས།། ༡༣ མི་ཡི་སྐེ་མགུལ་སྟེང་ན་གནས།། རྟ་ལ་སོགས་པའི་རྩ་དཀར་དེ་དཔྱི་ལེབ་ལ།། ༡༤ མི་ཡི་རྣ་ལྟག་ཟ་འགྲམ་ལ།། རྟ་ལ་སོགས་པའི་དཔུང་བར་གནས།། ༡༥ མི་ཡི་ལུས་ཀུན་ཁྱབ་པར་གནས།། རྟ་ལ་སོགས་པའི་ལུས་ལ་གནས།། ༡༦ མི་ཡི་རྣ་ལྟག་ཟ་འགྲམ་ལ།། རྟ་ལ་སོགས་པའི་སྐེ་འཛིངས་[མཇིང་]ལ།། ༡༧ མི་ཡི་སྐེ་འཛིངས་[མཇིང་]སྟེང་ན་གནས།། རྟ་ལ་སོགས་པའི་སྐེ་འཛེང་[མཇིང་]ལ།། ༡༨ མི་ཡི་ལག་པའི་མཐིལ་ལ་གནས།། རྟ་ལ་སོགས་པའི་ཟེ་བའོ།། ༡༩ མི་ཡི་ལག་ངར་སྟེང་ན་གནས།། རྟ་ལ་སོགས་པའི་ལྟག་སྒོ་ལ།། ༢༠ མི་ཡི་དཔུང་སོག་སྟེང་ན་གནས།། རྟ་ལ་སོགས་པའི་དཔུང་བའོ།། ༢༡ མི་ཡི་རྩིབས་[རྩིབ]མའི་ལོག་[ལོགས]ན་གནས།། རྟ་ལ་སོགས་པའི་སོ་ལ་གནས།། ༢༢ མི་ཡི་མཁལ་མའི་སྟེང་ན་གནས།། རྟ་བོང་ཡ་རྐན་མ་རྐན་ལ།། ༢༣ མི་ཡི་དཔྱི་མིག་ཚིགས་ལ་གནས།། རྟ་ལ་སོགས་པའི་ལྕེ་ལའོ།། ༢༤ མི་ཡི་བརླ་སུལ་ལ་གནས་ཏེ།། རྟ་བོང་མིག་དང་དཔྲལ་བར་གནས།། ༢༥ མི་ཡི་སྒྱིད་ཁུང་ནང་ལ་གནས།། རྟ་ལ་སོགས་པའི་བྲང་སྐེ་ཡིན།། ༢༦ མི་ཡི་པུས་མོའི་སྟེང་ན་གནས།། རྟ་ལ་སོགས་པའི་ཨོལ་འབྲོང་རྩེ་བེ་བུམ་ལས། ནད་པའི་ཨོལ་སྟོང་དང་སྒྲོག་རུས་གསང་སྟོང་ཡིན།། ༢༧ མི་ཡི་བྱིན་པའི་ཉྭ་ལ་གནས།། རྟ་ལ་སོགས་པའི་མཚན་མར་གནས།། ༢༨ མི་ཡི་ལོང་བུའི་ཚིགས་ལ་གནས།། རྟ་ལ་སོགས་པའི་སྒྲོ་བར་གནས།། ༢༩ མི་ཡི་ངར་གདོང་གཉིས་ལ་གནས།། རྟ་ཡི་སྣ་ཁུངས་གཞུག་ལའོ།། ༣༠ མི་དང་རྟ་རྣམས་ཀུན་གྱི་ནི།། ལུས་པོ་སྤྱི་ལ་ཁྱད་པར་གནས།། ཕོ་ལ་ཡར་ངོའི་ཚེས་གཅིག་ནས།། གཡོན་གྱི་རིམ་པ་བཟུང་བ་དང་།། མར་ངོའི་ཚེས་གཅིག་ནས་བཟུང་གཡས།། མོ་ལ་ཚུལ་དེ་གོ་རིམ་ལྡོག ཚེས་བརྒྱད་བཅོ་ལྔ་ཉེར་གཉིས་དང་།། ཉེར་དགུའི་སྔ་ཆ་བཞི་བཅུ་གཅིག། བཅོ་བརྒྱད་ཉེར་ལྔའི་ཕྱི་ཆ་ལ།། པིཥཱི་ཞེས་བྱ་རྒྱུ་བ་ཡིན།། དགེ་བའི་ལས་རྣམས་མཁས་པས་སྤངས།། ཁྱད་པར་སྨན་གྱི་ལས་རྣམས་ནི།། ཤིན་ཏུ་འཛེམས་པ་གལ་ཆེའོ།།

 

(༡༢)

བཅུ་བདུན་༼རྒྱལ་མཚན་བ་དན་འཛུགས་པ་དང་ཚེ་མདུད་སྲུང་འཁོར་འདོགས་པ་སོགས་ཀྱི་རྩིས།༽

གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་པོ། པོད་༤། ༢༠༠༩

གཟའ་ནི་ཉི་ཕུར་སྤེན་པ་བཟང་། །ཟླ་ལྷག་སངས་འབྲིང་མིག་དམར་ངན། །སྐར་མ་མགོ་(༤)རྒྱལ་(༧)དབོ་(༡༡)ཆུ་སྨད།(༢༠) །ཁྲུམས་སྟོད་(༢༤)ཐ་སྐར་(༠)རྣམས་ལ་བཟང་། །བྲ་(༡)སྨིན་(༢)ལག་(༥)ཆུ་(༩)གྲོ་(༡༠)སྣྲུབས་[༡༨]ངན། །དུས་སྦྱོར་གླང་འཁྲིག་སེང་གཞུ་བཟང་། །ཀརྚ་སྲང་སྡིག་ཆུ་སྲིན་ངན། །ཁྱད་པར་སྨེ་བའི་ཕྱོགས་དཀར་དང་། །གནམ་སྨན་བཀྲ་ཤིས་ཉི་མར་བཟང་། །བླ་གཟའ་བླ་སྐར་ཤིན་ཏུ་གཙོ། །ལོ་ནག་ཟླ་ནག་ཞག་ནག་འཛེམ། །བླ་གནས་ཡོད་སར་བླ་འགུགས་དང་། །དབང་བསྐུར་སྲུང་བ་འདོགས་པ་བཟང་།།

༼ཛ༽ མི་རྟའི་བླ་གནས་རེའུ་མིག

༡། མིའི་རྐང་བའི་མཐེ་བོང་།

རྟའི་རྐང་མཐིལ།

༡༡། མིའི་ལག་ངར།

རྟའི་ཚེལ་བ།

༢༡། མིའི་རྩིབ་དམར།

རྟའི་སོ།

༢། མིའི་འབོལ་ཚིག

རྟའི་ཚེལ་བ།

༡༢། མིའི་ལག་མཐིལ།

རྟའི་ལག་ངར།

༢༢། མིའི་མཁལ་མ།

རྟའི་རྐན།

༣། མིའི་བྱིན་པ།

རྟའི་ངར་གདོང་།

༡༣། མིའི་མགྲིན་པར།

རྟའི་རྩ་དཀར།

༢༣། མིའི་དཔྱི་མིག

རྟའི་ལྕེ།

༤། མིའི་སྐེད་པ།

རྟའི་སྲེ་ལོང་།

༡༤། མིའི་རྣ་ལྟག

རྟའི་དཔུང་སོར།

༢༤། མིའི་བརླ།

རྟའི་དཔྲལ་བ།

༥། མིའི་སྒྱིད་ཁུང་།

རྟའི་སེ་བ་རུས་པ།

༡༥། མིའི་སྤྱི་བོར་ཨཾ་གྱི་གཟུགས་སུ་གནས་ཏེ་མགོ་ལུས་ཀུན་ལ་ཁྱབ།

༢༥། མིའི་སྒྱིད་ཁུང་།

རྟའི་བྲང་།

༦། མིའི་བརླ་སུལ།

རྟའི་དཔྱི་མིག

༡༦། མིའི་ཟ་འགྲམ།

རྟའི་སྐེ།

༢༦། མིའི་པུས་མོ།

རྟའི་ཨེན་སྟོང་།

༧། མིའི་དཔྱི་མིག

རྟའི་གྲུ་མགོ།

༡༧། མིའི་སྐེ་འཇིང་།

རྟའི་སྐེ་འཇིང་།

༢༧། མིའི་ཉྭ།

རྟ་སོགས་ཀྱི་མཇེ།

༨། མིའི་མཁལ་མ།

རྟའི་མཁལ་ཁུང་།

༡༨། མིའི་ལག་མཐིལ།

རྟའི་ཟེ་བ།

༢༨། མིའི་ལོང་བུ།

རྟ་སོགས་ཀྱི་སྒྲོ་བ།

༩། མིའི་རྩིབ་ལོགས།

རྟའི་ལག་མཐིལ།

༡༩། མིའི་ལག་ངར།

རྟའི་ལྟག་སྒོར།

༢༩། མིའི་ངར་གདོང་།

རྟའི་སྣ་ཁུང་།

༡༠། མིའི་དཔུང་སྟེང་།

རྟའི་ལྟག་སྒོར།

༢༠། མིའི་དཔུང་སོགས།

རྟའི་དཔུང་པར།

༣༠། རྐང་མཐིལ་ཨ་ཡིག་གི་གཟུགས་སུ་གནས་མགོ་ལུས་ཀུན་ལ་ཁྱབ།

 

༼ཝ༽དུས་ཚོད་ཀྱི་བླ་གནས་རེའུ་མིག

ནམ་ལངས།

མཆུ།

ཉི་ཤར།

ཁ།

ཉི་དྲོས།

ལྕེ།

ཉིན་ཕྱེད།

མགོ།

ཕྱེད་ཡོལ།

སྐེ།

དགོང་ཁ།

གློ་རྩ།

ཉི་ནུབ།

བྲང་།

ས་སྲོད།

ལྟོ་བ།

སྲོད་འཁོར།

མཚན་མ།

ནམ་ཕྱེད།

ཕོ་ཁ།

ཕྱེད་ཡོལ།

ནུ་དཀྱིལ།

ཐོ་རངས།

རྒྱུ་མ།

 

(༡༣)

གསོ་རིག་ཕན་བདེའི་བདུད་རྩི་ལེའུ་ཚོགས་གཅེས་བཏུས་རིན་ཆེན་དོ་ཤལ།

ལེའུ་བཅོ་ལྔ་པ། གཏར་མེ་སོགས་ལ་ཉེ་བར་མཁོ་བའི་ཚེས་གྲངས་ཀྱི་བླ་གནས་བསྟན་པ།

ཡེ་ཤེས་བསྟན་འཛིན་དབང་རྒྱལ།

གཏར་མེ་སོགས་ལ་ཉེ་བར་མཁོ་བའི་ཚེས་གྲངས་ཀྱི་བླ་གནས་སྐྱེས་པ་གཡོན་བུད་མེད་གཡས། ཚེས་གྲངས་གཅིག་ནས་བཅོ་ལྔ་བར་རྐང་པའི་མཐེ་བོང་། བོལ་ཚིགས བྱིན་ཉ[ཉྭ] སྐང་[རྐང་]པ། སྒྱིད་ཁུག བརླ་སུལ། དབྱི་[དཔྱི་] མིག མཁལ་མ། རྩིབས་ལོག[རྩིབ་ལོགས] པུང་[དཔུང་]སྟེང་། ལག་ངར། ལག་མཐིལ། སྐེ་མགུལ། སྣ་[རྣ་]ལྟག་ཟ་འགྲམ། སོགས་[སོག་]པ། ཡང་བཅུ་དྲུག་ནས་ཉེར་དགུ་བར་སྐྱེས་པ་གཡས་དང་བུད་མེད་གཡོན་དུ་འཁོར་བ། རྣ་ལྟག་ཟ་འགྲམ། སྐེ་འཇིང་། ལག་མཐིལ། ལག་ངར། དཔུང་སོག རྩིབས་[རྩིབ་]མ། མཁལ་མ། དཔྱི་མིག བརླ་སུལ། སྒྱིད་ཁུག པུས་མོ། བྱིན་ཉ[ཉྭ]། ལོང་བུ། ར་[ཝ་]གདོང་། གནམ་གང་ལ་ལུས་སྤྱིར་གནས་པའོ།།

དུས་ཚོད་བཅུ་གཉིས་ནི།། ནམ་ལངས་ནས་རིམ་པར། མཆུ། ཁ་ནང་། ལྕེ། མིག རྩེ་ཆུང་། གློ་རྩ་སྦོ་བྲང་། བྲང་ཞོལ། ལྟོ་བ། མཚན་མ། ཕོ་བ། བྲང་དཀྱིལ། སྒྱུ་[རྒྱུ་]མ་རྣམས་སོ།།

གཟའི་བླ་གནས་ནི། ཉི་མར་མགོ། ཟླ་བར་ནུ་མཆིན། མིག་དམར་གློ་མཆིན། ལྷག་པར་སྐེད་པ། པ་སངས་རྒྱབ། སྤེན་པར་སྒང་རྩར་གནས་པས་གཏར་མེ་སོགས་ལ་འཛེམ་པར་བྱའོ།།

གོང་གསལ་སྦྱར་ཚད་སོགས་ཀྱང་དུས་དབང་དང་ཡུལ་ལུང་སོ་སོར་འདྲ་མིན་མང་བས་མཐའ་གཅིག་ཏུ་ཚད་བཟུང་དཀའ་ཡང་ནད་དང་བསྟུན་ནས་སྣོན་འཕྲི་གང་དགོས་རིག་པས་དཔྱད་དེ་ལག་ལེན་མཐའ་དག་རྣམ་པར་དག་པ་དགོས་པ་དང་། གཙོ་བོ་ཕན་སེམས་ཆེན་པོས་ཉམས་[ཉམ་]ཐག་ནད་ཀྱིས་གདུང་བའི་མྱ་ངན་ཅན་རྣམས་ལ་སྨན་ཡོན་སོགས་ལ་མི་ལྟ་བར་གང་ལ་གང་ཕན་གྱིས་སྦྱིན་པས་འགྲོ་བའི་དོན་རྒྱ་ཆེར་གདོན་མི་ཟའོ།།

 

(༡༤)

ལྷ་ས་སྨན་རྩིས་ཁང་ནས་ཕྱག་བསྟར་བཞིན་པའི་ལུགས།

                                         ༈ བླ་གནས་འཕོ་ཚུལ་གྱི་རེའུ་མིག

ཚེས་གྲངས།

བླ་གནས།

ཚེས་གྲངས།

བླ་གནས།

རྐང་པའི་མཐེ་བོང་།

༡༦

ལྟག་པ་ཟ་འགྲམ།

བོལ་ཚིགས།

༡༧

སྐེ་མཇིང་།

བྱིན་ཉྭ།

༡༨

ལག་མཐིལ།

པུས་མོ།

༡༩

ལག་ངར།

སྒྱིད་ཁུང་།

༢༠

དཔུང་སོག

བརླ་སུལ།

༢༡

རྩིབ་མ།

དཔྱི་མིག

༢༢

མཁལ་མ།

མཁལ་མ།

༢༣

དཔྱི་མིག

རྩིབ་ལོགས།

༢༤

བརླ་སུལ།

༡༠

དཔུང་སྟེང་།

༢༥

སྒྱིད་ཁུང་།

༡༡

ལག་ངར།

༢༦

པུས་མོ།

༡༢

ལག་མཐིལ།

༢༧

བྱིན་ཉྭ།

༡༣

སྐེ་མགུལ།

༢༨

ལོང་བུ།

༡༤

རྣ་ལྟག་ཟ་འགྲམ།

༢༩

ངར་གདོང་།

༡༥

སོག་པ།

༣༠

ལུས་སྤྱི།

སྐྱེས་བུའི་བླ་གནས་འཕོ་ཚུལ་རེའུ་མིག་འདི། སྐྱེས་པ་གཡོན་དང་བུད་མེད་གཡས་ནས་བརྩམ།

 

(༡༥)

བོད་ཀྱི་གསོ་བ་རིག་པའི་རྒྱུད་འདི་ཉིད་ཟབ་མོ་ནང་དོན་རིག་པ་དང་འབྲེལ་བའི་ཀུན་ཁྱབ་རྩིས་རིག་དང་

ཇི་ལྟར་འབྲེལ་ཚུལ་སྙིང་བསྡུས་བརྗོད་པ།

བླ་སྨན་བློ་བཟང་དབང་རྒྱལ།

གཉིས་པ། བླ་གནས་ཇི་ལྟར་རྒྱུ་བའི་བརྩི་ཐབས་ནི་འཚོ་བྱེད་བསྟན་འཛིན་ཕུན་ཚོགས་ཀྱིས། མི་ལ་ཚེ་རྩ་གསུམ་ཡོད་གཅིག་དེ་བླ། །འདི་ཡིན་མ་འཛིན་གཏར་ཡང་འགའ་ཞིག་ལ། །མི་གནོད་འདྲ་བར་སེམས་ནས་ཁྱད་གསོད་མང་། །བླ་དེ་སྲོག་ལྷར་མཉམ་གནས་གཏར་ན་འཆི། །ལུས་ལྷར་མཉམ་གནས་གཏར་བསྲེགས་རྨ་ཉེས་ཞ། །དབང་ལྷར་འགྲོག་ཚེ་གཏར་བསྲེགས་བསོད་ནམས་ཉམས། །རླུང་ལྷར་མཉམ་གནས་གཏར་ན་ཚེ་ཐུང་ངོ་། །སྐྱེས་ལྷར་གནས་ཚེ་གཏར་བསྲེགས་གཟི་སྟོབས་ཉམ། །དེས་ན་རྣམ་པ་ཀུན་ཏུ་འཛེམ་གལ་ཆེ། །ཞེས་གསུངས་པ་ལྟར་ལགས་པས་འདི་ལ་ལུགས་མི་གཅིག་པ་འགའ་ཞིག་ཡོད་ཀྱང་གསོ་བ་རིག་པར་ངེས་པར་མཁོ་བ་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བླ་གནས་འདི་ཡིན་པས་སྐབས་སུ་སྐྱེས་ཕོ་མོ་སོ་སོའི་བླ་གནས་ཚེས་དང་བསྟུན་དེ་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཇི་ལྟར་འཕོ་ཚུལ་འཁོར་ལོའི་ཚུལ་དུ་(གཤམ་འཁོད་རི་མོ་)སྦྱར་བ་ལས་བདེ་བླག་ཏུ་རྟོགས་ལ་ཁྱད་པར་ཚེས་འཕོ་མཚམས་ཀྱི་སྐབས་བརྩི་བ་ནི་གནད་ཀ་ཤིན་ཏུ་ཆེའོ།།

དེ་ཡང་། བླ་གནས་འཁོར་ཚུལ་འདི་བཞིན་ཏེ།།

(འཁོར་ལོའི་རེའུ་མིག་དང་པོ་དང་གཉིས་པ།)

ཡར་ངོ་སྔོན་འགྲོའི་དབང་བྱས་ཏེ། །སྐྱེས་པའི་གཡོན་དང་བུད་མེད་གཡས། །དེ་ཡང་ཚེ་གཅིག་རྐང་པ་ཡི། །སོར་ཚིགས་དང་པོར་ཡི་གེ་ཨ། །གཉིས་པར་ཨི་དང་གསུམ་པར་རྀ། བཞི་པར་ལོང་བུར་ཨུ་ཡི་གཟུགས། །ལྔ་པར་པུས་མོར་ལྀ་ཡིག་གནས། །དྲུག་པར་དཔྱི་ཡི་མཚམས་སུ་ཨ། །བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དེ་བཞིན་དགུ་ལ་གསུམ་པར་ཨཽ། །བཅུ་པར་མཁྲིགས་མའི་མཚམས་སུ་ཨལ། །བཅུ་གཅིག་པ་ལ་གྲུ་མོར་ཧ། །བཅུ་གཉིས་དཔུང་མགོར་ཨ་ཞེས་བརྗོད། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །དེ་གཉིས་མཚམས་སུ་སྤྱི་བོར་ཨཾ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས། །བཅུ་དགུ་དཔུང་པའི་ཚིགས་སུ་ཨཱ། །ཉི་ཤུ་པ་ལ་གྲུ་མོ་ཧཱ། །ཉེར་གཅིག་མཁྲིགས་མར་ཡི་གེ་ཨཱལ། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་ཚིགས་པ་གཉིས་པར་ཨར། །ཉེར་བཞི་སོར་ཚིགས་དང་པོར་ཨཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱི། །ཉེར་བདུན་ལོང་བུར་ཨཱ་ཞེས་བྱ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི། །གནམ་གང་སོར་ཚིགས་དང་པོར་ཨཱ། །གནམ་སྟོང་དང་ནི་ཚེ་གཅིག་མཚམས། །རྐང་པའི་མཐིལ་དུ་ཨཱ་ཡིག་གཟུགས། །འདི་དང་ཨཾ་གི་དུས་ཀྱི་ཚེ། །བྱང་ཆུབ་སེམས་ཀྱི་མགོ་ལུས་ཀུན། །ཁྱབ་ཕྱིར་ཤིན་ཏུ་གཉན་པ་ཡིན། །ཞེས་པའོ།།

 

(༡༦)

ཁམས་གཙང་འབྲུག་རྒྱལ་གྱི་སྨན་ཡིག

༄༅། །བླ་གནས་བརྩི་ཚུལ།

ཁམས་གཙང་འབྲུག་རྒྱལ།

བླ་གནས་ཞེས་པ་གཏར་བསྲེག་ཐུར་དཔྱད་དུས།། ཐིམ་ལོངས་བདག་གསུམ་ཕྱོགས་ཏེ་བཤོལ་དགོས་ཏེ།། ཅི་ཕྱིར་བླ་སྲོག་ལ་གནོད་དེ་ཉིད་ནི།། དུས་འཁོར་ལུགས་དང་གསོ་དཔྱད་རང་ལུགས་ལྟར།། ཕོ་ཡི་རྐང་གཡོན་མོ་རྐང་གཡས་ནས་བརྩམ།། ཚེས་གཅིག་རྐང་བའི་སོར་ཚིགས་དང་བོ་དང་།། ཚེས་གཉིས་སོར་ཚིགས་གཉིས་སོགས་རེ་མིག་ལྟར།། བཅོ་ལྔ་གནམ་གང་ལུས་སྤྱིར་ཁྱབ་པར་གནས།། དུས་ཚོད་བླ་གནས་ནམ་ལངས་ལྒང་པ་དང་།། ཉི་ཤར་འཇིང་[མཇིང་]པ་ཉི་དྲོས་མཆུ་ལྟག་པ།། ཉིན་ཕྱེད་བྲང་རྩིབས་ཕྱེད་ཡོལ་ལྟོ་བ་དང་།། ཉི་ནུབ་སྙིང་ག་མུན་རུབ་རྒྱབ་ཏུ་གནས།། སྲོད་ནས་ཐོ་རངས་བར་དུ་ལུས་སྤྱིར་ཁྱབ།། འདི་ཡང་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ལུགས།། ཚེས་ཀྱི་བླ་གནས་འདི་དང་ཟུར་མཁར་བ།། ཅུང་ཟད་མཐུན་མིན་འདུག་པས་འདིར་མ་བཀོད།། དུས་འཁོར་ལུགས་ནི་རེའུ་མིག བཅོ་ལྔ་བཅུ་དྲུག་མཚམས་སུ་ལུས་སྤྱིར་ཁྱབ།། གནམ་གང་ཚེས་གཅིག་མཚམས་སུའང་དེ་བཞིན་ནོ།། གཞན་ཡང་ས་བདག་བིཥྚི་རྒྱུ་བའི་དུས།། གཏར་བསྲེག་གང་ཡང་མི་བྱ་ལྷག་པར་དུ།། གཏར་ན་ཁྲག་མི་ཐོན་ཕྱིར་དུས་དེ་བཤོལ།། ཀླུ་ཚེས་ལག་མིག་བུག་ཟུང་སྔ་ཆར་རྒྱུ།། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི་ཆར་རྒྱུ།། འདི་དུས་སྤང་ལ་གཟའ་སྐར་ཞིབ་བའི་དུས།། ནད་པ་རང་ཉིད་ལོ་ལྷའི་ཕྱོགས་སུ་འཁོར།། སྔོན་འགྲོ་ལ་སོགས་གཏར་ལེའུ་བཞིན་དུ་བྱ།། ནད་དབྱུང་དཔྱད་མཆོག་གཏར་ལ་མཁས་པར་མཛོད།། རྣམ་དག་གཞུང་གི་དགོངས་པ་འདིར་བླང་དགེ། །།

 

 (༡༨)

ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ་བཞུགས་སོ།།

འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

ཡང་གཏར་གྱི་ཚེ་ཁྲག་མི་ལོག་པའི་སྔགས་ནི། ལོང་ལོང་ཉལ་ཉལ་རུཾ་རུཾ་ཤིག་ཤིག་བ་གི་བ་གི་སྭཱཧཱཿ ཞེས་གཙགས་བུ་ལ་བཏབ་པས་ཁྲག་མི་ལོག་གོ། མེ་གཏར་སོགས་བླ་གནས་སར་བྱ་དགོས་བྱུང་ན། ཨོཾ་ཙཀྵུ་ཧྲི་ཙཀྵུ་ཤདཿ ཞེས་བཟླས་ལ་གནས་དེ་དང་རྩ་རྒྱུད་དུ་བཏབ་པས་ཐུབ་བོ།། ཡང་གཅིག དེ་བ་ཌཱ་ཀི་ཙག་ཤུ་སྭཱཧཱཿ ཞེས་བཏབ་པས་ཐུབ་བོ།། ཡང་གཅིག ཨོཾ་ཙཀྵུ་དེ་བཧྲཱིཿམ་ཀི་སྭཱཧཱཿ ལན་བདུན་བཟླས་ཏེ་བཏབ་པས་ཉེས་པ་མི་འབྱུང་ངོ་།། ཡང་བླ་གནས་སར་གཏར་ཁ་སོགས་ཕོག་ན་གུ་གུལ་དུད་པས་བདུག ཡང་ཡང་བྱུག་ཅིང་སྔགས་བཟླ། ཨོཾ་ཙཀྵུ་དྷེ་ཝ་ཀྲི་ཀྲི་སྭཱཧཱཿ འདིས་ཉེས་པ་མི་འབྱུང་ངོ་ཞེས་གསུངས་སོ།། ཡང་གཏར་ཁ་མི་ཐུ་སོགས་དཔྱད་བྱེད་དུས། གྷ་ཏི་ཐུཾཿ ཞེས་སྔགས་འདི་ཉེར་གཅིག་བགྲང་བས་བཏབ་ན་ཉེས་པ་གང་ཡང་མི་འབྱུང་ངོ་།། ཨོཾ་ཧྲིཿ་ཆེན་ཏ་ཧཱུཾ་ཕཌཿ བིཥྚི་བཙོན་བཟུང་སྔགས་འདི་ཁྲག་མ་གཏར་གོང་དུ་བཟླས་ནས་ནད་པའི་ལུས་ལ་ཕུ་བྱས་པས་མི་གནོད་པར་འགྱུར་རོ།། ཡང་གཅིག ཨོཾ་སརྦ་ཧྲིཿབཾཿ ཞེས་སོ།། སྣ་ཁྲག་འོང་བ་གཅོད་པ་དང་། གཏར་ཁ་གང་བྱས་རྗེས་ཀྱི་རྨ་མི་ཉེས་པའི་སྔགས་ནི། ཨོཾ་ནག་པོ་རྦདཿ ནག་པོ་བྷེ་དུར་རྦད་སོད་སྭཱཧཱཿ མཐེ་བོང་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྒོམ་ལ་སྔགས་བཏབ་པ་དེས་རྨ་ཁར་ཀབ་པར་བསམ། སྔགས་མང་དུ་བཟླས་ཏེ་མཐེ་བོང་རྨ་ལ་གླན་པས་ཉེས་པ་གང་ཡང་མི་འབྱུང་ངོ་།། མེ་བུམ་སྔགས་བྲི་ཏ་ཝི་མེ་དབལ་སོདཿ ཅེས་བཟླས་ལ་བཏབ་པས་མེ་བུམ་དེས་ནད་ལ་ཕན་ནོ།།

 

 

གཉིས་པ། རྩིས་གཞུང་ཁག་ཏུ་བསྟན་པའི་བླ་གནས་འཕོ་ཚུལ་སྐོར།

 

ྋདུས་འཁོར་བསྡུས་རྒྱུད་ལས།

མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ཉིད་འགྲོ་སྟེ་ནག་པོའི་ཕྱོགས་སུ་མཐའ་རུའོ།།

ྋདུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།

ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཞེས་པ་དགའ་བ་ལ་སོགས་པ་སུམ་འགྱུར་ཏེ་དཀར་པོའི་ཕྱོགས་ལའོ། དེ་བཞིན་དུ་ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་ནི་དགའ་བ་ལ་སོགས་པ་སྟེ་ནག་པོའི་ཕྱོགས་ལའོ། དེ་ལྟར་ན་ཕྱོགས་གཉིས་ཀ་ལ་ཚེས་སུམ་ཅུ་རྣམས་གྲངས་བཞིན་ནོ།།

སྤྱིར་བླ་གནས་འཕོ་ཚུལ་ལ་བཞེད་ཚུལ་མི་འདྲ་བ་མང་ཡང་གོང་དེར་མཉམ་མེད་ྋདུས་ཀྱི་འཁོར་ལོ་དང་། ཕུག་པ་ཁུ་དབོན་གྱི་བཞེད་ཚུལ་ལམ་རིན་ཆེན་ཕྲེང་བའི་ལུགས་གཉིས་པོ་རེའུ་མིག་ཏུ་གཟིགས་བདེར་བཀོད་ཡོད། དབྱངས་ཡིག་ཐད་ལའང་ཕྱིས་སུ་ལྗགས་རྩོམ་མཛད་པའི་གཞུང་ཁག་ཏུ་ཅུང་མི་འདྲ་བ་ལྟ་བུ་སྣང་རྒྱུ་འདུག་ཀྱང་གོང་གི་རེའུ་མིག་ནང་ྋདུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་གང་གསལ་བ་དེ་བཀོད་ཡོད། 

སྡེ་སྲིད་སངས་རྒྱས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་བཻ་དཀར་གཡའ་སེལ་དུ་བླ་གནས་འཕོ་ཚུལ་ཐད་ལ་ལུགས་མི་འདྲ་བ་མང་བས་འདི་སྐོར་རང་ཉིད་ཀྱི་དགོངས་ཚུལ་གསུངས་པའི་དུམ་བུ་ཞིག་མཇལ་བྱུང་བས་འདི་ཉིད་གཤམ་དུ་མཉམ་སྤྱོད་ཞུས་ཡོད། 

 

 

བཻ་དཀར་གཡའ་སེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

བརྒྱ་གྱ་བཞི་པ། བླ་གནས་ཀྱི་སྐོར།

༑ བརྒྱ་གྱ་བཞི་པ་བླ་གནས་ཀྱི་སྐོར་འདི་མི་མཐུན་པ་མང་བ་ལས། འདིར་རིན་ཆེན་ཕྲེང་བའི་ལུགས་དང་། དུས་འཁོར། རྙིང་མའི་མཚར་བསྡུས་བཅས་བྱུང་རུང་། བེའུ་བུམ་ཕལ་ཆེར་གྱི་བླ་གནས་ནག་རྩིས་ལུགས་ལྟར་དང་། དེ་ཡང་ཁྱུང་བཞེད་པའི་རྩིས་འབྲས་རྣམས་པཎ་ཆུང་གིས་བསྒྲིག་ཁ་མཛད་པ་དང་རིན་ཆེན་ཕྲེང་བ་གཉིས་རྒྱུན་གཅིག་ཏུ་འོང་དགོས་རྒྱུར། འདི་གཉིས་མི་གཅིག་པར་དོགས་གནས་དྲི་ལན་ནི། འདིར་རིན་ཆེན་ཕྲེང་བ་དང་། དུས་འཁོར་ནས་བཤད་པ་རྙིང་མའི་མཚར་བསྡུས་བཅས་བཀོད་ཅིང་། ད་དུང་རྣམ་གྲངས་ནི་མང་སྟེ། ཧེ་རུ་ཀ་གལ་པོའི་བརྟག་པ་བཞི་པ་ལས་བཤད་པ་དང་ཆ་མཚུངས་བདེ་མཆོག་སྡོམ་འབྱུང་། མཁའ་འགྲོ་རྒྱ་མཚོ་སོགས་ལས་བཤད་པ་དང་། རྙིང་མའི་བཀའ་གཏེར་གྱི་ཡིག་ཆ་ལས་ཤིན་ཏུ་མང་བར་འབྱུང་བ་རྣམས་འདིར་རྒྱ་མ་བསྐྱེད་ཅིང་། ནག་རྩིས་བླ་གནས་ཡིག་ཕྲན་ལས་འབྱུང་བ་ལྟར་རིན་ཆེན་ཕྲེང་བ་དང་པཎ་ཆུང་གི་རྩིས་འབྲས་གཉིས་ནག་རྩིས་ཀྱི་ཁྱོན་གཅིག་གཤིས་གཅིག་དགོས་པ་ལྟ་བུར་སྣང་ཡང་། འདི་རིགས་རྒྱུད་ཁུངས་ཆེ་བ་ནས་མ་བཤད་པས་ཡིག་ཕྲན་གྱི་རིགས་ལ་འདི་ཞེས་ཁ་ཚོན་གཙོད་དཀའ་བ་དང་། མཛད་པ་པོ་གཉིས་ཀ་མཁས་པར་སོང་གཤིས་འདི་ཞེས་དབྱེ་ཐང་ཕྱེད་དཀའ་མོད། དེ་ལྟར་ན་འདིར་རིན་ཆེན་ཕྲེང་བའི་ལུགས་སུ་བཀོད་པ་ནི་ཀུན་ལ་གྲགས་ཆེ་བ་དང་མི་དང་དུད་འགྲོའི་དབྱེ་ཐང་གི་དབང་གིས་བཀོད་ཅིང་། དེ་ཡང་རྟའི་བླ་གནས་ནི་ཅོག་རོའི་གདམས་པ་ཡིན་པར་གྲགས་པ་དཔྱད་གནས་སུ་སྣང་བས་ཚོམ་པ་མི་འཚལ་ལོ།།

 

༄༅། །རྩིས་གཞུང་བཻ་ཌཱུར་དཀར་པོ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

ད་ནི་བླ་གནས་ཞེས་བྱ་བ། །མི་མཐུན་རྣམ་གྲངས་མང་དག་ལས། །གཅེས་བསྡུས་ཆེ་ལོང་ཙམ་དུ་བརྗོད། །དེ་ལ་ཁྱད་པར་དུས་འཁོར་ལོའི། །དགོངས་པའི་བླ་གནས་འདི་ལྟར་རོ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་གཡས། །དེ་ཡང་ཚེས་གཅིག་རྐང་པ་ཡི། །སོར་ཚིགས་དང་པོར་ཡི་གེ་ཨཿ །གཉིས་པར་ཨི་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡིག་གཟུགས། །ལྔ་པར་པུས་མོར་ལྀ་ཡིག་གནས། །དྲུག་པར་དཔྱི་ཡི་མཚམས་སུ་ཨ། །བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དེ་བཞིན་དགུ་ལ་གསུམ་པར་ཨཽ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ། །བཅུ་གཅིག་པ་ལ་གྲུ་མོར་ཧ། །བཅུ་གཉིས་དཔུང་མགོར་ཡ་ཞེས་བརྗོད། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །བཅོ་ལྔ་བཅུ་དྲུག་མཚམས་སུ་ནི། །སྤྱི་བོར་ཨཾ་གྱི་གཟུགས་ཀྱིས་སོ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡི་གཟུགས། །བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་མཁྲིག་མར་ཡི་གེ་ཨཱལ། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་ཚིགས་པ་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོར་ཨཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱྀ། །ཉེར་བདུན་ལོང་བུར་ཨཱུ་ཞེས་བྱ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི། །གནམ་གང་སོར་ཚིགས་དང་པོར་ཨཱ། །གནམ་སྟོང་དང་ནི་ཆོས་གཅིག་མཚམས། །རྐང་པའི་མཐིལ་དུ་ཨཿཡིག་གཟུགས། །འདི་དང་ཨཾ་གི་དུས་ཀྱི་ཚེ། །བྱང་ཆུབ་སེམས་ཀྱིས་མགོ་ལུས་ཀུན། །ཁྱབ་ཕྱིར་ཤིན་ཏུ་གཉན་པ་སྟེ། །བློ་ལྡན་སྐྱེ་བོས་དེ་རྟོགས་བྱ། །གསོ་བ་རིག་པ་དང་ཡང་མཐུན། །ཕུག་པ་ཁུ་དབོན་བཞེད་པའི་ཚུལ། །རིན་ཆེན་ཕྲེང་བ་ལྟར་བརྗོད་ན། །ཚེས་གཅིག་མི་ཡི་རྐང་པ་ཡི། །མཐེ་བོང་རྟ་ལ་སོགས་པ་ཡི། །མཐིལ་གནས་ཚེས་གཉིས་མིའི་རྐང་གི། །བོལ་ཚིགས་རྟ་ཡི་ཚིལ་ལ་གནས། །གསུམ་ལ་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་ངར་གདོང་དང་། །བཞི་ལ་མི་ཡི་རྐེད་པ་ལ། །རྟ་ལ་སོགས་པའི་སྲེ་ལོང་ཡིན། །ལྔ་ལ་མི་ཡི་སྒྱིད་ཁུང་ལ། །རྟ་ལ་སོགས་པའི་སེ་ར་རུས། །དྲུག་ལ་མི་ཡི་བརླ་ཡི་སུལ། །རྟ་ལ་སོགས་པའི་དཔྱི་མིག་ལ། །བདུན་ལ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་གྲུ་མགོར་གནས། །བརྒྱད་ལ་མི་ཡི་མཁལ་སྟེང་ལ། །རྟ་ལ་སོགས་པའི་མཁལ་ཁུང་ལ། །དགུ་ལ་མི་ཡི་རྩིབ་ལོགས་དང་། །རྟ་ལ་སོགས་པའི་ལག་མཐིལ་ལ། །བཅུ་ལ་མི་ཡི་དཔུང་སྟེང་ལ། །རྟ་ལ་སོགས་པའི་ལྟག་སྒོར་ལ། །བཅུ་གཅིག་མི་ཡི་ལག་ངར་སྟེང་། །རྟ་ལ་སོགས་པའི་ཚིལ་ལ་གནས། །བཅུ་གཉིས་མི་ཡི་ལག་པའི་མཐིལ། །རྟ་ལ་སོགས་པའི་ལག་ངར་ལ། །བཅུ་གསུམ་མི་ཡི་སྐེ་མགུལ་སྟེང་། །རྟ་ལ་སོགས་པའི་རྩ་དཀར་ལ། །བཅུ་བཞི་མི་ཡི་རྣ་ལྟག་དང་། །ཟ་འགྲམ་རྟ་སོགས་དཔུང་ལ་གནས། །བཅོ་ལྔ་མི་ཡི་སོག་པ་ལ། །རྟ་ལ་སོགས་པའི་ལུས་པོ་བྱིངས། །བཅུ་དྲུག་མི་ཡི་ལྟག་ཟ་འགྲམ། །རྟ་ལ་སོགས་པའི་སྐེ་མཇིང་ལ། །བཅུ་བདུན་མི་ཡི་སྐེ་མཇིང་སྟེང་། །རྟ་ལ་སོགས་ཀྱང་དེ་ལྟར་རོ། །བཅོ་བརྒྱད་མི་ཡི་ལག་མཐིལ་ལ། །རྟ་ལ་སོགས་པའི་ཟེ་བར་གནས། །བཅུ་དགུ་མི་ཡི་ལག་ངར་དང་། །རྟ་ལ་སོགས་པའི་ལྟག་སྒོར་གནས། །ཉི་ཤུ་མི་རྟའི་དཔུང་སོག་སྟེང་། །ཉེར་གཅིག་མི་ཡི་རྩིབ་ལོགས་ལ། །རྟ་ལ་སོགས་པའི་སོ་ལ་གནས། །ཉེར་གཉིས་མི་ཡི་མཁལ་མའི་སྟེང་། །རྟ་ལ་སོགས་པའི་ཡས་མས་རྐན། །ཉེར་གསུམ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་ལྕེ་ལ་གནས། །ཉེར་བཞི་མི་ཡི་བརླ་སུལ་ལ། །རྟ་ལ་སོགས་པའི་དཔྲལ་བར་གནས། །ཉེར་ལྔ་མི་ཡི་སྒྱིད་ཁུང་ལ། །རྟ་ལ་སོགས་པའི་བྲང་སྐེ་ལ། །ཉེར་དྲུག་མི་ཡི་པུས་མོའི་སྟེང་། །རྟ་ལ་སོགས་པའི་ཨོལ་སྟོང་ལ། །ཉེར་བདུན་མི་ཡི་བྱིན་ཉྭ་ལ། །རྟ་ལ་སོགས་པའི་མཚན་མ་ལ། །ཉེར་བརྒྱད་མི་ཡི་ལོང་བུའི་ཚིགས། །རྟ་ལ་སོགས་པའི་སྒྲོ་བ་ལ། །ཉེར་དགུ་མི་ཡི་ངར་གདོང་ལ། །རྟ་ལ་སོགས་པའི་སྣ་ཁུང་གཞུང་། །གནམ་སྟོང་མི་རྟའི་ལུས་པོ་བྱིངས། །དུས་ཚོད་བླ་གནས་ནམ་ལངས་མཆུ། །ཉི་ཤར་ཁ་ནང་ཉི་དྲོས་ལྕེ། །ཉི་ཕྱེད་མིག་ལ་ཕྱེད་ཡོལ་དུས། །རྩེ་ཆུང་དགོངས་བྱ་གློ་རྩ་ལ། །ཉི་མྱུར་སྦོ་བྲང་ཉི་ནུབ་དུས། །བྲང་ཞོལ་ས་སྲོས་ལྟོ་བ་ལ། །སྲོད་འཁོར་མཚན་མ་ནམ་ཕྱེད་དུས། །ཕོ་བ་ཕྱེད་ཡོལ་བྲང་དཀྱིལ་ལ། །ཐོ་རེངས་རྒྱུ་མ་ལ་གནས་སོ། །གསང་ཆེན་སྔ་འགྱུར་དུག་སྤུ་གྲི། །ལས་འབྲེལ་རྩལ་གྱི་གཏེར་བྱོན་དང་། །ཞིང་སྐྱོང་ཤོག་ཁྲའི་སྐོར་སོགས་ལས། །མི་མཐུན་རྣམ་གྲངས་མང་གསུངས་མོད། །རྒྱལ་དབང་རྗེ་སོགས་མཁྱེན་ལྡན་གྱི། །སྐྱེས་ཆེན་དམ་པའི་ཉམས་བཞེས་གནས། །ལྷོ་གཏེར་སྲིད་པའི་གཏེར་ཁྱིམ་ལས། །ཚེས་གཅིག་བྱ་ཟེར་ནས་ཉི་རྩེར། །བར་དུ་རྐང་པའི་མཐིལ་ལ་གནས། །ཚེས་གཉིས་ཉི་ཤར་དྲོས་ཆེན་ཚུན། །བྱིན་པའི་དཀྱིལ་ན་གནས་པའོ། །ཚེས་གསུམ་དྲོས་ཆེན་བརླའི་དཀྱིལ་གནས། །ཚེས་བཞི་ནམ་ལངས་རྐེད་པ་ལ། །ཚེས་ལྔ་ཉི་ཤར་མྱུར་ཁའི་བར། །ཁ་ནང་ཚེས་དྲུག་ཉི་དྲོས་ལ། །ལག་མཐིལ་ཚེས་བདུན་སྐྱ་རེངས་ཤར། །ནམ་ལངས་བར་དུ་རྐང་ལོང་གཉིས། །ཚེས་བརྒྱད་ནམ་ཕྱེད་ལག་གཉིས་ཀྱི། །གྲེ་མོ་ཁུག་ལ་གནས་པའོ། །ཚེས་དགུ་ནམ་ལངས་མཚན་མ་ལ། །ཚེས་བཅུ་སྲོད་འཁོར་རྐེད་པ་ལ། །བཅུ་གཅིག་སྲོད་ལ་སྣ་རྣ་བ། །བཅུ་གཉིས་བྱ་ཟེར་ཕོ་སྐྲ་མཚམས། །བཅུ་གསུམ་ཉི་ནུབ་སོ་ལ་གནས། །བཅུ་བཞི་ནམ་ཕྱེད་སྙིང་ག་ལ། བཅོ་ལྔ་ཉི་མྱུར་ལུས་པོ་སྤྱིར། །ཁྱད་པར་དུ་ནི་བྱིན་པའི་དཀྱིལ། །བཅུ་དྲུག་ཉི་མྱུར་རྐང་བྲང་གཞུང་། །བཅུ་བདུན་སྲོད་འཁོར་མགུལ་གཡོན་ཟུར། །བཅོ་བརྒྱད་ཉི་དྲོས་ཕོ་བ་དང་། །བརླ་ནང་གཉིས་ལ་གནས་པ་ཡིན། །བཅུ་དགུ་ནམ་ལངས་བརླ་གཉིས་ཁུང་། །རྐང་པའི་ལོང་གཉིས་དག་ལ་གནས། །ཉི་ཤུ་ཉི་ཕྱེད་ངར་གདོང་གཉིས། །ཉེར་གཅིག་ཉི་དྲོས་རྐང་མཐིལ་གཉིས། །ཉེར་གཉིས་ནམ་ལངས་མཁལ་ཁུང་གཉིས། །ཉེར་གསུམ་ནམ་ཕྱེད་བྱིན་པ་གཉིས། །ཉེར་བཞི་སྲོད་ལ་ལག་མཐིལ་གཉིས། །ཉེར་ལྔ་ནམ་ཕྱེད་ལྕེ་ལ་གནས། །ཉེར་དྲུག་སྐྱ་རེངས་ཤར་དུས་མཇིང་། །ཉེར་བདུན་ནམ་ལངས་དཔུང་པ་གཉིས། །ཉེར་བརྒྱད་ཉི་ཤར་མཚན་མ་ལྟེར། །ཉེར་དགུ་ཕྱེད་ཡོལ་མིག་འབྲས་གཉིས། །གནམ་སྟོང་ཉི་ཤར་ལུས་བྱིངས་ཁྱབ། །ཁྱད་པར་རྒྱུ་མ་ལ་གནས་སོ། །ནམ་ལངས་རྐང་གཉིས་ཉི་ཤར་མཇིང་། །དྲོས་ཆུང་ལྟག་ཁུང་དྲོས་ཆེན་མཆུ། །ཉི་ཕྱེད་བྲང་གཞུང་ཕྱོད་ཡོལ་ལྟེ། །མྱུར་ཁ་སྙིང་ག་མྱུར་ཆུང་རྒྱབ། །ཉི་ནུབ་རྐང་པ་གཉིས་ལ་གནས། །ས་སྲོས་ནས་ནི་ནམ་ལངས་བར། །ལྟེ་བ་ཡན་ཆད་ཁྱབ་པར་གནས། །གཞན་ཡང་རྣམ་གྲངས་བླ་གནས་ལ། །ཉི་མར་མགོ་ལ་ཟླ་ནུ་མཆིན། །མིག་དམར་གློ་མཆིན་ལྷག་རྐེད་པ། །ཕུར་བུ་མཁལ་རྐེད་པ་སངས་རྒྱབ། །སྤེན་པ་སྒང་རྩ་དག་ལ་གནས། །དེ་ལ་བླ་ཕུར་བརྡེག་པ་སོགས། །མངོན་སྤྱོད་ལས་རྣམས་ཤིས་པ་ཡིན། །མི་ཕྱུགས་ལུས་ཀྱི་བླ་གནས་སར། །གཏར་བསྲེག་ལ་སོགས་བཅོས་བརྡེག་སྤང་། །བླུན་རྣམས་མགོ་སྐོར་བསླུ་བའི་ཆེད། །རྫས་སྔགས་འཁོར་ལོ་ལ་བརྟེན་ནས། བླ་གནས་འཕོ་བར་བཞེད་པ་སོགས། །མཐའ་ཀླས་རྣམ་གྲངས་མང་ཡོད་ཀྱང་། །དགོས་དོན་སྙིང་པོ་དེ་ཙམ་མོ།།

 

རྩིས་གཞུང་ཉིན་བྱེད་སྣང་བ།

ལོ་ཆེན་དྷརྨ་ཤྲི།

ནུས་པ་འཕོ་ལ་བླ་གནས་ཞེས། །བརྩི་ཚུལ་གསུངས་པ་འདི་ལྟ་སྟེ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་ཀྱི། །གཡས་ཕྱོགས་ནས་བརྩམས་ཚེས་གཅིག་ལ། །རྐང་སོར་ཚིགས་པ་དང་པོར་ཨཿ །གཉིས་པར་ཨེ་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡིག་སྟེ། །ལྔ་པར་པུས་མོར་ལྀ་ཡིག་གོ། །དྲུག་པར་དཔྱི་མཚམས་ཨའི་ཡི་གེ། །བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དགུ་པར་སོར་ཚིགས་གསུམ་པར་ཨོ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ། །བཅུ་གཅིག་གྲུ་མོར་ཧ་ཞེས་བྱ། །བཅུ་གཉིས་པ་ལ་དཔུང་མགོར་ཡ། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །དཀར་ནག་ཚིགས་མཚམས་སྤྱི་བོར་ཨཾ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡིག་གོ། །བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་ལ་ནི་མཁྲིག་མར་ཨཱལ། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་སོར་ཚིགས་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོར་ཨཱཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱྀ། །ཉེར་བདུན་པ་ལ་ལོང་བུར་ཨཱུ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི། །གནམ་གང་སོར་ཚིགས་དང་པོར་ཨཱ། །དཀར་ནག་ཚིགས་མཚམས་རྐང་མཐིལ་ཨཿ །འདི་དང་སྤྱི་བོའི་ཨཾ་གི་དུས། །ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན། །གཞན་ཡང་ཧེ་རུ་ཀ་ཀལྤོ། །སྡོམ་འབྱུང་མཁའ་འགྲོ་རྒྱ་མཚོ་ལས། །དབྱངས་ཡིག་བཅུ་དྲུག་དང་སྦྱར་གསུངས། །དེ་བཞིན་སྲིད་པའི་གཏེར་ཁྱིམ་དུ། །དུས་ཚོད་དང་སྦྱར་བརྩི་ཚུལ་ཡང་། །གསུངས་མོད་འདིར་ནི་མ་བརྗོད་དོ། །དེང་སང་རྩིས་པ་ཕལ་ཆེ་བས། །བཞེད་པའི་མི་རྟའི་བླ་གནས་ཀྱང་། །ཚེས་གཅིག་མི་ཡི་རྐང་པ་ཡི། །མཐེ་བོང་རྟ་སོགས་རྐང་མཐིལ་ལ། །གཉིས་ལ་མི་ཡི་རྐང་བོལ་ཚིགས། །རྟ་ལ་སོགས་པའི་ཚེལ་ལ་གནས། །གསུམ་པར་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་ངར་གདོང་ཡིན། །བཞི་ལ་མིའི་སྐེད་རྟའི་སྲེ་ལོང་། །ལྔ་ལ་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་པའི་སེ་ར་རུས། །དྲུག་ལ་མི་ཡི་བརླའི་སུལ་དང། །རྟ་སོགས་དཔྱི་མིག་ལ་གནས་སོ། །བདུན་ལ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་གྲུ་མགོར་གནས། །བརྒྱད་ལ་མི་ཡི་མཁལ་མ་དང་། །རྟ་ལ་སོགས་པའི་མཁལ་ཁུང་ཡིན། །དགུ་ལ་མི་ཡི་རྩིབ་ལོགས་དང་། །རྟ་ལ་སོགས་པའི་ལག་པའི་མཐིལ། །བཅུ་ལ་མི་ཡི་དཔུང་སོག་སྟེང་། །རྟ་ལ་སོགས་པའི་ལག་མཐིལ་ལ། །བཅུ་གཅིག་མི་ཡི་ལག་ངར་སྟེང་། །རྟ་ལ་སོགས་པའི་ཚེལ་ལ་གནས། །བཅུ་གཉིས་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ལག་ངར་རོ། །བཅུ་གསུམ་མི་ཡི་སྐེ་མགུལ་དང་། །རྟ་ལ་སོགས་པའི་རྩ་དཀར་ལ། །བཅུ་བཞི་མི་ཡི་རྣ་ལྟག་དང་། །ཟ་འགྲམ་རྟ་སོགས་དཔུང་པར་གནས། །བཅོ་ལྔར་མི་ཡི་སོག་པ་དང་། །རྟ་ལ་སོགས་པའི་ལུས་སྤྱི་ལ། །བཅུ་དྲུག་མི་ཡི་ལྟག་ཟ་འགྲམ། །རྟ་ལ་སོགས་པའི་སྐེ་མཇིང་ལ། །བཅུ་བདུན་མི་རྟའི་སྐེ་མཇིང་ངོ་། །བཅོ་བརྒྱད་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ཟེ་བར་གནས། །བཅུ་དགུར་མི་ཡི་ལག་ངར་དང་། །རྟ་ལ་སོགས་པའི་ལྟག་སྒོར་གནས། །ཉི་ཤུར་མི་ཡི་དཔུང་སོགས་དང་། །རྟ་ལ་སོགས་པའི་དཔུང་པའོ། །ཉེར་གཅིག་མིའི་རྩིབ་རྟ་སོགས་སོ། །ཉེར་གཉིས་མིའི་མཁལ་རྟ་སོགས་རྐན། །ཉེར་གསུམ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་ལྕེ་ལ་གནས། །ཉེར་བཞི་མི་ཡི་བརླ་སུལ་ལ། །རྟ་སོགས་མིག་དང་དཔྲལ་བར་གནས། །ཉེར་ལྔ་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་པའི་བྲང་ཟེ་ལ། །ཉེར་དྲུག་མི་ཡི་པུས་མོ་དང་། རྟ་ལ་སོགས་པའི་ཨོ་སྟོང་ལ། །ཉེར་བདུན་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་མཚན་མར་གནས། །ཉེར་བརྒྱད་མི་ཡི་ལོང་བུའི་ཚིགས། །རྟ་ལ་སོགས་པའི་སྒྲོ་བར་གནས། །ཉེར་དགུ་མི་ཡི་ངར་གདོང་དང་། །རྟ་ལ་སོགས་པའི་སྦངས་ཁུངས་ལ། །གནམ་གང་མི་རྟའི་ལུས་སྤྱིར་ཁྱབ། །དེ་ལྟར་བརྟགས་ཏེ་ཚེས་གང་ལ། །གང་དུ་གནས་པ་དེ་དང་དེར། །གཏར་སྲེག་ལ་སོགས་སྤང་བར་བྱ།།

 

རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ།

ལོ་ཆེན་དྷརྨ་ཤྲི།

དེ་ལྟར་རྩ་བ་འདིར་བཀོད་པའི་བླ་གནས་རྩི་ལུགས་འདི་ནི་རིན་ཆེན་ཕྲེང་བའི་ལུགས་ཡིན་གྱི། ཁུངས་གང་ལ་བརྟེན་མ་ཤེས་སོ། །དེ་ལྟ་མོད་ཀྱི་རྒྱུད་འགྲེལ་ལས་གསུངས་པ་ནི་འདི་ཡིན་ཏེ། རྒྱུད་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉ་ཡི་མཐར་ཡང་རང་གི་སེམས། །སླར་ཡང་གཙུག་ཏོར་ནས་ནི་ནག་པོའི་ཕྱོགས་སུ་འདི་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། །ཞེས་གསུངས་པས་སོར་ཚིགས་སོགས་གནས་སུམ་ཅུ་རྩ་གཉིས་པོ་རྣམས་སུ་ཁམས་རྣམས་ཡི་གེའི་རྣམ་པར་གནས་པ་ལ་ཚེས་ཀྱི་དབང་གིས་ནུས་པ་འཕོ་ལ། དེ་ཡང་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ན་རོ་རྐྱང་གི་རྩའི་གནས་ཚུལ་གྱི་དབང་ལས་སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་ཕྱོགས་ནས་འགོ་བརྩམས་ཏེ། ཚེས་གཅིག་རྐང་པའི་སོར་ཚིགས་དང་པོ་ལ་ཡི་གེ་ཨཿ གཉིས་པར་ཨི། གསུམ་པར་རྀ། བཞི་པར་ལོང་བུར་ཨུ། ལྔ་པར་པུས་མོར་ལྀ། དྲུག་པར་དཔྱི་མཚམས་ཨ། བདུན་པར་ལག་སོར་དང་པོར་ཨེ། བརྒྱད་པར་གཉིས་པར་ཨར། དགུ་ལ་གསུམ་པར་ཨོ། བཅུ་པར་མཁྲིག་མའི་མཚམས་སུ་ཨ་ལཱ། བཅུ་གཅིག་པ་ལ་གྲུ་མོར་ཧ། བཅུ་གཉིས་དཔུང་འགོར་ཡ། བཅུ་གསུམ་མགྲིན་པར་ར། བཅུ་བཞི་མཚོག་མར་ཝ། བཅོ་ལྔ་པར་དཔྲལ་བར་ལ། བཅོ་ལྔ་དང་བཅུ་དྲུག་གི་མཚམས་སུ་སྤྱི་བོར་ཨཾ། སླར་ཡང་བཅུ་དྲུག་ལྟག་པར་ལཱ། བཅུ་བདུན་པ་གཉའ་བར་ཝཱ། བཅོ་བརྒྱད་སྙིང་གར་རཱ། བཅུ་དགུ་དཔུང་ཚིགས་སུ་ཡཱ། ཉི་ཤུ་གྲུ་མོར་ཧཱ། ཉེར་གཅིག་མཁྲིགས་མར་ཨཱལ། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། ཉེར་གསུམ་གཉིས་པར་ཨཱར། ཉེར་བཞི་དང་པོར་ཨཻ། ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། ཉེར་དྲུག་ལ་པུས་མོར་ལཱྀ། ཉེར་བདུན་ལོང་བུར་ཨཱུ། ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། ཉེར་དགུ་གཉིས་པར་ཨཱྀ། གནམ་གང་དང་པོར་ཨཱ། གནམ་སྟོང་དང་ཚེས་གཅིག་གི་མཚམས་སུ་རྐང་མཐིལ་དུ་ཨཱཿའི་གཟུགས་ཅན་ཏེ། འདི་དང་གོང་གི་སྤྱི་བོར་ཨཾ་གྱི་ཚེ་ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན་གསུང་ངོ་། །གཞན་ཡང་ཧེ་རུ་ཀ་གལ་པོའི་བརྟག་པ་བཞི་པར། ཡང་ནི་ཁུ་བ་གཡོན་སྐོར་དང་། །གཡས་སྐོར་གྱི་ནི་བྱེ་བྲག་གིས། །གནས་ནི་བཅུ་དྲུག་ལེགས་པ་ཡི། །རིམ་པས་སམ་ནི་ཀྲནྟི་བཤད། །མཐེ་བོང་ཉི་མ་དང་པོ་ལ། །མི་ཕྱེད་མ་ནི་ཡི་གེ་ཨ། །བྱིན་པ་ལ་ནི་གཉིས་པ་སྟེ། །ཕྲ་མོའི་ཚུལ་ནི་ཨཱ་རིང་པོ། །བརླ་ནི་གསུམ་པ་ཙེས་མ་ཨི། །གསང་བར་བཞི་པ་གཡོན་མར་ཨཱི། །ལྟེ་བ་ལྔ་པ་ཐུང་མ་ཨུ། །སྙིང་གར་དྲུག་པ་རུས་སྦལ་ཨཱུ། །ནུ་མར་བདུན་པ་སྒོམ་པ་རྀ། །མགྲིན་པར་བརྒྱད་པ་དབང་མ་རཱྀ། །ལག་མཐིལ་དགུ་པ་ཉེས་མ་ལྀ། །ཁུར་ཚོས་བཅུ་པ་མཇུག་མ་ལཱྀ། །མིག་ན་བཅུ་གཅིག་མོ་མ་ཨེ། །སྣ་རྩར་བཅུ་གཉིས་མཚན་མོ་ཨཻ། །དཔྲལ་བར་བཅུ་གསུམ་བསིལ་མ་ཨོ། །སྤྱི་བོར་བཅུ་བཞི་གཟི་བརྗིད་ཨཽ། །གཡས་དང་གཡོན་གྱི་དབུས་ན་ནི། །ཡོངས་སུ་གང་བའི་ཨཾ་དང་ཨཿ དགའ་བྱེད་མ་དང་ཀུན་སྤངས་ཡིན། །གཡས་སུ་ཨཿ་དང་ཨཾ་གཉིས་ལ། །རོ་བཅུད་མ་དང་ཚང་མ་དང་། །ཚེས་གྲངས་བཅུ་དྲུག་དག་ལའོ། །བཅུ་བདུན་མགོ་གཡས་མདོག་སྔོན་ཨཽ། །བཅོ་བརྒྱད་སྣ་གཡས་སྤྱི་མ་ཨོ། །བཅུ་དགུ་མིག་གཡས་སྒྱུར་སྦྱིན་ཨཻ། །ཉི་ཤུ་འགྲམ་གཡས་སྦྱོར་བྲལ་ཨེ། །ཉེར་གཅིག་གཡས་མཆུ་ལྕེ་མ་ལཱྀ། །ཉེར་གཉིས་ཀེ་ལ་གྲུབ་མ་ལྀ། །ཉེར་གསུམ་ལག་གཡས་འཚེད་མ་རཱྀ། །ཉེར་བཞི་ནུ་གཡས་ཡིད་གཟུགས་རྀ། །ཉེར་ལྔ་སྙིང་གཡས་སུམ་བསྐོར་ཨཱུ། །ཉེར་དྲུག་ལྟེ་གཡས་འདོད་མ་ཨུ། །ཉེར་བདུན་བརླ་གཡས་གཏུམ་བདག་ཨཱི། །ཉེར་བརྒྱད་ཆོས་འབྱུང་ཁ་མ་ཨི། །ཉེར་དགུ་བྱིན་པར་འཇིགས་མ་ཨཱ། །སུམ་ཅུ་རྐང་གཡས་བདུད་འཇོམས་ཨ། །ཟླ་གཅིག་གཡོན་དང་གཡས་སུ་འགྲིམ། །ཞེས་གསུངས་སོ། །དེ་བཞིན་དུ་སྡོམ་འབྱུང་དང་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་དབྱངས་བཅུ་དྲུག་དང་སྦྱར་ཏེ་གསུངས་པ་དང་། སྲིད་པའི་གཏེར་ཁྱིམ་ལས་དུས་ཚོད་དང་སྦྱར་ཏེ་གསུངས་པ་སོགས་མང་སྟེ་འདིར་མ་སྤྲོས་སོ།།

 

འབྲས་རྩིས་བཻ་དཀར་དགོངས་དོན་དྲི་མེད་ཀུན་ཕན་མེ་ལོང་།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

༤༡༽ མི་རྟའི་བླ་གནས་ཕུག་པ་ཁུ་དབོན་གྱི་བཞེད་པ།

མི་རྟའི་བླ་གནས་ཕུག་པ་ཁུ་དབོན་གྱི་བཞེད་པ་དང་། དུས་འཁོར་སྐྱེས་བུའི་བླ་གནས་བརྩི་ཚུལ་ཡར་ངོ་སྔོན་འགྲོའི་དབང་དུ་སྐྱེས་པ་གཡོན་དང་བུད་མེད་གཡས་ནས་བརྩམ་པ།

ཚེས། (༡)མིའི་རྐང་པའི་མཐེ་བོང་། རྟའི་རྐང་མཐིལ། སོར་ཚིགས་དང་པོར། ཨ (༢)མིའི་རྐང་པའི་བོལ་ཚིག་རྟའི་མཚུལ་པ། སོར་ཚིགས་གཉིས་པར། ཨི (༣)མིའི་བྱིན་པའི་ཉྭ། རྟའི་ངར་གདོང་། སོར་ཚིག་གསུམ་པར། རི (༤)མིའི་སྐེད་པ། རྟའི་སེ་ལོང་། ལོང་བུར། ཨུ (༥)མིའི་སྒྱིད་ཁཱུང་། རྟའི་སེ་རུས། པུས་མོར། ལི (༦)མིའི་བརླ་སུལ། རྟའི་དཔྱི་མིག དཔྱི་མཚམས་ལ། ཨ (༧)མིའི་དཔྱི་མིག རྟའི་གྲུ་མགོར། ལག་སོར་དང་པོར། ཨེ (༨)མིའི་མཁལ་མ། རྟའི་མཁལ་ཁུང་། སོར་ཚིགས་གཉིས་པར། ཨར (༩)མིའི་རྩིབས་ལོག རྟའི་ལག་མཐིལ། སོར་ཚིགས་གསུམ་པར། ཨོ (༡༠)མིའི་དཔུང་སྟེང་། རྟའི་ལྟག་སྒོར། མཁྲིག་མཚམས། ཨལ (༡༡)མིའི་ལག་ངར་སྟེང་། རྟའི་མཚུལ་པ། གྲུ་མོར། ཧ (༡༢)མིའི་ལག་པའི་མཐིལ། རྟའི་ལག་ངར། དཔུང་མགོར། ཡ (༡༣)མིའི་སྐེ་མགུལ། རྟའི་རྩ་དཀར། མགྲིན་པར་ར (༡༤)མིའི་རྣ་ལྟག་དང་ཟ་འགྲམ། རྟའི་དཔུང་པ། མཚོག་མར། ཝ (༡༥)མིའི་སོག་པ། རྟའི་ལུས་སྤྱི། དཔྲལ་བར། ལ བཅོ་ལྔ་བཅུ་དྲུག་མཚམས་སུ་སྤྱི་བོར་ཨཾ (༡༦)མིའི་རྣ་ལྟག་དང་ཟ་འགྲམ། རྟའི་སྐེ་མཇིང་། ལྟག་པར། ལཱི (༡༧)མིའི་སྐེ་མཇིང་། རྟའི་སྐེ་མཇིང་། གཉའ་བར། ཝཱ (༡༨)མིའི་ལག་མཐིལ། རྟའི་ཟེ་བ། སྙིང་གར། རཱ (༡༩)མིའི་ལག་ངར། རྟའི་ལྟག་སྒོར། དཔུང་ཚིགས་ལ། ཡཱ (༢༠)མིའི་དཔུང་སོག རྟའི་དཔུང་པ། གྲུ་མོར། ཧཱ (༢༡) མིའི་རྩིབ་མ། རྟའི་སོ། མཁྲིག་མར། ཨཱལ (༢༢)མིའི་མཁལ་མ། རྟའི་རྐན། སོར་ཚིགས་སུམ་པར། ཨཽ (༢༣)མིའི་དཔྱི་མིག་ཚིགས། རྟའི་ལྕེ། སོར་ཚིགས་གཉིས་པར། ཨཱར (༢༤)མིའི་བརླ་སུལ། རྟའི་དཔྲལ་བ། སོར་ཚིགས་དང་པོར། ཨཻ (༢༥)མིའི་སྒྱིད་ཁུང་། རྟའི་བྲང་སྐེ། དཔྱི་རུས་མཚམས་སུ། ཨཱ (༢༦)མིའི་པུས་མོ། རྟའི་ཨོལ་སྟོང་། པུས་མོར། ལཱི (༢༧)མིའི་བྱིན་ཉྭ། རྟའི་མཚན་མ། ལོང་བུར། ཨཱུ (༢༨)མིའི་ལོང་བུ། རྟའི་སྒྲོ་བ། སོར་ཚིགས་གསུམ་པར། རཱི (༢༩)མིའི་ངར་གདོང་། རྟའི་སྣ་ཁུང་། སོར་ཚིགས་གཉིས་པར། ཨི (༣༠)མིའི་ལུས་སྤྱི། རྟའི་ལུས་སྤྱི། སོར་ཚིགས་དང་པོ་ལ། ཨཱ

དུས་ཚོད་ཀྱི་བླ་གནས་རེའུ་མིག (ནམ་ལངས། མཆུ།)(ཉི་ཤར། ཁ་ནང་།)(ཉི་དྲོས། ལྕེ།)(ཉིན་ཕྱེད། མིག)(ཕྱེད་ཡོལ། ལྕེ་ཆུང་།)(ཉི་མྱུར། གློ་རྩ་སྦོ་བྲང་།)(ཉི་ནུབ། བྲང་ཞོལ།)(ས་སྲོས། ལྟོ་བ།)(སྲོད་འཁོར། མཚན་མ།)(ནམ་ཕྱེད། ཕོ་བ།)(ཕྱེད་ཡོལ། བྲང་དཀྱིལ།)(ཐོ་རེངས། རྒྱུ་མ།།)

གཟའི་བླ་གནས། (ཉི་མ། མགོ)(ཟླ། ནུ་མཆིན།)(མིག་དམར། གློ་མཆིན།)(ལྷག སྐེད་པ།)(ཕུར་བུ། མཁལ་སྐེད།)(པ་སངས། ལུས་རྒྱབ།)(སྤེན་པ། ལྒང་རྩ་བཅས་སོ།།)

༑གནམ་སྟོང་དང་ནི་ཚེས་གཅིག་མཚམས། །རྐང་པའི་མཐིལ་དུ་ཨཿཡིག་གཟུགས། །འདི་དང་ཨཾཿགི་དུས་ཀྱི་ཚེ། །བྱང་ཆུབ་སེམས་ཀྱི་མགོ་ལུས་ཀུན། །ཁྱབ་ཕྱིར་ཤིན་ཏུ་གཉན་པ་སྟེ། །བློ་ལྡན་སྐྱེ་བོས་དེ་རྟོགས་བྱ། །གསོ་བ་རིག་པ་དང་ཡང་མཐུན། །དེ་ལ་བླ་ཕུར་བརྡེག་པ་སོགས། །མངོན་བརྗོད་ལས་རྣམས་ཤིས་པ་ཡིན། །མི་ཕྱུགས་ལུས་ཀྱི་བླ་གནས་སར། །གཏར་སྲེག་ལ་སོགས་བཅོས་བརྡེག་སྤང་། །བླུན་རྣམས་མགོ་སྐོར་བསླུ་བའི་ཆེད། །རྫས་སྔགས་འཁོར་ལོ་ལ་རྟེན་ནས། །བླ་གནས་འཕོ་བར་བཞེད་པ་སོགས། །མཐའ་ཀླས་རྣམ་གྲངས་མང་ཡོད་ཀྱང་། །དགོས་དོན་སྙིང་པོ་དེ་ཙམ་མོ།།

 

འདིར་ནོན། བླ་གནས་འཕོ་ཚུལ་རེའུ་མིག་རྒྱས་པ་ PDF (སྤྱོད་བདེའི་ཡིག་སྒྲོམ་)ནང་དུ་ཡོད་པ་གཟིགས།




མཐའ་མའི་འདོན་ཐེངས་།: 23.05.2022 ཉིན། 4:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།