སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས ༢༩ ཉིན་དགེ་སློབ་རྣམས་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༢༩ ཉིན་དགེ་སློབ་རྣམས་ལ་སྩལ་པའི་བཀའ་སློབ།
སྤྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༢༩ ཉིན་སློབ་དགེ་རྣམ་པ་དང་སྐབས་བཅུ་གསུམ་པའི་སློབ་ཐོན་སྨན་པ་རྣམས་མཇལ་བཅར་སྐབས་སྩལ་པའི་བཀའ་སློབ། ཚང་མ་ལ་བཀྲིས་བདེ་ལེགས་ཡོད། གསོ་བ་རིག་པ་རིག་གནས་ཆེ་བ་ལྔའི་གྲས་ཡིན་པ་རེད། གཉིས་ནས་བོད་ཀྱི་གསོ་བ་རིག་པ་དེ་ང་ལ་རྒྱུས་ཡོད་པ་མ་རེད་དེ། ཁྱེད་ཚོ་ཨེམ་ཆི་ཚོས་གསུངས་པ་ལྟར་ན་རིག་གནས་ཁག་ཁ་ཤས་ཤིག་ཕྱོགས་བསྒྲིགས་བྱས་པའི་སྲོལ་ལྟ་བུ་ཞིག་སྟེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་རྒྱ་ནག་གི་སྨན་པ་དང༌། བོད་རང་གི་སྨན་པ། སྐབས་དེའི་སྟག་གཟིག་གི་སྨན་པ། རྒྱ་གར་གྱི་སྨན་པ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་འཚོགས་པ་སོགས་བྱུང་ཡོད་པ་རེད། ང་ཚོའི་སྨན་གཞུང་ནང་ཚོན་ཞེས་རྒྱ་སྐད་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཨ་ཡུར་ཝེ་དྷའི་དངུལ་ཆུ་འདུལ་སྦྱོང་གི་མཚོན་པའི་ལག་ལེན་ལ་སོགས་རྒྱ་གར་ནས་ཚུར་བླངས་པ་གསལ་པོ་ཞེ་དྲག་རེད། བྱས་ཙང་གང་ལྟར་རིག་གནས་དེ་གལ་ཆེན་པོ་ཞིག་ཆགས་འདུག ད་ལྷག་པར་དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་བོད་སྨན་ལ་དོ་སྣང་གསར་པ་ཞིག་གཞི་ནས་ཚུགས་ཡོང་གི་ཡོད་པ་རེད། ངས་སྔོན་མ་སྔོན་མ་ནས་བཤད་བསྡད་ཀྱི་ཡོད༌། ང་ཚོ་བོད་ལ་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་ཆོས་ཧ་ལས་པའི་ཕྱུག་པོ་ཞིག་ཡོད་པ་རེད། དེ་དང་ཆབས་ཅིག་གསོ་བ་རིག་པའི་སྨན་གཞུང་སྐོར་ང་ཚོར་ཕྱུག་ཐག་ཆོད་ཅིག་ཡོད་པ་རེད། དེ་གཉིས་ཀྱི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་ཡོང་བ་དེ་ནང་དོན་རིག་པའི་ཐོག་ནས་ཡོང་བསྡད་པ་གཅིག ནང་དོན་རིག་པ་དེ་ཡང་སྨོན་ལམ་འདེབས་པ་དང་ཡིད་ཆེས་བྱེད་བསྡད་པ་ཙམ་མ་ཡིན་པར། ཚད་མ་རིག་པའི་ཐོག་ནས་བསྒྲུབས་ཏེ་ཡིད་ཆེས་སླེབས་པ་ཞིག་དང་ནུས་པ་སླེབས་པ་ཞིག་ཡིན་པས་ཆོས་ལུགས་གཞན་པ་དང་རྩ་བ་ནས་འདྲ་གི་མ་རེད། དེ་འདྲ་ཡིན་ཙང་དེང་དུས་ཚན་རིག་པའི་ནང་ནས་བོད་ཀྱི་ནང་ཆོས་ནས་(information)གནས་ཚུལ་ཤེས་འདོད་བྱེད་པ་དང་ལེན་འདོད་བྱེད་པ་དེ་ཡོང་བསྡད་པ་རེད། ཆོས་ལུགས་གཞན་པའི་ནང་ལ་ཞེ་དྲག་ཁག་པོ་རེད། ད་ལྟ་བར་དུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ནང་སེམས་ཀྱི་ཞི་བདེ་སླེབས་པ་ལ་བོད་ཀྱི་ནང་དོན་རིག་པའི་ཐོག་ནས་ཐབས་ཤེས་ཆ་ཚང་ཡོད་བསྡད་པ་ཞིག་དང༌། ལུས་པོ་བདེ་ཐང་ཐོག་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ལུས་པོའི་གནས་ཚུལ་གཅིག་པོ་ཙམ་མ་ཡིན་པར་སེམས་ཁམས་དང་བསྟུན་ནས་དཔེར་ན། དེ་རིང་ཁ་སང་ཡོང་བསྡད་པ་བཞིན་ན་ནི་ན་གི་འདུག སྨན་ཁང་ལ་ཕྱིན་པ་ཡིན་ནད་གཞི་གང་ཡང་མི་འདུག་གསུང་གི་འདུག་ཟེར་པའི་བཟོ་འདྲ་བོ་ཡོང་བསྡད་ཀྱི་འདུག དེ་ལ་ང་ཚོས་རླུང་གི་ཐོག་ནས་འ྄གྲེལ་བཤད་ཅིག་རྒྱག་བཞིན་པ་རེད། དེ་འདྲ་ཡིན་ཙང༌། བོད་ཀྱི་སྨན་དེས་ལུས་སེམས་གཉིས་ཆ་ལ་དོ་སྣང་བྱེད་བསྡད་པ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་ང་ཚོར་མདུན་ལམ་ཞེ་དྲག་ཡོད་པ་ཞིག་རེད། སྔོན་མ་ནས་ངས་བཤད་བསྡད་ཡོད། དེ་རིང་ལྡབ་བསྐྱར་ཞིག་བརྒྱབ་ནའང་སྐྱོན་མི་འདུག ང་ཚོའི་སྔོ་སྨན་ངོ་སྤྲོད་བྱེད་རྒྱུ་དེ་ཚོའི་གྲས་དེ་ཏན་ཏན་བྱེད་དགོས་པ་ཞིག་རེད། དཔེར་ན་ཨུཏྤལ་ཞེས་ལབ་བསྡད་པ་དེར་ང་ཚོས་ནམ་རྒྱུན་དགེ་འཕེལ་རི་ལ་སོགས་པར་སྐྱེས་བསྡད་པ་དེར་ཨུཏྤལ་ཟེར་བཞིན་པ་རེད། དེ་བོད་ལ་མ་གཏོགས་རྒྱ་གར་ལ་མེད་པ་ཐག་ཆོད་ཚར་པ་རེད། རྒྱ་གར་གྱི་གསང་པ་འདུས་པའི་རྒྱུད་ལས་ཨུཏྤལ་སྔོན་པོ་དང་ཨུཏྤལའི་མཚོན་པ་ཞེས་གསང་པ་འདུས་པའི་དབུ་རྒྱན་དང་རིན་ཆེན་རྡོ་རྗེ་མའི་དབུ་རྒྱན་ལ་ཨུཏལ་སྔོན་པོ་དང་ཕྱག་མཚན་ལ་ཨུཏྤལ་སེར་པོ་དང་ཨུཏྤལ་སྔོན་པོ་ཞེས་པ་ཡོད་པ་རེད། དེ་རྒྱ་གར་ལ་སྐྱེས་བསྡད་པ་ཞིག་མ་གཏོགས། བཅོམ་ལྡན་འདས་ཀྱིས་རྒྱུད་གསུང་པའི་སྐབས་ལ་རྒྱ་གར་ལ་མེད་པའི་མེ་ཏོག་བོད་ལ་ཡོད་བསྡད་པ་ཞིག བཅོམ་ལྡན་འདས་ཀྱི་མངོན་མཁྱེན་གྱིས་གཟིགས་པ་ཡིན་ནའང་དེ་གསུང་གི་མ་རེད། བྱས་ཙང་རྒྱ་གར་ལ་ཡོད་པའི་མེ་ཏོག་ཅིག་ཡིན་པ་ཐག་ཆོད་ཚར་པ་རེད། ངས་རྒྱ་གར་ངོ་ཤེས་མཁན་ཞིག་དང་མཉམ་དུ་དེ་སྐོར་སྐད་ཆ་བྱུང་བར་ཨུཏྤལ་ཟེར་བ་དེ་ཆུ་ནང་དུ་སྐྱེས་བསྡད་པའི་མེ་ཏོག་སྔོན་པོ་ཅན་དེར་ཨུཏྤལ་ཟེར་གྱི་ཡོད་པ་རེད་བརྗོད་བྱུང༌། དེའི་གྲས་དེ་ལ་བརྟག་དཔྱད་བྱེད་དགོས་པ་ཞིག་རེད། བརྟག་དཔྱད་བྱས་ནས་རྒྱ་གར་གྱིས་ཨུཏྤལ་ངོས་འཛིན་བྱེད་བཞིན་པའི་མེ་ཏོག་དེ་སྐམ་ནས་ག་རེ་བྱེད་དགོས་པ་སོགས་བྱས་ཏེ་སྨན་གྱི་ནུས་པ་ག་རེ་ཡོང་གི་འདུག ཡང་ང་ཚོས་ངོས་འཛིན་བྱས་བསྡད་པའི་ཨུཏལ་ཏེ་རི་མཐོ་པོར་སྐྱེས་བསྡད་པའི་མེ་ཏོག་སྔོན་པོ་ཚེར་མ་ཡོད་པ་དེ་དང་རྒྱ་གར་གྱི་ཨུཏྤལ་ངོས་འཛིན་བྱས་པ་དེ་གཉིས་དབར་ལ་རྫས་ཀྱི་ནུས་པ་ཁྱད་པར་ག་རེ་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་རེད། བྱས་ཚང་སྔོ་སྨན་རིགས་ཡག་པོ་ངོས་འཕྲོད་པ་བྱ་རྒྱུ་དེ་གལ་ཆེན་པོ་མིན་ནམ་དྲན་བྱུང༌། ངས་རྒྱབ་བཤད་བརྒྱབ་པ་མིན་མོད། ཡིན་ནའང༌། བསྟན་འཛིན་རྣམ་རྒྱལ་ལགས་འདས་པོ་དེ་ཉིད་ལ་མཚོན་ན། མི་ཡག་པོ་ཞེ་དྲག་རེད། ང་ལ་བཤད་མཁན་ཁ་ཤས་བྱུང༌། བསྟན་འཛིན་རྣམ་རྒྱལ་ལགས་ཡོད་པའི་སྐབས་ཀྱི་སྨན་གྱི་དྲི་མ་དེ་དང་ད་ལྟའི་སྨན་གྱི་དྲི་མ་ཁག་ཁག་རེད། དྲི་མ་འདྲ་གི་མི་འདུག་ཟེར་གྱི་འདུག བྱས་ཙང་མི་ཚད་ལོངས་པ་དེ་འདྲ་རེད། ད་ལྟ་ངས་རྒྱབ་བཤད་ཟེར་བསྡད་པ་དེ་ཡིན། ལ་དྭགས་ཡིན་ནམ། རོ་ཐང་ལ་ཡིན། དེ་འདྲ་ཞིག་ལ་ང་ཚོ་མཉམ་དུ་འཁེལ་བ་རེད། མེ་ཏོག་འདི་ག་རེ་རེད་དྲིས་པའི་སྐབས་ལ། སྤང་རྒྱན་རེད་ཅེས་སྤང་རྒྱན་ངོ་སྤྲོད་བྱས་བྱུང༌། ཡང་མེ་ཏོག་གཞན་ཞིག་བཀོག་ནས་འདི་ག་རེ་རེད་དྲི་སྐབས་སྤང་རྒྱན་རེད་གསུངས་སོང༌། ངས་མིག་གིས་གསལ་པོ་མཐོང་གི་འདུག སྔོན་ཆད་ངས་ཤིང་བཟོ་ཞིག་ལ་འབོར་ཤོབ་བཤད་མྱོང༌། ཁྱེད་ཀྱིས་ཤིང་ལ་ཐིག་བརྒྱབ་པ་ཀྱོག་འདུག་བཤད་སྐབས། ཀྱོག་མེད་ཟེར་གྱི་འདུག ངའི་མིག་ལ་ཐིག་ཤིང་ཡོད་པ་རེད་བཤད་པ་ཡིན། ཀྱོག་ཐག་ཆོད་ཀྱོག་འདུག བྱས་ཙང་ངས་མེ་ཏོག་དེ་དབྱེ་བ་ཕྱེ་ཐུབ་ཀྱི་འདུག སྤང་ལ་སྐྱེས་པའི་མེ་ཏོག་དམར་པོ་གཅིག་པ་ཡིན་ཀྱང་དབྱིབས་མི་འདྲ་བ་རེད། ལོ་མ་མི་འདྲ་བ་རེད། བྱས་ཙང་ངས་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཉིན་ཤས་སྔོན་མེ་ཏོག་དེ་ག་རེ་རེད་ཟེར་དུས་དེ་སྤང་རྒྱན་རེད་ལབ་པ་རེད། སང་ཉིན་མེ་ཏོག་མི་འདྲ་བ་ཞིག་བསྟན་ནས་འདི་ག་རེ་རེད་ཟེར་དུས་དེ་ཡང་སྤང་རྒྱན་རེད་ལབ་བྱུང༌། སྤང་གི་སྒང་ལ་སྐྱེས་པའི་མེ་ཏོག་དམར་པོ་ཆུང་ཆུང་ཡོད་ཚད་སྤང་རྒྱན་ཡིན་པའི་བཟོ་འདྲ་བོ་ཞིག་བཤད་བྱུང༌། འོ་ད་ག་འདྲ་ཡིན་ནམ་བསམ་བྱུང༌། ཞིབ་ཚགས་པོ་མེད་པའི་རྟགས་ཅིག་ངས་མཐོང་བ་རེད། བྱས་ཙང་སྔོ་དེ་ཚོའི་རིགས་ཞིབ་ཚགས་པོ་བྱས་ནས་ངོ་འཕྲོད་པོ་ཞིག་མ་བྱུང་ན། ཟླ་བ་ལགས་ཀྱིས་རི་མོ་བྲིས་བཞག་པ་དེས་ཧ་ཅང་ཕན་ཐོགས་ཀྱི་རེད། དེ་ཡག་པོ་ཞེ་དྲག་ཡོད་པ་རེད། སྔོ་སྨན་ངོ་སྤྲོད་ཀྱི་མཚོན་པའི་རིགས་དེ་ཚོ་ཞིབ་ཚགས་པོ་བྱེད་དགོས་པ་ཞིག་རེད། དཔེར་ན་མེ་ཏོག་དམར་པོ་ཆུང་ཆུང་ཞིག་ཡོད་པ་རེད་ལབ་པ་ཡིན་ན། གང་འཚམ་ཞིག་ནས་སྤང་སྒང་ལ་སྐྱེས་པའི་མེ་ཏོག་དམར་པོ་ཡོད་ཚད་སྤང་རྒྱན་ཞེས་ལབ་དགོས་བྱུང་ན་མ་བདེ་བ་ཞིག་རེད། དེ་ཚོའི་གྲས་དེ་གནད་འགག་ཅིག་མིན་ནམ་བསམ་བྱུང༌། ངས་སྔོན་མ་ནས་དེ་ལབ་མྱོང༌། དེ་གཅིག་བྱས། དེ་ནས་ངས་སྔོན་མ་ནས་ལབ་ཡོད། ང་ཚོ་རྒྱ་གར་ནང་དུ་ཡོང་དགོས་དོན་ནི་སོ་སོའི་ལུང་པའི་ནང་དུ་རང་དབང་བྲལ་ནས་སླེབས་པ་ལས། དགའ་བཞིན་སྤྲོ་བཞིན་སླེབས་ཡོད་པ་མ་རེད་དེ། ཡིན་ནའང་ང་ཚོ་རང་དབང་ལུང་པའི་ནང་ལ་བཙན་བྱོལ་བྱས་ནས་སླེབས་བསྡད་པ་དེས་གོ་སྐབས་གསར་པ་མང་པོ་ཞིག་ང་ཚོར་སླེབས་བཞིན་པ་རེད། འཁྲིས་དེ་གར་ཨ་ཡུར་ཝེ་ངྷའི་མཁས་པ་མང་པོར་ཐུག་སྟེ་ཁོང་ཚོའི་སྨན་སྦྱོར་བྱེད་སྟངས་དང༌། སྨན་ག་འདྲ་བསྒྲུག་གི་ཡོད་མེད། ཁོང་ཚོའི་སྔོ་ག་འདྲ་ག་འདྲ་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དེའི་གྲས་དེ་ང་ཚོར་ལམ་སེང་གོ་བསྡུར་བྱེད་ས་ཡོད་པ་རེད། བོད་ལ་ཡོད་པ་ཡིན་ན། རྒྱ་གར་ལ་དེ་འདྲ་ཡོད་པ་རེད་ཅེས་ལབ་རྒྱུ་མ་གཏོགས་འབྲེལ་བ་བྱེད་ས་མེད་པ་རེད། ང་ཚོ་རྒྱ་གར་ལ་བསྡད་བསྡད་པ་རེད། ལོ་བཞི་བཅུ་ཞེ་བརྒྱད་ལྷག་ཙམ་ཕྱིན་པ་རེད། ང་ཚོ་འཁྲིས་དེ་གར་ཡོད་པ་རེད། འཁྲིས་དེ་གར་ང་ཚོས་གོ་བསྡུར་བྱེད་དགོས་པ་འདུག ད་ལྟ་ང་ཚོར་གོ་སྐབས་ཡོད་པ་དེ་ང་ཚོར་འདང་གི་ཨེ་ཡོད་བསམ་བྱུང༌། འབྲེལ་བ་དེ་ཉུང་དྲགས་ཀྱི་མེད་དམ་བསམ་བྱུང༌། དཔེར་ན། ངས་ཤེས་གསལ་ལྟར་ན་སྦེང་ལོར་དུ་རྒྱ་གར་གྱི་ཨ་ཡུར་ཝེ་ངྷའི་སྨན་དང་སྨན་ཁང༌། སྨན་གྱི་ལག་རྒྱུན་སོགས་ཀྱི་གྲས་དེ་ཡག་པོ་ཡོད་བཟོ་འདུག ཀེ་ར་ལ་ཁུལ་ལ་ཡང་ཡག་པོ་ཡོད་བཟོ་འདུག དེ་ཚོའི་གྲས་ལ་ང་ཚོས་ཕར་འབྲེལ་བ་བྱས་ཏེ་ང་ཚོའི་མི་ཕར་འགྲོ་རྒྱུ་དང༌། ཁོང་ཚོའི་མི་ཚུར་ཡོང་བ་སོགས་བྱས་ནས་མདོ་དོན་སྙིང་པོ་ད་ལྟ་ང་རང་ཚོ་ལ་སྨན་བཅོས་ཀྱི་གཞུང་སློབ་འཁྲིད་བྱེད་རྒྱུ་དང༌། ལག་ལེན་ཞིག་ཡོད་བསྡད་པ་དེ་ཙམ་ལ་ཆོག་ཤེས་བྱས་ནས་མ་བསྡད་པར་རིག་གནས་གསར་པའམ། རིག་གནས་མི་འདྲ་བ་དེ་ཚོ་དང་གོ་བསྡུར་བྱས་ནས་ཚུར་ལེན་རྒྱུ་ག་རེ་འདུག་གམ། དཔེར་ན། ང་ལ་ཆ་བཞག་ན། ངས་དཔེ་ཆ་ཤེས་ཀྱི་ཡོད་པ་རེད། ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། ནང་དོན་རིག་པ་ཏོག་ཙམ་ཤེས་ཀྱི་ཡོད་པ་རེད། ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། དཔེར་ན་དགེ་ལུགས་པའི་གཞུང་ནང་དུ་གསུངས་བཞག་པ། རྙིང་མའི་གཞུང་ནང་དུ་གསུངས་བཞག་པ། བཀའ་བརྒྱུད་པའི་གཞུང་ནང་དུ་གསུངས་བཞག་པ་དེའི་གྲས་ཕར་ཚུར་བསྡུར་ཡོང་པའི་སྐབས་སུ། གཅིག་ལ་མ་གསལ་བ་གཅིག་ལ་གསལ་བ་དེ་རིགས་དེ་ཕར་ཚུར་མཉམ་དུ་བསྡུར་ཡོང་དུས། རྩ་བའི་ཆ་ནས་ནང་དོན་རིག་པའི་གནད་འགག་གྲས་གསལ་པོ་ཤེས་པར་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེ་ནང་བཞིན་བྱས་ནས་ང་ཚོ་བོད་རང་གི་ད་ལྟ་ཕན་ཆད་ལོ་བརྒྱ་ཕྲག་གམ་སྟོང་ཕྲག་མང་པོ་ཞིག་གི་རིང་ལ་ང་ཚོར་ལག་ལེན་ཡོད་བསྡད་པ་དེ་རྒྱུས་ཡོད་པའི་ཐོག་ལ་ཨ་ཡུར་ཝེ་ངྷའི་སྨན་དང་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་ཏེ། ཁོང་ཚོ་ལའང་ཕར་ཉམས་མྱོང་བསླབ་རྒྱུའི་རིག་པ་དེ་འདྲ་ཡོང་མདོག་ཁ་པོ་རེད། ཁོང་ཚོའི་ས་ནས་ཡང་ཚུར་རིག་པ་ལེན་རྒྱུ་གཅིག་བྱས། ཡང་ཡུ་ན་ནི་ཟེར་བ་ཁ་ཆེའི་སྨན་ཞིག་ཡོད་པ་རེད། དེ་ཚུར་བསླབ་རྒྱུ་དང་ཕར་བསླབ་རྒྱུ། དེ་ནས་རྒྱ་མིའི་སྨན་འཛམ་གླིང་དུ་གྲགས་པ་ཆེན་པོ་ཞིག་འདུག་པ། དེ་སྔོན་རི་པིན་གྱི་མི་ཞིག་གིས་ལབ་པ་ལྟར་ན་རྒྱ་མིའི་སྨན་ཕལ་ཆེར་བརྟག་དཔྱད་བྱས་ཚར་པ་ཡིན། ད་ལྟ་བོད་སྨན་ལ་བརྟག་དཔྱད་བྱེད་བཞིན་པ་ཡིན། ད་ལྟ་བར་དུ་བརྟག་དཔྱད་བྱས་པར་ཕྱོགས་བསྡོམས་ཤིག་བྱས་པ་ཡིན་ན། བོད་སྨན་དེ་ཟབ་པའི་བཟོ་འདྲ་བོ་ཞིག་འདུག ཅེས་ལབ་པ་རེད། ད་འདི་ཚོའི་གྲས་དེ་གང་ལྟར་མིས་སྙན་གྲགས་ཤིག་བརྗོད་ཡོང་གི་ཡོད་པ་རེད། ད་ལྟ་ང་རང་ཚོས་མུ་མཐུད་ནས་རྒྱ་མིའི་སྨན་གྱི་མཁས་པ་དེ་ཚོ་དང་མཉམ་དུ་གོ་བསྡུར་བྱས། དེ་ཆབ་སྲིད་གནད་དོན་ལའང་འབྲེལ་བ་ཞིག་ཆགས་ཡོང་གི་འདུག དཔེར་ན་ཐེ་ཝན་ནས་རྒྱ་མིའི་སྨན་གྱི་མཁས་པ་དེ་འདྲ་ཡོང་ཆོག་ཆོག་ཡོད་པ་རེད། དེ་འདྲ་ཐེ་ཝན་ནས་གདན་འདྲེན་ཞུ་རྒྱུ་ལྟ་བུ། དེ་ནས་ག་ལེ་ག་ལེ་རྒྱ་ནག་རང་ནས་རྒྱ་སྨན་རྙིང་པའི་སྨན་གྱི་མཁས་པ་དེ་འདྲ་གདན་འདྲེན་ཞུས་ཏེ་ཚོགས་འདུ་འཚོགས། གོ་བསྡུར་བྱས། ཡང་ཕར་ལ་ཕྱིན་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མེད་པ་བྱས། གསོ་བ་རིག་པ་རྐྱང་རྐྱང་ཐོག་ལ་མཁས་པ་འདྲ་ཐུག གོ་བསྡུར་འདྲ་བྱས་པ་ཡིན་ན། དེ་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཀྱང་རེད། གང་ལྟར་སིམ་འཛུལ་བྱེད་ས་ཡོད་ས་ནས་ང་ཚོས་གོ་སྐབས་ཤིག་བཙལ་དགོས་པ་རེད།་རྒྱ་མིའི་སྨན་པ་ཚོས་ནང་ལོགས་ནས་ང་ཚོ་བོད་པའི་ཨེམ་ཆི་མཉམ་དུ་འབྲེལ་བ་བྱས་ཁོ་ཚོ་ཚུར་གདན་འདྲེན་ཞུ་རྒྱུ་དང༌། ང་ཚོ་ཕར་འགྲོ་རྒྱུ་འདྲ་བོ། དེ་འདྲ་ཞིག་བྱེད་ཐུབ་ན་ཡང་གྲོགས་པོ་ཞིག་བཟོ་ཐུབ་ཀྱི་རེད། ང་ཚོ་བོད་པའི་བདེན་པའི་གནས་ཚུལ་ཞིག་ཁོང་ཚོར་ངོ་སྤྲོད་བྱེད་ཐུབ་ཀྱི་རེད། དེ་གལ་ཆེན་པོ་འདུག དེ་འདྲ་ཡིན་དུས། དེ་ཚོའི་གྲས་དེ་ང་ཚོས་ཡིན་གཅིག་མིན་གཅིག་བྱེད་དགོས་ཀྱི་མེད་དམ་དྲན་བྱུང༌། དེ་བཞིན་ཨ་ལོ་པེ་ཏི་མེ་ཌི་སིན་ཞེས་ནུབ་ཕྱོགས་པའི་སྨན་དེ་ཚོའི་གྲས་ཀྱང་ང་ཚོས་ནུབ་ཕྱོགས་ཀྱི་སྨན་རེད་ཅེས་གཡུག་མ་བཞག་པར། དེའི་གནད་འགག་རིགས་ལ་དོ་སྣང་དང་སློབ་སྦྱོང་འདྲ་བྱས། དུས་དུས་སུ་འཛོམས་རྒྱུ་ལ་སོགས་པ་དེ་གལ་ཆེན་པོ་རེད། དེ་ནས་ཐུར་མའི་དཔྱད་ཅེས་པ་དེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཡིན་ནམ་དེ་འདྲ་ཞིག་ལ་ཐུར་མའི་ལག་ལེན་སྤྱད་པ་དེ་ལམ་ལྷོངས་མ་བྱུང་རྐྱེན་དེ་ནས་མཚམས་བཞག་པ་རེད་ཟེར་པ་མ་རེད་དམ། ངས་དེ་འདྲ་ཞིག་གོ་མྱོང༌། བྱས་ཙང་དེའི་རྗེས་ལ་ཐུར་མའི་ལག་ལེན་དེ་དཔེ་ཆའི་ནང་དུ་ཡོད་པ་ཙམ་མ་གཏོགས་ལག་ལེན་བྱེད་ཀྱི་ཡོད་པ་མ་རེད།ཐུར་མའི་ལག་ལེན་དེ་ནུབ་ཕྱོགས་པའི་གཤག་བཅོས་(Surgery)སྨན་ནང་ལ་ཆ་ཚང་ཡོད་པ་རེད། བྱས་ཙང༌། ང་ཚོའི་དཔེ་ཆའི་ནང་དུ་བཤད་བཞག་པ་དང༌། ཁོ་ཚོའི་སྨན་གཞུང་ནང་བཤད་བཞག་པ་དེ་དངོས་སུ་ལག་ལེན་འཁེལ་བཞིན་ཡོད་པ་རེད། ཁོ་ཚོའི་ཉམས་མྱོང་བསགས་ནས་ལག་རྩལ་ཞེ་དྲག་ཡག་པོ་ཡོད་པ་རེད། འཕྲུལ་ཆས་ཡག་པོ་ཞེ་དྲག་ཡོད་པ་རེད། དེ་ལྟར་ཡིན་ཙང་ང་ཚོ་ལ་གོ་བསྡུར་བྱེད་ས་འདུག ང་ཚོའི་དཔེ་ཆའི་ནང་དུ་བཤད་བཞག་པ་དེའི་གྲས་དང་དེང་སང་དངོས་སུ་ལག་ལེན་འཁེལ་བཞིན་པ་དེ་ཚོའི་གྲས་བར་གནད་འགག་ག་འདྲ་ཡོད་མེད། མདོ་དོན་སྙིང་པོ་ནམ་རྒྱུན་སོ་སོའི་ཤེས་བསྡད་པ་དེས་ཆོག་ཤེས་བྱས་ནས་རིག་གནས་གསར་པ་དེ་ཅིག་ཅིག་རེད་ཅེས་ཕར་གཡུག་བཞག་པའམ། ཕྱི་ལོགས་སུ་བཞག་ནས་དེར་འབྲེལ་བ་སོགས་བྱེད་རྒྱུ་བསམ་བློ་རྩ་བ་ནས་མ་བཏང་བ་བྱས་ནས་བསྡད་བསྡད་ན་ང་ཚོ་རྗེས་ལུས་ཐེབས་ཀྱི་རེད། ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་པ་ཡིན་ན། དུས་རབས་བཅོ་བརྒྱད་པ་དང་དུས་རབས་བཅུ་དགུ་པའི་ནང་ལོགས་ལ་འཛམ་གླིང་འགྱུར་བ་འགྲོ་ཀྱི་ཡོད་པ་རེད། དུས་རབས་ཉི་ཤུ་པའི་མགོ་སྟོད་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་གྲངས། ཉི་ཤུའི་ནང༌། སུམ་ཅུ་ནང་ལ་རྒྱ་གར་ནང་ལ་འགྱུར་བ་ཞེ་དྲག་འགྲོ་ཀྱི་ཡོད་པ་རེད། རྒྱ་ནག་ནང་ལ་འགྱུར་བ་ཞེ་དྲག་འགྲོ་ཀྱི་ཡོད་པ་རེད། དེ་དུས་སྐབས་ལ་ང་ཚོ་སྔར་ལམ་ཁོ་རང་ལ་གཞི་བཞག་བྱས་ནས་ཕྱིན་པ་མ་གཏོགས་འཛམ་གླིང་ཕྱི་ལོགས་ལ་འགྱུར་བ་ག་རེ་འགྲོ་གི་འདུག འཛམ་གླིང་ཕྱི་ལོགས་ལ་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་ལ་རྩ་བ་ཉིད་ནས་དོ་སྣང་མ་བྱས་པར་བསྡད་པ་རེད། ངས་དཔེ་མཚོན་ཞིག་བཤད། སྤྱི་ལོ་ ༡༩༤༩ དང་ ༡༩༥༠ ལོར་རྒྱ་མི་ཐོག་མར་ཡར་འཛུལ་མ་འཛུལ་མཚམས་རྒྱ་མིའི་གསར་འགྱུར་ནང་དུ་བོད་བཅིངས་འགྲོལ་བཏང་གི་ཡིན། བོད་བཅིངས་འགྲོལ་བཏང་གི་ཡིན་ཞེས་སྐད་ཆ་ཐོག་མར་ཡོང་བའི་སྐབས་ཏེ། དེ་དུས་རྒྱ་མིའི་དམག་མི་ཡར་ཡོང་རྒྱུ་རེད། མདོ་སྟོད་སྨད་ནང་དུ་རྒྱ་མི་འཛུལ་བསྡད་ཡོད་པ་རེད། དེ་དུས་སྐུ་སྲུང་མདའ་དཔོན་ཕུན་ཚོགས་བཀྲིས་འདས་པོ་དེ་ཉིད་ཀྱིས་རྒྱ་མིའི་གསར་འགྱུར་ལ་རྒྱ་སྐད་ཐོག་ནས་ཉན་བཞིན་པ་རེད། རྒྱ་མིའི་གསར་འགྱུར་ནང་དུ་འདི་ལྟར་བཤད་ཀྱི་འདུག རྒྱ་དམག་བོད་ལ་ཡོང་རྒྱུ་ཐག་ཆོད་ཚར་འདུག བོད་བཅིངས་འགྲོལ་གཏོང་གི་ཡིན་ཞེས་རྟག་པར་ལབ་ཀྱི་འདུག ད་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་སྐབས་དེའི་རྒྱལ་པོ་སྟག་བྲག་རིན་པོ་ཆེ་རེད། སྟག་བྲག་རིན་པོ་ཆེའི་སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་ཞེས་པ་ཁོང་ལ་ཞུས་པ་ཡིན་ཟེར། སྣེ་མགྲོན་ནས་སྲས་སྐུ་ཞབས། ཐུགས་ཁྲལ་ཁྱོན་ནས་མ་གནང་རོགས། ང་ཚོ་བོད་དེ་ལྷ་བླ་མའི་གདན་ས་རེད། རྒྱ་མི་རྩ་བ་ནས་ཡོང་ཐུབ་ཀྱི་མ་རེད། ཅེས་གསུངས་སོང་ཟེར། (བཞད་མོ་བཞད་དེ།) ད་ལྷ་བླ་མའི་གདན་ས་ག་རེ་བྱས་སོང༌། ད་ལྷ་ལ་ནུས་པ་ཡང་མི་འདུག སྲུང་མ་ལ་ནུས་པ་ཡང་མི་འདུག དེ་འདྲ་ཞིག་ཆགས་སོང༌། མ་གཞི་བསམ་བློ་ཞིག་བཏང་བ་ཡིན་ན། ནཱ་ལེན་དྲ་གཙུག་ལག་ཁང་ལ་གཅིག་ལྟོས་དང༌། ཀླུ་སྒྲུབ་ཡབ་སྲས་དེ་འདྲ་ཞིག་བཞུགས་ཡོད་པ་རེད། དངོས་གནས་ས་བཅུའི་དབང་ཕྱུག་རེད། རྟོགས་པ་ཡོད་མཁན་གྱི་རྟོགས་ལྡན་དེའི་རིགས་བཞུགས་སའི་གདན་ས་དེ་དེ་རིང་ཁ་སང་གྱང་ཁོག་མ་རེད་དམ། སངས་རྒྱས་ཀྱི་ཆོས་དེ་ནུབ་འགྲོ་གི་རེད་ཅེས་སངས་རྒྱས་རང་ཉིད་ཀྱིས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་ལ་མཚོན་ནའང༌། ནུབ་པའམ་ནུབ་པའི་མཚམས་ལ་སླེབས་པ་རེད། ཞེ་དྲག་ཧ་ལས་པ་གང་ཡང་མི་འདུག དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་བྱུང་པ་རེད། བྱས་ཙང་ང་ཚོ་བོད་པའི་དེ་སྔའི་བསམ་བློ་ནང་ལ་རང་ཉིད་རང་ལ་སྣང་བ་འདྲ་དག་སྟེ། བོད་དེ་སུ་གཅིག་ལ་བདག་གི་མ་རེད། སུ་གཅིག་ཡོང་གི་མ་རེད་བསམ་ནས་ལྐུགས་པ་དང༌། གླེན་རྟགས་རྩེད་དེ་བསྡད་པ་རེད། དེ་ལྟར་བསྡད་པའི་འབྲས་བུ་ག་རེ་ཆགས་སོང༌། རིག་གནས་ནང་ལ་མཚོན་ནའང༌། སོ་སོ་སོ་སོའི་དེ་ལ་སྣང་བ་འདྲ་དག ཤ་ཞེན་ཁོ་རང་བྱས་ཏེ། དེ་ནས་ཡར་རིག་པ་གསར་པ་དང་རྣམ་དཔྱོད་གསར་པ། ཐབས་ཤེས་གསར་པ་བཙལ་བ། གཞན་གྱི་ས་ནས་ཚུར་སློབ་སྦྱོང་ལེན་རྒྱུ། ཕར་རིག་གནས་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱེད་རྒྱུ་གྲས་དེ་ཏན་ཏན་ང་ཚོའི་ངོས་ནས་འཐུས་ཤོར་གྱི་མེད་དམ་དྲན་སོང༌། སྔོན་མ་ནས་ངས་དེ་ལབ་པ་ཡིན། ཚར་མང་པོ་ལབ་པ་ཡིན། དེ་རིང་ཡང་བསྐྱར་ཅིག་ལབ་འདོད་བྱུང༌། དེ་འདྲ་ཡིན་དུས་དེ་ཁྱེད་རང་ཚོའི་སེམས་ལ་ངེས་པར་གྱིས། རྒན་པ་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། བསྟན་འཛིན་ཆོས་གྲགས་ལགས་ཀྱི་བཟོ་འདྲ་པོ་དྲན་པའི་ཡུལ་རེད། དབང་རྒྱལ་ལགས་ཀྱི་བཟོ་འདྲ་བོ་དྲན་པའི་ཡུལ་རེད། དེ་དུས་ཀྱི་མི་ཐོག་དེ་རྫོགས་པ་རེད། ད་ཟླ་བ་ལགས་ཀྱི་བཟོ་འདྲ་བོ་ཁོ་ཚོའི་མི་ཐོག་ལ་སླེབས་པ་རེད། ཁོང་ཚོ་རྒན་པའི་གྲས་ལ་སླེབས་ཡོང་གི་ཡོད་པ་རེད། ཁྱེད་ཚོ་གཞོན་པའི་གྲས་ལ་སླེབས་ཡོང་གི་ཡོད་པ་རེད། ད་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་ང་ཚོས་ག་ཚད་ཐུབ་ཐུབ་ཀྱིས་ཕྱོགས་གང་ས་ནས་གོ་སྐབས་དེ་སྤྱད་དེ། བོད་ཀྱི་གསོ་བ་རིག་པའི་རིག་གནས་དེ་རིག་གནས་གཞན་དག་ཚོ་དང་བསྡུར། མཉམ་དུ་གཤིབས། ཐུན་མོང་གི་ཉམས་མྱོང་བླངས་ཏེ་ཡར་རྒྱས་འགྲོ་ཐུབ་པ་བྱེད་རྒྱུར་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ཤེས་སོང་ངམ། ད་ལྟ་མ་གཞི་ང་ལོ་བདུན་ཅུ་དོན་གཉིས་སླེབས་བསྡད་ཡོད་པ་རེད། ང་ལོ་བརྒྱད་ཅུ་ཙམ་ལ་སླེབས་པའི་སྐབས་ལ་ང་ཚོ་ཨེམ་ཆི་ཡར་ཐོན་ཡོང་མཁན་ཚོས་སྨན་གཞུང་གི་ཚིག་འདྲ་སྐྱོར་བསྡད་པ་གཅིག་པུ་མ་ཡིན་པར། འགྲེལ་བཤད་མང་ཙམ་བརྒྱབ་རྒྱུ་ཡོད་བསྡད་པ་ཞིག་དགོས་པ་རེད། ཤེས་སོང་ངམ། ཡུ་ན་ནིའི་ནང་ལ་དེ་ལྟར་བཤད་ཀྱི་འདུག ཨ་ཡུར་ཝེ་ངྷའི་ནང་ལ་དེ་ལྟར་བཤད་ཀྱི་འདུག ང་ཚོའི་གསོ་བ་རིག་པའི་ནང་ལ་དེ་བཤད་ཀྱི་འདུག དེང་སང་གི་ཨ་ལོ་པོ་ཏིའི་ཉམས་མྱོང་གིས་དེ་འདྲ་དེ་འདྲ་བཤད་ཀྱི་འདུག དེ་འདྲ་དེ་འདྲ་བྱས་ན་ཡག་པོ་འདུག བཤད་རྒྱུ་ཡོད་པ་ཞིག་དགོས་པ་རེད། ཤེས་སོང་ངམ། གཞན་འཆར་ཅན་ཨ་ལོག་འདྲ་བརྒྱབ་སྟེ། ཕན་ན་ཕན་པ་རེད། མ་ཕན་ན་ལས་རེད་ཅེས་བཞག་བཞག་ན་ང་ཚོ་གླེན་རྟགས་ཚ་དྲགས་པ་རེད། ཤེས་སོང་ངམ། བཀྲིས་བདེ་ལེགས། ད་དུང་བཤད་རྒྱུ་ཞིག་ལ། སྔོན་མའི་བཤད་རྒྱུན་ལ། ཁོང་སྨན་པ་མཁས་པ་ཞེ་དྲག་རེད། ཡིན་ནའང་ཕན་པོ་ཡོད་པ་མ་རེད། ཡང་མི་དེ་ཕན་པོ་ཞེ་དྲག་ཡོད་པ་རེད། སྨན་པ་ཞེ་དྲག་མཁས་པ་ཡོད་པ་མ་རེད་དེ་སྨན་ཕན་པོ་ཞེ་དྲག་ཡོད་རེད་ཅེས་སྔོན་མ་བོད་ལ་ལབ་སྲོལ་ཡོད་པ་རེད། ཡང་དེང་སང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁག་གཅིག་ནས། ཨེམ་ཆི་དང་ནད་པའི་བར་ལ། ནད་པས་ཨེམ་ཆི་ལ་དད་པ་ཞེ་དྲག་མེད་ན། སྨན་ངོ་མ་ཞིག་སྤྲད་ནའང་ཞེ་དྲག་ཕན་གྱི་མི་འདུག བྱས་ཙང་ཡིད་ཆེས་ཡོང་བ་ལ་ག་རེ་བྱེད་དགོས་པ་རེད་ཅེས་དྲིས་བྱུང༌། ད་ཡིད་ཆེས་ཡོང་བ་དེ་ཨེམ་ཆི་ངོས་ནས་བསམ་པ་རྣམ་དག་གིས་བརྩེ་བ་སྤྲད། མིའི་སྲོག་ལ་རྩ་ཆེན་པོ་བརྩིས་ནས་ལྷག་བསམ་རྣམ་དག་བྱས་པ་ཡིན་ན། ནད་པའི་སེམས་ནང་ལ་ཡིད་ཆེས་སླེབས་ཀྱི་རེད། དེ་ལྟར་མ་ཡིན་པར་ནད་པར་ལག་རྩེད་བརྩེས་པའི་བཟོ་འདྲ་བྱས་པ་ཡིན་ན། ནད་པའི་ངོས་ནས་ཨེམ་ཆི་ལ་ཡིད་ཆེས་སླེབས་རྒྱུ་ཁག་པོ་རེད། གཙོ་བོ་མི་ལ་ཡིད་ཆེས་ཡོང་བའི་རྩ་བ་འདྲ་བོ་དེ་ཕན་སེམས་རེད། ཕན་སེམས་ཡོད་ན་ཡིད་ཆེས་སླེབས་ཀྱི་རེད་ཅེས་བཤད་པ་ཡིན། རི་པིན་གྱི་མི་ཞིག་ལ་ཐུག་ནས་དེ་ལྟར་བཤད་པ་ཡིན། ངས་སྨན་ཟ་རྒྱུ་མ་གཏོགས་སྨན་གཞུང་ཤེས་ཀྱི་མེད། ཨེམ་ཆི་ཤེས་ཀྱི་མེད་ལབ་པ་ཡིན། ཡིན་ནའང་ཚན་རིག་པ་ཚོས་ལབ་པ་ལྟར་ན། ནད་པ་དང་ཨེམ་ཆི་བར་ལ་བརྩེ་བ་ཟེར་བ་དེ་གལ་ཆེན་པོ་ཡིན་པ་ཞིག་བརྟག་དཔྱད་བྱས་ནས་བཤད་ཡོང་གི་འདུག་ལབ་པ་ཡིན། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པར་གྱིས། ཞེས་བཀའ་བསྩལ་ཏོ།། །།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 9:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།