སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་གཉིས་ཀྱི་འབྲེལ་བའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.05.2018
ཆེད་རྩོམ། >>


སྨན་རྩིས་གཉིས་ཀྱི་འབྲེལ་བའི་སྐོར་སྙིང་བསྡུས།

- དབོན་པོ་རྡོ་རྗེ་དགྲ་འདུལ།

    
        བོད་གངས་ཅན་གྱི་ལྗོངས་ལ་ཡོངས་སུ་གྲགས་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཡོད་ཅིང་། དེ་དག་གི་ནང་ནས་གཞན་རྗེས་སུ་འཛིན་པའི་ཐུན་མོང་གི་རིག་གནས་ཆེ་བ་གཅིག་གསོ་བ་རིག་པ་འདི་ཆགས་ཡོད། གསོ་བ་རིག་པ་མཐར་ཕྱིན་པ་ཞིག་ཤེས་པ་ལ་རིག་གནས་དེ་དག་ཐམས་ཅད་ཤེས་དགོས་པར་མ་ཟད་སྨན་རྩིས་གཉིས་ནི་ཁ་བྲལ་དུ་མེད་པའི་རིག་གནས་ཤིག་ཡིན། རིག་གནས་འདི་གཉིས་ཀྱི་འཕེལ་རིམ་དང་ལྟ་གྲུབ་སོགས་ལ་འབྲེལ་བ་གཏིང་ཟབ་ཡོད་པར་མ་ཟད། གསོ་བ་རིག་པའི་བརྒྱུད་འཛིན་པ་རྣམས་ལ་ནད་བརྟག་ཐབས་དང་སྨན་བཅོས་སོགས་ལ་རྩིས་ཀྱི་དགོས་མཁོ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད། འོན་ཀྱང་ཡེ་མཁྱེན་རྩིས་པ་རྣམས་ལ་སྨན་གྱི་ལྟ་གྲུབ་ལག་ལེན་ངེས་པར་མཁོ་བའི་ཁྱབ་པ་མེད་སྙམ།

དང་པོ་ལྟ་གྲུབ་ཀྱི་འབྲེལ་བ་ནི།

སྨན་རྩིས་གཉིས་ཀའི་མཐར་ཐུག་གི་ལྟ་གྲུབ་ནི་ནང་པའི་གཞུང་ལ་གཞི་བཅོལ་ཡོད་པ་དང་། དེ་ཡང་ལུས་ཅན་རྣམས་ལ་ལུས་སེམས་ཀྱི་ནད་གཉིས་ཡོད་པ་ལས་ལུས་ཀྱི་ནད་དེ་དག་སྨན་དང་སེམས་ཀྱི་རྣམ་རྟོག་གི་ནད་དེ་དག་རྩིས་ཀྱིས་སེལ་དགོས་པར་བཤད་ཡོད། དེ་ལྟ་བུའི་ལུས་སེམས་ཀྱི་ནད་དེ་དག་གི་རྩ་བ་ཡང་མ་རིག་པ་ལ་ཐུག་ཡོད་པ་གཅིག་གྱུར་ཡིན། དེ་བཞིན་དུ་སྨན་རྩིས་གཉིས་ཀའི་བཤད་གཞི་རྩ་བ་གཅིག་ནི་འབྱུང་བ་ལྔ་ལ་ཐུག་ཡོད། སྣང་སྲིད་སྣོད་བཅུད་མཐའ་དག་གི་ཆགས་གནས་འཇིག་གསུམ་དང་བདེ་སྡུག་གི་རྒྱུ་འབྱུང་བ་ལ་ཐུག་ཡོད་པའི་ལྟ་གྲུབ་ལ་ཁྱད་པར་མེད།

གཉིས་པ་ལུས་ཀྱི་ཕུང་པོ་གྲུབ་ཚུལ་གྱི་འབྲེལ་བ་ནི།

སྨན་རྩིས་གཉིས་ཀས་ལུས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འགྲུབ་བྱེད་ཀྱི་རྒྱུ་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་སོགས་ལ་འབྱུང་བ་ལྔ་ཡོད་པ་དང་། དེ་དག་ཡོད་པ་ལ་བརྟེན་ནས་ལས་ཕྲ་རགས་རྣམས་འགྲུབ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། བར་དུ་ལུས་ཀྱི་ཕུང་པོ་གནས་པར་ཡང་འབྱུང་བ་དེ་དག་ཆ་སྙོམས་སུ་གནས་དགོས་པ་དང་། མཐར་འཇིག་པའི་ཚེ་ནའང་ལུས་ཀྱི་འབྱུང་བ་དེ་དག་འཁྲུགས་པའི་སྒོ་ནས་འཇིག་འགྲོ་བ་སོགས་ལུས་ཆགས་གནས་འཇིག་གསུམ་གྱི་ལྟ་ཚུལ་ཡང་གཅིག་པ་ཡོད་པ་ཡིན།

གསུམ་པ་ངོས་འཛིན་བརྟག་ཐབས་ཀྱི་འབྲེལ་བ་ནི།

ནད་ངོས་འཛིན་བརྟག་ཐབས་ཀྱི་གཙོ་བོ་རྩ་ཡིན་ཞིང་། རྩ་བརྟག་སྐབས་སུ་རྩ་བལྟ་བའི་དུས་དང་། རྒྱུན་རྩ། དུས་བཞི་ཁམས་ལྔ་འབྱུང་བ་བརྩི་ཚུལ་དང་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ ངོ་མཚར་རྩ་བདུན་སོགས་བལྟ་བ་ལ་རྩིས་གཞུང་ནས་བཤད་པའི་དུས་བཞིའི་འཕོ་འགྱུར་དང་ངོས་འཛིན་ཚུལ་བཞིན་ཤེས་ཐུབ་པ་དགོས་ཤིང་། དུས་མི་འགྱུར་བའི་གཟེར་རྣམས་ངོས་འཛིན་མ་ཐུབ་ན་ནད་མེད་དང་ནད་ཅན་གྱི་རྩ་རྣམས་ཕན་ཚུན་འཁྲུལ་ཉེན་ཆེན་པོ་ཡོད། དེ་བཞིན་དུ་གདོན་ཆུ་བརྟག་ཐབས་སྲིད་པའི་རུས་སྦལ་དང་སྦྱར་དགོས་པ་དང་། གཞན་ཡང་ནད་སྐྱེ་མཆེད་དང་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་ངོས་འཛིན་ལ་སོགས་པ་རྣམས་འབྱུང་རྩིས་ཀྱི་གཞུང་ལ་བསྟུན་དགོས་ཤིང་། དེ་དག་ཚུལ་བཞིན་རྟོགས་པ་ལ་ཐོག་མར་རྩིས་གཞུང་ནས་བཤད་པའི་དུས་མི་འགྱུར་བའི་གཟེར་རྣམས་མ་འཁྲུལ་བར་ངོས་འཛིན་ཐུབ་པ་དགོས། ནད་འགའ་ཞིག་གི་ལྕི་ཡང་དང་བཟློག་ཐབས་ཀྱི་ཆོ་ག འཚོ་འཆི་སོགས་རྩིས་ཀྱིས་གཏན་འབེབས་བྱེད་པའང་ཡོད།

བཞི་པ་བཅོས་ཐབས་ཀྱི་འབྲེལ་བ་ནི།

ནད་སྔོན་འགོག་དང་། སྒོ་གསུམ་གྱི་དུས་སོ་སོར་སྤྱད་དགོས་པའི་དུས་སྤྱོད་ཀྱི་བགྲོད་པ་གཉིསདང་། དུས་གསུམ། དུས་བཞི། དུས་ལྔ། དུས་དྲུག ཉིན་མཚན་ལྡོག་མཉམ་སོགས་ཀྱི་ངོས་འཛིན་མ་འཁྲུལ་བ་རྩིས་ཀྱི་གཞུང་ལ་བརྟེན་དགོས་པ་དང་། དེ་བཞིན་དུ་སྨན་སྦྱོར་བཟོ་བྱེད་སྐབས་དང་། སྨན་འཐུ་སྒྲུབ། སྨན་གཏོང་བ། མེ་བཙའ། མེ་བུམ། གསེར་ཁབ། ཏེལ་པ། ཁྲག་གཏར་བ་ལ་སོགས་པ་སྨན་དཔྱད་བྱེད་པའི་སྐབས་བླ་གནས་དང་ཚེས་གྲངས་བཟང་ངན་སོགས་རྩིས་པའི་རྩིས་འབྲས་ཀྱི་ལམ་སྟོན་ལྟར་སྤང་བླང་བྱེད་དགོས་པ་ཡིན། རིགས་ལྡན་འཆར་བའི་སྐབས་ལ་སོགས་པ་ཚེས་གྲངས་ངན་པ་འཁེལ་བའི་དུས་སྐབས་རྣམས་སུ་སྨན་དཔྱད་བྱ་མི་རུང་བ་དང་། གལ་ཏེ་སྨན་དཔྱད་བྱས་ན་ཕན་པ་མེད་པར་དུག་དངོས་དང་འདྲ་བའི་གནོད་པ་འབྱུང་བ་སོགས་གསུངས་ཡོད།

            དེས་ན་སྨན་དང་རྩིས་གཉིས་ནི་འགྲོ་བ་ནད་པའི་ནད་ཀྱི་གདུང་བ་སེལ་བ་ལ་རྟག་ཏུ་ལག་ལེན་མཉམ་སྤྱོད་བྱེད་དགོས་པའི་རིག་གནས་ཤིག་ཡིན་པ་དང་། དེང་སྐབས་སུའང་གཞིས་བྱེས་གཉིས་སུ་གནས་པའི་སྨན་རྩིས་ཁང་ལྟ་བུ་སྨན་རྩིས་གཉིས་མཉམ་དུ་བསྟི་གནས་གཅིག་གི་ནང་དུ་སློབ་སྦྱོང་དང་ཡར་རྒྱས་གཏོང་དགོས་པའི་རྒྱུ་མཚན་ཡང་རིག་གནས་འདི་གཉིས་ཀྱི་འབྲེལ་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ནོ།།

- དབོན་པོ་རྡོ་རྗེ་དགྲ་འདུལ་མཆོག་གིས་རྩོམ་སྒྲིག་བྱས་པའི་དེབ་''བོད་ཀྱི་གསོ་བ་རིག་པའི་བྱུང་རབས་ལོ་རྒྱུས་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་དེབ་ཐེར་ཀུན་གསལ་ཚངས་ཐིག་ཅེས་བྱ་བ།། དེབ་ཕྲེང་དང་པོ།"  ཞེས་པ་ནས་ཟུར་འདོན་ཞུས། 

 

མཐའ་མའི་འདོན་ཐེངས་།: 21.05.2018 ཉིན། 2:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།