སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.01.2017
གསོ་རིག་མཁས་དབང་རིམ་བྱོན། >>

 


སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

          སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་ནི། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། དབུས་གཙང་རུ་བཞིའི་རྒྱལ་ཁམས་ཆེན་པོ་ལས། ཡུལ་མིང་ཤབ་སྟོད་སྐྱིད་པའི་ལྗོངས། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱའི་ཉེ་འདབས། ཕུ་གསུམ་སྦུར་ཚོ་ཞེས་པར་སྨན་པའི་དགེ་བཤེས་རྒྱུན་མ་ཆད་པར་བྱོན་ཞིང་མཁས་པའི་གདུང་འཛིན་ཡབ་རྡོ་རྗེའི་མཚན་ཅན་དང་། ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་མེ་བྱི་(སྤྱི་ལོ་1516)ལོར་ས་ག་ཟླ་བའི་ཚེས་10 ལ་འཁྲུངས།


          ཡབ་དེ་ཡང་གནང་རིགས་ཀྱི་སྨན་པ་བྲང་ཏི་པ་ཆེན་པོ་དཔལ་མགོན་རྡོ་རྗེ་དང་། ཡབ་མེས་ཀྱི་ཞབས་ལ་ཡུན་རིང་དུ་གཏུགས་ནས་མཁས་པའི་མཆོག་ཏུ་གྲགས་པ་དང་། ཡུམ་དེ་ཉིད་རང་བཞིན་བཟང་བས་ནད་པ་དང་སློབ་མའི་ཚོགས་ལ་བུ་ལྟར་བརྩེ་ཞིང་། རྣམ་དཔྱོད་ཀྱི་བློ་གྲོས་གསོ་བ་རིག་པའི་གནས་ཕལ་ཆེ་བ་མཁྱེན་པས་སྲས་བུ་སློབ་རྣམས་ཀྱི་དཔེ་རྒྱུགས་བཞེས་པ་དང་། ཚོང་པ་རྣམས་ལས་དངོས་པོ་འཕངས་མེད་ཀྱི་སྒོ་ནས་བཟང་དྲུག་གི་སྨན་རྣམས་སྒྲུབ་རྩོལ་མཛད་དེ་ཡབ་ལ་ཕུལ་ཏེ་ཚོགས་གཉིས་རྫོགས་པའི་ཐབས་ལ་སྐྱོ་ངལ་སྤངས་པའི་བྱང་ཆུབ་སེམས་དཔར་གྲགས།


          ཡབ་ཡུམ་གཉིས་ལ་སྔ་ཕྱིར་སྲས་གསུམ་འཁྲུངས་པ་ཀུན་ཐུགས་རབ་ཆེ་ཞིང་། གསོ་བ་རིག་པ་ལ་སྔོན་སྦྱངས་སད་པ་ཤ་སྟག་བྱུང་། ཁྱད་པར་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་གཞན་ལས་སྟོབས་དང་རྩལ་ཕན་སུམ་ཚོགས་པ་བྱུང་བས། ཀུན་གྱིས་སྤྱིར་བཏང་མི་དང་མི་མདྲ་བ་ཡོད་པའི་གླེང་མོལ་བྱེད། དགུང་ལོ་བརྒྱད་ནས་ཀློག་ཡིག་སོགས་ལ་སྦྱངས་པ་མཛད་ཅིང་། དགུང་ལོ་བཅུ་བཞིའི་སྟེང་ཆོས་འཁོར་རྩེ་ར་གྲྭ་ཁྲལ་ལ་ཕེབས་ནས་ཆོས་ཀྱི་རྗེ་རྡོ་རྗེ་པའི་དྲུང་དུ་དབུ་སྐྲ་བཅད། མཚན་ཡོན་ཏན་རྒྱ་མཚོ་ཞེས་སུ་གསོལ།


          དགུང་ལོ་བཅུ་དྲུག་ལ་བློ་གསལ་གྲྭ་སྐོར་མཛད་ཅིང་། མདོ་ཕྱོགས་ལ་སྦྱངས་པ་ཅུང་ཟད་གནང་། དེ་ནས་ཆོས་འཁོར་རྩེ་དང་། དཔལ་ལྡན་ས་སྐྱ་གཉིས་སུ་དུས་འཁོར་སོགས་ལ་སྦྱངས་པ་མཛད་སྐབས་ཐུགས་རབ་ཆེ་བའི་ཚད་དུ་བཟུང་ནས་འཇམ་དབྱངས་པར་གྲགས་པ་དང་། མཁན་སློབ་རྣམས་ཀྱིས་ཀྱང་ཐུགས་རྗེས་ཤིན་ཏུ་འཛིན་པས་བློ་གསར་རྣམས་ཀྱི་སྐྱོར་འགོ་དང་། གྲྭ་གཞོན་ཀུན་གྱི་སློབ་དཔོན་དུ་འཛིན་པ་སོགས་བྱུང་།


          དགུང་ལོ་བཅོ་བརྒྱད་སྐབས་ཨ་ཇོ་དྲུང་བསམ་པ་ཞེས་པ་གསོ་རིག་རྒྱུད་བཞི་ཐུགས་སུ་ཆུད་ཅིང་། ཕྱག་ལེན་གདམས་པ་བཅས་ཀློང་དུ་གྱུར་པ། གོང་སྨན་ཡབ་སྲས་དང་། ས་སྐྱ་སྨན་གྲོང་ནང་སོ་ལ་སོགས་པས་ཐབས་དུ་མས་འདྲེན་འགུགས་མཛད་བཞིན་ཡོད་པ་དེ་སྟབས་མི་ལེགས་པར་འབྲུམ་ནད་ཀྱིས་སྐུ་འདས། ནུ་བོ་བཀྲ་ཤིས་ལེགས་པ་ན་སོ་གཞོན་པས་སྨན་པའི་བརྒྱུད་པ་ཆད་ཉེར་ཡོད་དུས་ཡབ་ཡུམ་དང་། ཞང་པོ་སྒོ་མང་པ་སོགས་གཉེན་ཚན་རྣམས་ཀྱིས་བཀའ་ནན་ཆེན་པོས་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོ་གསོ་བ་རིག་པར་སྦྱངས་པ་གནང་དགོས་པའི་བཀའ་ནན་མ་བཟློག་པར་མདོ་སྔགས་ཀྱི་སློབ་གཉེར་བཤོལ་ཏེ་གསོ་རིག་ལ་ཐོས་བསམ་ནན་ཏན་དུ་གནང་བས་ལོ་གཅིག་ཟླ་བ་གསུམ་ལ་རྒྱུད་བཞི་ཕལ་ཆེར་ཐུགས་སུ་ཆུད།


          དེ་སྐབས་དབུས་གཙང་ན་གྲགས་ཆེ་བ་ས་སྐྱ་སྨན་གྲོང་དང་། བྱང་པ་འཚོ་བྱེད་སོགས་དུ་མ་བཞུགས་ནའང་འགྲན་ཟླ་དང་བྲལ་བ་གོང་སྨན་དཀོན་མཆོག་འཕན་དར་ཞེས་པའི་མཚན་གསན་པ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ་བའི་མོས་གུས་འཁྲུགས་ཤིང་ལ་སྟོད་དུ་མཇལ་བར་ཕེབས་སྐབས། ལམ་བར་དུ་གོང་སྨན་དཀོན་མཆོག་འཕན་དར་སྡེ་སྲིད་སེང་གི་རྩེའི་དྲུང་དུ་ཕེབས་པ་དང་མཇལ་ནས་སློབ་དཔོན་གྱིས་འོ་སྐོལ་ཚེ་སྔོན་དཔོན་སློབ་ཡིན་ཞིང་ཚེ་འདིར་ཡང་རྟེན་འབྲེལ་རང་འགྲིག་བྱུང་བ་ངོ་མཚར་ཆེ་ཞེས་གསུངས་ནས་ཕྱག་དང་། ཕྱག་ལན་རྩེ་སྤྲོད་དུ་མཛད་ཅིང་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོའི་ཁྱིམ་དུ་ཕྱིར་ཕེབས། དེ་ནས་དཔོན་སློབ་དུ་མ་དང་བཅས་སེང་གེ་རྩེར་ཕྱག་ཕེབས་ཏེ་སྡེ་སྲིད་དང་མཇལ། མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྒོ་ནས་བུ་སློབ་རྣམས་ཡོན་ཏན་སློབ་གཉེར་དང་། འཆད་ཉན་གྱིས་དུས་འདའ་བའི་བཀའ་དྲིན་ལས་བློ་བསྐྱེད་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་སྟེ་ཕྱག་ལེན་ཉམས་ཁྲིད་ཆེད་དུ་ནད་པར་ལྟ་རྟོག་གནང་བས་ཉམས་མྱོང་ཆེར་འཁྲུངས། སློབ་དཔོན་གྱི་ཞལ་སྔ་ནས་སློབ་མའི་ནང་ནས་སྦུར་ཚོ་བ་མཁས་པར་འདུག་གོ་ཞེས་ཆེ་བཙུན་ཀུན་གྱི་སྙན་དུ་གསོལ་པས་གྲགས་པ་མྱུར་དུ་ཐོན།


   སྐབས་ཤིག་མན་མཁར་དྲང་སྲོང་ཞེས་པ་དང་། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་རབ་གསལ་དཔང་དུ་བཙུགས་ཏེ་བགྲོ་གླེང་གནང་སྐབས་སྦུར་ཚོ་བ་ཡོན་ཏན་རྒྱ་མཚོའི་རྣམ་དཔྱོད་ལ་གོང་སྨན་དཀོན་མཆོག་འཕན་དར་ཐུགས་ཤིན་ཏུ་མཉེས་ཏེ། མཁས་མཆོག་བྲང་ཏིའི་གསུང་རབ་ནམ་མཁའི་ཁྱོན། །ཇི་བཞིན་སྨྲ་བའི་གཞོན་ནུ་རི་བོང་འཛིན། །རྒྱུ་སྐར་དབུས་ན་མཛེས་པ་ཁྱོད་ཉིད་རྒྱལ། །ཕ་རོལ་ཅ་ཅོ་སྒྲོག་པ་ཟུར་པར་གྱུར། །ཞེས་པའི་བསྔགས་བརྗོད་མཛད། དེ་ལྟར་སློབ་དཔོན་དྲུང་དུ་ལོ་གསུམ་བསྟུད་དེ་བཞུགས་རིང་ཟས་ངན་ངོན་ལ་བརྟེན་ཅིང་། དཀའ་ཐུབ་དྲག་པོས་ཕྱི་ཐོས་པའི་རྒྱ་དང་། ནང་རིག་པའི་ཉམས་མྱོང་། གཞན་ཡང་ཞལ་གདམས་སྙན་བརྒྱུད། ལུས་ཀྱི་ཐིག་འགྲེམས། སྨན་གྱི་ངོས་འཛིན་སོགས་ལ་སྒྲོ་འདོགས་བཅད་ནས་རང་ཡུལ་ལ་ཕེབས་ཁར། སློབ་དཔོན་གྱི་ཞལ་ནས་འཚོ་བྱེད་ཡོན་ཏན་རྒྱ་མཚོ་ལ་ཡོན་ཏན་གྱི་བྲེ་ཁ་དགའ་རབ་ཁེངས་ཡོད་ནའང་ད་དུང་ཁོར་གཅིག་སླེབས་པ་གྱིས། སྒོ་གསུམ་བཏང་སྙོམས་ལ་མ་སོང་བ་དང་། ནད་པ་རྣམས་ལ་ཞིབ་ཚགས་ཀྱིས་བཅོས་ཁ་གྱིས་ཤིག་  བློ་བསྐྱེད་ཞོར་ལ་འོང་འོན་ཀྱང་འཕྲིན་ལས་ཧ་ཅང་ཆེ་བ་མ་བྱུང་དོགས་དང་། ཚེ་ལའང་བར་ཆད་འབྱུང་ཉེན་ཆེ། ལོ་རེ་བཞིན་གླང་ཆེན་ཙཀྲའི་བསྒྲུབ་པ་དང་། ཚེ་སྒྲུབ་སོགས་ལ་ནན་ཏན་གྱིས། རེ་ཞིག་ནས་གདུལ་བྱའང་གནངས་ཆེ་བ་ཞིག་གི་རྟེན་འབྲེལ་འགྲིག་པ་འདུག་གོ་ཞེས་གསུངས།


དགུང་ལོ་ཉེར་གཉིས་སྐབས་ཤར་ཕྱོགས་སུ་ནད་ཡམས་ཆེན་པོ་ཞིག་བྱུང་དུས་སྨན་སེར་ཆེ་ཆུང་དང་། རིལ་དམར་སོགས་ཕྱག་ལེན་མཛད་པས་ནད་པ་འཆི་ཁ་ནས་བསྐྱབས་པ་དུ་མ་དང་།  ཁྱད་པར་ཕུ་གསུམ་གྱི་འབྲོག་པ་རྣམས་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང་ཞེས་གསུངས་པའི་ཁར་དུས་རྒྱུན་དུ་བཟང་དྲུག་གི་སྨནདཔག་ཏུ་མེད་པ་བསྒྲུབས་ཏེ་ནད་པ་དུ་མའི་ཟུག་རྔུ་ཞི་བ་དང་། དབྱར་ཁ་རི་ལ་ཕེབས་ནས་སྔོ་སྨན་སྣ་ཚོགས་འཐུ་བསྒྲུབ་གནང་། སྐབས་ཤིག་ཚ་རོང་ཕྱོགས་སུ་སྨན་འཐོག་ལ་ཕེབས་སྐབས་མདོ་སྤེ་བྱང་ན་ནང་པ་ཐོག་བཀྲས་པ་བད་ཀན་སྨུག་པོ་ན་བ་དང་། སྲས་མོ་ཞིག་གྲུམ་ནད་གྱིས་ཟིན་པར་བཅོས་ཀ་གནང་བས་སེང་དྲག་བྱུང་སྟབས་ཁོ་ཚོ་དད་པ་སྐྱེས་ཏེ། ངེད་ཀྱི་བུ་གང་འཐད་ཅིག་སྨན་སློབ་པར་འདོད་པས་རྗེས་སུ་བཟུང་བར་ཞུ་ཟེར་བ་ལྟར་སློབ་དཔོན་གྱིས་ལུ་བསྟན་གནང་བ་དེ་རང་ཡིན་སྙམ་པ་ཐུགས་ལ་ཤར་ཞིང་མདོ་སྤེལ་ཆོས་མཛད་སློབ་མར་ཉར་རྒྱུ་ཞལ་གྱིས་བཞེས། དེ་ནས་དགུན་དུས་རྒྱས་ཕུའི་རི་ཁྲོད་དུ་དཔེ་མཚམས་ལ་བཞུགས་ཤིང་། དབྱར་དུས་ཆོས་འཁོར་རྩེ་གསོ་རིག་འཆད་ཉན་བཙུགས་ཏེ་སློབ་མ་བསྐྱངས་པར་མི་དམངས་སྐྱ་བཙུན་རྣམས་སྨོན་པའི་གནས་སུ་གྱུར། སྦུར་ཚོ་བར་བུ་སློབ་མང་པོ་མེད་རུང་ཚང་མ་བསླབ་སྦྱངས་ཤིན་ཏུ་ལེགས་པའི་ཁར་མདོ་སྤེ་ཆོས་མཛད་འདི་ནི་ཤེས་རབ་ཆེ་བས་ཟུར་བསྟན་པས་ཆོག་པ་དང་། བློ་འཛིན་གྱི་ཤེས་རབ་ཆེ་རུང་། གོ་བབས་ཀྱི་ཤེས་རབ་ཁྱེད་ཆེ་བ་འདུག་ བླ་མ་གོང་སྨན་པས་བཀའ་ལུང་བཟང་པོ་གནང་བ་དང་། དེ་རྗེས་རྨི་ལྟས་ཁྱད་པར་ཅན་བྱུང་བ་དེ་ཁྱེད་ཡིན་པ་འདྲ། གང་ནའང་སྔོན་སྦྱངས་ཀྱི་ལས་འཕྲོ་སད་པ་ཞིག་ཡིན་འདུག་ཅེས་ཐུགས་མཉེས་པར་མཛད།


ཡང་སྔ་སོར་གོང་སྨན་ཆེན་པོའི་བཀའ་ལུང་ལ། ད་དུང་ལ་སྟོད་དུ་ཐེངས་གཅིག་སླེབས་པ་གྱིས་གསུངས་པ་དང་། ཁྱད་པར་རྩའི་ལྷ་མོའི་སྒྲུབ་པ་དང་། དམུ་ཆུའི་ནད་ལ་ཕན་པའི་དོགས་གཅོད་སོགས་ཞུ་དགོས་དུ་མ་དང་། མཆེད་གྲོགས་རྣམས་ཀྱང་མཇལ་བ་ཞིག་བྱུང་ན་སྙམ་སྟེ་མདོ་སྤེ་ཆོས་མཛད་དང་། ནུ་བོ་བཀྲ་ཤིས་མཉམ་དུ་ལ་སྟོད་ལ་ཕེབས། དིང་རི་གངས་དཀར་དུ་སློབ་དཔོན་དང་མཇལ་དུས་ང་ཡི་བུ་ཆེན་སྦུ་ཚོ་བ་སླེབས་པ་ཡིན་ནམ་གསུངས་ཏེ་ཐུགས་མཉེས་མཛད། དེ་ནས་གོང་སྨན་ཆེན་པོ་སྒོས་གཞིས་སུ་ཕྱག་ཕེབས་རྗེས་འབུལ་ཆས་ཕྱོགས་གཅིག་ཏུ་བསྡོམས་ཏེ་ཕྱག་འབུལ་ཐོག་དྲི་བརྩད་གནང་བ་རྣམས་ལ་ཞུ་ལན་ཕུལ་བས་སྦུར་ཚོ་བ་རྐང་ཐང་ལ་ཡོང་བ་དང་། སློབ་མ་འདི་གཉིས་ཀྱང་གཞུང་གི་ཐོས་རྒྱ་དགའ་རབ་བྱུང་འདུག་  སང་ཉིན་ནས་མན་ངག་རྒྱུད་དང་བཅས་པའི་འཆད་ཉན་འཛུགས་རྒྱུ་ཡིན་ཞེས་གསུང་ཆོས་སྔར་མ་ཐོས་པ་མང་པོ་གནང་། ལྷག་པར་སྦུར་ཚོ་བ་དང་། མདོ་སྤེ་ཆོས་མཛད་གཉིས་ལ་རྩའི་ལྷ་མོའི་རྗེས་གནང་རིག་གཏད་གནང་ཞིང་བསྙེན་སྒྲུབ་དམ་པོར་བཞུགས། སྐུ་མཚམས་གྲོལ་ནས་སོ་སོའི་མཚན་ལྟས་དང་མཐུན་པར་སློབ་དཔོན་གྱི་ཞལ་ནས། སྦུར་ཚོ་བ་འབྲུ་ནོར་འཕེལ་བ་འདུག་རུང་ཚེ་དང་འཕྲིན་ལས་ལ་བར་གཅོད་ཆེན་པོ་འདུག  སློབ་མ་ཡང་མང་པོ་མི་ཡོང་ཞེས་པའི་ལུང་བསྟན་ཡང་བསྐྱར་བསྩལ། དེ་མུར་སྦུར་ཚོ་བའི་ལུང་པར་ནད་རྐྱེན་ཞིག་བྱུང་ནས་མྱུར་དུ་ཕེབས་དགོས་ཤར་སྐབས་སླར་ཡང་གོང་སྨན་གོང་སྨན་པ་ཆེན་པོས་ཐུན་མོང་མ་ཡིན་པའི་མན་ངག་མང་པོ་དང་། བཟང་དྲུག་གི་སྨན་ཇི་སྙེད་པའི་གནང་སྦྱིན་གནང་ནས་ད་ལྟ་མི་འགྲོ་ཀ་མེད་ཡིན། སླར་ཡང་མཇལ་བའི་སྨོན་ལམ་འདེབས་གསུངས་ཤིང་བྱིན་རླབས་མཛད། རང་ཡུལ་ལ་ཕེབས་རྗེས་ནད་པའི་དོན་ལ་སྐྱོ་ངལ་སྤངས་ཤིང་། ཟང་ཟིང་གི་ནོར་རྣམས་སྨན་དུ་བསྒྲིལ་ནས་ནད་པའི་ཁར་ཅི་འགྲོ་གནང་། བླ་མའི་བཀའ་བཞིན་ལྷ་ས་མཇལ་བ་དང་། དབུས་ཕྱོགས་སུ་འགྲོ་དོན་བསྐྱངས་དགོས་དགོངས་རུང་བསྙུན་གཞི་ཕོག་ནས་ཇོ་ཤཀ་རྣམས་གཉིས་མཇལ་བ་ཙམ་ལས་རྟེན་འབྲེལ་མ་འགྲིག་པར་རང་ཡུལ་དུ་ཕྱིར་ཕེབས། ལོ་གཅིག་རིང་རང་གི་སློབ་མ་མདོ་སྤེ་ཆོས་མཛད་ཀྱིས་བསྙུན་གཡོག་ཞུས་ནས་རིམ་གྱིས་བསྙུན་དྭངས་པ་བྱུང་།


དེ་རྗེས་ཡང་བསྐྱར་གོང་སྨན་པ་ཆེན་པོ་གདན་སར་ཕེབས་པ་དང་མཇལ་ནས་ཕྱིན་ཆད་སྨན་དཔྱད་འཕྲོད་བསྟེན་བྱེད་ཕྱོགས་ཀྱི་བཀའ་སློབ་དང་། ཚེ་ལ་བར་ཆད་ཡོང་ཉེན་ལ་མན་མཁར་དུ་ལོ་གཅིག་རིང་བླ་མ་བཟང་པོ་ཞིག་ཡོད་པ་དེའི་དྲུང་དུ་ཚེ་དབང་ཚེ་སྒྲུབ་ཞུས་གསུངས་པ་ལྟར་གང་མགྱོགས་ཕེབས་རྩིས་སྐབས་ཕུ་གསུམ་རྫོང་དུ་དཔོན་དྲུང་བསྙུན་པ་དང་། བསམ་གྲུབ་རྩེ་སོགས་ལ་གཞན་ཕན་གྱིས་གཡེངས་ཏེ་བླ་མའི་ལུང་བསྟན་བརྗེད་པ་ལྟར་གྱུར་སྟབས་དགུང་ལོ་སུམ་ཅུ་སོ་དྲུག་སོན་སྐབས་སྦུར་ཚོ་བ་སྔར་སྐུ་གཟུགས་ངན་པའི་ཁར་གློ་བུར་ཚད་ནད་ཀྱིས་ཟིན་ཏེ་སྐུ་ཁམས་ཤིན་ཏུ་འཁྲུགས་ནས་སྨན་ཡང་ངོ་ཆེར་མ་བྱུང་བའི་ཚེ།  སྔར་གྱི་ལུང་བསྟན་རྣམས་དྲན་ཏེ་རིམ་གྲོ་སོགས་མང་པོ་གནང་རུང་ཕན་པ་མ་བྱུང་།  དེ་འཕྲལ་ལ་སྟོད་དུ་བང་ཆེན་བཏང་བས་གོང་སྨན་ཆེན་པོའི་བཀའ་ལུང་ལ། སྔར་སྨོས་པའི་དམ་བཅའ་རྣམས་ཕྱི་བཤོལ་དུ་ལུས། བློ་བདུད་ཀྱིས་བསླད་པ་མ་ཚོར་བ་འདུག  སྨད་ཕྱོགས་ན་གྲགས་པའི་བུ་ཆེན་གཅིག་ཁོང་ཡིན་ཏེ་ད་ཕར་སོང་ཟིན་འདུག་པས་བྱ་ཐབས་བྲལ་ཞེས་སྤྱན་ཆབ་བསིལ་ཞིང་ཡང་གསུངས་དོན། ཁོང་གསོ་བ་རིག་པའི་བསྟན་པ་ལ་ཆེད་དུ་གཉེར་བའི་དུས་འདུན་པ་དྲག་པོ་ཞིག་ཡོད་པ་ཡིན་ཏེ་བདུད་རིགས་ཁ་རྒྱལ། སེམས་ཅན་གྱི་ལས་ཟད་པས་ཁོ་བོ་ལ་དེ་ལྟ་བུའི་དད་པ་དང་ལྡན་པའི་སློབ་མ་དཀོན་པར་མཆིས་སོ་ཞེས་གསུངས་ནས་ཐུགས་ཁྲལ་མང་དུ་མཛད་ཅིང་བྱིན་རླབས་ཀྱི་རྟེན་དང་བཅས་པ་གནང་། ཕྱི་མར་མཇལ་བའི་བསྔོ་སྨོན་ཡང་དག་པར་མཛད། བང་ཆེན་ཕྱིར་འཁོར་དུས་བླ་མའི་བཀའ་རྣམས་གསན་ཕྲལ་ད་རང་ཡུན་རིང་སྡོད་པ་མི་འདུག་ ཚ་རོང་ལ་བང་ཆེན་ཐོངས། མདོ་སྤེ་ཆོས་མཛད་ཁོང་ལས་ཀྱི་འབྲེལ་བའི་བུ་སློབ་ཡིན་པས་ཐུག་ཙམ་བྱུང་ན་སྙམ་གསུངས། དེར་མདོ་སྤེ་མྱུར་དུ་འབྱོར་དུས་རང་རེ་དཔོན་སློབ་འཕྲད་པའི་མཐའ་མ་ཡིན། ད་ལན་སྐྱས་ཆེན་འདེགས་པ་འདུག་གོ སྔར་ཁས་བླངས་པའི་ཆིག་བརྒྱུད་ཀྱི་གདམས་པ་ཟབ་མོ་འདི་ཡིན་པས་འཚག་གྱིས། བདག་ལ་ཚེ་འདིར་གཞན་ཕན་འཕྲིན་ལས་ཆེར་མ་བྱུང་ཞིང་རིགས་རྒྱུད་ཀྱི་བསྟན་པ་འཛིན་ཐུབ་པ་དཀའ་བར་འདུག་ན། གཞན་ཕན་གྱི་འཕྲིན་ལས་འདི་ཁྱེད་ལ་གཏད་པ་ཡིན་པས་ཆོས་བརྒྱུད་བཀའ་བབས་བླ་མའི་ལུང་བསྟན་བཞིན་དུ་ཐུགས་ལ་ཞོག་  ང་འཆི་གྲོལ་གདེང་དང་ལྡན་པ་ཞིག་མི་འདུག་ནའང་ཚེ་ནམ་ཐུབ་ཀྱི་བར་གཞན་དོན་ཡིད་ལ་བྱེད་དང་བྲལ་མ་མྱོང་། ཕྱི་མར་ཡང་གསོ་བ་རིག་པའི་བསྟན་པ་དང་མཇལ་བ་ཞིག་ཡོང་ངམ་སྙམ་པ་ཡོད། དེ་རྣམས་ནི་ཁོ་བོའི་གཞན་དོན་གྱི་རིམ་པའོ་ཞེས་གསུངས་བཞིན་སྐུ་ཁམས་ཇེ་ལོད་ལ་སོང་སྟེ་མཐར་སྕགས་ཕག་ (སྤྱི་ལོ་1551) ལོ་ཁྲ་ཟླ་བའི་ཚེས་བཅུ་ཉིན་སྐུ་གཤེགས་སོ།།


མཆན་བུ།                

(1)  << དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེའི་སྤྱི་གཟུགས་མཁས་པ་དང་གྲུབ་པའི་ཕ་རོལ་དུ་སོན་པ་རིགས་བརྒྱའི་ཁྱབ་བདག་གཡུ་ཐོག་གསར་མ་ཡོ་ཏན་མགོན་པོའི་རྣམ་ཐར་>> ལྕགས་པར་ཤོག་གྲངས་ (༣༢༦ བ་ ༢༣) པར་གནོད་སྦྱིན་ཞང་བློན་གྱི་སྒྲུབ་ཐབས་གླང་ཆེན་འཁོར་ལོ་སོགས་བསྩལ་ཞེས་གསལ། །

 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།




མཐའ་མའི་འདོན་ཐེངས་།: 06.01.2017 ཉིན། 3:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།