སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་༡༩༨༢ ཟླ་ ༡༡ ཚེས་ ༡༧ ཉིན་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༡༩༨༢ ཟླ་ ༡༡ ཚེས་ ༡༧ ཉིན་བོད་གཞུང་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།
སྤྱི་ལོ་ ༡༩༨༢ ཟླ་ ༡༡ ཚེས་ ༡༧ ཉིན་བོད་གཞུང་སྨན་རྩིས་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་དགེ་སློབ་ཡོངས་ལ་སྩལ་བའི་བཀའ་སློབ། སློབ་ཚན་གང་དང་གང་ཁྲིད་ཡོད། སློབ་ཚན་གྱི་གཙོ་གནད་རྣམས་ངེས་པོ་བྱུང་འདུག་གམ། ཁྲིད་རྒྱུ་མང་པོ་བྱུང་བ་ཡིན་ན་ཡང་ཧ་ལས་རྒྱུ་ཡོད་མ་རེད། ངེས་པོ་ཞིག་དགོས་པ་རེད། གཙོ་བོ་དེ་རེད། ད་ལྟ་ཁྱེད་རང་ཚོས་སློབ་ཚན་ཁག་ཟླ་བ་ཟླ་བར་བགོ་བཤའ་འདྲ་བརྒྱབ་ཡོད་པ་མ་རེད་པས། ད་ལྟ་ཟླ་བ་ག་ཚོད་ཕྱིན་པ་རེད། རྩིས་ཁེ་གཙང་སྦྱོང་མཁན་ག་ཚོད་ཡོད་པ་རེད། གཞན་ཚང་མ་སྨན་སྦྱོང་མཁན་རེད་པས། རྩིས་དམིགས་བཀར་སྦྱོང་མཁན་སུ་སུ་རེད། ཅེས་བཀའ་འདྲི་བསྐྱངས་རྗེས། ད་འགྲིགས་སོང༌། བཀྲ་ཤིས་བདེ་ལེགས། ད་ལྟ་བར་དུ་བསླབ་པ་དེ་ཚོ་ངེས་པོ་བྱུང་སོང་ངམ། སྤུས་དག་པོ་ཞིག་བསླབ་དགོས། ངེས་པོ་ཞིག་བྱེད་དགོས། གསོ་བ་རིག་པ་ཟེར་བ་འདི་ཧ་ཅང་རྩ་ཆེ་བ་དང་གལ་ཆེ་བ་ཞིག་ཏུ་བརྩི་གི་ཡོད་པ་རེད། རིག་གནས་བཅུ་བཤད་པའི་ནང་ནས་གལ་ཆེ་བ་ཞིག་ཆགས་བསྡད་པ་རེད། བོད་པའི་སྨན་གཞུང་གི་ནང་ལ་གང་འཚམས་ཤིག་བཤད་ཡོང་གི་ཡོད་པ་རེད། ཡིན་ནའི་སྤུས་དག་པོ་ཞིག་བྱུང་བ་ཡིན་ན་ཡག་པོ་འདུག གཞི་རྩའི་བོད་སྨན་གྱིས་ངོ་ཐོག་རང་མི་ལ་ཕན་པ་ཡོད་མཁན་དང༌། ནད་རིགས་མང་པོ་ཞིག་ལ་དངོས་གནས་དྲང་གནས་ནུས་པ་ཐོན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། བོད་སྨན་ལ་མདུན་ལམ་རྒྱ་ཆེན་པོ་ཡོད་པ་སྔོན་ནས་མཐོང་གི་ཡོད། བར་ལམ་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་ད་ཆ་གཞི་རྩ་འདྲ་པོ་ཚུགས་ནས་བསྡད་ཡོད་རེད། ད་དུང་འདི་ལ་ང་ཚོས་ཆོག་ཤེས་བྱས་ནས་སྡོད་ཐབས་མེད། ཁྱེད་རང་ཚོ་སློབ་སྦྱོང་ཡག་པོ་བྱས་ནས་འབད་བརྩོན་བྱེད་དགོས། དུས་ཚོད་བསྐྱལ། སློབ་སྦྱོང་བྱས་པ་ཡིན་ཞེས་ལག་འཁྱེར་བསྟན་རྒྱུ་ཡོད་པ་ཙམ་མ་ཡིན་པར་སོ་སོའི་སེམས་ལ་ངེས་པ་བྱེད་དགོས། འདི་ངས་རྟག་པར་ཤོད་ཀྱི་ཡོད། རྩ་བའི་རིག་གཞུང་གི་གནད་འགག་རྣམས་འོལ་ཚོད་ཙམ་མིན་པར་ཡག་པོ་ཤེས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་དུས་ཚོད་གསར་པ་ཞིག་གི་ཐོག་སླེབས་ཡོད། མིའི་ལུང་པར་བསྡད་ནའང་དུས་ཚོད་གསར་པ་ཞིག་ལ་སླེབས་ཡོང་གི་ཡོད་པ་རེད། མ་འོངས་པ་ན་བོད་ལུང་པར་བསླེབ་ན་ཡང་དུས་ཚོད་གསར་པ་ཞིག་གི་ཐོག་ལ་སླེབས་ཡོང་གི་རེད། དུས་ཚོད་གསར་པ་ཞིག་གི་ཐོག་ལ་སླེབས་དུས་ང་ཚོའི་རིག་གཞུང་གི་སྐོར་ལ་རྒན་ལགས་ཀྱིས་འདི་འདྲ་བསླབས་བྱུང༌། སྔ་མོ་འདི་ལྟར་བྱེད་ཀྱི་ཡོད་པ་རེད་ཟེར་བས་ལ་དག་གི་མ་རེད། དེའི་རྒྱུ་མཚན་འདི་རེད། གནད་འགག་འདི་རེད་ཅེས་རྒྱུ་མ་ཕུ་འདེད་ཀྱིས་གནད་འགག་རྣམས་བཤད་ཐུབ་པ་དང༌། རིག་པའི་ལམ་ནས་ངོ་སྤྲོད་ཐུབ་པ་ཞིག་དགོས་པ་མ་གཏོགས་ལུང་ཙམ་ལ་སྐྱབས་སུ་མཆི་ནས་ལག་ལེན་ནི་འདི་འདྲ་རེད། དེ་ཕན་ཆད་ཤེས་ཀྱི་མེད་ཟེར་ན་ཁུངས་བཙན་པོ་ཞིག་ཆགས་ཀྱི་མ་རེད། དེ་འདྲ་ཞིག་ཡོང་བ་ལ་ཐོག་མར་བསླབ་པའི་སྐབས་ནས་གནད་འགག་དེ་ཚོ་བརྩད་གཅོད་ཡག་པོ་བྱས་ནས་ཤེས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་མིན་ནམ་བསམ་པ་དྲན་གྱི་འདུག ཤེས་སོང་ངམ། ང་རང་ཚོ་དེ་སྔའི་བོད་ཀྱི་འགྲོ་སྟངས་རྙིང་པའི་སྐབས་ལ་ཡིན་ན་ནི་ཁོ་རང་སྔ་མོའི་བྱེད་སྟངས་དེ་གའི་ཐོག་ལ་ཕྱིན་པ་རེད། དེང་གི་དུས་ཚོད་ལ་དེས་འགྲིག་གི་ཡོད་མ་རེད། དེ་སྔའི་ཕྱག་རྒྱུན་རྐྱང་རྐྱང་གི་ཐོག་ལ་ཆ་བཞག་ཐུབ་པ་ཞིག་དང་ཡིད་ཆེས་ཐུབ་པ་ཞིག་ཡོང་གི་མ་རེད། དེ་འདྲ་ཡིན་དུས་གནད་འགག་དེ་ཚོ་ཤེས་ཐུབ་པ་བྱེད་དགོས། རྒྱུ་མཚན་ཁུངས་ལུང་འདི་འདྲ་ཞིག་རེད་ཅེས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ཐུབ་པ་ཞིག་བྱུང་ན་དེང་དུས་དང་མཐུན་པ་ཆགས་ཡོང་གི་རེད། དེ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ད་ལྟ་སློབ་སྦྱོང་བྱེད་པའི་སྐབས་ནས་དངོས་གནས་རང་མགོ་ཚོས་པོ་ཞིག་དང་གཏིང་རིང་པོ་ཤེས་ཐབས་བྱེད་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པ་ལ་བོད་སྨན་གྱི་ཁུངས་རྩ་རྒྱུད་དང་བཤད་རྒྱུད་སོགས་མཁས་པ་སོ་སོའི་མན་ངག་དང་བཅས་པ་ཡོད་པ་དེ་རྣམས་གཞི་རྩ་ལ་བཞག་ནས། དེའི་སྟེང་དུ་དེང་སྐབས་འཛམ་བུ་གླིང་གི་རིག་གནས་གསར་པའི་ཐོག་ནས་ནད་ཀྱི་བརྟག་དཔྱད་བྱེད་སྟངས། ནད་ཀྱི་འབྱུང་ཁུངས་སྐོར་འགྲེལ་བཤད་རྒྱག་སྟངས། སྨན་བཅོས་བྱེད་སྟངས་དེ་ཚོ་ང་ཚོས་ཚུར་སྦྱང་ཐུབ་པ་ཞིག་དང༌། ཉམས་མྱོང་ལེན་ཐུབ་པ་ཞིག་བྱུང་ན་དེའི་ཐོག་ནས་ང་རང་ཚོའི་རིག་གཞུང་གི་ལག་ལེན་འགེལ་སྟངས་དེ་དང༌། དེང་དུས་ཤེས་ཡོན་གྱི་ཐོག་ནས་ལག་ལེན་འགེལ་སྟངས་གཉིས་ག་ལེ་ག་ལེར་སྦྲེལ་ཐུབ་ན་བསམས་པ་དེ་ངའི་རེ་བ་ཡིན། ད་ལྟ་བར་དུ་བོད་སྨན་གྱི་ལུགས་སྲོལ་གཅིག་དང༌། དེང་དུས་རིག་གནས་གསར་པའི་ལུགས་སྲོལ་གཅིག་བྱས། དེ་གཉིས་ཁག་སོ་སོ་བྱས་ནས་བསྡད་པ་དེ་འདྲ་མ་ཡིན་པར། མ་འོངས་པར་སྨན་བཅོས་ཀྱི་ལག་ལེན་དངོས་སུ་འགེལ་ནས་ཡོང་དུས་ཉམས་མྱོང་ཚང་མ་ལེགས་པར་བསགས་ནས་གང་ལྟར་དངོས་ཡོད་གནས་ཚུལ་ལ་མིར་ན་ཚ་མི་འབྱུང་བའི་སྔོན་འགོག་བྱེད་ཐུབ་པ་ཞིག་དང༌། ན་ཚ་དངོས་སུ་ཡོད་པ་རྣམས་ལ་ཐད་ཀར་གདོང་ལེན་བྱེད་ཐུབ་པ་དང་གཉེན་པོ་བསྟེན་ཐུབ་པ་ཞིག་ངེས་པར་དགོས་ཀྱི་རེད། གང་ལྟར་ཡང་སྙིང་མི་ནད་ཀྱིས་མནར་ནས་སྡུག་བསྔལ་བར་ཡོད་པའི་ནད་དེ་སེལ་ཐབས་བྱེད་རྒྱུའི་ཐོག་ལ་ང་རང་ཚོའི་སྨན་བཅོས་རྙིང་པའི་འགྲོ་སྟངས་ཐོག་ནས་ཐབས་ཤེས་ག་རེ་ཡོད་མེད། ཕན་ཐོགས་ག་རེ་ཡོད་མེད། གསར་པའི་ཐོག་ནས་ཐབས་ཤེས་དང་ཕན་ཐོགས་ག་རེ་ཡོད་མེད་དཔྱད་ཞིབ་མང་པོ་བྱེད་རྒྱུ་ཡོད་པ་རེད། དེ་འདྲ་བྱས་པ་ཡིན་ན་ང་རང་ཚོའི་བོད་སྨན་ཉམས་ཆག་འགྲོ་གི་མ་རེད། བོད་སྨན་ཡར་རྒྱས་འགྲོ་གི་རེད། དངོས་ཡོད་གནས་ཚུལ་ཐོག་ནས་ཉམས་མྱོང་གསོག་གིན་གསོག་གིན་དང༌། དཔྱད་ཞིབ་བྱེད་ཀྱིན་བྱེད་ཀྱིན་བྱས་ནས་གཏན་འབེབ་ཡག་པོ་བྱེད་ཐུབ་ན་འཛམ་བུ་གླིང་ཡོངས་གྲགས་སྟེང་ལ་དེ་སྔའི་ལོ་སྟོང་ཕྲག་གོང་གི་རིག་གཞུང་རྙིང་པ་ཡོད་པ་དེ་དག་ད་ལྟའི་དངོས་ཡོད་གནས་ཚུལ་གྱི་དུས་ཚོད་ལ་རན་པ་ཞིག་དང༌། ད་ལྟའི་དུས་ཚོད་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་གི་རེད། དེ་འདྲ་བྱེད་རྒྱུའི་ཆ་རྐྱེན་ཏན་ཏན་ཡོད་པ་རེད། སྤྱིར་ང་ཚོ་ནང་པ་སངས་རྒྱས་པ་རྣམས་ནས་སྨན་གཞུང་རྣམས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པར་ཡིད་ཆེས་ཞུ་གི་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་བྱ་བ་གང་ཡང་བརྟག་དཔྱད་བྱས་ནས་འགྲོ་དགོས་ཀྱི་རེད་ཅེས་ནང་དོན་རིག་པའི་སྟེང་ཐག་བཅད་ནས་གསུངས་ཡོད། དེ་སྨན་གྱི་རིག་པའི་ནང་ལའང་སྤྱི་འགྲེ་སྤྱི་མཚུངས་བྱས་ནས་འགྲོ་རྒྱུ་རེད་མ་གཏོགས་མ་དགོས་པ་གང་ཡང་མ་རེད། དེ་འདྲ་ཡིན་དུས་མ་འོངས་པ་ལ་ཕྱོགས་གཅིག་ནས་བོད་མི་འདུས་ནས་སྡོད་སའི་ས་ཁུལ་ཁག་ལ་འཕྲོད་བསྟེན་གྱི་ལས་ཀ་བྱེད་རྒྱུའི་ཐོག་ལ་བོད་སྨན་གྱིས་ཞབས་འདེགས་བསྒྲུབ་རྒྱུའི་དགེ་མཚན་གཅིག་དང༌། དེའི་ཐོག་མི་རིགས་སྤྱི་ཡོངས་ཀྱི་ནད་རིགས་སྡུག་བསྔལ་སེལ་ཐབས་ལ་དེང་དུས་ཀྱི་ཤེས་ཡོན་གང་ལ་གང་འཚམས་མཉམ་འབྲེལ་གྱི་ཐོག་ནས་གོ་བསྡུར་དང་དཔྱད་ཞིབ་བྱས་ནས་བསམ་བློ་གཏོང་དགོས་པ་ཏན་ཏན་རེད། དེ་ཡོང་རྒྱུའི་གཞི་རྩ་ཤེས་ཡོན་ཡིན་པ་རེད། ཁྱེད་རང་ཚོ་ད་ལྟ་སློབ་སྦྱོང་བྱེད་རྒྱུ་ཚོ་འཕྲལ་སེལ་བོད་སྨན་གྱི་སློབ་སྦྱོང་བྱེད་རྒྱུ་དེ་ཧུར་ཐག་བྱེད་དགོས། ཤེས་སོང་ངམ། རྒན་ལགས་རྣམ་པ་ཚོས་ད་ལྟ་བར་དུ་ལོ་མང་པོའི་རིང་སྦྱངས་པའི་ལག་ཤེས་དེ་ཁྱེད་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། ཡང་སྐབས་རེ་གསལ་པོ་ཆགས་མ་ཆགས་འདྲ་འདུག་ན་ལམ་སེང་ཕན་ཚུན་དྲི་བ་དྲིས་ལན་འདྲ་བྱས། རྩོད་པ་དང་བརྡར་ཤ་བཅད་ནས་གང་ལྟར་ངེས་ངེས་ཏན་ཏན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱེད་རང་ཚོ་སློབ་སྦྱོང་བྱས་ཏེ་ཐོན་ཡོང་དུས་སློབ་སྦྱོང་བྱས་པའི་རྩ་དོན་རྣམས་གཏིང་ཕྱིན་པ་ཤེས་ཐུབ་པ་བྱེད་དགོས། དེ་གཞིར་བཞག་ནས་ཤེས་བྱ་གསར་པའི་ཐོག་ནས་ཉམས་མྱོང་གསར་པ་བསགས་ཏེ་དོན་སྙིང་སྨན་གྱི་ཐོག་ནས་ལག་ལེན་ནུས་པ་ཆ་ཚང་བ་ཞིག་སྟོན་ཐུབ་པ་ཞིག་བྱུང་བ་ཡིན་ན་གཙོ་བོ་ང་རང་ཚོ་འགྲོ་བ་མིའི་ནད་ཀྱི་སྡུག་བསྔལ་སེལ་རྒྱུའི་ཐབས་ཤེས་ཤིག་དང༌། དངོས་གནས་དྲང་གནས་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་རེད། ཡ་རབས་སྤྱོད་བཟང་གི་ཐོག་ནས་བཤད་པ་ཡིན་ནའང་རེད། དེ་འདྲ་བའི་བྱ་བ་དེ་ནི་བྱ་བ་རླབས་ཆེ་བ་ཞིག་དང༌། བྱ་བ་བཟང་པོ་ཞིག་རེད། དེས་ན་རྩ་བའི་སྨན་གྱི་རིག་གཞུང་འདི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་ནས་ཡོད་པའི་རིག་གཞུང་ཞིག་ཆགས་ནས་ཡོང་བ་ཡིན་དུས། སྨན་གྱི་ལག་ལེན་ཐོག་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ལའང་ནུས་པ་ཐོན་ནས་བསྟན་པའི་ཞབས་འདེགས་སུ་འགྲོ་གི་རེད། དེ་བཞིན་དུ་རྩ་བ་སངས་རྒྱས་སྨན་པའི་རྒྱལ་པོ་ནས་ཉེ་བར་བརྒྱུད་ནས་བྱུང་བའི་སྨན་གྱི་རིག་གཞུང་ལ་བར་ལམ་བོད་ཀྱི་མཁས་པ་མང་པོ་ཞིག་གིས་དེའི་ཐོག་ལ་ཉམས་མྱོང་ཕྱོགས་བསྡུས་བྱས་ནས་བསྟན་པ་ཡིན་དུས་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་བོད་སྨན་གྱི་ཐོག་ནས་གཞན་ཕན་གྱི་ནུས་པ་ཡོངས་སུ་ཐོན་པ་ག་ཚོད་བྱུང་བའི་ཚོད་ཀྱིས་བོད་ཀྱི་རིག་གཞུང་གི་ཞབས་འདེགས་ལ་ཕན་པ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་སྤྱིར་འགྲོ་བ་མིའི་ཞབས་འདེགས། ཡང་སྒོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཞབས་འདེགས། བྱེ་བྲག་ཏུ་བོད་ཀྱི་རིག་གཞུང་གི་ཞབས་འདེགས་བཅས་སྒོ་གང་ས་ནས་གནད་འགག་ཆེན་པོ་ཆགས་ཡོད། བོད་སྨན་གྱི་སྡེ་ཚན་འདིའི་ནང་ང་རང་ཚོ་བོད་མི་བཙན་བྱོལ་པ་མི་གྲངས་འབུམ་གཅིག་ལྷག་ཙམ་ཡོད་པ་འདི་ཙམ་མ་ཡིན་པར་རྒྱ་གར་བྱང་རྒྱུད་ལ་ཡོད་པའི་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པ་དང༌། བོད་ཀྱི་རིག་གཞུང་ཉམས་ལེན་བྱེད་མཁན་ས་ཁུལ་གང་འཚམས་ཡོད་པ་རྣམས་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་དང༌། དེས་མ་ཚད་དེ་རིང་ཁ་སང་ཕྱི་རྒྱལ་གྱི་མི་ཤེས་ཡོན་ཅན་སྐད་གྲགས་ཡོད་མཁན་ཁྲོད་ནས་བོད་སྨན་ལ་དོ་སྣང་དང་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ད་ལྟ་དངོས་ཡོད་གནས་ཚུལ་རྒྱ་གར་ནང་དང༌། ཕྱི་རྒྱལ་སྡེ་ཁག་ནང་སྨན་པ་མང་པོས་ལོ་མང་པོ་སྨན་བཅོས་བྱས་ནས་མ་དྲག་པའི་ནད་རིགས་བོད་སྨན་ཟོས་ནས་ཕན་པ་མིག་མཐོང་ལག་ཟིན་ཡོང་གི་ཡོད་པ་རེད། བོད་སྨན་ལ་ཐུན་མོང་མ་ཡིན་པའི་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཏན་ཏན་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་རིག་པ་བསྒྲིམས་ནས་ཤུགས་རྒྱག་གི་ཡིན་ན་ད་ལྟ་ལབ་པ་ནང་བཞིན་རེད། གཞན་ཕན་རླབས་ཆེན་སྒྲུབ་ཐུབ་པའི་མདུན་ལམ་ཡངས་ཤིང་འོད་སྟོང་ལྡན་པ་ཡོང་ངེས་རེད། དེ་བསྒྲུབ་ཐུབ་པའི་བསམ་བློ་གཏོང་དགོས། ཤེས་སོང་ངམ། དེ་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད། ངས་སྔོན་མ་སྨན་གྱི་སྐོར་གང་ཡང་ཤེས་ཀྱི་མེད། ཡིན་ནའང་ང་རང་ནད་པ་བྱས་ནས་རྟག་པར་བོད་སྨན་བཟས་པ་དེས། ནད་པ་རྒས་པོ་སྨན་པ་འདྲ་ཟེར་བ་བཞིན་བོད་སྨན་ལ་ཡིད་ཆེས་སྐྱེས་པ་དང༌། སྤྱིར་བཏང་ནད་པ་རྩག་རྩིག་དེ་ཚོའི་གྲས་ལ་ཁྱེད་རང་སྨན་འདི་དང་འདི་བཟའ་ན་ཡག་པོ་ཡོད་པ་རེད་ཅེས་བཤད་ཀྱི་ཡོད། རྟག་པར་བོད་སྨན་འཁྲིས་ལ་ཉར་ནས་བོད་སྨན་གྱི་གྲོགས་པོ་ཆགས་པ་ཡིན་ཙང་བོད་སྨན་ལ་ཡིད་ཆེས་སླེབས་ཏེ་ཕན་ནུས་ཇི་ཡོད་ཤེས་ཀྱི་ཡོད་པ་ལྟར་འདི་ཡར་རྒྱས་ཤིག་གཏོང་ཐུབ་ན་སྙམ་པ་སྔོན་ནས་བསམས་མྱོང༌། ཡིན་ན་ཡང་ཆ་རྐྱེན་འདྲ་པོ་མ་འཛོམས། སོ་སོའི་འདོད་པ་ཡོད་པ་ནང་བཞིན་ཤར་ཤར་འགྲོ་མ་ཐུབ་པར་དེ་མུར་ལུས་པ་རེད། ད་ཆ་ག་རེ་ཡིན་ནའང་ཕྱི་ནང་གི་རྐྱེན་མང་པོ་ཞིག་འཛོམས་ཏེ་ཡར་རྒྱས་འགྲོ་རྒྱུའི་གཞི་ཡོད་དུས་ཙ་ན་ང་རང་ཡིན་ནའང་བློ་བདེ་པོ་དང༌། དགའ་པོ་བྱུང༌། ད་དངོས་གནས་རེ་བ་ཆེན་པོ་ཆགས་ནས་བསྡད་ཡོད། རེ་བ་ཇི་བཞིན་དུ་འགྲུབ་པའི་ཆེད་དུ་དགེ་རྒན་ཚོ་དང་དེ་བཞིན་སློབ་ཕྲུག་ཚོ། ལས་བྱེད་པ་ཚོ་ཚང་མས་ནུས་ཤུགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཧུར་ཐག་གྱིས་ཤོག་ཨང༌། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། ཁྱེད་རང་ཚོ་སློབ་སྦྱོང་མཐར་ཕྱིན་པ་ཞིག་དང༌། གཞན་ཕན་རྒྱ་ཆེན་པོ་བསྒྲུབ་ཐུབ་པའི་རེ་བ་རྒྱག་གི་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།