སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་བླའི་གཟུངས་སྔགས་ཀྱི་ཕན་ཡོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.09.2021
ཆེད་རྩོམ། >>


༄༅། །སྨན་བླའི་གཟུངས་སྔགས་ཀྱི་ཕན་ཡོན།

- དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

 

 ཨོཾ་ཨཐ།

དུས་གསུམ་བདེར་གཤེགས་འཁོར་བཅས་ལ།།

ཕྱག་འཚལ་མཆོད་དོ་སྐྱབས་སུ་མཆི།།

འདི་ན་རྒྱལ་བའི་མཚན་དང་ནི།།

གཟུངས་སྔགས་བཟླས་བརྗོད་ཕན་ཡོན་བཤད།།

དང་པོར་གདམས་པ་ཆིག་བརྒྱུད་རྒྱ༔ གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་ལས། སྨན་བླའི་མཚན་བརྗོད་པ་དང༌། གཟུངས་སྔགས་བཟླས་པའི་ཕན་ཡོན་ནི། བླ་མའི་རྣལ་འབྱོར་ལྟ་བུ་ལ། སློབ་མ་ལྷུན་གྲུབ་བཟང་པོས་ཞུས་པ། སྤྱིར་ཟག་བཅས་ཀྱི་དགེ་བ་ལས་ནད་པའི་དོན་བྱེད་པ་དགེ་བ་ཆེ། སངས་རྒྱས་ཀྱི་གཟུངས་སྔགས་དང་མཚན་བརྗོད་པ་ཡང་བསོད་ནམས་ཆེ་བ། སངས་རྒྱས་གང་གི་མཚན་དང་གཟུངས་སྔགས་བཟླས་པ་ཕན་ཡོན་ཆེ་ཞུས་པས། འདྲེ་རྗེ་ཆེན་པོའི་ཞལ་ནས། སྟོན་པ་བདེ་གཤེགས་ཀུན་འདུས་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་སྔགས་བཟླས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་དུ་མ་དང༌། མཁས་པ་མཚན་ལྡན་གྱི་མཛད་པའི་བསྟན་བཅོས་རྣམས་ལས་གསུངས་པས། ཁྱེད་བུ་སློབ་རྣམས་ཀྱང་ཡིད་ཆེས་པར་མཛོད་ལ། ཀུན་འདུས་རྒྱལ་པོ་ཁོང་ལས་ཡིད་རྩེ་གཅིག་གསོལ་བ་དྲག་པོ་ཐོབ། སངས་རྒྱས་དེའི་མཚན་དང་གཟུངས་སྔགས་མང་པོ་རེམ་ལ་བཟླས། ཡིད་མི་ཆེས་པ་རྣམས་ལ་རྒྱབ་བརྟེན་གྱི་ལུང་འདི་རྣམས་སྟོན། ལྷའི་སྨན་པ་སྐྱེ་དགུའི་བདག་པོས་ཞུས་པའི་མདོ་ལས། སྨན་པ་སྐྱེ་དགུའི་བདག་པོ་ཉོན་ཅིག འདི་ནས་ཤར་ཕྱོགས་ལོགས་སུ་དཔག་ཚད་བརྒྱ་འདས་པ་ན། ཤར་ཕྱོགས་བཻཌཱུརྱའི་ཞིང་ཁམས་ཆེན་པོ་ན། སངས་རྒྱས་སྨན་པའི་རྒྱལ་པོ་ཞེས་བྱ་བ་ཡོད་དེ། དེ་ནི་སྨོན་ལམ་རྒྱ་ཆེན་པོ་འགྲུབ་ཅིང་ཐུགས་བསྐྱེད་བཟང་པོའི་མཐུའི་ཐུགས་རྗེ་དང་ནུས་མཐུ་ཤིན་ཏུ་ཆེ། སངས་རྒྱས་དེ་ལ་གསོལ་བ་བཏབ་པ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བར་བསྒོམ་པ། བསྐུལ་ཞིང་གསོལ་བ་གདབ་པ། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་པ། དགེ་བ་བྱང་ཆུབ་ཀྱི་བར་བསྔོ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་དགེ་བའི་ལས་གང་དང་གང་བགྱིས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་བདུན་གྱི་སྒོ་ནས་དགེ་བ་བསགས་པའི་བསོད་ནམས་ཐོབ་བོ།། སངས་རྒྱས་བྱང་སེམས་ཐམས་ཅད་ལ་བཀུར་སྟི་བྱས་པ་ཡིན་ནོ།། རིམ་གྲོར་བྱས་པ་ཡིན་ནོ།། གུས་པར་བྱས་པ་ཡིན་ནོ།། ཞེས་གསུངས་སོ།།

            བཻཌཱུརྱའི་གཟུངས་ནི་འདི་ཡིན་ནོ།། ཏདྱཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི་མཏི་མཏི་སཔྟ་ཏཐཱགཏ་སམཱདྷྱདྷིཥྛིཏེ། ཨཏི་མཏེ་པཱལེ་པཱཔཾ་ཤོདྷནི། སརྦ་པཱཔཾ་ནཱཤཡམམ་བུདྡྷ་བུདྡྷོཏྟམེ་སམེ་སམཐཱ་ཧརནྟུ། སརྦ་བུདྡྷ་བོདྷི་སཏྭ། ཤམེ་ཤམེ་པྲཤམནྟུམེ། སརྦ་ཨིཏྱུཔ་དྲབ་བྱཱདྷཡ། པཱུརཎི་པཱུརཎི། སཱུ་ཏ་ཡ་མེ། སརྦ་ཨཱཤཡ། བཻཌཱུརྱ་པྲཏི་བྷཱསེ་སརྦ་པཱཔཾ་ཀྵཡངྐརི་སྭཱཧཱ།

            བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདི་འཆང་ངམ། ཀློག་གམ། མཆོད་དམ། ལན་སྟོང་རྩ་བརྒྱད་དུ་བཏོན་ན། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་ཞེས་སོགས་དང༌། གང་དག་ནད་པ་གང་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་སྐྱབས་སུ་མཆི་ཞིང༌། འདི་ལྟ་བུས་སྦྱོར་བས་མཆོད་པར་བགྱིས་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང༌། རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ་ཞེས་སོགས་དང༌། གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང༌། ལོ་ལེགས་པ་དང༌། ཆར་ཆུ་དུས་སུ་ལྡང་ཞིང་ལོ་ཏོག་སྣུམ་པར་འགྱུར་རོ།། ཞེས་སོགས་དང༌། བདག་ཅག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། ཞེས་སོགས་དང༌། གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེའི་མཚན་འཆང་བ་དང༌། མཆོད་པ་དང༌། རིམ་གྲོར་བྱེད་པའི་སེམས་ཅན་དེ་དག་ལ། བདག་ཅག་གི་བསྲུང་བར་བགྱིའོ།། ཞེས་སོགས་དང༌།

            ༈ སྨན་རྒྱུད་རིན་ཆེན་སྤུངས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་མཚན་དང་གཟུངས་ཀྱི་ཚིག་འདི་དག་ཐ་ན་ལན་ཅིག་བརྗོད་ན། དེ་བཞིན་གཤེགས་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་གཟུངས་སྔགས་བརྗོད་ཅིང་བཟླས་པར་འགྱུར་རོ།། དེ་བཞིན་དུ་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། གསོལ་བ་བཏབ་ན། རྒྱལ་བ་རྒྱལ་སྲས་ཐམས་ཅད་ལ་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང་གསོལ་བ་བཏབ་པར་འགྱུར་རོ།། མཚན་དང་གཟུངས་སྔགས་བཟླས་པའམ། དྲན་པའམ། མཐོང་བ། ཐོས་པ། རེག་པ། བསྒོམས་ཤིང་ཡིད་ལ་བྱས་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁོངས་སུ་ཆུད་པ་དང༌། དེར་གཏོགས་པ་ཐམས་ཅད་ཀྱི་མཚན་དང་གཟུངས་བཟླས་ཤིང༌། མཐོང་ཐོས་དྲན་རེག་བསྒོམས་ཤིང་ཡིད་ལ་བྱས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། མཚན་དེ་ནི་བདེ་གཤེགས་ཀུན་འདུས་ཀྱི་ལྷ་ཚོགས། གཟུངས་དེ་ནི་བདེ་གཤེགས་ཀུན་འདུས་ཀྱི་གཟུངས་ཡིན་པའི་ཕྱིར་རོ།། གནས་སྐབས་དང་མཐར་ཐུག་གི་བསམ་པ་དང་དོན་ཐམས་ཅད་འགྲུབ་པར་འགྱུར་རོ།། མི་དགེ་བ་བཅུའི་སྟོབས་བཅོམ་ནས་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ།། ཤི་འཕོས་མ་ཐག་སངས་རྒྱས་ཀྱི་ས་ལ་འཁོད་དོ།། འདི་ལ་ཐེ་ཚོམ་དང་སོམ་ཉི་ཡིད་གཉིས་མ་བྱེད་ཅེས་པ་དང༌། མདོ་དེ་ཉིད་འདུས་པ་ལས། ཁྱིམ་བདག་བྱ་གཤོག་ཅན་གྱིས་སྡིག་པ་བྱས་པར། ཚེ་གཅིག་ལ་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ། རྩ་ལྟུང་བཅུའི་ལས་བསགས་པ། གཞན་ཡང་སྡིག་པ་ཚབས་ཅན་མང་པོ་བསགས་པའི་ལས་སྨིན་ནས། དུས་ནམ་ཞིག་གི་ཚེ། གཟུགས་མེད་པའི་སྐད་ཀྱིས། བྱ་གཤོག་ཅན་གྱིས་ལས་ངན་བསགས་པས་དམྱལ་བ་མནར་མེད་དུ་མདུན་གྱི་ས་གས་ཏེ་ལྟུང་ངོ༌།། ཞེས་པ་ཐོས་པས་འཇིགས་སྐྲག་དངངས་པ་དང༌། ཡང་ནམ་མཁའ་ནས་སྒྲ་ཞིག་འབྱུང་སྟེ། བདེ་གཤེགས་ཀུན་འདུས་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་ཀྱི་ཚིག་བཟླས་བརྗོད་བྱས་ན་ཚེ་ཐོག་མ་མེད་པའི་སྡིག་སྒྲིབ་དག དམྱལ་བར་སྐྱེ་འགྱུར་གྱི་སྐྱེ་སྒོ་བཀག་ནས། ཚེ་འདི་ཉིད་ལ་སྐྱེ་མེད་ཐོབ་བོ་ཟེར་བས། བྱ་གཤོག་ཅན་གྱིས་སྟོན་པ་བདེ་གཤེགས་ཀུན་འདུས་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་སྔགས་བཟླས་ཤིང་སྨན་པའི་རྒྱལ་པོའི་ཡོན་ཏན་དྲན་པར་བྱས་པས་ཞག་བདུན་ནས་བྱ་གཤོག་ཅན་གྱི་གན་དུ་དགེ་སློང་སྨན་པའི་ཆ་བྱད་ཅན་ཞིག་བྱུང་སྟེ། རིགས་ཀྱི་བུ་ངའི་ཆོས་གོས་ཀྱི་དྲ་བ་ལ་འཇུས་ཤིང༌། སྨན་གྲོང་བལྟ་ན་སྡུག་ཏུ་འགྲོ་ཟེར། དེ་མ་ཐག་ཆོས་གོས་ལ་འཇུས་པས། བྱ་གཤོག་ཅན་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པར་གྱུར་ཏོ།།

            ༈ ཐུབ་པས་གསུངས་པའི་གསེར་སྒྲོམ་སྨུག་པོའི་རྒྱུད་ལས། ཀུན་དགའ་བོར་གསུངས་པའི་བདེ་གཤེགས་ཀུན་འདུས་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་ཀྱི་ཚིག་ལན་གཅིག་བརྗོད་ན་བསྐལ་པ་བརྒྱད་ཁྲིའི་སྡིག་སྒྲིབ་དག ལན་བཅུ་བཟླས་ན་བསྐལ་པ་འབུམ་ཕྲག་བརྒྱད་ཀྱི་སྡིག་གྲིབ་འདག བྱེ་བ་བརྒྱད་བཟླས་ན་ཚེ་འཁོར་བ་ཐོག་མཐའ་མེད་པའི་སྡིག་སྒྲིབ་འདག ཐོས་པ་དང་དྲན་པས་མཚམས་མེད་པ་ལྔའི་ལས་འདག མཐོང་བ་དང་རེག་པས་མི་དགེ་བཅུའི་ལས་ཀྱི་སྡིག་སྒྲིབ་འདག སྐུ་ལ་རེག་ཅིང་མཐོང་ཐོས་དྲན་པས། དགེ་འདུན་གྱི་དཀོར་ལ་འབགས་པ་དང༌། འདུ་སྒོ་བཀག་པ་དང༌། སྐུར་བ་བཏབ་པ་ལ་སོགས་མདོར་ན་དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་སྒྲིབ་འདག མཆོད་པ་ཕུལ་ན་བླ་མའི་སྐུ་ལ་བསྡོས་པ། གསུང་བཅག་པ། ཐུགས་དཀྲུག་པ། ཕྱག་རྫས་དང་འགལ་བའི་སྡིག་སྒྲིབ་འདག །ཀུན་དགའ་བོ་སངས་རྒྱས་འདི་ནི་རྒྱལ་བ་རྒྱལ་སྲས་ཐམས་ཅད་དང༌། སྐུ་ཚེ་དང་འདུལ་ཞིང་མཛད་པ་མཉམ། བསྟན་པ་བཞུགས་ཡུན་བྱིན་རླབས་ནུས་མཐུ་མཉམ། ཐུགས་རྗེས་སྨོན་ལམ་འགྲོ་དོན་མཉམ། བླ་མ་ཀུན་འདུས་སངས་རྒྱས་དམ་ཆོས། དགེ་འདུན་རྒྱལ་བ་རྒྱལ་སྲས་བདེ་གཤེགས་ཀུན་འདུས། དཀོན་མཆོག་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་ཡི་དམ་སྐྱབས་གནས་ཀུན་འདུས། ཀུན་འདུས་རྒྱལ་པོ། འདུས་སྐུ་རྒྱལ་པོ་གཅིག་ཆོག་རྒྱལ་པོ་ཡིན་པས། དད་པ་དང༌། མོས་པ་དང༌། འདུན་པ་དྲག་པོས་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། གསོལ་བ་བཏབ་ན་ལྟ་སྨོས་ཀྱང་ཅི་དགོས། མཚན་ཐོས་པ་དང༌། སྐུ་རྟེན་མཐོང་བ་དང༌། དྲན་པ་ཙམ་གྱིས་ངན་སོང་དང༌། ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་ནུས་སོ།། ཞེས་སྔོན་སངས་རྒྱས་གསེར་ཐུབ་ཆེན་པོ་དང༌། སངས་རྒྱས་བྱེ་བ་ཁྲག་ཁྲིག་དགྲ་བཅོམ་པ་བརྒྱད་ཁྲི་བཞི་སྟོང༌། བྱང་ཆུབ་སེམས་དཔའ་ལས། ཁྱིམ་བདག་མོ་ཉི་མའི་མདངས་དང་ལྡན་མས། སངས་རྒྱས་ག་ལ་བ་དེར་ཕྱིན་ཏེ། སངས་རྒྱས་ལ་ཕྱག་བྱས་སོ།། ཆོས་ལ་ཕྱག་བྱས་སོ།། དགེ་འདུན་ལ་ཕྱག་བྱས་སོ།། རྒྱུ་དང་འབྲས་བུ་འདུས་པའི་ནད་དང༌། ངན་སོང་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པའི་ལྷ་ལ་ཕྱག་བྱས་སོ།། དགོངས་ཤིག་སངས་རྒྱས་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་གནས་སྐབས་སུ་ཡང༌། ནད་མཚོན་མུ་གེ་དང༌། མཐར་ཐུག་ངན་སོང་ངན་འགྲོ་ལས་བསྐྱབ་ཏུ་གསོལ།། ཞེས་ཞུས་པས། སངས་རྒྱས་ཀྱིས་དུག་གསུམ་ནད་སེལ། དབུལ་ཕོངས་ཀུན་སེལ་སྨན་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། སྙོམས་པར་བཞུགས་མ་ཐག་ཏུ་སྟོན་པའི་དཔྲལ་བའི་མདོངས་བུ་ནས་འོད་ཟེར་མཐིང་ག་ཅིག་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག་པས། ནད་དང་གདོན་ཐམས་ཅད་བསལ་ནས་སླར་ཡང་དཔྲལ་བར་འདུས་པ་ལས་སྟོན་པས་གསུངས་པ། ཁྱིམ་བདག་མོ་ཉོན་ཅིག ཤར་བཻཌཱུརྱ་ཞེས་པའི་ཞིང་ཁམས་ཆེན་པོ་ནས། ཐུགས་མཁྱེན་པའི་ཡེ་ཤེས། མཛད་པའི་ཕྲིན་ལས། ནུས་པའི་རྒྱ་མཚོ། སྟོབས་ཀྱི་རི་བོ། སྨོན་ལམ་གྱི་ནམ་མཁའ། བརྩེ་བའི་བདག་ཉིད་སྐྱོབ་པའི་མཁྱེན་བརྩེ། གཞན་ལ་ཕན་འདོགས་ཀྱི་བསམ་སྦྱོར། སྤངས་རྟོགས་ཀྱི་ཡོན་ཏན། སངས་རྒྱས་ཐམས་ཅད་ཀྱི་མཐུ་བསྡོམས་པ་དང་མཉམ་པས། མོས་པས་མཚན་བརྗོད་པ་དང༌། གཟུངས་སྔགས་བཟླས་པ་དང༌། མཆོད་པ་སོགས་གསོལ་བ་བཏབ་ན་ལྟ་ཅི་སྨོས། མཚན་ཐོས་པ་དང༌། སྐུ་རྟེན་མཐོང་བ་དང༌། དྲན་པ་ཙམ་གྱིས་མི་མཐུན་པའི་དཔུང་ཚོགས་བཤིག་ནས་མཐུན་ཕྱོགས་ཀྱི་སྟོབས་བསྐྱེད་ནུས་པ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ་འཕགས་པའི་རྒྱལ་པོ། དེ་བཞིན་གཤེགས་པ་རྣམས་ཀྱི་དེད་དཔོན། བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ། སྐུ་ལྟ་བས་ཆོག་མི་ཤེས་པ། གསུང་རྣམ་པར་དག་པ། ཐུགས་མངོན་པར་ཤེས་པ་དང་ལྡན་པ། འཁོར་ཐེག་ཆེན་འགའ་ཞིག་གིས་བསྐོར་བ། སྐུའི་འོད་ཀྱིས་ཁམས་གསུམ་གསལ་བར་འགྱེད་པ། ཡིད་ལ་དྲན་པ་ཙམ་གྱིས་རྒྱུ་འབྲས་ཀྱི་ནད་དང༌། འཁོར་བ་དང་ངན་སོང་འཇོམས་ནུས་པ། ནད་མཚོན་མུ་གེ་བཅོམ་ནས། གང་འདོད་དངོས་གྲུབ་སྐད་ཅིག་ལ་སྩོལ་བའི་བདག་ཉིད་ཁྱད་པར་འགྲོ་བ་ནད་པའི་སྐྱབས་མགོན། འགྲོ་བ་ནད་པ་རྣམས་དང་འཚོ་བྱེད་སྨན་པ་རྣམས་ཀྱི་བླ་མ། འབྲེལ་ཚད་དོན་ལྡན་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་འཁོར་དང་བཅས་པ་བཞུགས་སོ།། དེའི་ཡོན་ཏན་དྲན་ནས་མོས་པ་དང་དད་པའི་གཞི་ཟུང་ཞིག སངས་རྒྱས་ཐམས་ཅད་དེ་ལ་འདུས་ཤིང་སྨོན་ལམ་གྱི་རྒྱ་མཚོ་ཚད་མེད་གྲངས་མེད་པས་སངས་རྒྱས་གཞན་ལས་ཁྱད་པར་འཕགས་པས། བདེ་གཤེགས་ཀུན་འདུས་ཀྱི་རྒྱལ་པོ་ཞེས་སོ།།

            གཡུ་ཐོག་པའི་ཞལ་ནས། དེས་ན་བླ་མ་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་བཟླས་པ་དང་མཆོད་པ་འབུལ་བ་དང༌། ཕྱག་བཤགས་སོགས་ལ་བརྩོན་པ་གལ་ཆེའོ།། བྱང་ཆུབ་སེམས་དཔའ་དཔལ་ལྡན་པདྨོས་ཞུས་པའི་མདོ་ལས། གང་ཞིག་སྨན་པ་སྐར་མ་དྲི་མ་མེད་ཀྱི་གཟུངས་དང་མཚན་མཐོང་ཐོས་དྲན་ཞིང་རེག་པ་དང༌། བསྒོམ་ཞིང་བཟླས་བརྗོད་བྱས་པས། ལྟས་ངན་དང་བཀྲ་མི་ཤིས་པའི་དངོས་པོ་དང་རྨི་ལམ་ངན་པ་དང༌། མཚན་མོ་རྩུབ་པའི་དངོས་པོ་མཐོང་བར་མི་འགྱུར་རོ།། གང་དག་འབྱུང་བ་བཞིའི་འཇིགས་པ་དང༌། གཅན་གཟན་ཁྲོ་བོའི་འཇིགས་པ་དང༌། ཕ་རོལ་གྱི་དམག་ཚོགས་དང་རྐུན་པོ་དང་ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། ནད་གདོན་བར་ཆད་ཀྱིས་མི་ཚུགས་ཤིང་འཁོར་བ་དང་ངན་སོང་ལས་གྲོལ་བར་འགྱུར་རོ།། གང་དག་གཟུངས་མཚན་གྱི་ཕན་ཡོན་ལ་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་ན། སྐལ་བ་དམན་ཅིང་ཐེག་པ་དམན་གྱི་རིགས་སོ།། ཀུན་དགའ་བོ་སྨན་པའི་རྒྱལ་པོའི་གཟུངས་དང་མཚན་མཐོང་ཐོས་དྲན་རེག་བཟླས་བསྒོམས་བྱེད་པ་ཤིན་ཏུ་ཉུང༌། དེ་ཅིའི་ཕྱིར་ཞེ་ན། ཟབ་པ་དང་ཤིན་ཏུ་ཟབ་པའི་ཕྱིར་རྙེད་དཀའོ།། ཞེས་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སངས་རྒྱས་སྟོང་གི་ཐ་ཆུང་གཞོན་ནུ་བློ་གྲོས་མཐའ་ཡས་ཞེས་བྱ་བས། སེམས་བསྐྱེད་བདག་ནི་རབ་ཏུ་བྱུང་སྟེ་མདོ་རྒྱུད་ལུང་མན་ངག་བསྟན་བཅོས་ལ་སྦྱང་ཞིང་བསླབས་ཏེ། བྱང་ཆུབ་སེམས་དཔའ་སྐར་མ་དྲི་མེད་བྱ་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པ་ནི། དང་པོའི་སྨོན་ལམ་གྱི་སྟོབས་ཀྱིས་འདི་ལྟར་བརྗོད་པར་བྱའོ།། ཨེ་མ་བདག་སྨན་པའི་རྒྱལ་པོ་བཻཌཱུརྱ་འོད་ཀྱི་རྒྱལ་པོར་གྱུར་པའི་ཚེ་བདག་གི་གཟུངས་དང་མཚན་མཐོང་ཐོས་དྲན་ཞིང་རེག་བཟླས་བསྒོམས་པའི་གང་ཟག་དེ་ལ་ནད་མེད་ཅིང༌། གནོད་པ་མེད་པ་དང༌། ཚེ་རིང་ཞིང་ཆོས་ནོར་བདེ་བ་འཕེལ་བ་དང༌། མི་དགེ་བའི་སྡུག་བསྔལ་དང་བྲལ། དགེ་བ་བཅུའི་ལས་དང་ལྡན་པར་གྱུར་ཅིག དེ་བཞིན་དུ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཉོན་མོངས་པ་མེད་དེ། བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །དེ་བཞིན་དུ་བདག་ནི་འབྲེལ་ཚད་དོན་དང་ལྡན། མཐོང་བ་དོན་ལྡན་ཐོས་པ་དོན་ལྡན་དྲན་པ་དོན་ལྡན་རེག་པ་དོན་ལྡན་དང་ལྡན་པར་གྱུར་ཅིག བདག་ལ་ཡིད་འགྱུས་པ་དང༌། བདག་གི་སྐུ་རྟེན་བཞེངས་པ་དང༌། སེམས་མཉམ་པར་བཞག་པས་ལྟ་ཅི་སྨོས། མ་བཞག་པས་ཀྱང་བདག་གི་མིང་བརྗོད་པ་དང༌། བདག་གི་ཕྱོགས་སུ་གོམ་པ་བདུན་བོར་ན། འཁོར་བ་དང་ངན་སོང་གི་སྒོ་ཁེགས་ཤིང༌། མཐོ་རིས་སུ་སྐྱེས་པའི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང༌། བླ་ན་མེད་པའི་སངས་རྒྱས་ཐོབ་པར་གྱུར་ཅིག བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་སྨོན་ལམ་གྱི་སྟོབས་དང༌། ཁྱད་པར་ཟབ་ཅིང་རྒྱ་ཆེ་བ་དང་ནུས་པ་མཉམ་ཞིང་སྐུ་ཚེ་དང་ཕྲིན་ལས་ཆོས་དང་འདུལ་ཞིང༌། བསྟན་པ་ལ་བཞུགས་ཡུན་དང༌། འདུལ་ཞིང་མཉམ་པར་གྱུར་ཅིག བདག་གི་མཚན་དང་གཟུངས་དུས་རྒྱུན་དུ་བཟླ་ཞིང༌། བདག་གི་ཡོན་ཏན་དྲན་ཞིང་མཆོད་པར་བརྗོད་པའི་གང་ཟག་དེ། སྐྱེ་བ་གསུམ་ནས་བདག་གི་དྲུང་དུ་སྐྱེས་ཏེ་ཡོན་ཏན་གྱི་མཛོད་འཛིན་པར་གྱུར་ཅིག བདག་གི་མིང་དྲན་ཞིང་གཟུངས་བསྒོམ་པ་དང༌། ཡོན་ཏན་བརྗོད་པ་དང་བདག་ལ་འདུན་པ་དྲག་པོས་གསོལ་བ་འདེབས་པའི་གང་ཟག་དེ་ཕྱི་ཡི་ཐོད་པ་བོར་ཏེ་ཤི་འཕོས་མ་ཐག་ང་ཉིད་སངས་རྒྱས་པའི་ཞིང་དུ་སྐར་མདའ་འཕངས་པ་ལྟར་འཇུག་པ་དང༌། བདག་གི་ཡོན་ཏན་གྱི་མཛོད་འཛིན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུར་གྱུར་ཅིག དེ་ལྟ་བུའི་སྨོན་ལམ་བཏབ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚད་མེད་དོ།། ཐབས་མཁས་པ་ཡང་ཚད་མེད་དོ།། སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མེད་དོ།། བྱང་ཆུབ་སེམས་དཔའ་སྐར་མ་དྲི་མེད་ཀྱི་དུས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ། བསྐལ་པའི་བསྐལ་པ་ལས་ལྷག་པའི་ཡང་དག་པར་བཤད་པར་འདོད་ཀྱང༌། བསྐལ་བ་ཟད་པར་འགྱུར་གྱིས། དེའི་སྨོན་ལམ་གྱིས་མཐའ་རྟོགས་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་ཤར་བཻཌཱུརྱའི་ཞིང་དུ་བཻཌཱུརྱ་འོད་ཀྱི་རྒྱལ་པོར་སངས་རྒྱས་སོ།། ཀུན་དགའ་བོ་ཁྱོད་དང་ཅི་མོས་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ།། ཞེས་དང༌།

            མཽདྒལ་གྱི་བུས་ཞུས་པའི་མདོ་ལས། སྟོན་པ་སྨན་པའི་རྒྱལ་པོའི་གཟུངས་དང་མཚན་བཟླས་བརྗོད་བྱེད་ཅིང་བསྒོམས་པ་ནི།། སྐྱེ་བ་གཅིག་ཐོགས་ཀྱི་བྱང་ཆུབ་སེམས་དཔའ་མ་གཏོགས། ཉན་རང་གི་རིགས་ཅན་རྣམས་ཡིད་མི་ཆེས་པ་ནི་སྐལ་བ་དམན་ཞིང་བསོད་ནམས་ཀྱིས་མི་འཆུན་པའོ།། སྐལ་ལྡན་ལས་འཕྲོ་ཅན་དང་རྫུ་འཕྲུལ་དང་ལྡན་པ་རྣམས་ཡིད་ཆེས་ཤིང་འདི་ལ་གཅེས་སྤྲས་སུ་བྱེད་པའོ།། སེམས་ཅན་སུ་གང་དག་འདི་གཞན་ལ་སྟོན་པ་དང༌། འདིའི་ཡོན་ཏན་བརྗོད་ན་དཀར་ཕྱོགས་ཀྱི་ལྷ་རྣམས་མཉེས་ཤིང་བསྲུང་བ་དང༌། སྐྱོབ་པར་བྱེད་དོ།། གང་དག་སྟོན་པ་དེའི་གཟུངས་དང༌། མཚན་བརྗོད་ན་ནད་ལས་ཐར་ནས་ས་དང་པོ་ཐོབ་པར་འགྱུར་རོ།།

 

            བར་དུ་བཀའ་གྲོལ་འགྲོ་དོན་རྒྱ༔ སངས་རྒྱས་དེ་ལ་ཕྱག་འཚལ་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས་ཡུལ་དེར་ལོ་ལེགས་པ་དང༌། ཡུལ་བདེ་བ་དང༌། རླུང་དང་ཆར་པ་དུས་སུ་ལྡང་ཞིང་འབབ་པ་དང༌། འབྲུ་སྨིན་ནས་ཀྱང་རྒྱལ་པོ་ནད་མེད་དགའ་བདེ་དང་ལྡན། སེམས་ཅན་མ་རུངས་པ་བྲན་ཁོལ་ནུས་ཤིང། རང་སྟོབས་དང་ལྡན་པར་འགྱུར་རོ།། མི་མཐུན་པ་ཐམས་ཅད་ཞི་ནས་དཔལ་འབྱོར་ཚེ་དང་བསོད་ནམས་རྒྱས་པར་འགྱུར་རོ།། ཞེས་དང༌། རྒྱལ་ཆེན་སྡེ་བཞིས་དམ་བཅས་པ་ལས། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་བདག་གིས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོའི་མཚན་དང་གཟུངས་ཀྱི་ཚིག་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་སྡུག་བསྔལ་འབྱུང་བར་མི་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་དང་རིམ་གྲོ་བྱེད་ཅིང་མཚན་དང་གཟུངས་ཀྱི་ཚིག་འཆང་བ་དང༌། མཐོང་ཞིང་ཐོས་པ་དང༌། དྲན་ཞིང་རེག་པ་དང༌། བཟླས་ཤིང་འབྲི་བ་དང༌། བསྒོམས་ཤིང་གཞན་ལ་སྟོན་པའི་སེམས་ཅན་དེ་དག་ལ་བདག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱིའོ།། གནོད་པ་ཐམས་ཅད་ལས་བསྲུང་བར་བགྱིའོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། ཞེས་དང༌། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱིས་དམ་བཅས་པ་ལས། སྟོན་པ་སྨན་པའི་རྒྱལ་པོའི་སྨན་དང་གཟུངས་འཛིན་ཅིང་ཡིད་ལ་བྱེད་པའི་གང་ཟག་དེ་ལ་ཉིན་མཚན་དུས་དྲུག་ཏུ་སྐད་ཅིག་ཀྱང་གཡེལ་བ་མེད་པར་བདག་གིས་བསྲུང་བ་དང༌། བསྐྱབ་པ་དང༌།། སྦེད་པར་བྱེད། བདག་ཅག་རྣམས་ཀྱང་སྟོན་པའི་ཡོན་ཏན་དྲན་ཞིང༌། སྔོན་གྱི་ཁྱད་པར་གྱི་སྨོན་ལམ་དྲན་ཞིང༌། སྔོན་གྱི་སྨོན་ལམ་ཐོབ་པས་དད་ཅིང་མོས་པ་དང་ལྡན། སྟོན་པ་དེའི་མཚན་མི་བརྗེད་པར་ཡིད་ལ་བྱའོ།། ཞེས་དང༌། སྨན་གྱི་ལྷ་མོ་ཉི་ཤུས་དམ་བཅས་པ་ལས། སྟོན་པ་སྨན་པའི་རྒྱལ་པོའི་སེམས་ཅན་སུ་དག་གིས་དགེ་བའི་རྩ་བ་ཆུང་ངུ་གཅིག་བསྐྱེད་ན། སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཡན་ལག་བདུན་གྱི་སྒོ་ནས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པར་འགྱུར། སྟོན་པ་དེའི་གཟུངས་དང་མཚན་མཐོང་བས་སྡིག་པའི་ཕུང་པོ་རི་རབ་ཙམ་དང༌། མཚམས་མེད་པ་ལྔ་བྱང་བར་འགྱུར་རོ།། ཐོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་དེའི་གན་དུ་བྱོན་ནས། དབང་བསྐུར་བྱིན་གྱིས་བརླབས་པ་དང༌། སྨོན་ལམ་བཟང་པོས་སྨིན་པར་མཛད། ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་ལོ་བརྒྱ་འཚོ། སྟོན་བརྒྱ་མཐོང༌། དགའ་བ་དེའི་དཔལ་ལ་སྤྱོད་དེ། གཟུངས་མཚན་དྲན་པས་བུད་མེད་ཀྱི་ལུས་སུ་ནམ་ཡང་སྐྱེ་བར་མི་འགྱུར། དེ་ལ་བདུད་དང་བདུད་ཀྱི་རིགས་དང༌། གནོད་སྦྱིན་གྱིས་གླགས་མི་རྙེད་དོ།། གཟུངས་དང་མཚན་རེག་པས་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར་རོ།། བཟླས་པས་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་གིས་ལུང་བསྟན་ཏེ། སྨན་བླའི་ཞིང་དུ་སྐྱེ་བར་འགྱུར་རོ།། བྲིས་པས་དེ་ལ་རྒྱལ་ཆེན་སྡེ་བཞིས་སྲུང་སྐྱབས་བྱེད་པར་འགྱུར་རོ།། བསྒོམས་པས་སྨན་པའི་རྒྱལ་པོ་དེའི་གམ་དུ་བྱོན་ནས་ཞིང་ཁམས་སུ་ཕྱག་གིས་དྲང་བར་འགྱུར་རོ།། ཡིད་ལ་བྱས་པས་རང་གར་ཕྱིན་པའི་སར་ནག་ཕྱོགས་རྣམས་འབྲོས་ཤིང༌། དཀར་ཕྱོགས་རྣམས་ཀྱིས་རང་སྨན་པའི་རྒྱལ་པོར་མཐོང་སྟེ། དེ་ལ་ཕྱག་དང་བསྐོར་བ་བྱེད་ཅིང༌། མཆོད་ཅིང་བསྙེན་བཀུར་བ་དང༌། ཟས་ནོར་དང་སྨན་གྱི་དངོས་གྲུབ་སྩལ་ཏེ་འདོད་པའི་དོན་ཐམས་ཅད་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ།། སྨན་པའི་རྒྱལ་པོ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་གང་ཟག་དེ་ལ། སྨན་བླ་དྲང་སྲོང་ལྷ་མོ་འཚོ་བྱེད་རིག་འཛིན་རྣམས་ཀྱིས་དེ་བཞིན་དབང་བསྐུར་བྱིན་གྱིས་བརླབས་ཏེ། ངའི་བུ་སྐལ་ལྡན་འདི་ལ་ཕྱོགས་བཅུ་དུས་གསུམ་གྱིས་དབང་དང་བྱིན་རླབས་མཛོད་ལ། སྨན་བསོད་དང་འགྲོ་དོན་རྒྱས་པར་གྱུར་ཅིག །གསོ་དཔྱད་ལ་རང་དབང་ཐོབ་སྟེ་ནད་པའི་བྱ་བ་ལ་སྐད་ཅིག་མི་གཡེལ་བར་ནད་པའི་བྱ་བ་བསྒྲུབ་ནུས་པར་གྱུར་ཅིག །ང་དང་སྐད་ཅིག་མི་འབྲལ་བར་ལུས་དང་གྲིབ་མ་ལྟར་འགྲོགས་པར་གྱུར་ཅིག བདུད་རྩི་སྨན་གྱི་ཡོ་བྱད་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་ནས་བསིལ་དྲོད་སྡེབ་ལ་མཁས་ཤིང༌། ནད་ཚ་གྲང་གི་གཉེན་པོ་ཐོག་མདའ་ལྟར་རྒྱུག་ནུས་པར་གྱུར་ཅིག །རེག་པ་རྩ་ལ་ནད་ངོས་འཛིན་དུས།། བང་ཕྱིན་པས་ལག་པ་ནས་བཟུང་སྟེ། གཏམ་འདྲི་སྟེ་གཞན་ལ་སྟོན་པ་ལྟར། ནད་ངོས་ཟིན་པར་གྱུར་ཅིག །མཐོང་བ་ཆུ་ལ་ནད་ངོས་འཛིན་དུས།། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་སྟེ། ཕྱི་ནང་གསལ་བ་ལྟར་ནད་ངོས་ཟིན་པར་གྱུར་ཅིགབསིལ་དྲོད་སྡེབ་དུས་ཀྱི་སྒོ་ནས་ནད་བཅོས་དུས་ཚ་བའི་ནད་ལ་སྨན་བསིལ། གྲང་བའི་ནད་ལ་སྨན་དྲོད། ནད་ཚ་གྲང་འདྲེས་པ་ལ་སྨན་བསིལ་དྲོད་སྙོམས་པ་བཏང་བས། ནད་ཀྱི་དཔུང་ཚོགས་འཇོམས་ནུས་པར་གྱུར་ཅིག །ཅེས་པའི་སྨོན་ལམ་ནངས་རེ་བཞིན་འདེབས་ནུས་པར་འགྱུར་རོ།། བདག་ཅག་ལྷ་མོ་རྣམས་ཀྱིས་ཀྱང་སྨན་གྱི་ཆ་བྱད་མང་པོ་ཐོགས་ཏེ། ནད་ལ་ལ་ཤེས་རབ་ཀྱི་གཙག་ཁབ་ཀྱིས་ཕྱིར་འདྲེན། ནད་ལ་ལ་ཡེ་ཤེས་ཀྱི་མེ་ཤེལ་གྱིས་བསྲེགས། ནད་ལ་ལ་ནི་གནམ་ལྕགས་ཀྱིས་རྔབ་རུས་འདྲེན། ནད་ལ་ལ་ནི་ཡེ་ཤེས་ཀྱི་འཆིངས་ཀྱིས་བསྡམས། གང་ཟག་དེ་ལྟ་བུའི་གྲོགས་བྱེད་དེ། དྲང་སྲོང་བྲམ་ཟེ་རིག་འཛིན་པ་རྣམས། གང་ཟག་དེའི་སྨན་གྱི་ལས་ཐམས་ཅད་འགྲུབ་པར་བྱེད་པ་སྨོན་ལམ་བཟང་པོ་འདེབས་པར་མཛད་པས། སྟོན་པ་སྨན་པའི་རྒྱལ་པོ་ལ། དད་པ་དང་མོས་པའི་སྟོབས་བསྐྱེད་ལ། མཚན་ནས་བརྗོད་གཟུངས་སྔགས་བཟླས། ཕྱག་མཆོད་འབུལ་ཅིག །འདི་ལ་ནན་ཏན་དུ་བསྐྱེད་ཅིག །ཅེས་དང༌།

            ༈ གསང་བའི་དྲང་སྲོང་གསུམ་གྱིས་དམ་བཅས་པ་ལས། སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནས་སངས་རྒྱས་ཀྱི་ཞིང་མ་སྨོས། སྣ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་མོས་པ་ཞེས་བྱ་བ་བཞུགས་སོ།། སངས་རྒྱས་དེའི་ཞལ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསྟན་པ་ལ་བཞུགས་ཡུན་མཉམ། སྐུ་ཚེའི་ཚད་མཉམ། གདུལ་བྱ་ཕྲིན་ལས་མཉམ། ཐུགས་རྗེ་བྱིན་རླབས་མཉམ། མཐུ་དང་ནུས་པ་མཉམ། སྨོན་ལམ་དང་ཐུགས་བསྐྱེད་མཉམ་པའི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེའི་གཟུངས་དང་མཚན་མཐོང་བ་དང་ཐོས་པ་དང་དྲན་པ་དང༌། རེག་པ་དང་བཟླས་ཤིང་བསྒོམ་པ་དང༌། ཡི་གེར་འབྲི་ཞིང་གཞན་ལ་སྟོན་པ་དང༌། ཕྱག་མཆོད་འབུལ་ཞིང་གསོལ་བ་འདེབས་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་གྱི་སྒོ་ནས་དགེ་བའི་རྩ་བ་བསྐྱེད་པའི་གང་ཟག་དེས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུངས་མཚན་མཐོང་ཞིང་ཐོས་དྲན་ཞིང་རེག་བཟླས་ཤིང་བསྒོམས། བྲིས་ཤིང་གཞན་ལ་སྟོན། ཕྱག་མཆོད་འབུལ་ཞིང་གསོལ་བ་འདེབས་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ། ཡན་ལག་བདུན་གྱི་སྒོ་ནས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པར་འགྱུར་རོ།། བདག་ཅག་དྲང་སྲོང་རྣམས་ཀྱིས། དེ་ལྟ་བུའི་གང་ཟག་དེ་ལ་ཉིན་མཚན་དུས་དྲུག་ཏུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་འགྱུར་ཞིང༌། སྨན་གྱི་ལས་ཐམས་ཅད་འགྲུབ་པ་དང༌། ནད་ཀྱི་སྟོབས་བཤིག་ནུས་པ་དང༌། ནད་པའི་དོན་རྒྱ་ཆེན་པོ་བྱེད་ནུས་པ་དང༌། སྨན་པ་རྣམས་ཀྱི་མཆོག་ཏུ་འགྱུར་བ་དང༌། སྨན་བསོད་རྒྱས་པའི་སྨོན་ལམ་བཟང་པོ་དུས་རྒྱུན་དུ་བཏབ་པར་བྱའོ།། ཞེས་པ་ལ་སོགས་པ་མང་པོ་ཡོད་ཀྱང༌། འདིར་ཟུར་ཙམ་ཡི་གེར་བཀོད་པ་ལགས་སོ།།

            ༈ ཡང་གཡུ་ཐོག་ཆེན་པོས་སྒྲུབ་པ་མཛད་པའི་ཚེ། འཚོ་བ་ཆད་ནས་ཀྱང་ཞག་འགའ་ཐུགས་རུས་བསྐྱེད་ཀྱང་སྐུ་ལུས་བགྲེས་པས། བསེར་མས་གཡོས་པས་འདྲེ་རྗེའི་ཐུགས་ལ། སངས་རྒྱས་སྒྲུབ་པའི་རྟེན་མཆོག་ཁྱད་པར་ཅན་འདི་དང་བྲལ་བ་འདྲ་དགོངས་ནས།། འཚོ་བ་ཞིག་གི་སྟ་གོན་མཛད་གྲབས་བྱས་པས། གཟུགས་མེད་པའི་སྐད་ཅིག་གིས་འདི་སྐད་ལོ། གཡུ་ཐོག་པ། ཆོས་ཕྱིར་ལུས་སེམས་བྲལ་ཀྱང་འགྱོད་པ་མེད།། དཀའ་སྤྱད་ཐུབ་ན་ཡོན་ཏན་སྐྱེ་ངེས་ཏེ།། ལྟོ་གོས་གཏམ་ལ་སྡུག་ཁུར་མ་ནུས་པས།། ཆོས་ཕྱིར་ཤི་ནའང་འབད་པ་དོན་ཡོད་ཡིན།། ན་ན་ན་དགའ་ཤི་ན་ཤི་དགའ་བསྒོམས།། ཆོས་པ་སྡུག་ནས་ཤི་བའང་ངས་མ་མཐོང༌།། ཆོས་བཞིན་བྱས་ན་ལོངས་སྤྱོད་ཆར་བཞིན་འབབ།། སྨན་བླའི་གཟུངས་སྔགས་རྒྱལ་པོ་འདི་བཟླས་ན།། བསམ་དོན་ཆོས་བཞིན་འགྲུབ་པར་ཐེ་ཚོམ་མེད། ཨོཾ་ཨཱ༔ཧཱུཾ་གུརུ་བཻཌཱུརྱ་ལ་ཨམྲྀཏ་སིདྡྷི་ཧཱུཾ་ཛ༔ ཁམས་གསུམ་དབང་དུ་སྡུད་པའི་དབང་སྡུད་ཡིན། སྲིད་གསུམ་ཟིལ་གྱིས་ནོན་པའི་ཟིལ་ནོན་ཡིན་ཟེར་རོ།། དེ་ནས་འདྲེ་རྗེ་ཆེན་པོས་འཚོ་བའི་སྟ་གོན་མ་མཛད་པར་གང་བྱུང་ལམ་དུ་ཁྱེར་ནས་གཟུངས་སྔགས་ཟབ་མོ་རྣམས་བཟླས་ཤིང་བཞུགས་པས། མ་བབས་པའི་ས་ནས་ཟས་ནོར་དཔག་མེད་བྱུང་བས། འདྲེ་རྗེ་ཆེན་པོས་གང་བྱུང་ལམ་ཁྱེར་གྱི་མན་ངག་དང༌། གཟུངས་སྔགས་འདི་ཤིན་ཏུ་ཕན་ཡོན་ཆེ་བར་དགོངས་ནས། གང་བྱུང་ལམ་ཁྱེར་དང་གཟུངས་སྔགས་འདི་ལ་གཅེས་སྤྲས་ཆེན་པོ་མཛད་དོ།། ནད་པ་ལ་ཕན་ཡོན་གདགས་པའི་ཕན་ཡོན་ནི།། ཡང་གཡུ་ཐོག་པས་འདི་ལྟར་གསུངས། བསོད་ནམས་ཚོགས་གསོག་ཞིང་སའི་ནད་པ་དེ།། ཚོགས་གསོག་ཀུན་གྱི་ཞིང་ས་ཆེན་པོ་ཡིན།། ཚོགས་གསོག་རྒྱ་ཆེན་ཟབ་ཟབ་འགའ་གསུངས་ཀྱང༌།། གཞན་གྱིས་དོ་ཟླ་མེད་པར་རྒྱལ་བས་གསུངས།། ནད་པ་གཅིག་ཕྱིར་གོམ་པ་བདུན་བོར་ན།། སངས་རྒྱས་ཀུན་ལ་བསྐོར་བ་བྱས་དང་མཉམ།། ནད་པ་གཅིག་ལ་སྨན་ཐུན་གཅིག་བྱིན་ན།། སེམས་ཅན་ཀུན་ལ་སྦྱིན་པ་བྱིན་དང་མཉམ།། ནད་པ་གཅིག་གི་རེ་བ་བསྐང་བ་ན།། མཆོད་འོས་ཀུན་ལ་མཆོད་པ་ཕུལ་དང་མཉམ།། གསུངས་སོ།། ཡང་སློབ་མ་ནམ་མཁའ་བརྟན་པ་ན་རེ། སངས་རྒྱས་ཀྱི་མཚན་བརྗོད་པ་འདི་ལ་ཕན་ཡོན་ཆེ་བར་མཚན་འབུམ་དང༌། མདོ་སྡེ་རིན་པོ་ཆེ་དང༌། ལོ་པཎ་སྐྱེས་མཆོག་དམ་པ་རྣམས་ཀྱིས་གསུངས་གདའ་བ། དེའི་ནང་ནས་སངས་རྒྱས་གང་དང་གང་གི་མཚན་བརྗོད་པ་ཕན་ཡོན་ཆེ་ཞུས་པས། འདྲེ་རྗེ་ཆེན་པོས་གསུངས་པ། སྤྱིར་སངས་རྒྱས་གང་གི་མཚན་བརྗོད་ཀྱང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། ཁྱད་པར་སྟོན་པ་བདེ་གཤེགས་བརྒྱད་དང་བྱང་སེམས་གསུམ་གྱི་མཚན་ནས་བརྗོད་པ། ཕྱག་མཆོད་ཕུལ་བ་རང་རང་གི་མདོ་ནས་བཤད་པའི་སྨོན་ལམ་གང་བཏབ་རང་སྟོབས་ཀྱིས་འགྲུབ་ནུས་ཤིང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་སྨོན་ལམ་གང་བཏབ་འགྲུབ་ནུས་པ་ཡིན་ཏེ། སྨོན་ལམ་དེ་ཐམས་ཅད་ཀྱི་མཐུ་དང་ནུས་པ་རྒྱས། བྱང་སེམས་དེ་དག་གི་མཚན་བརྗོད་པའི་མཐུ་ནུས་ལས་བྱུང་བ་ཡིན། ཅིའི་ཕྱིར་ན་སློབ་པ་ལམ་གྱི་སྐབས་སུ་སྨོན་ལམ་དང་སེམས་བསྐྱེད་རྒྱ་ཆེ་བ་ཡིན་པས་ཕན་ཡོན་ཤིན་ཏུ་ཆེའོ།། སངས་རྒྱས་དཔའ་བོ་རབ་བདུན་གྱི་མཚན་བརྗོད་ན། སངས་རྒྱས་སྟོང་གི་མཚན་བརྗོད་པ་དང་མཉམ་ཞིང༌། མཆོད་པ་ཕུལ་བའང་དེ་དང་འདྲའོ།། དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཚན་བརྗོད་ཅིང་བསྟོད་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་ཚར་གཅིག་བརྗོད་པ་འདྲའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ཀུན་ལ་སྦྱར་ལ། རིན་ཆེན་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་ལན་གཅིག་བརྗོད་པས་ཚེ་གཅིག་ལ། བཞོན་པ་ཞོན་པ་དང༌། བདག་གི་དོན་དུ་གཞན་བཀོལ་བའི་སྡིག་པ་འདག་གོ།། རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་དུ་གསལ་བ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཚེ་གཅིག་ལ་དགེ་འདུན་གྱི་དཀོར་ལ་འབགས་པ་དང༌། དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་པ་འདག་གོ།། སྤོས་དང་མེ་ཏོག་ལ་དབང་བའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཚེ་གཅིག་ལ་ཚུལ་ཁྲིམས་འཆལ་པ་དང༌། འཆལ་བར་གྱུར་པའི་སྡིག་པ་འདག་གོ།། བྱེ་བ་ཕྲག་བརྒྱ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ངེས་པར་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཚེ་གཅིག་ལ་སྟོན་པ་དང་སྤྱོད་པ་འགྱུར་བའི་སྡིག་པ་འདག་གོ།། རིན་ཆེན་རྡོ་རྗེ་དཔའ་བརྟན་ཞིང་དུལ་བས་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། སངས་རྒྱས་ཐམས་ཅད་ཀྱི་བཀའ་ཚར་གཅིག་བཀླག་པའི་བསོད་ནམས་དང་མཉམ་མོ།། གཟི་བརྗིད་ངེས་པར་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཚེ་གཅིག་ལ་འདོད་ལོག་སྤྱད་པའི་སྡིག་པ་འདག་གོ།། རིན་ཆེན་ཟླ་འོད་སྐྱབས་གནས་དམ་པའི་མཆོག་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་ལན་གཅིག་བརྗོད་པས་མཚམས་མེད་པ་ལྔ་བྱས་པས་དམྱལ་བ་མནར་མེད་དུ་ངེས་པར་སྐྱེས་པ་དང༌། སྐྱེ་བར་གྱུར་བའི་སྡིག་པ་འདག་གོ།། རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།། མཚན་འདི་ལན་གཅིག་ཐོས་པའི་གང་ཟག་དེ་ལ་ངན་སོང་མེད་ཅིང༌། ཚེ་འཁོར་བ་ཐོག་མ་མེད་པའི་བར་ལ་སྲོག་བཅད་པའི་སྡིག་པ་དག་ནས། ལྷ་དང་མི་ཡི་ལུས་ཕུན་སུམ་ཚོགས་པ་ཐོབ། མང་དུ་བརྗོད་ན་ལྟ་སྨོས་ཀྱང་ཅི་དགོས། སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། འདི་ལན་གཅིག་བརྗོད་པ། མཐོང་ཐོས་དྲན་རེག གཞན་ལ་བསྟན་པ་ཡི་གེར་བྲིས་པ་སོགས་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གོང་དུ་བསྟན་པ་ལྟར་ཡིན་ཅིང་བརྗོད་ཀྱིས་མི་ལང༌། དཔག་པར་དཀའ། ཅིའི་ཕྱིར་ན། སངས་རྒྱས་བྱང་སེམས་གཞན་རྣམས་ཚེ་ལོ་བཞི་བཅུ་ཁ་རལ་དུས་གདུལ་བྱ་རྫོགས་ནས་རི་རབ་ལ་ཞལ་གཟིགས། སངས་རྒྱས་སྨན་གྱི་བླ་འདིའི་སྨོན་ལམ་དང་ཐུགས་བསྐྱེད་རྒྱ་ཆེ་བའི་ཁྱད་པར་གྱིས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་དང་བྱིན་བརླབས་སྨིན་ནས་འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བར་བཞུགས་པས། འདི་ལ་ཕྱག་མཆོད་སོགས་ཡན་ལག་བདུན་གྱི་སྒོ་ནས་འབུངས་ན། བྱིན་བརླབས་རླབས་པོ་ཆེ་འབྱུང་བར་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྡུལ་གྱི་གྲངས་དང་ངེས་པར་མཉམ་པ་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ། །ཞེས་པ་ལན་གཅིག་བརྗོད་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཅོམ་ནས། འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི་བར་དུ་བསགས་དང་གསོག་བཞིན་བསོག་པར་འགྱུར་བའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་བར་འགྱུར་རོ།། འདི་ཡོངས་སུ་གྲགས་པའི་མཚན་ཚན་བཅུ་ཡིན། འདི་ཉིད་ཕན་ཡོན་ཤིན་ཏུ་ཆེ། སངས་རྒྱས་ཀྱི་ཡོན་ཏན་དང༌། མཚན་གྱི་ཕན་ཡོན་ལ་ཡིད་ཆེས་པར་བྱས། ཉིན་མཚན་དུས་དྲུག་ཏུ་འདུན་པ་དྲག་པོས་བཟླས་བརྗོད་བྱས་ན་ཚེ་འདིར་བདེ་སྐྱིད་འབྱུང༌། ཕྱི་མ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་ངེས་པས་བར་དོར་སངས་རྒྱས་དེ་རྣམས་བྱོན་ནས་བར་དོའི་འཇིགས་སྐྲག་ཡ་ང་བ་ལས་སྐྱོབ་པ་ཡིན། གསུངས་སོ།། ཡང་སློབ་མ་སྨོན་ལམ་བཟང་པོ་ན་རེ། སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་ལན་གཅིག་བརྗོད་ན་ངན་སོང་གསུམ་གྱི་གནས་རྩ་བ་ནས་སྟོང་ནུས་ཟེར་བ་འདི་ཕན་ཡོན་ཅན་ཞིག་ཡིན་པ་འདྲ་ཟེར་བས། འདྲེ་རྗེ་ཆེན་པོའི་ཞལ་ནས། སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་བརྗོད་པའི་ཕན་ཡོན་ཆེ་ཆུང་ཁོ་རང་ཕན་ཡོན་ལ་གཟིགས། མཚན་འདི་ཚར་གཅིག་བརྗོད་པས་སྡིག་སྒྲིབ་ཐམས་ཅད་ཁ་ཞན་དུ་འགྲོ།། ཚར་གསུམ་བརྗོད་པས་མ་འོངས་པ་ན་བསོག་འགྱུར་གྱི་སྡིག་སྒྲིབ་མི་འཕེལ། ཚར་བདུན་བརྗོད་ན། ད་ལྟ་གསོག་བཞིན་པའི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར། ཚར་ཉི་ཤུ་བརྗོད་ན། སྔར་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ།། དེ་རྣམས་ཉིན་མཚན་གཅིག་གི་ཁོངས་སུ་ཡིན། ཉིན་ཞག་གི་ཁོང་དུ་ཚར་བརྒྱ་རྩ་རེ་བརྗོད་ན་འདས་མ་འོངས་ད་ལྟ་དུས་གསུམ་དུ་བསགས་པའི་སྡིག་སྒྲིབ་ཀུན་འདག་པས་འདི་ལ་འབད་པར་ཐོན་གསུངས། ཡེ་དྷརྨཱ་ནི་བདེ་གཤེགས་ཀུན་འདུས་ཀྱི་སྔགས་ཏེ། འདི་ལན་གཅིག་བརྗོད་པས། རྟེན་འབྲེལ་ཀུན་འཛོམ་ཞིང༌། ལས་གང་འདོད་འགྲུབ་པ་དང༌། གང་མ་ཚང་བ་ཐམས་ཅད་ཁ་བསྐངས་ནས་ཚང་ཞིང་རབ་ཏུ་གནས་པ་དང༌། བཀྲ་ཤིས་ཤིང་བྱིན་འབེབས་པར་འགྱུར་རོ།། ཡི་གེ་བརྒྱ་པའི་སྔགས་ཉིན་ཞག་རེ་རེར་ཉེར་གཅིག་རེ་བཟླས་ན། མ་འོངས་པར་བསོག་པར་འགྱུར་བའི་སྡིག་སྒྲིབ་ཁ་མི་འཕེལ། བརྒྱ་རྩ་རེ་བཟླས་ན་ད་ལྟ་གསོག་བཞིན་པའི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ།། བརྒྱ་རྩ་བཅུ་རེ་བཟླས་ན་སྔར་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ།། ཚར་ལྔ་བརྒྱ་རེ་བཟླས་ན་དུས་གསུམ་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ།། མདོར་ན་ཆོ་ག་ལ་སོགས་པའི་ལྷག་ཆད་ཐམས་ཅད་ཀྱང་ཁ་བསྐང་ནུས་སོ།། བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ་འདི་ཉིད་ཞག་རེ་ལ་ཚར་གསུམ་རེ་བརྗོད་ན་གྲོགས་སྟོབས་རྒྱུ་སྟོབས། རྩ་བའི་སྟོབས་ལ་སོགས་པ་གཞན་སྟོབས་ཀྱིས་སྨོན་ལམ་གང་བཏབ་འགྲུབ། ཚར་ཉེར་གཅིག་རེ་བརྗོད་ན། རང་སྟོབས་ཀྱིས་སྨོན་ལམ་གང་བཏབ་འགྲུབ། བརྒྱ་རྩ་རེ་བརྗོད་ན་རང་སྟོབས་དང་གཞན་སྟོབས་གཉིས་ཀའི་སྨོན་ལམ་གང་བཏབ་འགྲུབ་ངེས་པས། ཕན་ཡོན་ཚད་མེད་པའི་སྒོ་ནས་སྨོན་ལམ་འདི་འདེབས་པ་གལ་ཆེ་གསུངས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྔོ་བ་སྨོན་ལམ་འགྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་ལན་གཅིག་བརྗོད་པས་བསྔོ་བ་སྨོན་ལམ་གང་བཏབ་འགྲུབ་ཅིང་བྱེ་བ་དགུ་འགྱུར་དུ་འགྱུར་རོ་གསུངས་སོ།།

 

            ཐ་མར་དམ་ལྡན་སློབ་བུའི་རྒྱ༔ མཆོག་གསུམ་ངོ་བོ་བླ་མ་སྨན་པའི་རྒྱལ།། གང་གིས་གཟུངས་སྔགས་བཟླས་དང་མཚན་བརྗོད་པའི།། ཕན་ཡོན་བསམ་མི་ཁྱབ་པའི་རྒྱ་མཚོ་ལས།། འདི་ན་དད་པ་ཐིགས་ཙམ་བཀོད་འདི་ཡང༌།། གུས་ལྡན་སློབ་མ་རྣམས་དང་གཞན་ཡང་འགར།། ཕྱག་འཚལ་བཟླས་བརྗོད་སྒྲུབ་ལ་སྤྲོ་བསྐྱེད་ཕྱིར།། མདོ་རྒྱུད་བསྟན་བཅོས་མཁས་གྲུབ་དམ་པའི་གསུང༌།། འཁྲུལ་མེད་འདིའི་མཐུས་འགྲོ་བས་རྣམ་མཁྱེན་ཤོག 

            ༈ ན་མ༔ ཤྲཱི་གུར་ཝེ། གངས་རིའི་ཁྲོད་འདིར་གཙུག་ལག་ལུགས་ཟུང་གི།། དབང་ཕྱུག་ཆེར་གྱུར་འཇིག་རྟེན་འདྲེན་པ་མཆོག །བློ་བཟང་རྒྱ་མཚོའི་ཞབས་པད་ཉེར་བསྟེན་པའི།། གསོ་རིག་ཕྱོགས་ལ་མཁྱེན་པ་ཆེར་རྒྱས་པ།། དར་མོ་སྨན་རམས་བློ་བཟང་ཆོས་གྲགས་ཀྱིས།། བརྩམས་པའི་བཀའ་རྒྱ་མར་གྲགས་གླེགས་བམ་འདི།། མན་ངག་ཟབ་མོ་དུ་མའི་འབྱུང་གནས་སུ།། གཟིགས་ནས་ས་སྐྱོང་བློ་གྲོས་རྒྱལ་མཚན་གྱིས།། སྐྱེ་དགུ་མི་བཟད་ནད་ཀྱིས་གདུང་པ་ལ།། ཕན་པར་འགྱུར་བའི་ཐུགས་བསྐྱེད་ཀྱིས་དྲངས་ནས།། མི་ཟད་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཕྱིར།། ལྷུན་གྲུབ་སྟེང་གི་ཆོས་གྲྭར་པར་དུ་བསྒྲུབས།། དགེ་བ་འདི་ཡིས་མ་གྱུར་འགྲོ་བ་རྣམས།། སྡུག་བསྔལ་ན་ཀྲས་གཏམས་པའི་འཁོར་མཚོ་ལས།། མྱུར་དུ་བསྒྲལ་ཏེ་འགྱུར་མེད་བདེ་བ་ཆེ།། རྟག་སངས་དམ་པའི་གོ་འཕང་ཐོབ་གྱུར་ཅིག། །།

 

-  དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་གདམས་ངག་བཀའ་རྒྱ་མ་ལས་ཟུར་འདོན་ཞུས།།

མཐའ་མའི་འདོན་ཐེངས་།: 20.09.2021 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།