སྨན་རྩིས་དྲ་བ། - ཆེད་རྩོམ།

ཏོག་གསར་གློ་ཚད་ཀྱི་ནད་རྟགས་མངོན་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2020
ཆེད་རྩོམ། >>


ནུབ་ཀྲུང་གསོ་རིག་གི་ནད་ཐོག་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ 

མངོན་ཚུལ་ལ་དཔྱད་པ། 1

རིན་ཆེན་དོན་གྲུབ། [1]  ཀ་རིང་སྐལ་བཟང་རོ་རེ། [2] བློ་བཟང་དོན་གྲུབ།  [3] རིན་ཆེན་རྒྱལ། [4] དཔལ་ཆེན་འཚོ། [5]   [1] [2] [3] མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་ནད་ཐོག་སློབ་དཔྱོད་ཁང་། མཚོ་སྔོན། 810007 [4] བོད་ལྗོངས་བོད་ལུགས་གསོ་རིག་སོབ་གྲྭ་ཆེན་མོ། ལྷ་ས། 850001 [5] མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་པགས་ནད་ཚན་ཁག མཚོ་སྔོན། 810001

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་དམིགས་ཡུལ་ནི་ནུབ་ཀྲུང་གསོ་རིག་ལུགས་གཉིས་ལས་ཐོན་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ལ་དབྱེ་ཞིབ་བྱས་ཏེ་ནད་རྟགས་མངོན་ཚུལ་གྱི་ཁྱད་ཆོས་རྣམས་བོད་ལུགས་གསོ་རིག་གི་དགོངས་པར་སྦྱར་ནས་དཔྱད་པ་གཏོང་རྒྱུ་དེ་ཡིན། ཐབས་ལམ་ནི་རྒྱ་དབྱིན་ཡིག་ཐོག་ཏུ་འཁོད་པའི་ཡིག་ཚང་འཚོལ་བཤེར་བགྱིས་ཏེ་ཏོག་གསར་གློ་ཚད་ལ་འབྲེལ་བའི་དཔྱད་རྩོམ་རྣམས་ལས་ནད་རྟགས་རྣམས་ཐོག་མར་འཚོལ་བསྡུ་དང་། བར་དུ་རིགས་དབྱེ། མཇུག་ཏུ་དབྱེ་ཞིབ་བྱས་ཏེ་སྡོམ་རྩིས་བྱས་པ་ཡིན། མཇུག་འབྲས་ནི་ནུབ་ལུགས་གསོ་རིག་གི་ཡིག་ཚང་ལྟར་ན་ནད་རྟགས་མངོན་ཚུལ་གྱི་གོ་རིམ་མཐོ་བ་ནས་དམའ་བར་རིམ་པར་ཚ་བརྒྱག (༧༨%)   གློ་ལུ། (༥༨% ) ཐང་ཆད། (༣༥%)  དབུགས་འབྱིན་རྔུབ་དཀའ། (༣༡%)  ལུད་པ་ལུ། (༢༧%) ཤ་གཟེར།(༢༧%) བྲང་ཁོག་བསྡམ། (༢༡%)  ཟས་མི་འཇུ། (༢༡% ) གྲེ་བ་ན། (༡༩% ) ཡི་འཆུས། (༡༩% ) གྲང་ཤུམ། (༡༨% ) དབུགས་རྒོད། (༡༨%) མགོ་ན། (༡༣% ) འཁྲུ་བ། (༩%)  སྐྱུགས་མེར་ལངས་(༧%) བཅས་དང་། ཀྲུང་ལུགས་གསོ་རིག་གི་ཡིག་ཚང་ལྟར་ན་ནད་རྟགས་མངོན་ཚུལ་གྱི་གོ་རིམ་མཐོ་བ་ནས་དམའ་བར་རིམ་པར་ཚ་བརྒྱག (༦༨% )  གློ་ལུ། (༦༠%) ཐང་ཆད། (༤༢% ) ལུད་པ་ལུ། (༣༩% ) ཟས་མི་འཇུ། (༢༦%) བྲང་ཁོག་བསྡམ། (༢༣% ) ཁ་སྐམ། (༢༣% ) དབུགས་རྒོད། (༢༣% ) ཡི་འཆུས། (༢༡%) ཤ་གཟེར། (༢༠% ) དབུགས་འབྱིན་རྔུབ་དཀའ་བ། (༡༧%) གྲང་ཤུམ། (༡༦% ) གྲེ་བ་ན། (༡༥%) འཁྲུ་བ། (༡༥% ) མགོ་ན། (༡༣%) སྐྱུགས་མེར་ལངས་ པ་ (༩%) བཅས་དང་། ལྕེའི་མངོན་རྟགས་རིམ་པར་ལྕེ་དམར། (༥༧%)  ལྕེ་དྲེག་སྐྱ། (༥༡% ) ལྕེ་དྲེག་མཐུག (༤༥%) ལྕེ་དྲེག་སེར། (༤༣% ) ལྕེ་དམར་སྐྱ་ (༣༥%) བཅས་དང་། རྩའི་འཕར་ཚུལ་རིམ་པར་རྩ་གྲིམས། (༥༥% )  རྩ་ཕྲ། (༤༩%) རྩ་འགྱོགས། (༤༣%) རྩ་རྐྱལ། (༡༢% ) བཅས་འབྱུང་བ་ཡིན། ནད་རྟགས་ཕན་ཚུན་སྡུར་དཔྱོད་བྱས་པ་ལྟར་ན། ཚ་བརྒྱག་པ། གློ་ལུ་བ། ཐང་ཆད་པ་བཅས་ནི་ཡིག་ཚང་གཉི་གའི་ཐུན་མོང་གཅིག་གྱུར་དུ་མངོན་པའི་ནད་རྟགས་མཐོ་ཤོས་གསུམ་དང་། དབུགས་འབྱིན་རྔུབ་དཀའ་བའི་ནད་རྟགས་ནི་ནུབ་ལུགས་གསོ་རིག་གི་ནད་རྟགས་གཙོ་བོར་གྱུར་བའོ། །སྡོམ་ཚིག་ནི་ནད་རྟགས་དེ་རྣམས་ལ་ཞིབ་ཏུ་བརྟག་པ་ན། ཏོག་གསར་གློ་ཚད་ནི་སྤྱིར་ཚ་བའི་ནད་དང་། བྱེ་བྲག་ཏུ་རིམས་ཚད། སྒོས་སུ་གཉན་ཚད་ཡིན་པར་ཤེས་ཐུབ་ཅིང་། དེར་ཡང་མ་སྨིན་པའི་ཚ་བ། རྒྱས་ཚད། སྟོང་ཚད་དམ་རྙིང་ཚད་རླུང་ལྡན་བཅས་གནས་སྐབས་མི་འདྲ་བ་གསུམ་གྱི་ནད་རྟགས་མངོན་ཡོང་བ་དང་། ཁྱད་ཆོས་དེ་དག་ནི་ཚ་བ་གསོ་བའི་རིམས་ཚད་ཀྱི་ནད་རྟགས་མངོན་ཚུལ་དང་ཀུན་ནས་མཚུངས་པར་གཞི་མཐུན་པའོ། །

གནད་ཚིག ཏོག་གསར་གློ་ཚད། ནད་རྟགས་མངོན་ཚུལ། ཡིག་ཚང་ཞིབ་འཇུག

གཅིག གླེང་གཞི།  

     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ༢༠༢༠ ལོའི་ཟླ ༤ པའི་ཚེས་༢༠ ཉིན་བར་དུ་འཛམ་གླིང་སྟེང་དུ་ཏོག་གསར་གློ་ཚད་བྱུང་བའི་ནད་པའི་གྲངས་འབོར་ ༢,༢༨༥,༢༡༠ དང་། དེ་ལས་ཏོག་གསར་གློ་ཚད་ཀྱིས་འདས་གྲོངས་སུ་གྱུར་ཡོད་པའི་ནད་པའི་གྲངས་འབོར་ ༡༥༥,༡༢༤ ཟིན་ཡོད། [1] མིག་སྔར་ནད་འདི་ལ་ཕན་སྐྱེད་མངོན་གསལ་ཐོན་ཐུབ་པའི་སྨན་བཅོས་གང་ཡང་མེད་པས་རྒྱལ་ཁབ་སོ་སོས་སྔོན་འགོག་བྱེད་པའི་ཐབས་ལམ་ཀྱིས་ནད་དུག་གི་འགོས་མཆེད་དང་ནད་པའི་བྱུང་ཚད་ཀྱི་གྲངས་འབོར་ཉུང་དུ་གཏོང་བར་འབད་བཞིན་པ་དང་། ཕན་ཚུན་འགྲན་བསྡུར་བྱེད་པའི་ཚུལ་དུ་རིམས་འགོག་སྨན་རྩི་དང་སྨན་བཅོས་གསར་གཏོད་ཐད་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན། ནད་འདིའི་བརྟག་བཅོས་ཀྱི་ཐད་ལ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དོན་དངོས་སུ་ནུབ་ལུགས་གསོ་རིག་གིས་ངོས་འཛིན་དང་སྨན་བཅོས་གཙོ་བོར་གནང་བཞིན་ཡོད་པ་རེད།

 ཏོག་གསར་གློ་ཚད་ནི་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་འགོ་ནད་རིགས་གསར་བ་ཞིག་ཡིན་པས་ ༢༠༢༠ ལོའི་སྤྱི་ཟླ་ ༢ པའི་ཚེས་༡༡ ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་པ་གལ་ཆེན་འགས་འདིའི་ནད་མིང་དུ་ ༢༠༡༩ ཏོག་དབྱིབས་ནད་དུག་གི་ནད་ (COVID-19) ཅེས་གསར་དུ་མིང་གདགས་ཤིང་དེ་མུར་འཛམ་གླིང་ཕྱི་ནང་ཀུན་ཏུ་གསལ་བསྒྲགས་བྱས་ཏེ་འདི་ལྟར་བཀོལ་སྤྱོད་དགོས་པའི་བཀའ་ཡིག་བཏང་བ་ཡིན།[2] དུས་མཚུངས་སུ་རྒྱལ་སྤྱིའི་ནད་དུག་རིགས་དབྱེ་ལྷན་ཚོགས་ཀྱིས་ཀྱང་གསར་དུ་རྙེད་པའི་ནད་དུག་འདི་ལ་རྒྱལ་སྤྱིའི་ནད་དུག་རིགས་དབྱེའི་རྩ་དོན་ལྟར་མིང་དུ་ (SARS-CoV-2) ཞེས་བཏགས་ལ། [3] ནད་དུག་འདི་ནི་ ༢༠༠༣ ལོར་བྱུང་བའི་སར་སིའི་ནད་དུག་གི་ནང་གསེས་རིགས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ནད་དུག་ཞིབ་འཇུག་གི་གྲངས་མཛོད་རྣམས་སུ་ཐོ་འགོད་བྱས་མེད་པའི་ནད་དུག་གསར་བ་ཞིག་ཡིན་པར་གསལ་བཤད་བྱས་ཡོད།

 འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཁྲོད་དུ། ཀྲུང་ལུགས་གསོ་རིག་གིས་འགོག་བཅོས་ཐད་ནུས་པ་དམིགས་བསལ་ཐོན་ཡོད་དེ། ༢༠༢༠ལོའི་ཟླ་༣པའི་ཚེས་༢༣ཉིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་ཚོགས་ཐོག་ཏུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཡི་འགན་འཛིན་པས་ཞུ་རྒྱུར། ཀྲུང་ལུགས་གསོ་རིག་གིས་གཏན་འཁེལ་བྱས་ཟིན་པའི་ཏོག་གསར་གློ་ཚད་ཀྱི་ནད་པ་༧༧༡,༨༧༠ལ་གསོ་བཅོས་བྱས་པ་དང་དེས་རྒྱལ་ཡོངས་ནད་པའི་སྤྱིའི་གྲངས་འབོར་ལས་བརྒྱ་ཆའི་བསྡུར་ཚད་91.5%ཟིན་ཡོད་ཟེར། ནད་ཐོག་ཏུ་ལྟ་ཞིབ་བྱས་པའི་གྲུབ་འབྲས་ལས་མངོན་གསལ་ལྟར་ན། ཀྲུང་ལུགས་གསོ་རིག་གི་སྤྱིའི་གསོ་བཅོས་ཕན་འབྲས་བརྒྱ་ཆའི་90%ཡན་ཟིན་ཡོད་ཅིང་། ཁྱད་པར་དུ་ཀྲུང་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་ནད་པའི་ནད་རྟགས་ཞི་འཇགས་བྱེད་ཐུབ་ལ། ནད་གཞི་ཡང་མོ་དང་སྤྱིར་བཏང་བའི་རིགས་ཇེ་ལྕིར་མི་འགྲོ་བར་ཕན་སྐྱེད་ཐོན་ཡོད་པས་ནད་པའི་དྲག་སྐྱེད་བྱུང་ཚད་མཐོར་འདེགས་དང་ཤི་ཚད་ཇེ་དམའ་རུ་གཏོང་བར་ནུས་པ་ཐོན་ཡོད་ཅིང་། ནད་པ་སླར་གསོ་བྱེད་སྐབས་གཟིགས་གཞི་བདེ་ཐང་ཡོང་རྒྱུར་ཡང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཟེར། [4]

བོད་ཀྱི་གསོ་བ་རིག་པའི་གཞུང་དུ། ད་ཡོད་ཀྱི་ཡིག་ཚང་རྙིང་གྲས་དཔལ་ལྡན་རྒྱུད་བཞི་དང་བདུད་རྩི་བུམ་པ་ཆེ་ཆུང་རྣམས་སུ་གཉན་རིམས་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་ཅུང་ཞིབ་རྒྱས་སུ་འཁོད་ཡོད་པས། གཉན་རིམས་ཀྱིས་བསྐྱེད་པའི་འགོས་ནད་རིགས་ལ་བོད་ལུགས་གསོ་རིག་གི་ངོས་འཛིན་དང་གསོ་བཅོས་བྱས་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་དོན་དངོས་རེད། ལྷག་པར་དུ་དུས་རབས་བཅུ་བདུན་པར་བྱོན་པའི་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་བརྩམས་པའི་《གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་》དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ 《མན་ངག་ལྷན་ཐབས》། [5] དུས་རབས་བཅུ་དགུ་བར་བྱོན་པའི་མགོ་ལོག་སྨན་རྩིས་མཁས་དབང་ཁམས་གཙང་འབྲུག་རྒྱལ་གྱིས་བརྩམས་པའི་《ཕན་བདེ་སྙེ་མ་》སོགས་ཉམས་ཡིག་ཁག་ལ་གཞིགས་ན་ཡང་གཉན་རིམས་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་རྒྱས་པར་བཀྲལ་ཡོད་པ་ཙམ་མ་ཟད་དེ་དག་གི་ནད་གཞི་རིགས་ཀྱི་དབྱེ་བའང་ཇེ་མང་དུ་བཏང་ནས་སོ་དགུ་ལྷག་ལ་སླེབས་ཡོད་པས་དུས་རབས་ཀྱི་འཕེལ་ཁ་ལ་ཕྱོགས་ནས་བོད་ཀྱི་གསོ་བ་རིག་པའི་གཉན་རིམས་ནད་ཀྱི་གཞུང་ལུགས་དང་ལག་ལེན་ཡང་གོང་ནས་གོང་དུ་འཕེལ་བཞིན་པ་མཚོན་འདུག ཡིན་ན་ཡང་། ཐེངས་འདིའི་ནད་རྒྱུ་རུ་གྱུར་བའི་ནད་དུག་ཏོག་དབྱིབས་འདྲ་བ་འདི་དང་དེས་བསྐྱེད་པའི་དབུགས་ལམ་གློ་བ་སོགས་སུ་བབས་པའི་འགོས་ནད་འདི་ལ་གཞུང་དང་ཉམས་ཡིག་དེ་དག་ཏུ་ངོས་འཛིན་དང་གསོ་བཅོས་བྱས་ཡོད་པ་དངོས་སུ་མི་གསལ་ཞིང་། དེང་གི་ཆར་གསོ་རིག་དོན་གཉེར་བ་ཁ་ཤས་ཀྱིས་ཏོག་དབྱིབས་ནད་དུག་དང་དེས་བསྐྱེད་པའི་ནད་འདི་བོད་ལུགས་གསོ་རིག་གི་ཉམས་ཡིག་ཁག་ཏུ་བསྟན་ཡོད་པའི་གཉན་རིམས་ནད་ཀྱི་ནང་གསེས་རེ་འགའི་རྒྱུ་རྐྱེན་རྟགས་སོགས་ཕན་ཚུན་འདྲ་བ་རྒྱུ་མཚན་དུ་བཞག་ནས་གང་ཐུབ་ཀྱིས་སྦྱར་ཡོད་ན་ཡང་དེའི་ཐད་ཀྱི་རྒྱལ་སྤྱི་རྒྱལ་ནང་གི་ཡིག་ཚང་ལ་བརྟག་ན་ནད་དུག་འདི་ནི་དེ་སྡར་མིའི་རིགས་ལ་ཕོག་མྱོིང་མེད་པའི་ནད་དུག་གསར་བ་ཞིག་ཡིན་པར་མ་ཟད་རྒྱལ་སྤྱིའི་ནད་དུག་གི་གྲངས་མཛོད་དུའང་དེ་སྔར་ཐོ་འགོད་བྱས་མེད་པའི་དུག་སྲིན་ཞིག་ཡིན་པར་ཐག་བཅད་ཡོད། དེ་བཞིན་དུ་ཐེངས་འདིའི་ཏོག་གསར་གློ་ཚད་ནད་ལ་མདོ་དབུས་ཁམས་གསུམ་དང་བོད་ཕྱི་ནང་ཀུན་ཏུ་དངོས་སུ་གསོ་བཅོས་བྱས་པའི་ནད་ཐོག་གི་ བརྟག་བཅོས་མྱོང་བ་གསལ་བར་བཀོད་པའི་ཞིབ་འཇུག་གི་ཚད་ལྡན་ཡིག་ཆ་ད་ལྟའི་བར་དུ་ལག་སོན་མ་བྱུང་བས་འདིར་དབྱིན་ཡིག་དང་རྒྱ་ཡིག་གི་སྟེང་དུ་བྲིས་ཡོད་པའི་དཔྱད་འབྲས་དག་གཞིར་བཟུང་ནས་ནད་རྟགས་མངོན་ཚུལ་ལ་རྟོགས་དཔྱོད་བྱས་ཤིང་། ཁྱད་པར་དུ་ནད་རྟགས་མངོན་ཚུལ་ཀྱི་ཁྱད་ཆོས་ལ་བོད་ལུགས་གསོ་བ་རིག་པའི་བརྟག་ཐབས་རིགས་ལམ་གྱིས་དབྱེ་ཞིབ་བྱས་ཏེ་རྟགས་དང་མཚན་ཉིད་གཉིས་ཕན་ཚུན་ངོ་འཕྲོད་པར་སྦྱར་ནས་ནད་འདི་ལ་བོད་ཀྱི་གསོ་བ་རིག་པའི་ལྟ་བའི་ངོས་ནས་ཇི་ལྟར་ངོས་འཛིན་བྱེད་དགོས་པའི་སྐོར་རང་ལུགས་ཀྱི་ལྟ་ཚུལ་ཅུང་ཙམ་ཞུ་བར་འདོད་པའོ། །

གཉིས། ཞིབ་འཇུག་གི་རྒྱུ་ཆ་དང་ཐབས་ལམ།

༡ ཡིག་ཚང་གི་ཡོང་ཁུངས། རྒྱ་ཡིག་གིས་བྲིས་ཡོད་པའི་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་དཔྱད་རྩོམ་རྣམས་ཀྲུང་ཧྭ་གསོ་རིག་དུས་དེབ་ངོས་ཀྱི་ཏོག་གསར་གློ་ཚད་ཀྱི་ཆེད་གཉེར་དཔྱད་འབྲས་དྲ་ཚུགས་(http://medjournals.cn/2019NCP/index.do) དང་། ཀྲུང་གོའི་ཤེས་བྱ་དྲ་མཛོད་(https://kns.cnki.net/kns/brief/default_result.aspx) གཉིས་ཀྱི་དྲ་ལམ་ནས་འཚོལ་བཤེར་བྱས་ཤིང་། ད་ཚུགས་དེ་གཉི་གའི་འཚོལ་བཤེར་མ་ལག་ནང་ཏུ་རྒྱ་ཡིག་གི་ཏོག་གསར་གློ་ཚད་ཀི་ནད་མིང་སྟེ་“新型冠状病 毒肺炎”ཞེས་པ་ནང་འཇུག་བྱས་ཏེ་འབྲེལ་ཡོད་དཔྱད་རྩོམ་རྣམས་འཚོལ་བསྡུ་བྱས་པ་ཡིན། ཀྲུང་ཧྭ་གསོ་རིག་དུས་དེབ་ཀྱི་གྲངས་མཛོད་ལས་དཔྱད་རྩོམ་༨༤༥ཐོན་པ་དང་། ཀྲུང་གོའི་ཤེས་བྱ་དྲ་མཛོད་ལས་འབྲེལ་ཡོད་དཔྱད་རོམ་ ༣༡༩༥ ལྷག་ཐོན་པ་ཡིན། དབྱིན་ཡིག་གིས་བྲིིས་ཡོད་པའི་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་དཔྱད་རྩོམ་རྣམས་ཨ་རིའི་རྒྱལ་གཉེར་གསོ་རིག་ཞིབ་འཇུག་གླིང་གི་དཔེ་མཛོད་དྲ་བ་(https://www.ncbi.nlm.nih.gov/pubmed/)དང་། ཆུ་མིག་འཁྱག་པའི་ཚོད་ལྟ་ཁང་གི་རིག་གཞུང་དཔྱད་རྩོམ་གྱི་སྔོན་དཔར་དྲ་མཛོད་ (https://www.medrxiv.org/) །དབྱིན་ཀི་ལིན་གསར་མའི་གསོ་རིག་དུས་དེབ་དྲ་མཛོད་ (https://www.nejm.org/) སོགས་བརྒྱུད་ནས་འཚོལ་བཤེར་བྱས་ཤིང་། དེ་དག་གི་དྲ་ངོས་ཀྱི་འཚོལ་བཤེར་མ་ལག་ནང་དུ་ཏོག་གསར་གློ་ཚད་ཀྱི་དབྱིན་ཡིག་གི་ནད་མིང་སྟེ་“COVID-19”ཞེས་པ་ནང་འཇུག་བྱས་ནས་འབྲེལ་ཡོད་དཔྱད་རྩོམ་རྣམས་འཚོལ་བསྡུ་བྱས་པ་ཡིན། དྲ་ལམ་དེ་དག་ཏུ་ཐོན་པའི་རྒྱ་དབྱིན་ཡིག་གི་དཔྱད་རྩོམ་ཕལ་ཆེར་སྟོང་ཕྲག་ལྔ་ལྷག་འདུག འཚོལ་བཤེར་བྱས་པའི་དུས་ཚོད་ནི་༢༠༢༠ལོའི་སྤྱི་ཟླ་༤བའི་ཚེས་༡༠ཉིོན་གྱི་སྔོན་དུ་སྤེལ་ཡོད་པའི་དཔྱད་རྩོམ་རྣམས་ཡིན།

༢ ནད་རྟགས་འཚོལ་བསྡུ་བེད་པའི་ཐབས་ལམ། གོང་གསལ་དྲ་མཛོད་ཁག་ཏུ་རྒྱ་ཡིག་དང་དབྱིན་ཡིག་གཉི་གའི་ལམ་ནས་སྤེལ་ཡོད་པའི་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་དཔྱད་རྩོམ་རྣམས་ལ་ཐོག་མར་རྩོམ་གི་ཁ་བྱང་ལ་བལྟས་ནས་འདེམ་པ་དང་། བར་དུ་ནང་དོན་གནད་བསྡུས་ལ་ཞིབ་ལྟ་བྱས་ཏེ་ནད་རྟགས་བཀོད་ཡོད་པའི་དཔྱད་རྩོམ་ཁག་དམིགས་སུ་བདམས་པ་ཡིན། ཁྱད་པར་དུ་ནད་རྟགས་རྣམས་བརྒྱ་ཆའི་བསྡུར་ཚད་ལ་སྦྱར་ཡོད་པའི་རིགས་ཆེད་དུ་འདེམ་པ་ཡིན། མཇུག་ཏུ་ནད་རྟགས་ལ་ཞིབ་འཇུག་བྱས་ཡོད་པའི་དཔྱད་རྩོམ་དག་ཆ་ཚང་བར་ཀློག་ནས་རྟགས་རྣམས་ཟུར་དུ་ Excel གྲངས་མཛོད་མ་ལག་ཏུ་བཅུག་ཅིང་། དེ་ལ་ཡང་དེང་རབས་གསོ་རིག་གི་དཔྱད་རྩོམ་ཁག་ལས་ཐོན་པའི་ནད་རྟགས་གྲངས་མཛོད་དང་ཀྲུང་ལུགས་གསོ་རིག་གི་དཔྱད་རྩོམ་ལས་ཐོན་པའི་གྲངས་མཛོད་གཉིས་བཟོས་པ་ཡིན། ཀྲུང་ལུགས་གསོ་རིག་གི་གྲངས་མཛོད་དུ་བཅུག་ཡོད་པའི་ནད་རྟགས་དེ་དག་རྩ་དང་། ལྕེ། ན་ལུགས་བཅས་ནད་རྟགས་རིགས་གསུམ་དུ་བགར་བ་ཡིན་ལ། མཐར་དེང་རབས་སྡོམ་རྩིས་རིག་པའི་ཐབས་ལམ་གྱིས་ནད་རྟགས་དེ་དག་གི་བརྒྱ་ཆའི་སྡུར་ཕྱོད་ལ་དབྱེ་ཞིབ་བྱས་ཏེ་ནད་རྟགས་མངོན་ཚུལ་ཁྱད་ཆོས་ཇི་ལྟར་ཡོད་པ་བརྟག་དཔྱད་བྱས་པ་ཡིན།

གསུམ། ཞིབ་འཇུག་གི་དཔྱད་འབྲས།

ཐེངས་འདིར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་བཀོད་ཡོད་པའི་ཚད་ལྡན་གི་དཔྱད་རོམ་༩༣འཚོལ་བཤེར་ཐུབ་ཅིང་། དེ་ལས་ནུབ་ལུགས་གསོ་རིག་གི་དཔྱད་རྩོམ་༧༣དང་ཀྲུང་ལུགས་གསོ་རིག་གི་དཔྱད་རོམ་༢༠འདེམས་ཐོན་བྱུང་། དཔྱད་རྩོམ་དེ་དག་ལས་ཐོན་པའི་ནད་པའི་གྲངས་འབོར་ཀྱི་སྤྲི་གྲངས་༡༩༥༣༣ཟིན་པ་དང་། དེ་ལས་ནུབ་ལུགས་གསོ་རིག་གི་དཔྱད་རྩོམ་ཁག་ལས་ཐོན་པའི་ནད་པའི་གྲངས་འབོར་ནི་༡༧༥༦༩དང་། ཀྲུང་ལུགས་གསོ་རིག་གི་དཔྱད་རྩོམ་ཁག་ལས་ཐོན་པའི་ནད་པའི་གྲངས་འབོར་ནི་༡༩༦༤ཡིན།

༡ ནུབ་ལུགས་གསོ་རིག་གི་ཡིག་ཚང་དུ་ཐོན་པའི་ནད་རྟགས་མངོན་ཚུལ་ཞིབ་བརྗོད།

ནུབ་ལུགས་གསོ་རིག་གི་ནད་པའི་སྤྱིའི་གྲངས་ཚད་ལས། ཚ་བརྒྱག་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༧༢༦༠དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༧༩ཡིན། གློ་ལུ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༧༤༠༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༥༩ཡིན། ལུད་པ་ལུ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི༩༡༧༠དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༧ཡིན། བྲང་ཁོག་བསྡམ་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༥༠༤༡དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༡ཡིན། དབུགས་འབྱིན་རྔུབ་དཀའ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༧༤༦༢དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༣༡ཡིན། ཐང་ཆད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༩༣༤༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༣༥ཡིན། ཤ་གྲིམས་གཟེར་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་ ༦༨༠༧དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༧ཡིན། གྲེ་བ་ན་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༡༤༦༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༠ཡིན། ཟས་འཇུ་མི་ནུས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༦༣༣དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༡ཡིན། ཁོང་འཁྲུ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༩༨༠༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༩ཡིན། མགོ་ན་བར་བརྟག་དཔྱད་བས་པའི་ནད་པའི་གྲངས་འབོར་ནི་༡༡༥༠༦དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༣ཡིན། ཡི་ག་འཆུས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༡༨༣དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༩ཡིན། དབུགས་ཀྱི་རྔམ་པ་རྒོད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༠༤༣དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༨ཡིན། གྲང་ཤུམ་བྱེད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༦༡༠དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༨ཡིན། སྐྱུགས་མེར་ལངས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༤༤༡༣དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༧ཡིན། །( གཤམ་གྱི་རེའུ་མིག་དང་པོར་གསལ།)

 རེའུ་མིག་དང་པོ། ནུབ་ལུགས་གསོ་རིག་གི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19)ཀྱི་ནད་རྟགས་སྡོམ་རྩིས།













  དེ་བཞིན་དུ་ནད་རྟགས་དེ་དག་མངོན་ཚུལ་གྱི་བརྒྱ་ཆའི་མཐོ་དམན་གི་གོ་རིམ་ལྟར་ན། ཆེས་མཐོ་བ་ནས་དམའ་བར་རིམ་པར་ཚ་བརྒྱག(༧༨%)  གློ་ལུ། (༥༨%) ཐང་ཆད། (༣༥% ) དབུགས་འབྱིན་རྔུབ་དཀའ་བ།(༣༡%)  ལུད་པ་ལུ། (༢༧% ) ཤ་གཟེར།(༢༧%) བྲང་ཁོག་བསྡམ། (༢༡%)  ཟས་མི་འཇུ། (༢༡%) གྲེ་བ་ན། (༡༩%) ཡི་འཆུས།(༡༩% ) གྲང་ཤུམ། (༡༨%) དབུགས་རྒོད། (༡༨%) མགོ་ན། (༡༣% ) འཁྲུ་བ། (༩%) སྐྱུགས་མེར་ལངས་པ་(༧%) བཅས་སོ། ། (གཤམ་གྱི་རེའུ་མིག་གཉིས་པར་གསལ།)

 རེའུ་མིག་གཉིས་པ། ནུབ་གསོའི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19) ཀི་ནད་རྟགས་མངོན་ཚུལ་བསྡུར་ཕྱོད།










༢ ཀྲུང་ལུགས་གསོ་རིག་གི་ཡིག་ཚང་དུ་ཐོན་པའི་ནད་རྟགས་མངོན་ཚུལ་ཞིབ་བརྗོད།

ཏོག་གསར་གློ་ཚད་ཀྱི་ནད་རྟགས་བཀོད་ཡོད་པའི་ཀྲུང་ལུགས་གསོ་རིག་གི་དཔྱད་རྩོམ་ཁྱོན་སྡོམ་༢༠ཡོད་ཅིང་། ཐམས་ཅད་རྒྱ་ཡིག་གི་ལམ་ནས་སྤེལ་འདུག དཔྱད་རྩོམ་དེ་དག་ཏུ་ཐོན་པའི་ནད་པའི་གྲངས་འབོར་ཀྱི་སྤྱི་གྲངས་༡༩༦༤ཟིན་ཡོད། དེ་མིན་ཀྲུང་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་ཀི་ནད་རྟགས་ལ་ན་ལུགས་དང་། ལྕེའི་རྟགས། ཆུའི་རྟགས་བཅས་དབྱེ་བ་གསུམ་དུ་ཕྱེས་ཏེ་རང་ལུགས་ཀྱི་ཁྱད་ཆོས་རྩལ་དུ་བཏོན་ནས་བསྟན་ཡོད་དེ། (གཤམ་གྱི་རེའུ་མིག་གསུམ་པར་གསལ། )

རེའུ་མིག་གསུམ་པ། ཀྲུང་ལུགས་གསོ་རིག་གི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གོ་ཚད་(COVID-19) ཀྱི་ནད་རྟགས་སྡོམ་རྩིས།



ན་ལུགས་ཀྱི་མངོན་ཚུལ་ལས། ཚ་བརྒྱག་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༩༢༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༦༩ཡིན། གློ་ལུ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི༡༩༢༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༦༠ཡིན། ལུད་པ་ལུ་བར་བརྟག་དཔྱད་བྱས་པའི་ནད་པའི་གངས་འབོར་ནི༥༩༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༣༩ཡིན། བྲང་ཁོག་བསྡམ་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༩༥༠དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༤ཡིན། དབུགས་འབྱིན་རྔུབ་དཀའ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༥༧༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༧ཡིན། ཐང་ཆད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༨༦༤དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་ ༤༢ཡིན། ཤ་གྲིམས་གཟེར་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༣༡༤དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༠ཡིན། གྲེ་བ་ན་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༢༧༩དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༥ཡིན། ཟས་འཇུ་མི་ནུས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༢༩༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༦ཡིན། ཁོང་འཁྲུ་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༡༤༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༥ཡིན། མགོ་ན་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༩༨༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༣ཡིན། ཡི་ག་འཆུས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༠༠དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༡ཡིན། དབུགས་ཀྱི་རྔམ་པ་རྒོད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༩༠༥དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༣ཡིན། ཁ་སྐམ་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༢༩དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༢༣ཡིན། གྲང་ཤུམ་བྱེད་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༤༦༢དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༡༦ཡིན། སྐྱུགས་མེར་ལངས་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༤༩༨དང་ནད་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༩ཡིན།

ན་ལུགས་དེ་དག་མངོན་ཚུལ་གི་བརྒྱ་ཆའི་མཐོ་དམན་གྱི་གོ་རིམ་ལྟར་ན། ཆེས་མཐོ་བ་ནས་དམའ་བར་རིམ་པར་ཚ་བརྒྱག(༦༨%)  གློ་ལུ། (༦༠%) ཐང་ཆད། (༤༢% ) ལུད་པ་ལུ། (༣༩% ) ཟས་མི་འཇུ། (༢༦%) བྲང་ཁོག་བསྡམ། (༢༣% )  ཁ་སྐམ། (༢༣% ) དབུགས་རྒོད། (༢༣%) ཡི་འཆུས།(༢༡%) ཤ་གཟེར།(༢༠% ) དབུགས་འབྱིན་རྔུབ་དཀའ་བ།(༡༧% ) གྲང་ཤུམ། (༡༦%) གྲེ་བ་ན། (༡༥% ) འཁྲུ་བ། (༡༥%) མགོ་ན། (༡༣% ) སྐྱུགས་མེར་ལངས་པ་(༩% ) བཅས་སོ། ། (གཤམ་གྱི་རེའུ་མིག་བཞི་པར་གསལ།)

རེའུ་མིག་བཞི་བ། ཀྲུང་གསོའི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19) ཀི་ནད་རྟགས་མངོན་ཚུལ་བསྡུར་ཕྱོད།


 

ལྕེའི་མངོན་རྟགས་ལས། ལྕེ་དམར་བར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༧༦དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༥༧ཡིན། ལྕེ་དམར་སྐྱ་ལ་བརྟག་དཔྱད་བྱས་པའི་ནད་པའི་གངས་འབོར་ནི་༢༣༠དང་རྟགས་འདི་མངོན་པའི་ཆ་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༣༦ཡིན། ལྕེ་དྲེག་སེར་པོ་ཡིན་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༢༧༡དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༤༣ཡིན། ལྕེ་དྲེག་སྐྱ་བོ་ཡིན་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༧༠༧དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་ནི་༥༡ཡིན། ལྕེ་དྲེག་པོ་ཡིན་པར་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༡༨༠དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་་ཆའི་གངས་ཚད་ནི་༤༥ཡིན།

ལྕེའི་མངོན་རྟགས་ཀྱི་བརྒྱ་ཆའི་མཐོ་དམན་གི་གོ་རིམ་ལྟར་ན། ཆེས་མཐོ་བ་ནས་དམའ་བར་རིམ་པར་ལྕེ་དམར། (༥༧% )  ལྕེ་དྲེག་སྐྱ། (༥༡%) ལྕེ་དྲེག་མཐུག (༤༥%) ལྕེ་དྲེག་སེར། (༤༣%) ལྕེ་དམར་སྐྱེ། (༣༥%) བཅས་སོ། ། (གཤམ་གྱི་རེའུ་མིག་ལྔ་པར་གསལ།)

 རེའུ་མིག་ལྔ་བ། ཀྲུང་གསོའི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19) ཀྱི་ལྕེའི་ནད་རྟགས་མངོན་ཚུལ་བསྡུར་ཕྱོད།

 














རྩའི་འཕར་ཚུལ་ལས། རྩ་རྒྱུད་གྲིམས་པའི་འཕར་ཚུལ་ལ་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༥༡དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༥༥ཡིན། རྩ་རྒྱུད་འགྱོགས་པའི་འཕར་ཚུལ་ལ་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༣༥༡དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༤༣ཡིན། རྩ་རྒྱུད་ཕྲ་བའི་འཕར་ཚུལ་ལ་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་༨༠དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༤༩ཡིན། རྩ་རྒྱུད་རྐྱལ་བའི་འཕར་ཚུལ་ལ་བརྟག་དཔྱད་བྱས་པའི་ནད་པའི་གྲངས་འབོར་ནི་ ༡༤༠དང་རྟགས་འདི་མངོན་པའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༡༡ཡིན།

རྩའི་འཕར་ཚུལ་ལས་བརྒྱ་ཆའི་མཐོ་དམན་གི་གོ་རིམ་ལྟར་ན། ཆེས་མཐོ་བ་ནས་དམའ་བར་རིམ་པར་རྩ་གྲིམས། (༥༥% )  རྩ་ཕྲ། (༤༩%) རྩ་འགྱོགས། (༤༣%) རྩ་རྐྱལ།(༡༢% ) བཅས་སོ། ། (གཤམ་གྱི་རེའུ་དྲུག་པར་གསལ།)

རེའུ་མིག་དྲུག་བ། ཀྲུང་གསོའི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19) ཀྱི་རྩའི་འཕར་ཚུལ་བསྡུར་ཕྱོད།


 

༣ ནུབ་ཀྲུང་གསོ་བ་རིག་པའི་ནད་ཐོག་ཡིག་ཚང་ལས་ཐོན་པའི་ནད་རྟགས་མངོན་ཚུལ་ཕན་ཚུན་བསྡུར་བ།

ནུབ་ཀྲུང་གསོ་བ་རིག་པའི་ནད་ཐོག་ཡིག་ཚང་ལས་ཐོན་པའི་ནད་རྟགས་རྣམས་ཕན་ཚུན་བསྡུར་དཔྱོད་བྱས་པ་ཡིན་ན། ཚ་བརྒྱག་པའི་ནད་རྟགས་ནི་ལུགས་གཉིས་ཐུན་མོང་གི་བྱུང་ཚད་ཆེས་མཐོ་བའི་ནད་རྟགས་ཡིན་པ་དང་སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༧༩ འམ་༦༩ཟིན་ཡོད། གློ་ལུ་བའི་ནད་རྟགས་ནི་ཐུན་མོང་གི་ཨང་རིམ་གཉིས་པ་ཡིན་པ་དང་སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༥༨ འམ་༦༠ཟིན་ཡོད། ཐང་ཆད་པའི་ནད་རྟགས་ནི་ཐུན་མོང་གི་ཨང་རིམ་གསུམ་ཡིན་པ་དང་སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༣༥ འམ་༤༢ཟིན་ཡོད། དབུགས་འབྱིན་རྔུབ་དཀའ་བའི་ནད་རྟགས་ནི་ནུབ་ལུགས་གསོ་རིག་གི་ཨང་རིམ་བཞི་བ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་གཅིག་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༣༡འམ་༡༧ཟིན་ཡོད། ལུད་པ་ལུ་བའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་ལྔ་བ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཞི་བ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༧འམ་༤༠ཟིན་ཡོད། ཤ་གྲིམས་གཟེར་བའི་ནད་རྟགས་ནི་ནུབ་ལུགས་ཀྱིོ་ཨང་རིམ་དྲུག་བ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་བ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༧འམ་༢༠ཟིན་ཡོད། བྲང་ཁོག་བསྡམ་པའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བདུན་པ་དང་ཀྲུང་ལུགས་ཀྱི་ཨང་རིམ་དྲུག་པ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༡འམ་༢༤ཟིན་ཡོད། ཟས་མི་འཇུ་བའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བརྒྱད་པ་དང་ཀྲུང་ལུགས་ཀྱི་ཨང་རིམ་ལྔ་བ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༡འམ་༢༦ཟིན་ཡོད། གྲེ་བ་ན་བའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་དགུ་པ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་གསུམ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༠འམ་༡༥ཟིན་ཡོད། ཡི་ག་འཆུས་པའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅུ་བ་དང་ཀྲུང་ལུགས་ཀྱི་ཨང་རིམ་དགུ་བ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༡༩འམ་༢༠ཟིན་ཡོད། གྲང་ཤུམ་བྱེད་པའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅུ་གཅིག་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་གཉིས་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༡༨འམ་༡༦ཟིན་ཡོད། དབུགས་རྒོད་པའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅུ་གཉིས་དང་ཀྲུང་ལུགས་ཀྱི་ཨང་རིམ་བརྒྱད་པ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༡༨འམ་༢༣ཟིན་ཡོད། མགོ་ན་བའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅུ་གསུམ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅོ་ལྔ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༡༣འམ་༡༣ཟིན་ཡོད། ཁོང་འཁྲུ་བའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅུ་བཞི་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་བཞི་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༩འམ་༡༥ཟིན་ཡོད། སྐྱུགས་མེར་ལངས་པའི་ནད་རྟགས་ནི་ནུབ་ལུགས་ཀྱི་ཨང་རིམ་བཅོ་ལྔ་དང་ཀྲུང་ལུགས་ཀྱི་ཨང་རིམ་བཅུ་དྲུག་པ་ཡིན་ལ། སོ་སོའི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༧འམ་༩ཟིན་ཡོད། ཁ་སྐོམ་པའི་ནད་རྟགས་ནི་ཀྲུང་ལུགས་གསོ་རིག་གི་ཨང་རིམ་བདུན་པ་དང་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས་ཚད་༢༣ ཟིན་ཡོད་ལ། དེང་རབས་གསོ་རིག་གིས་ནད་རྟགས་དེར་དམིགས་བསལ་དུ་བརྟག་དཔྱད་བྱས་མེད་པའོ། ། (གཤམ་གྱི་རེའུ་མིག་བདུན་པ་དང་བརྒྱད་པར་གསལ།  །)

 རེའུ་མིག་བདུན་པ། ནུབ་ཀྲུང་གསོ་རིག་གི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་(COVID-19) ཀྱི་ནད་རྟགས་སོགས་བསྡུར་ཚུལ།



 

 

 

 

 

 

 

 

 

 

 རེའུ་མིག་བརྒྱད་པ། ནུབ་ཀྲུང་གསོ་རིག་གི་ཡིག་ཚང་ལས་ཐོན་པའི་ཏོག་གསར་གོ་ཚད་(COVID-19) ཀྱི་ནད་རྟགས་སོགས་བསྡུར་ཚུལ།











བཞི།  དཔྱད་བརྗོད།

བོད་ཀྱི་གསོ་བ་རིག་པའི་གཞུང་ཀུན་གྱི་རྩ་བར་གྱུར་བ་དཔལ་ལྡན་རྒྱུད་བཞིའི་ངོས་བཟུང་རྟགས་ཀྱི་ལེའུ་རུ། མེ་དང་དུ་བ་ཇི་བཞིན་དུ། ། ནད་ཀྱི་ངོས་ནི་རྟགས་ལ་བཟུང་། ། [6] ཞེས་གསུངས་པ་ལྟར་ནད་རྟགས་ནི་བོད་ལུགས་གསོ་བ་རིག་པར་མཚོན་ན་ཡང་ནད་གཞི་གསར་རྙིང་རིགས་གང་རུང་ངོས་འཛིན་པར་བྱེད་པའི་བརྟག་ཐབས་ཀྱི་རིགས་ལམ་གཙོ་བོར་གྱུར་ཡོད་པ་མ་ཟད། ནད་རིགས་དེ་དག་ལ་གཉེན་པོ་འཕྲོད་པར་སྦྱར་ནས་གསོ་བཅོས་བྱེད་སྐབས་ཀྱི་གཞི་འཛིན་ཡུལ་ཀྱང་ཨ་མ་དེའོ། ། དེ་བས་ནུབ་ཀྲུང་གསོ་བ་རིག་པའི་ནད་ཐོག་དངོས་ཀྱི་ཡིག་ཚང་ཁག་ཏུ་ཐོན་པའི་ཏོག་གསར་གློ་ཚད་ནད་ཀྱི་ནད་རྟགས་མངོན་པའི་ཁྱད་ཆོས་ལ་བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་རིགས་ལམ་གྱིས་དབྱེ་ཞིབ་བྱས་ཏེ་ནད་རྟགས་དེ་དག་གི་ངོ་བོ་ཚ་གྲང་གང་གི་ཁོངས་སུ་གཏོགས་མིན་དང་། ནད་རྟགས་དེ་དག་དང་ཉེས་པ་གསུམ་གི་མཚན་ཉིད་ཕན་ཚུན་འཕྲོད་པར་སྦྱར་ཏེ་རླུང་མཁྲིས་བད་གསུམ་ལས་གང་ཞིག་འཕེལ་འཁྲུགས་སུ་གྱུར་ཡོད་མིན། ལྷག་པར་དུ་ནད་རྟགས་དེ་དག་དང་ཚ་བ་གཉན་རིམས་ཀྱི་ལེའུ་རུ་བསྟན་པའི་ནད་རྟགས་རྣམས་ཕན་ཚུན་གོ་བསྡུར་ནས་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་བར་སེམས་ཤིང་། དེ་ལྟར་དབྱེ་ཞིབ་བྱས་ན་དེ་སྔ་ཁ་ཅིག་གིས་རྡོ་ཆག་བཙན་སྒྲིག་གི་ཚུལ་དུ་ནད་འདི་བོད་ལུགས་གསོ་རིག་ཏུ་བསྟན་པའི་ནད་འདི་དང་འདི་ཡིན་པ་འདྲ་ཟེར་བའི་རིགས་ལམ་དེ་དག་དངོས་ཐོག་བདེན་འཚོལ་མིན་པ་ཤེས་ནུས་ཤིང་། བོད་ལུགས་གསོ་བ་རིག་པའི་བརྟག་ཐབས་རིགས་ལམ་རྣལ་མའི་ངོས་ནས་ཏོག་གསར་གློ་ཚད་ནད་འདི་ཇི་ལྟར་ངོས་འཛིན་དགོས་པ་གསལ་བོར་སྟོན་ཐུབ་པའོ། །

༡ ཏོག་གསར་གློ་ཚད་འདི་ཚ་བ་གཉན་རིམས་ཀྱི་ཁོངས་གཏོགས་ཡིན་པར་ནད་རྟགས་ལས་ར་འཕྲོད་པ།

ཞིབ་འཇུག་གི་དཔྱད་འབས་ལྟར་ན། ནད་པའི་བརྒྱ་ཆའི་༧༠ཡན་ལ་ཚ་བརྒྱག་པའི་ནད་རྟགས་མངོན་ཞིང་། དེ་ནི་ནུབ་ཀྲུང་གསོ་རིག་ཐུན་མོང་གི་ཡིག་ཚང་དུ་ཐོན་པའི་བྱུང་ཚད་ཆེས་མཐོ་ཤོས་སམ་གཙོ་བོར་གྱུར་བའི་ནད་རྟགས་རེད། ཚ་བརྒྱག་པའི་རྟགས་འདི་ལ་རང་རེའི་བོད་ལུགས་གསོ་རིག་གི་ལྟ་བའི་ངོས་ནས་གོ་བར་གྱིས་ན། ནད་གཞིའི་མཁྲིས་པ་ལ་མཚན་ཉིད་ཀྱི་ཟུར་བདུན་ཡོད་པ་ལས་ཚ་བའི་ཟུར་ཉིད་ཐང་ལ་ལྷག་པའི་མངོན་རྟགས་ཡིན་ཞིང་དེ་ཉིད་འཕེལ་འཁྲུགས་གང་རུང་དུ་གྱུར་ནས་ལུས་ཕྱི་ནང་དུ་མེ་དྲོད་འབར་བ་ཡིན། རྟགས་འདི་ཚ་བ་སྤྱི་ཙམ་མ་ཡིན་པར་ཡང་སྙིང་ཚ་བའི་ནད་རིགས་བྱེ་བྲག་པ་ལ་ཇི་ལྟར་སྦྱར་དགོས་སྙམ་ན། ཚ་བ་སྤྱི་གསོ་བའི་ལེའུ་རུ། དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་མི་འབྱུང་། །[7] ཞེས་གསུངས་པ་ལྟར་ཏོག་གསར་གློ་ཚད་ནད་འདི་ཡང་ཕན་ཚུན་ཡམས་ཐབས་སུ་འགོས་ལ། ནམ་ཟླ་དུས་ཚིགས་ལ་འབྲེལ་ཆེ་བ་དང་། ལྷག་པར་དུ་འབྱུང་གདོན་གི་ངོ་བོར་གྱུར་བའི་ཕྱིའི་རྐྱེན་SARS-CoV-2 ནད་དུག་ལ་སོགས་པའི་རྐྱེན་གྱིས་བསྐྱེད་ཕྱིར་འདིར་འབྱུང་བའི་ཚ་བརྒྱག་པའི་རྟགས་འདི་ཡང་རིམས་ཀྱི་ཚ་བའི་ནད་རྟགས་ཡིན། རིམས་ཚད་དེ་ལའང་ནང་གསེས་སུ་རླུང་མཁྲིས་བད་ཀན་འདུས་པ་གཉན་བཅས་དབྱེ་བ་ལྔ་བསྟན་པ་ལས་ནད་འདི་ཕྱི་གནས་གདུག་པ་ཅན་གཉན་སྲིན་བར་བ་ཏར་བསྡོངས་ཡོད་པས་ན་འདིར་བསྟན་པའི་ཚ་བརྒྱག་པའི་ནད་རྟགས་ནི་གཉན་ཚད་ཀྱི་ནད་རྟགས་ཡིན་པའོ། ། དེ་མིན་ད་རུང་ཡིག་ཚང་དུ་ཐོན་པ་ལྟར་ན། ནད་འདི་ལ་ཐང་ཆད་པ། དབུགས་རྒོད་པ། མགོ་ན་བ། ཁ་སྐོམ་པ་སོགས་དང་། ལྕེའི་ཁ་དོག་དམར་བ་དང་། ལྕེ་དྲེག་མཐུག་པ། ལྕེ་དྲེག་སེར་བ། རྩ་རྒྱུད་གྲིམས་པ། རྩ་རྒྱུད་འགྱོགས་པར་འཕར་བ་སོགས་ཚ་བའི་ནད་རྟགས་ཕལ་བའང་རིགས་དུ་མ་འབྱུང་བ་ཡིན།

འདིར་ཞུ་རྒྱུར། ཐང་ཆད་པའི་རྟགས་འདི་ཚ་བའི་ནད་རྟགས་ཀྱི་ཁོངས་སུ་འཇོག་དགོས་དོན་ནི། ཏོག་གསར་གློ་ཚད་ཀྱི་གཉིན་ཚད་རྒྱས་པ་དེས་ནད་པའི་ལུས་ཟུངས་འཇོམས་ཤིང་ཁྱད་པར་དུ་ཚ་བ་འཕེལ་བའི་རྐྱེན་གིས་རླུང་ཟད་ནས་རྩོལ་བ་ཆུང་ཞིང་སྨྲ་མི་འདོད་པའི་རྟགས་དེར་ཐང་ཆད་པ་ཞེ་ན་ལེགས་སྙམ། ཉེ་ཆར་ཐོན་པའི་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་དཔྱད་རྩོམ་ཁག་ཅིག་ཏུ་ནད་རྟགས་འདིའི་དབྱིན་ཡིག་“fatigue” འམ་རྒྱ་ཡིག་གི་“乏力”ཞེས་པ་སྒྱིད་སྐྱུར་དང་ཁོང་སྙོམ་སོགས་སུ་བསྒྱུར་ཡོད་མོད། དེ་གཉིས་བད་ཀན་འཕེལ་འཁྲུགས་ཀྱི་ནད་རྟགས་ཡིན་པས་འདིར་སྦྱར་ན་མི་འཚམ་པར་སྙམ་ལ་ནད་པའི་རྟགས་འདི་ཞིབ་བརྗོད་བྱེད་པར་གཞིགས་ན་ཡང་ལུས་སེམས་ལྕི་བར་ལས་གང་ལ་འཇུག་མི་འདོད་པའི་རྣམ་པ་མེད་པའོ། །

མདོར་ན་གོང་གསལ་ནད་རྟགས་རྣམས་ནི་མཁྲིས་པའི་མཚན་ཉིད་བདུན་ལས་ཚ་རྣོ་སོགས་ཀྱི་རྗེས་སུ་མཐུན་པའི་ནད་རྟགས་ཡིན་ཞིང་དེ་ལྟར་དཔྱད་པ་ཡིན་ན་ཏོག་གསར་གློ་ཚད་ནད་ནི་སྤྱིར་ཚ་བ་དང་། བྱེ་བྲག་ཏུ་རིམས་ཚད། ཡང་སྒོས་སུ་གཉན་ཚད་ཡིན་པར་ངོས་འཛིན་དགོས་སོ། །

༢ ཏོག་གསར་གློ་ཚད་ནད་ཀྱི་འཇུག་སྒོ་གློ་བ་ཡིན་པར་ནད་རྟགས་ཀྱིས་ཁུངས་སྐྱེལ་བ།

ནུབ་ཀྲུང་གསོ་བ་རིག་པའི་ཡིག་ཚང་གཉིས་ཀ་ཞལ་མཐུན་པར་ཏོག་གསར་གློ་ཚད་ཀྱི་ནད་པའི་བརྒྱ་ཆའི་ ༥༨ཡན་ལ་གློ་ལུ་བའི་ནད་རྟགས་མངོན་ཟེར། རྟགས་འདི་ལས་ཏོག་གསར་གློ་ཚད་ནད་ཀྱི་མཇུག་སྒོ་དབུགས་ལམ་དང་གློ་བ་སོགས་ཡིན་པར་མཚོན་ཡོད་ཅིང་། གཉན་ཚད་དབུགས་ལམ་དང་གློ་བའི་གནས་སུ་བབས་པས་དེར་མི་བདེ་བར་གློ་ལུ་བའི་རྟགས་མངོན་པ་ཡིན། གཞན་ཡང་། ནད་རྟགས་སུ་ལུད་པ་ལུ་བ། བྲང་ཁོག་བསྡམ་པ། གྲེ་བ་ན་བ། དབུགས་འབྱིན་རྔུབ་དཀའ་བ་སོགས་འབྱུང་ཞིང་། དེ་རྣམས་ཀྱང་གློ་བ་དང་དབུགས་ལམ་ལ་གཉན་ཚད་རྒྱས་པ་ལས་བྱུང་བའི་འབྲེལ་ཡོད་ནད་རྟགས་ཡིན། ཀྲུང་ལུགས་གསོ་རིག་ལྟར་ན། ནད་པའི་བརྒྱ་ཆའི་༤༠ཡན་ལ་ལུད་པ་འབྱར་བག་ཅན་ལུ་བའི་རྟགས་མངོན་པར་བཤད་ཅིང་། དེ་ནི་གློ་བ་བད་ཀན་གྱི་ཡུལ་ཡིན་ཞིང་སོག་ཕོན་ལྟ་བུའི་གློ་བའི་སྦུབས་དེར་གཉན་ཚད་རྒྱས་ནས་ཟུངས་འདྲུལ་བས་ལུད་པ་ཕྱིར་བཏོན་པ་ཡིན། ཡིག་ཚང་ཁ་ཅིག་དུ་གློ་ལུ་བའི་རྟགས་སུ་སྐམ་ལུ་བྱེད་ཟེར་ཡང་ ཡིག་ཚང་དུ་ཞིབ་གསལ་བཀོད་པ་ཉུང་། སྐམ་ལུ་བྱེད་ཅིང་ལུད་པ་ལུ་དཀའ་བ་ནི་ཕལ་ཆེར་གློ་སྦུབས་སུ་ལུད་པ་འཚིང་ནས་ཕྱིར་འདོན་མ་ནུས་པ་འདྲ། ནུབ་ལུགས་གསོ་རིག་གི་ཡིག་ཚང་ལྟར་ན། དབུགས་འབྱིན་རྔུབ་དཀའ་བའི་རྟགས་འདི་ནད་པའི་བརྒྱ་ཆའི་༣༡ཡན་ལ་མངོན་པར་བཤད། རྟགས་འདི་ནི་གཉན་ཚད་ཀྱིས་གློ་བའི་ཟུངས་འདྲུལ་བས་སོག་ཕོན་ལྟ་བུའི་གོ་སྦུབས་དེར་འབྱར་བག་ཅན་གི་ལུད་པ་འཕེལ་ཞིང་དབུགས་ལམ་འགག་ནས་འབྱིན་རྔུབ་དཀའ་བ་སྟེ། ཏོག་གསར་གློ་ཚད་ནད་ཀྱིས་ཤི་ཟིན་པའི་ནད་པའི་ཕུང་པོར་གཤགས་འབྱེད་བྱས་ཏེ་གློ་བའི་གྲུབ་ཆར་ཕུང་བཤེར་བྱས་པ་ལྟར་ན་ཡང་དབུགས་ལམ་དེ་དག་ཏུ་ལུད་པ་འབྱར་བག་ཅན་གྱིས་ཁེགས་ཡོད་པའོ། །

མདོར་ན་གོང་གསལ་ནད་རྟགས་རྣམས་ནི་གློ་བའི་ཡུལ་ལ་འབྲེལ་བའི་རྟགས་ཡིན་ཞིང་། དེ་ལས་རྟོགས་ཐུབ་པ་ནི་ཏོག་གསར་གློ་ཚད་ནད་འདིའི་མཇུག་སྒོ་གློ་བ་དང་དབུགས་ལམ་སོགས་ཡིན་པར་ར་འཕྲོད་པའོ། །

༣ ཏོག་གསར་གློ་ཚད་ཀྱི་ནད་རྟགས་རྣམས་མཚན་ཉིད་རིགས་དང་གནས་སྐབས་དུས་ལ་སྦྱར་དགོས་པར་བསྟན་པ།

ནད་ཐོག་ལག་ལེན་ཁྲོད་དུ་ཚ་བའི་ནད་ཀུན་མཚན་ཉིད་རིགས་དང་གནས་སྐབས་དུས་ལ་སྦྱར་རྒྱུ་ཤིན་ཏུ་གལ་ཆེ་འདུག་སྟེ། ཏོག་གསར་གློ་ཚད་ནད་འདི་ཕྱི་ནང་ཀུན་ཏུ་ཡམས་ཐབས་སུ་འགོས་ཤིང་རྒྱུ་གཉན་བར་བ་ཏ་ལྟ་བུའི་དུག་སྲིན་གསར་བས་SARS-CoV-2 ་བསྐྱེད་པས་ན་རིགས་ཀྱི་ཚ་བ་བཞི་ལས་རིམས་ཚད་དང་སྒོས་སུ་གཉན་རིམས་ཀྱི་ཚ་བ་ཡིན། དེ་ལ་ནད་རྟགས་སུ་ཚ་བརྒྱག་པ། གློ་ལུ་བ། ལུད་པ་ལུ་བ། བྲང་ཁོག་བསྡམ་པ། དབུགས་རྒོད་པ། གྲེ་བ་ན་བ། ཁ་སྐོམ་པ་སོགས་མཁྲིས་པའི་མཚན་ཉིད་ཁོ་ནའི་རྗེས་སུ་མཐུན་པའི་རྟགས་ཤས་ཆེར་མངོན་པ་ཡིན་ན་གཉན་རིམས་ཀྱི་ཚ་བ་ཡིན་པ་ལ་རྒྱས་ཚད་ཀྱི་གནས་སྐབས་ཡིན་པར་ངོས་འཛིན་དགོས་ཤིང་། དེ་མིན་གོང་གསལ་ཚ་བའི་ནད་རྟགས་དེའི་སྟེང་དུ་ཕོ་ལོང་རྒྱུ་མ་སོགས་ལ་འབྲེལ་བའི་ནད་རྟགས་ཏེ། ཟས་མི་འཇུ་བ། ཡི་ག་འཆུས་པ། འཁྲུ་བ། སྐྱུགས་མེར་ལངས་བཅས་དང་། ཤ་གྲིམས་གཟེར་བ། མགོ་ན་བ། གྲང་ཤུམ་བྱེད་པ་སོགས་ཕན་ཚུན་འདྲེས་མར་མངོན་པ་ཡིན་ན་ཕལ་ཆེར་བད་རླུང་གི་རྐྱེན་དང་འདོམས་པ་ཡིན་པས་གཉན་རིམས་ཀྱི་ཚ་བ་ཡིན་པ་ལ་མ་སྨིན་པའི་གནས་སྐབས་ཡིན་པར་ངོས་འཛིན་དགོས། དེ་བཞིན་དུ་གོང་གསལ་ཚ་བའི་ནད་རྟགས་སྟེང་ལྕེ་དམར་བ་དང་། རྩ་ཁར་རྐྱལ་བ། དབུགས་འབྱིན་རྔུབ་དཀའ་བ། ཟུངས་ཟད་ཐང་ཆད་པའི་རྟགས་སོགས་འདྲེས་མར་མངོན་པ་ཡིན་ན་ཕལ་ཆེར་གཉན་རིམས་ཀྱི་ཚ་བ་ཡིན་པ་ལ་སྟོངས་ཚད་དམ་རྙིང་ཚད་རླུང་ལྡན་ལྟ་བུའི་གནས་སྐབས་སུ་གྱུར་བར་ངོས་འཛིན་དགོས། དེ་ལྟར་ངོས་བཟུང་པ་ཡིན་ན། རྒྱུད་བཞིའི་བལ་ནད་གསོ་བའི་ལེའུ་རུ། རིམས་ནད་དང་གཉན་རིམས་གཉིས་ལ་རྩ་བའི་ཆ་ནས་ཐོག་མར་མ་སྨིན་པའི་རྟགས་དང་། བར་དུ་རྒྱས་ཚད། ཐ་མར་སྟོངས་ཚད་ཀྱི་རྟགས་མངོན་པར་བསྟན་ཡོད་པ་གཉིས་གཅིག་ཏུ་འཁུམས་སོ། །

 ལྔ། མཇུག་བསྡུ་བ།

ཏོག་གསར་གློ་ཚད་ཀྱི་ནད་འདི་དེང་གི་ཆར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་དེའི་ཐད་ཀྱི་དཔྱད་རྩོམ་ཀྱང་ཁྲི་ཕྲག་ལྷག་སེལ་འདུག འདིར་གཙོ་བོ་ནད་རྟགས་བཀོད་ཡོད་པའི་འབྲེལ་ཡོད་དཔྱད་རྩོམ་རྣམས་དམིགས་སུ་བཟུང་ནས་རྟོགས་ཞིབ་བྱས་ཤིང་། དེ་ལས་མངོན་པའི་ནད་རྟགས་གཙོ་བོའི་རིགས་རྣམས་བོད་ལུགས་གསོ་རིག་གི་དགོངས་པར་ཅི་ནུས་ཀྱིས་སྦྱར་ནས་ཕན་ཚུན་གོ་བསྡུར་ཏེ་ཚ་གྲང་གང་གི་ངོ་བའི་ཁོངས་སུ་གཏོགས་མིན་དང་།ཉེས་པ་གསུམ་གི་མཚན་ཉིད་དང་སྦྱར་ནས་རླུང་མཁྲིས་བད་གསུམ་ལས་གང་ཞིག་འཕེལ་འཁྲུགས་སུ་གྱུར་ཡོད་མིན། ལྷག་པར་དུ་ཚ་བ་གཉན་རིམས་ཀྱི་རིགས་ལམ་ལ་སྦྱར་ནས་ཕན་ཚུན་གོ་འཕྲོད་མིན་སོགས་ཞིབ་འཇུག་བགྱིས་པ་ཡིན། དབྱེ་ཞིབ་བྱས་པའི་མཇུག་འབྲས་ལྟར་ན། ཏོག་གསར་གློ་ཚད་ནི་བོད་ལུགས་གསོ་བ་རིག་པའི་ངོས་ནས་སྤྱིར་ཚ་བའི་ནད་དང་། བྱེ་བྲག་ཏུ་རིམས་ཚད། སྒོས་སུ་གཉན་ཚད་ཡིན་པར་འདུག དེར་ཡང་མ་སྨིན་པའི་ཚ་བ། རྒྱས་ཚད། སྟོང་ཚད་དམ་རྙིང་ཚད་རླུང་ལྡན་བཅས་གནས་སྐབས་མི་འདྲ་བ་གསུམ་གྱི་ནད་རྟགས་མངོན་ཡོང་བ་ཡིན། ནད་རྟགས་ཕན་ཚུན་སྡུར་ དཔྱོད་བྱས་པ་ལྟར་ན། ཚ་བརྒྱག་པ། གློ་ལུ་བ ། ཐང་ཆད་པ་བཅས་ནི་རྒྱ་བོད་ཡིག་ཚང་གཉི་གའི་ཐུན་མོང་གཅིག་གྱུར་དུ་མངོན་པའི་ནད་རྟགས་བྱུང་ཚད་ཆེས་མཐོ་བ་གསུམ་དང་། དབུགས་འབྱིན་རྔུབ་དཀའ་བའི་ནད་རྟགས་ནི་ནུབ་ལུགས་གསོ་རིག་གི་ནད་རྟགས་གཙོ་བོར་གྱུར་བ་དང་དེས་ཕལ་ཆེར་ནུབ་ལུགས་སྨན་ཁང་གི་ནད་པ་རྣམས་ནད་ངོ་ཅུང་ལྕི་མོའི་རིགས་ཡིན་པར་མཚོན་ཡོད། ཀྲུང་ལུགས་གསོ་རིག་གིས་ལུད་པ་ལུ་བའི་ནད་རྟགས་ལ་དོ་སྣང་ཆེར་བྱས་ཡོད་ཅིང་དེ་ལས་དཔོག་ཐུབ་པ་ནི་ཉེ་ཆར་ཀྲུང་གསོའི་མཁས་དབང་མང་པོས་ཏོག་གསར་གློ་ཚད་ཀྱི་ནད་གྱུར་ངོ་བོ་ནི་གློ་བའི་གནས་སུ་བད་ཀན་ལྟ་བུའི་འབྱར་བག་ཅན་གི་བརླན་བཤེར་རྒྱས་པར་ངོས་འཛིན་བྱས་ཡོད་པའི་རྒྱུ་མཚན་གིས་ཡིན་པ་འདྲ། མཇུག་མཐར་དཔྱད་རྩོམ་འདིའི་དཔྱད་བརྗོད་ཀྱི་ནང་དུ་རང་ལུགས་ཀྱི་འདོད་ཚུལ་ཅུང་སྤྲོས་ཡོད་པས་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཆ་ཅི་རིགས་ཤིག་མཆིས་པ་གདོན་མི་ཟ་བས་ཚེ་རིག་འཛིན་པ་རྣམས་ཀྱིས་ཀུན་སློང་གཙང་མའི་སྒོ་ནས་བསམ་འཆར་ལྷག་སྩོལ་ཡོང་བར་ཞུའོ། །

དཔྱད་གཞི་ཡིག་ཆ།

 1 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། https://covid19.who.int/Coronavirus (COVID-19) Last updated: 2020/4/20, 3:00pm CEST.

2 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། https://www.who.int/zh/dg/speeches/detail/who-director-general-sremarks-at-the-media-briefing-on-2019-ncov-on-11-february-2020.

3 རྒྱལ་སྤྱིའི་ནད་དུག་རིགས་དབྱེ་ལྷན་ཚོགས་ཀྱི་ཏོག་དབྱིབས་ནད་དུག་ཞིབ་འཇུག་ཚོགས་པ། The species Severe acute respiratory syndrome-related coronavirus: classifying 2019-nCoV and naming it SARS-CoV-2, Nature Microbiology volume 5, pages536–544(2020).

 4 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། http://www.scio.gov.cn/xwfbh/xwbfbh/wqfbh/42311/42768/index.htm

5 བྱམས་པ་འཕྲིན་ལས། གངས་ལྗོངས་གསོ་རིག་མཁས་དབང་བསྟན་པའི་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༡༡པའི་པར་གཞི། ཤོག་ངོས་༧༢ ༡༡༨ ༢༦༩ ༣༩༤སོགས།

6 བསམ་འགྲུབ་རྒྱལ་སོགས། ངོས་བཟུང་རྟགས། [M]  རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༡༠པའི་པར་ཐེངས་གསུམ་པ། ཤོག་ངོས་༡ནས་༢

7 རྟ་མགྲིན་རྒྱལ་སོགས། ཚ་བ་གསོ་བ། (M) མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༡༠པའི་པར་ཐེངས་གསུམ་པ། ཤོག་ངོས་ ༡ནས་༡༣


基于中西医文献的新冠肺炎临床症状研究 仁青东主○1 尕藏多吉○2 洛桑东智○3 仁青加○4 华青措○5 ○1 ○2 ○3 青海大学藏医学院, 西宁, 810001 ○4 西藏藏医药大学,拉萨,850001 ○5 青海省藏医院皮肤科, 西宁,810007) 摘要 目的 结合藏医理论探析从国内外中英文医学文献中报道的有关新冠肺炎临床症 状表现特征。方法 检索中华医学会新型冠状病毒肺炎科研成果学术交流平台、中国知 网、Pubmed、Medrxiv、NEJM等数据库,搜索截止2020年4月10前的相关文章,采集按 百分率计算的所有四诊信息及西医症状描述,并对数据进行统计分析。结果 西医文献 发现症状由高低依次为发热(78%)、咳嗽(58%)、乏力(35%)、呼吸困难(31%)、咳痰 (27%)、肌肉酸痛(27%)、胸闷(21%)、纳差(21%)、咽痛(19%)、食欲不振(19%)、恶寒 (18%)、呼吸急促(18%)、头疼(13%)、腹泻(9%)、恶心(7%)等。中医文献发现症状由高低 依次为发热(68%)、咳嗽(60%)、乏力(42%)、咳痰(39%)、纳差(26%)、胸闷(23%)、口干 (23%)、呼吸急促(23%)、食欲不振(21%)、肌肉酸痛(20%)、呼吸困难(17%)、恶寒 (16%)、咽痛(15%)、腹泻(15%)、头疼(13%)、恶心(9%),舌象为红色(57%)、舌苔白 (51%)、舌苔厚(45%)、舌苔黄(43%)、舌苔淡红(35%),脉诊为滑(55%)、细(49%)、数 (42%)、浮(12%)等。中西医文献比较发现,发热、咳嗽、乏力三者为各方出现频次最多 的症状,呼吸困难为西医文献中出现靠前的症状。结论 依据藏医症-病理论分析,新冠 肺炎隶属于热病之“瘟疫病”范畴,根据时态变化可以分型为未成熟热症、盛热症、 虚热症,而且,以上症状的表现相当程度上吻合藏医瘟疫病的临床表现特征。 关键词 新冠肺炎,临床症状,文献研究

1)       Study clinical manifestations of Corona Virus Disease 2019 based on Chinese and Western medical literature.

2)       Rinchen Dhondrup 1 , Gazang Dorjee2 , Lobsang Dhondrup3 Ricnhen Gyal4 , Pharche tso5\

3)       1,2 ,3 Tibetan Medical College of Qinghai University, Xining 810001

4)       4 Traditional Tibetan Medical Unvierity, Lhasa, 810005

5)       5, Qinghai provincial Tibetan Medical Hospital, Xining, 810001

 Abstract  Objective based on Tibetan medical theory, to explore the characteristics of clinical symptoms of Corona Virus Disease 2019 reported from Chinese and English medical literatures. Methods Retrieve the Chinese Medical Association's new coronavirus pneumonia research academic exchange platform, China Knowledge Network, Pubmed, Medrxiv, NEJM and other databases, search relevant articles as of April 10, 2020, and collect all four diagnosis information and Western medical symptom description and statistical analysis of the data. Results the Western medical literature found that the symptoms were fever (78%), cough (58%), fatigue (35%), dyspnea (31%), sputum (27%), muscle aches (27%), chest tightness (sequence) 21%), anorexia (21%), sore throat (19%), loss of appetite (19%), chills (18%), shortness of breath (18%), headache (13%), diarrhea (9%) , Nausea (7%), etc. Chinese medicine literature found that the symptoms were fever (68%), cough (60%), fatigue (42%), expectoration (39%), anorexia (26%), chest tightness (23%), dry mouth (23 %), Shortness of breath (23%), loss of appetite (21%), muscle aches (20%), dyspnea (17%), chills (16%), sore throat (15%), diarrhea (15%) , Headache (13%), nausea (9%), red tongue (57%), white tongue coating (51%), thick tongue coating (45%), yellow tongue coating (43%), red tongue coating (35%) , Pulse diagnosis is slip (55%), thin (49%), number (42%), floating (12%) and so on. A comparison of Chinese and Western medical literature found that fever, cough, and fatigue are the most frequent symptoms in two literature systems, dyspnea is the top symptom in Western medical literature. Conclusion Based on the analysis of Tibetan medical symptom-disease theory, Corona Virus Disease 2019 belongs to the category of "Nyenrum or plague" in hot disease, according to time-medicine theory, it can be classified into immature hot type, purehot type, and wind-hot type. To a certain extent, it is consistent with the clinical manifestations of the plague in Tibetan medicine.

 Key words: COVID 19, clinical manifestations, literature research

འདིར་ནོན ནུབ་ཀྲུང་གསོ་རིག་གི་ནད་ཐོག་ཡིག་ཚང་ལས་ཐོན་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མངོན་ཚུལ་ལ་དཔྱད་པ། PDF

 

མཐའ་མའི་འདོན་ཐེངས་།: 07.09.2020 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།