སྨན་རྩིས་དྲ་བ། - ཆེད་རྩོམ།

སྟོན་པའི་འདས་ལོ། བོད་རྒྱལ་ལོ། སྤྱི་ལོ། རབ་ལོ་བཅས་ལ་དོགས་པ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.06.2020
ཆེད་རྩོམ། >>

 

སྟོན་པའི་འདས་ལོ། བོད་རྒྱལ་ལོ། སྤྱི་ལོ། རབ་ལོ་བཅས་ལ་དོགས་པ་དཔྱད་པ། 

 

འབྲས་སྤུངས་དགེ་བཤེས་དགེ་འདུན་བློ་གྲོས།

 

ཀ)     སྔ་ཕྱིའི་ལོ་དུས་འདི་དག་ལོ་ཚིགས་ལ་བལྟོས་ནས་མ་བཞག་ན་བྱུང་བ་དང་འབྱུང་འགྱུར་གྱི་ས་མཚམས་ཞིབ་ཕྲ་རྟོགས་དཀའ་བས་ལོ་དུས་བརྩི་ཚུལ་ཡང་མང་དུ་སྣང་བ་ལས། འདིར་ནི་སྟོན་པ་འདས་ལོ། བོད་རྒྱལ་ལོ། སྤྱི་ལོ། རབ་ལོ་བཅས་བཞིའི་སྟེང་ནས་བརྩིས། དེས་ན་སྟོན་པ་འདས་ལོ་མ་གཏོགས་སྤྱི་ལོ་སོགས་ལ་བརྩི་ཚུལ་མི་མཐུན་པ་ཆེར་མེད། ཐོག་མར་འདས་ལོ་བརྩི་ཚུལ་ལ་དཔྱད་ན།

ཁ)     སྟོན་པ་འདས་ལོ་བརྩི་ཚུལ་ཡང་མཁས་པའི་བཞེད་ཚུལ་འདྲ་མིན་བཅུ་བཞི་ཙམ་སྣང་ཞིང་། ཐམས་ཅད་འགོད་པར་མ་ནུས་ལ་ཡིག་ཚོགས་ཀྱང་ཆེ་བས། འདིར་རགས་རིམ་གྲགས་ཆེ་བ་རྣམས་བཀོད་ན།

1. དེབ་ཐེར་དམར་པོ་ལྟར་ན། སྟོན་པ་འདས་ནས་ལོ་གསུམ་སྟོང་ཉིས་བརྒྱ་དང་བརྒྱད་ན་རྔོགས་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་ཕྱག་བཏབ་ཅེས་གསལ། གསང་ཕུ་ནེའུ་ཐོག་ཕྱག་བཏབ་པའི་དུས་ནི། སྤྱི་ལོ་(༡༠༧༣) རབ་བྱུང་༡ པོའི་ཆུ་གླང་དུ་ཁེལ་ཞིང་། དེ་བས་དེབ་ཐེར་དམར་པོ་ལྟར་ན་འདས་ལོ་དང་སྤྱི་ལོའི་བར་ན་ལོ་(༢༡༣༥) ཙམ་ཡོད་ཅིང་།

2.  ཡང་པཎ་ཆེན་བསོད་ནམས་གྲགས་པའི་བཀའ་འདམ་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ། (ཐུབ་པའི་དབང་པོ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ལོ་ཉིས་སྟོང་སུམ་བརྒྱ་དྲུག་བཅུ་རྩ་ལྔ་ལ་ཉེ་བ་ཏིང་ངེས་འཛིན་གྱི་ལེའུའི་དུས་ཀྱི་འགལ་བའི་ས་མོ་གླང་གི་སྟོན་ར་བའི་ཡར་ཚེས་བཟང་པོ་ལ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ།) ཞེས་བཀའ་གདམ་ཆོས་འབྱུང་བརྩམས་པའི་དུས་ཚིག་བསྟན། སྤྱི་ལོ་(༡༥༢༩)རབ་བྱུང་༩ པའི་ས་གླང་ལོ་ཁེལ་ཞིང་། དེ་ལྟར་བཀའ་གདམ་ཆོས་འབྱུང་ལྟར་ན། སྟོན་པ་འདས་ལོ་ནས་སྤྱི་ལོའི་བར་(༨༣༦) ཡོད་ཅིང་། ཇོ་ནང་ཡང་བཞེད།

3. སུམ་པ་མཁན་པོས་རབ་བྱུང་༡༣ པའི་ས་འབྲུག་ལོ་རེ་མིག་བརྩམས་པས། དེ་ཡན་ལ་སྟོན་པ་འདས་ནས་ལོ་(༢༥༨༡) སོང་བར་བཤད། རབ་བྱུང་༡༣ པའི་ས་འབྲུག་ལོ་དེ་སྤྱི་ལོ་(༡༧༤༨) འཁེལ་བས། དེ་ལྟར་སྟོན་པ་འདས་ལོ་ནས་སྤྱི་ལོའི་བར་(༨༣༣) ཡོད་ཅིང་།

4. ཡང་སྡེ་སྲིད་ཀྱི་བཻ་དཀར་དུ་རབ་བྱུང་༦ པའི་ཆུ་ཕག་ཡན་ལྔ་བརྒྱ་ཕྲག་བཅུའི་ལྔ་དང་དྲུག་པའི་དྲུག་ཅུ་རེ་ལྔ་(༢༥༦༥) འདས་པར་བཤད། དེ་ལྟར་ན་རབ་བྱུང་དྲུག་པའི་ཆུ་ཕག་ལོ་སྤྱི་ལོ་(༡༣༨༣) འཁེལ་བས། འདས་ལོ་ནས་སྤྱི་ལོའི་བར་(༡༡༨༢) ཡོད་འདུག་པས།

5. ཡང་དུས་འཁོར་ཁུངས་སུ་བྱས་ནས་སྨན་རྩིས་ཁང་རྩིས་གཞུང་རིག་ལྡན་སྙིང་ཐིག་ཏུ། (གསང་སྔགས་རྒྱུད་སྡེ་མ་ལུས་པ། །འདའ་ཁར་ཞལ་ཆེམས་ཚུལ་དུ་གསུངས།) ཞེས་རབ་བྱུང་༡༦ པའི་མེ་ཡོས་ལོར་རྩིས་མགོ་གསར་པ་སྤོས་ཤིང་། རིག་ལྡན་སྙིང་ཐིག་ཀྱང་ལོ་དེར་བརྩམས་ཏེ་རབ་བྱུང་རེའི་མཚམས་སུ་རྩིས་མགོ་གསར་པ་རེ་སྤོ་བའི་སྲོལ་བཞིན། དེས་ན་རབ་བྱུང་༡༦ པའི་མེ་ཡོས་ལོ་སྤྱི་ལོ་(༡༩༢༧) འཁེལ་བས། དེ་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར་(༨༨༠) ཡོད་ལ།

6. རྒྱ་གར་ནང་པ་དང་། སིང་ག་ལའི་ནང་པ་སོགས་ཀྱི་བཞེད་ཚུལ་ལྟར་ན། (སྤྱི་ལོ་༡༩༥༦) ལོ་སྟོན་པ་མྱ་ངན་ལས་འདས་ནས་ཉིས་སྟོང་ལྔ་བརྒྱ་(༢༥༠༠) ལོན་པའི་དུས་ཆེན་མཛད་པ་ལྟར་བཞེད། པཎ་ཆེན་ཤཱཀྱ་ཤྲི་ཡང་དེ་ལྟར་བཞེད། དེ་ལྟར་ན་སྤྱི་ལོ་ནས་འདས་ལོའི་བར་(༥༤༤) ཡོད་འདུག་པ་བཅས་དང་། གཞན་ཡང་སྣང་ཚོད་དང་གནས་ཚོད། ཐེག་པ་མཐུན་མོང་བ་དང་ཐུན་མོང་མིན་པ་སོགས་ཀྱི་རྣམ་གཞག་ཞིབ་པ་ཡོད་ཀྱང་སྐབས་དོན་བོར་བ་དང་ཡིག་ཚོགས་ཆེ་བས་རེ་ཞིག་བཞག་སྟེ་སྐབས་དོན་འདི་ལྟར།

གོང་དུ་ལུགས་མི་འདྲ་བ་དྲུག་ཙམ་ཞིག་བཀོད་པའི་སོ་སོའི་བཞེད་ཚུལ་ཕྱོགས་གཅིག་ཏུ་བསྡོམས་ན།

  1. དེབ་ཐེར་དམར་པོ་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར།                                       (༢༡༣༥)
  2. བཀའ་གདམ་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར།     (༨༣༦)  
  3. སུམ་པ་མཁན་པོའི་རེ་མིག་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར།                              (༨༣༣)
  4. སྡེ་སྲིད་ཀྱི་བཻ་དཀར་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར།                                       (༡༨༨༢)
  5. རིགས་ལྡན་སྙིང་ཐིག་ལྟར་ན་འདས་ལོ་ནས་སྤྱི་ལོའི་བར།                                    (༨༨༠)
  6. རྒྱ་གར་ནང་པ་དང་སིང་ག་ལ་སོགས་ཀྱི་བཞེད་ཚུལ་ལྟར་ན་སྤྱི་ལོའི་བར།               (༥༤༤)

 

ག)  དེ་ལྟར་བཞེད་ཚུལ་མི་འདྲ་བ་ཇི་སྙེད་གཅིག་མཆིས་པ་ལས། འདིར་གང་གི་རྗེས་སུ་འབྲངས་ཞེ་ན། མདོ་རྒྱུད་བསྟན་བཅོས་རྣམས་སུ་སངས་རྒྱས་ཀྱི་མཛད་པ་སྟོན་པ་ན་གདུལ་བྱ་ཐུན་མོང་བ་དང་ཐུན་མོང་མིན་པའི་སྣང་ངོར་ཆ་མ་ཕྱེ་བར་ལྷུགས་བཤད་དུ་གསུངས་པ་ཆེས་མང་ཞིང་། སངས་རྒྱས་ཀྱི་མཛད་པ་ཕལ་ཆེ་བ་ནི་སོ་སྐྱེ་ཕལ་བ་རྣམས་ལྟ་ཅི། སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་གསུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ལས། ས་མཐོན་པོ་ལ་གནས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ལ་ཡང་ངོ་བོའི་སྒོ་ནས་བསྐལ་དོན་དུ་སོང་བ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུང་པ་ལྟར་ཡིན་ལ། དེས་ན་འདི་རང་ལུགས་འདི་གཞན་ལུགས་ཞེས་འོལ་ཚོད་ཀྱིས་ཁ་ཚོན་གཅོད་དཀའ་བས། འོན་ཀྱང་འདིར་ནི་སྐབས་སུ་བབས་པ་ཐུན་མོང་བའི་སྣང་ངོར་གཙོ་ཆེ་བ་དང་། འཇིག་རྟེན་གྲགས་པའི་རྣམ་གཞག་དང་བསྟུན་ནས་ངེས་པར་འཇོག་དགོས།

དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་རྡུལ་ཕྲ་རབ་གཅིག་གི་གོ་སར་བཀོད་ཀྱང་། རྡུལ་ཕྲ་རབ་ཆེ་རུ་མི་འགྲོ་བ་དང་། སྟོང་གསུམ་ཆུང་དུ་མི་འགྲོ་བ་ལྟ་བུའི་ཏིང་ངེ་འཛིན་གྱི་ནུས་མཐུ་བསམ་གྱི་མི་ཁྱབ་པ་ཡོད་ཀྱང་། སོ་སྐྱེ་རང་འགའ་བའི་སྣང་ངོར་བཞག་ཏུ་མེད་ལ། དེས་ན་མདོ་ལས། (འཇིག་རྟན་ང་དང་རྩོད་ཀྱི། ང་འཇིག་རྟེན་དང་མི་རྩོད། འཇིག་རྟེན་ན་གང་ཡོད་ཅེས་སྨས་པ་ང་ཡང་དེ་ལྟར་སྨའོ།།) ཞེས་པ་ལྟར། འཇིག་རྟེན་གྲགས་པའི་རྣམ་གཞག་གཙོ་ཆེ་བ་བཟུང་སྟེ་རེ་ཞིག་གོང་དུ་བཀོད་པའི་ལུགས་དྲུག་པ་དེ་གཞིར་བྱས་ཏེ་གཏན་ལ་ཕབ། རང་རེའི་ཕྱིས་ཀྱི་དེབ་གསར་ཁག་ཏུ་འདས་ལོ་བརྩི་ཚུལ་འདི་གནས་བརྟན་སྡེ་པའི་ལུགས་ཀྱི་བརྩི་ཚུལ་ཞེས་བྲིས་པ་མང་བས། སྤྱིར་ལུགས་དེ་འོས་འགབ་ཆེ་བ་དང་། ཐུན་མོང་བའི་སྣང་ངོར་མཐུན་ཤས་ཆེ་ཡང་། ལུགས་དེ་གནས་བརྟན་སྡེ་པའི་ལུགས་ཞེས་པའི་རང་རེའི་བཀའ་བསྟན་གྱི་ཁུངས་གང་ཡིན་དཔྱད།

 

ང་) དེ་ལྟར་གོང་དུ་བཀོད་པའི་ལུགས་དྲུག་པ་དེ་ཐེག་དམན་གྱི་ལུགས་སུ་ཁས་མཆེས་པའི་དེང་སང་ནང་པ་ཕལ་མོ་ཆེ་དང་། སིང་ག་ལ་སོགས་ཀྱི་འདས་ལོ་བརྩི་ཚུལ་འདི་བརྩི་ཚུལ་ཀུན་གྱིས་ནང་ནས་འོས་འགབ་ཆེ་བའི་རྒྱུ་མཚན་ཇི་ལྟར་ཞེ་ན། ཆོས་རྒྱལ་མྱ་ངན་མེད་ཀྱི་བྱུང་བའི་སྟེང་ནས་འཆད་ན་འཇུག་པ་བདེ་ཞིང་། རང་རེའི་མདོ་རྒྱུད་ཀྱི་རིག་གཞུང་རྣམ་དང་ཡང་མཐུན་ཤས་ཆེ་ལ། འོན་ཀྱང་ཆོས་རྒྱལ་མྱ་ངན་མེད་ཀྱི་བྱུང་བའི་ལོ་རྒྱུས་ལ་ཕྱི་ནང་མཁས་པ་དག་གི་བཞེད་ཚུལ་དེབ་ཐེར་ཁག་འདྲ་མིན་ཅི་རིགས་མང་དག་ཞིག་ཡོད་འདུག་པ་དེ་ལྟར་ཡང་། མདོ་རྒྱུད་བསྟན་བཅོས་ཀྱི་ཁུངས་ལུང་དང་ངེས་པར་འབྲེལ་བ། ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་ནུས་ཤིང་ཡིད་སྟོན་ནུས་པ་ནི་ཉིན་སྐར་ལྟར་འདུག་ཅིང་། ཕལ་མོ་ཆེ་ནི་ཆོས་འབྱུང་སྔ་མ་དག་གི་གང་བྲིས་པ་ལ་བསྐྱར་བརྗོད་མཛད་པ་ལྟ་བུར་གསལ། དེས་ན་མདོ་རྒྱུད་བསྟན་བཅོས་ཕྱི་ནང་གི་རིགས་གཞུང་ཁག་ནས་ཇི་ལྟར་འཆད་ཚུལ། དེ་དག་ལ་དོགས་པ་ཅུང་ཟད་དཔྱད་པ། དངོས་པོའི་གནས་ཚོད་གང་ཡིན་གཏན་ལ་ཕབ་པ་བཅས་ལས།


ཅ) ཐོག་མར་ཆོས་རྒྱལ་མྱ་ངན་མེད་ནས་བཟུང་དེང་སང་ཡོ་རོབ་དང་དུས་ཕྱིས་རྒྱ་གར་རང་ལ་གྲགས་པའི་མྱ་ངན་མེད་གཉིས་པའི་ཡབ་རྒྱལ་པོ་སྙིང་གི་ཐིག་ལེ་(བིན་དུ་ས་ར་)བར་དང་། གཞན་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་ནས་ཆོས་རྒྱལ་མྱ་ངན་མེད་དང་པོའི་བར་བཅས་འཇམ་དཔལ་རྩ་རྒྱུད་ནས་དངོས་སུ་ལུང་གིས་ཟིན་ཚུལ་བཀོད་ན།

1. འཇམ་དཔལ་རྩ་རྒྱུད། བཀའ་འགྱུར། པོད་གྲངས་༨༨ ཀ་རྟགས་ ༼ཐ༽ ཤོག་གྲངས་༤༠༠། ༼ན༽ ཡིག་ཕྲེང་༣ ལས།  (ང་ནི་ས་སྟེང་མྱ་ངན་འདས། ལོ་བརྒྱ་དག་ནི་འདས་པ་ན། །སྣང་མེད་ཅིང་ཉེས་པར་བཅས། །མི་ཤེས་མུན་པས་རབ་ཏུ་བསྒྲིབས། །དེ་ཚེ་ས་ནི་སྟོང་པ་ཞེས། །རྒྱལ་བ་རྣམས་ཀྱིས་སྤངས་པ་ཡིན། །དེ་ཚེ་མི་ཟད་ཆེན་པོ་ཡི། །གྲོང་ཁྱེར་མེ་ཏོག་ཅན་དུ་ནི། །མྱ་ངན་མེད་ཅེས་བྱ་བ་ཡི། །རྒྱལ་པོ་ས་ནི་སྐྱོང་བྱེད་པ། །ཁྲོ་བཅས་ལས་ནི་དྲག་པོ་བྱེད།) ཅེས་དང་། ནམ་ཞིག་མཆོད་རྟེན་གྲངས་མེད་བཞེངས་ཏེ་ས་གཞི་མ་ལུས་པ་མཛེས་པར་བྱས་པ་ཡང་ལུང་དེའི་འཕྲོས་ནས། (དེ་ཚེ་རྒྱལ་བའི་མཆོད་རྟེན་གྱིས། །ས་རྣམས་མ་ལུས་མཛེས་པར་བྱས། །བདག་ཉིད་ཆོས་རྒྱལ་མྱ་ངན་མེད། །སྨོན་ལམ་དག་ནི་འདེབས་པར་བརྩོན།) ཞེས་སོ།།

2. ཆོས་རྒྱལ་མྱ་ངན་མེད་ཀྱི་འོག་དེ་མ་ཐག་མྱ་ངན་བྲལ་གྱི་རྒྱལ་སྲིད་འཛིན་པར་ལུང་བསྟན་ཚུལ་ནི། དེའི་འཕྲོས་ནས། (དེ་འོག་རྒྱལ་པོ་བྱུང་བ་ནི། །མྱ་ངན་བྲལ་ཞེས་རྣམ་པར་གྲགས།) ཞེས་སོ།།

3. དེའི་འོག་ཏུ་རྒྱལ་པོ་དཔའ་བོའི་སྡེས་རྒྱལ་སྲིད་འཛིན་པར་ལུང་བསྟན་དེ། (དེ་ཡི་འོག་རྒྱལ་པོ་ནི། །དཔའ་བོའི་སྡེ་ཞེས་རབ་ཏུ་བརྗོད།)

4. དེའི་འོག་ཏུ་ཤ་ཟ་པི་ལུའི་རིགས་སྔགས་འགྲུབ་པའི་རྒྱལ་པོ་དགའ་བོ་ཞེས་འབྱུང་བར་ལུང་བསྟན་ཏེ། (དེ་ཡི་འོག་ཏུ་རྒྱལ་པོ་ནི། །དགའ་བོ་ཞེས་བྱ་འབྱུང་བར་འགྱུར་)  ཞེས་དང་། གཞན་ཡང་། (པཱ་ལི་) བསྟན་བཅོས་སུ་ཡང་རྒྱལ་པོ་འདིས་ལོ་ཉེར་གཉིས་རྒྱལ་སྲིད་འཛིན་པར་བཤད།

5. དེའི་རྗེ་སུ་མྱ་ངན་མེད་གཉིས་པའི་ཡབ་ཟླ་བ་སྦས་པ་(ཙན་དྲ་གུབྟ་) ཞེས་པ་དེས་རྒྱལ་སྲིད་འཛིན་པར་ལུང་བསྟན་ཚུལ། (རྒྱལ་པོ་དེ་ལས་གཞན་པ་ཡང་། །ཟླ་བ་སྦས་ཞེས་བྱ་བར་འབྱུང་། །གནོད་སྦྱིན་ཆུ་དབང་འགྲུབ་པ་སྟེ། །རྒྱལ་སྲིད་གནོད་པ་མེད་པར་བྱེད། །ལོངས་སྤྱོད་ཆེ་ཞིང་བདེན་པར་སྨྲ།) ཞེས་དང་། རྒྱལ་སྲིད་འཛིན་ཡུལ་དང་། ལོ་རབས་གང་གི་ཚེ་ནི་འོག་ནས་དོན་བསྡུའི་སྐབས་སུ་འཆད།

6. དེའི་འོག་ཏུ་ཟླ་བ་སྦས་པའི་བུ་སྙིང་གི་ཐིག་ལེ་ (བིན་དུ་ས་ར་) ཞེས་པ་དེས་རྒྱལ་སྲིད་འཛིན་པ་ནི། (རྒྱལ་སྲིད་ལ་ནི་བུ་བཞག་པ། །སྙིང་པོ་ཐིག་ལེ་ཞེས་བྱ་བ།) ཞེས་དང་། རྒྱལ་པོ་དེའི་བློན་པོ་ཙ་ནཀ་ཀྱ་ཡང་སྐབས་དེར་ལུང་གིས་དངོས་སུ་ཟིན་ཏེ། (ཙ་ནཀ་ཀྱ་ཞེས་རྣམ་གྲགས་པ། །བྲམ་ཟེ་ཁྱེའུས་ཁྲོ་བོ་འགྲུབ།) ཅེས་སོ།། སྙིང་གི་ཐིག་ལེས་རྒྱལ་རབས་འཛིན་ཡུན་ཡང་འོག་ནས་སྟབས་གཅིག་ཏུ་འཆད།

7. དེ་ནས་ཡོ་རོབ་དང་རྒྱལ་གར་རང་ལ་དེང་སངས་གྲགས་པའི་ཆོས་རྒྱལ་མྱ་ངན་མེད་ཅེས་པ་དེ་བྱུང་ཞིང་། འདི་ནི་གོང་གསལ་དཀྱུས་གཅིག་ལ་ལུང་གིས་དངོས་སུ་མ་ཟིན་ལ། དེ་ནི་ཟླ་བ་སྦས་པའི་བུ་སྙིང་གི་ཐིག་ལེའི་བུ་ཡིན་ལ། དེས་ན་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དུ་ (མྱ་ངན་མེད་ཀྱི་ཡབ་ཙན་དྲ་གུབྟ་) ཅེས་འཁོད་འདུག་པ་ཕལ་ཆེར་ཡིག་ནོར་ལས། དེ་ཙམ་རགས་པའི་གནས་ལ་འཁྲུལ་བ་ག་ལ་སྲིད། འོན་ཀྱང་པར་འདེབས་སྔ་ཕྱི་ཚང་མར་ཚིག་རིས་འདྲ། (ཙན་དྲ་གུབྟ་) ནི་མྱ་ངན་མེད་ཀྱི་ཡབ་ཀྱི་ཡབ་ཡིན་ལ། མྱ་ངན་མེད་ཀྱི་ཡབ་ནི་རྒྱལ་པོ་སྙིང་གི་ཐིག་ལེ་ (བིན་དུ་ས་ར་) ཞེས་པ་དེ་ཡིན་པར་ཕྱི་ནང་རིག་གཞུང་ཀུན་གྱིས་མགྲིན་གཅིག་ཏུ་བཤད། དེས་ན་སྙིང་གི་ཐིག་ལེའི་བུ་མྱ་ངན་མེད་ཅེས་པ་འདི་ནི། མྱ་ངན་མེད་གཉིས་པ་ཞིག་བྱུང་བས་དེ་ཡིན་ངེས། དེའི་ལོ་རྒྱུས་ནི་ནུབ་ཕྱོགས་པའི་དེབ་ཐེར་ཁག་ནས་ཤིན་ཏུ་གསལ་བར་བཤད། དེ་འདྲའི་མྱ་ངན་མེད་དེ་ལ་བུ་ཀུ་ན་ཞེས་པ་ཞིག་འཁྲུངས་པས། དེའི་ལོ་རྒྱུས་བསྟན་འགྱུར་ནང་ཀུ་ན་ལའི་རྟོག་བརྗོད་དང་། ཡོ་རོབ་ཀྱི་དེབ་ཐེར་དག་ན་ཡང་གསལ། ཡོ་རོབ་ཀྱི་དེབ་ཐེར་ཁག་ན་རྒྱལ་པོ་ཟླ་བ་སྦས་པ། (ཙན་དྲ་གུབྟ་) ནས། མྱ་ངན་མེད་ཀྱི་བར་ལོ་རྒྱུས་རྒྱས་པ་བྱུང་བའི་རྒྱུ་མཚན་འོག་ནས་སྟབས་གཅིག་ཏུ་འཆད།

        མྱ་ངན་མེད་དང་པོ་འཇམ་དཔལ་རྩ་རྒྱུད་སོགས་ནས་དངོས་སུ་ལུང་བསྟན་པ་དེ་ནི། ལི་ཡུལ་གྱི་གནས་སྒོ་ཐོག་མར་ཕྱེ་སྟེ་རྒྱལ་ས་དང་པོ་འཛིན་མཁན་བུ་ས་ནུ་ཞེས་པ་ཞིག་བྱུང་བས། དེའི་ཡབ་ཡིན་ལ། ལི་ཡུལ་དུ་རྒྱལ་པོ་ལྔ་བཅུ་རྩ་དྲུག་དང་ཕྱག་ཚབ་གཅིག་བྱུང་བས། དང་པོ་དེ་བུ་ས་ནུ་ཡིན་པར་བསྟན་འགྱུར་ནང་ལི་ཡུལ་ལོ་རྒྱུས་ཐད་དུ་བཤད། དེས་ན་མྱ་ངན་མེད་དང་པོ་དེ་ནི་བུ་ས་ནུའི་ཡབ་དང་། གཉིས་པ་དེ་ནི་བུ་ཀུ་ན་ལའི་ཡབ་ཡིན་པར་དངོས་པོའི་གནས་ཚོད་དུ་ངེས་ཤིང་། གསལ་ཏེ་མྱ་ངན་མེད་ཅེས་པ་གཅིག་རང་ལ་ངོས་འཛིན་དགོས་ན། འཇམ་དཔལ་རྩ་རྒྱུད། སྤྲིན་ཆེན་པོའི་མདོ། མདོ་འཛངས་བླུན། གླང་རུ་ལུང་བསྟན་གྱི་མདོ་སོགས་ནས་མྱ་ངན་མེད་དངོས་སུ་ལུང་བསྟན་ཅིང་། དེའི་ལོ་རྒྱུས་དང་སྟབས་གཅིག་བུ་ས་ནུའི་ལོ་རྒྱུས་ཀྱང་ཤིན་ཏུ་རྒྱས་པ་བྱུང་བས། སྐབས་དེར་བུ་ཀུ་ན་ལའི་ལོ་རྒྱུས་ཀྱང་ཡོང་རུང་བ་ལས། གོང་གསལ་མདོ་རྒྱུད་དེ་དག་གི་སྐབས་སུ་སྒྲོས་པ་ཙམ་ཡང་མ་བྱུང་ལ། གལ་ཏེ་མྱ་ངན་མེད་ཅེས་པ་གཅིག་ཡིན་ན་མྱ་ངན་མེད་གཉིས་པའི་ལོ་རྒྱུས་ཀྱི་བྱུང་བ་ནུབ་ཕྱོགས་དེབ་ཐེར་ཁག་ན་ཤིན་ཏུ་གསལ་ལ། བུ་ཀུ་ན་ལའི་ལོ་རྒྱུས་ཀྱང་བྱུང་བས། བུ་ས་ནུའི་སྒྲོས་པ་ཙམ་ཡང་མ་བྱུང་ཞིང་། དེས་ན་མྱ་ངན་མེད་སྔ་ཕྱིའི་དུས་རབས། འདས་ལོའི་དུས་ཚིགས་དང་སྦྱར་ཏེ་འོག་ནས་དོན་བསྡུའི་སྐབས་སུ་འཆད། མྱ་ངན་མེད་དང་པོ་དང་གཉིས་པའི་བར་ན་རྒྱལ་རབས་སྔ་ཙམ་བྱུང་ཞིང་། དེ་དག་ཀྱང་འཇམ་དཔལ་རྩ་རྒྱུད་ནས་ལུང་གིས་དངོས་སུ་ཟིན་པ་གོང་དུ་དྲངས་ཟིན་ཅིང་། སྤྱིར་ན་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡིན་ལ། དེས་རྒྱལ་སྲིད་ལོ་ལྔ་ཅུ་རྩ་གཉིས་འཛིན་པར་བཤད། དེའི་རྗེས་སུ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲས་རྒྱལ་སྲིད་ལོ་སུམ་ཅུ་རྩ་གཉིས་འཛིན་པར་བཤད། རྒྱལ་སྲིད་ལ་ཞུགས་ནས་ལོ་ལྔ་སོང་བ་ན་སྟོན་པ་མྱ་ངན་ལས་འདས། དེའི་རྗེས་མ་སྐྱེས་དགྲའི་བུ་ཨུ་མིང་གི་ཐོག་མར་ཡོད་པ་ཞིག་གིས་རྒྱལ་སྲིད་བསྐྱངས། དེ་དག་ལུང་གིས་ཟིན་ཚུལ་འདི་ལྟར/

8. གོང་དུ་དྲངས་པའི་ལུང་དེ་དག་དང་དཀྱུས་གཅིག་པར་འཇམ་དཔལ་རྩ་རྒྱུད་ལས།(གཟུགས་ཅན་སྙིང་པོའི་བུར་འདི་འགྱུར།) ཞེས་དང་།

9. དེ་ནས་མ་སྐྱེས་དགྲ་ལུང་གི་ཟིན་ཚུལ་ནི། (རྒྱལ་ཆེན་མ་སྐྱེས་དགྲ་ཞེས་པའི། མ་ག་དྷ་པ་མི་ཡི་བདག་)ཅེས་དང་།

10. དེའི་རྗེས་སུ་མ་སྐྱེས་དགྲའི་བུ་ཨུ་མིང་གི་ཐོག་མར་ཡོད་པ་དེས་རྒྱལ་སྲིད་འཛིན་པར་ལུང་བསྟན་ཏེ་ (དེ་ཡི་བུ་ཡང་རྒྱལ་པོ་ནི། ཡི་གེ་ཨུ་ཞེས་བྱ་བར་གྲགས།) ཞེས་དང་། དེར་མ་ཟད་རྒྱལ་པོ་འདི་ཉིད་རང་གི་ཡབ་རྒྱལ་པོ་མ་སྐྱེས་དགྲ་དང་ལོ་ཉི་ཤུའི་རིང་ལྷན་གཅིག་འགྲོགས་ཏེ་རྒྱལ་པོ་དེའི་རིང་ལ་གསུང་རབ་རྣམས་གླེག་བམ་དུ་ཐོག་མར་འབྲི་བའི་སྲོལ་དུ་གཏོད། དེ་དག་ཀྱང་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་གིས་དངོས་སུ་ཟིན་ཏེ། (དེས་ནི་སྟོན་པའི་གསུང་རབ་འདིར་རྒྱ་ཆེར་འབྲི་བར་བྱེད་འཇུག་འགྱུར། ཞེས་དང་། ལོ་ཉི་ཤུ་སུམ་ཅུ་ནི། ཕ་དང་ལྷན་གཅིག་འགྲོགས་པར་འགྱུར།) ཞེས་པའི་འཕྲོས་ནས་གོང་དུ་བཤད་པ་ལྟར་རྒྱལ་རབས་འགའ་དང་བུ་ས་ནུའི་ཡབ་མྱ་ངན་མེད་དམ་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་པར་གྲགས་པ་དེ་ལུང་བསྟན། དེ་ནས་མྱ་ངན་མེད་གཉིས་པའི་ཡབ་ཀྱི་ཡབ། དེའི་བུ་སྙིང་གི་ཐིག་ལེ། དེ་ནས་ཀླུ་སྒྲུབ་ཐོགས་མེད། བོད་ཀྱི་ཆོས་རྒྱལ་རིམ་པར་མཐར་གླང་དར་བར་བཅས་ལུང་གིས་བསྟན། བོད་ཀྱི་ཆོས་རྒྱལ་རིམ་པར་ལུང་གིས་ཟིན་ཚུལ་ནི། འོག་ནས་དོན་ཚན་(1’3) སྐབས་ཞིབ་ཏུ་འཆད།།

 

) སྤྲིན་ཆེན་པོའི་མདོ་ལས་ཆོས་རྒྱལ་མྱ་ངན་མེད་དངོས་སུ་ལུང་བསྟན་པའི་བཤད་ཚུལ་བཀོད་པ། སྟོན་པ་སངས་རྒྱས་ནས་ཞུགས་པ་དེའི་ཚེ། རིང་སེལ་གྱི་གཏམ་བྱེད་པའི་སྐྱེས་བུ་གཉིས་ཤིག་བྱུང་ལ། གཅིག་ནི་ཆོས་རྒྱལ་མྱ་ངན་མེད་དང་། གཅིག་ནི་ཀླུ་སྒྲུབ་ཡིན་ལ། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཞེས་པ་དེ་ནི་མྱ་ངན་མེད་དང་། ལི་ཙ་བཱི་གཞོན་ནུ་མཐོང་ནས་དགའ་བ་ཞེས་དེ་ཀླུ་སྒྲུབ་ཡིན་པར་ལྷ་མོ་དྲི་མ་མེད་པའི་དྲི་བའི་ལན་དུ་སངས་རྒྱས་རང་གི་དངོས་སུ་བཀའ་བསྩལ། དེར་མ་ཟད་རིང་བསྲེལ་གྱི་གཏམ་བྱེད་པའི་གཞོན་ནུ་དེས་ཕྱིས་ཆོས་སྒྲ་ལན་གསུམ་བསྒྲགས་པར་ཡང་སྐབས་དེར་ལུང་གིས་དངོས་སུ་ཟིན། གཞན་ཡང་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་རིང་བསྲེལ་གྱི་གཏམ་བྱེད་པའི་སྐྱེས་བུ་དམ་པ་དེ་གཉིས་སུ་ཡིན་དང་། རིང་བསྲེལ་གྱི་གཏམ་བྱེད་ཚུལ་ལས་བརྩམས་པའི་དྲི་བ་སྣ་ཚོགས་ཞུས། དེ་དག་གི་ཁུངས་དང་། དེ་ལྟར་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་རིང་བསྲེལ་གྱི་གཏམ་བྱེད་ཚུལ་ལས་བརྩམས་པའི་མདོ་རྒྱུད་ཀྱི་ཁུངས་ཅུང་ཟད་སྨོས་ན།

 

) སློབ་དཔོན་ལུང་སྟོན་པ་བྲམ་ཟེར་དང་། ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བ་ཞེས་པ་གཉིས་རིང་བསྲེལ་གྱི་གཏམ་བྱེད་ཚུལ་ནི། (བཀའ་འགྱུར་ ༼ལྷ༽ པོད་གྲངས་༦༤ ཀ་རྟགས། ༼ཤོག་གྲངས༢༨༠ ༼བ༽ ཡིག་ཕྲེང ༡) ལས། (དེ་ནས་དེའི་ཚེ་སློབ་དཔོན་ལུང་བསྟོན་པ་བྲམ་ཟེ་ཀོ་ནི་ད་དང་། བྲམ་ཟེ་གཞོན་ནུ་བརྒྱ་སྟོང་དུ་མ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།) ཞེས་པ་ནས། (བདག་ལ་དམ་པ་གཅིག་བཀའ་སྩལ་དུ་གསོལ།) ཞེས་སོ།།

2. ལི་ཙ་བཱི་གཞོན་ནུས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ལ་རིང་བསྲེལ་གྱི་གཏམ་བྱེད་ཚུལ་དངོས་ནི། གོང་འཕྲོས་ (ཤོག་གྲངས༢༨༠ ༼བ༽ ཡིག་ཕྲང་༣ ལས་) (ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོ་ནི་ད་ལ་འདི་སྐད་ཅེས་སྨས་སོ།། བྲམ་ཟེ་ཆེན་པོ། ཁྱོད་བཅོམ་ལྡན་འདས་ལ་དམ་པ་ཞིག་གསོལ་ལམ་བདག་གིས་ཁྱོད་ལ་དམ་པ་སྦྱིན། བྲམ་ཟེས་སྨས་པ། ཀྱེ་ལི་ཙ་བཱི་གཞོན་ནུ་བདག་ནི། བཅོམ་ལྡན་འདས་ཀྱི་རིང་བསྲེལ་མཆོད་པའི་ཕྱིར་བཅོམ་ལྡན་འདས་ལ་རིང་བསྲེལ་ཡུངས་འབྲུ་ཙམ་ཞིག་མཆོད་པའི་ཕྱིར་གསོལ་བ་དེ་ཁྱོད་ཀྱིས་བྱིན་ཅིག) ཅེས་པའི་འཕྲོས་ནས་ཀྱང་རྒྱས་པར་བཀའ་བསྩལ་ཏོ།།

3. དེ་ལྟར་རིང་བསྲེལ་གྱི་གཏམ་བྱེད་པའི་སྐྱེས་བུ་དམ་པ་འདི་གཉིས་སུ་ཡིན་དང་། ལྟོན་པ་མྱ་ངན་ལས་འདས་རྗེས་སྟོན་པའི་བསྟན་པ་ལ་བྱ་བ་ཇི་ལྟར་མཛད་ཚུལ་སོགས་ལས་བརྩམས་ཏེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ལ་དྲི་བ་ཞུས་པའི་ཁུངས་ནི། གོང་འཕྲོས་ (ཤོག་གྲངས་༢༨༢ ༼བ༽ ཡིག་ཕྲེང་༢) ལས། (དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་འདི་སྐད་ཅེས་གསོལ་ཏོ།།) བཅོམ་ལྡན་འདས་ལ་ཀྱེ་མ་ཐབས་ཀྱི་སྐྱེས་སུ་འདི་གཉིས་ནི། མཁས་ཤིང་ཞི་བ་ལ་ཤེས་པ་ཟབ་མོ་དང་ལྡན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་གསལ་བར་འཚལ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་ཉིད་སུ་ལགས་པ་དང་། གང་ནས་མཆིས་པ་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ།།) ཞེས་པའི་དྲི་བ་ཞུས།

4. དེའི་ལན་དུ་བཅོམ་ལྡན་འདས་ཀྱིས། གཅིག་ནི་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། མཚན་ལ་ཡང་མྱ་ངན་མེད་དང་སྟོན་པ་འདས་ནས་ལོ་བརྒྱ་དང་ཉི་ཤུ་ལོན་པའི་འོག་ཏུ་འབྱུང་ཚུལ་གསལ་བར་གསུངས།

གཅིག་ནི་སྟོན་པའི་བསྟན་པ་ཉམས་ཐག་པར་གྱུར་བ་ན། ཀླུའི་མིང་ཅན་གྱི་སྐྱེས་བུ་དམ་པར་གྱུར་ནས་ཆོས་སྨྲ་ཆེན་པོ་ལན་གསུམ་བསྒྲགས་པར་ཡང་ལུང་གིས་དངོས་སུ་བསྟན་ཚུལ་ནི། གོང་འཕྲོས་ (ཤོག་གྲངས་༢༨༥ ༼བ༽ ཡིག་ཕྲེང་༥) ལས། (སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོ་ནྭི་དའང་ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བརྒྱ་ལོན་པ་ན་མེའུ་རྱའི་རིགས་ཞེས་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་བར་འགྱུར་ཏེ། ལྷ་མོ། ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་དེས་ཆོས་ཀྱི་བཅོས་པའི་སེང་གེའི་སྒྲ་ཆེན་པོ་སྒྲོག་པར་བྱེད་ཅིང་། མངོན་པར་མཆོད་པར་བྱེད་དོ།།) ཞེས་དང་། དེའི་འཕྲོས་ནས་ཀྱང་ཆེས་རྒྱས་པར་གསུངས། དེ་བཞིན་དུ་ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བ་ཞེས་པ་དེ་ཡང་ཀླུ་སྒྲུབ་ཀྱི་མིང་ཅན་དུ་གྱུར་ནས་ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པ་ཡང་། ལུང་དེ་དག་གི་གོང་འོག་གི་འཕྲོས་ནས་གསལ་བར་ལུང་གིས་དངོས་སུ་བསྟན། འདིར་ལུང་གིས་དངོས་སུ་ཟིན་པའི་མྱ་ངན་མེད་དེ་ནི་འཇམ་དཔལ་རྩ་རྒྱུད་ནས་དོས་སུ་ལུང་བསྟན་པའི་མྱ་ངན་མེད་དང་འདྲ། དེས་ན་སྤྲིན་ཆེན་པོའི་མདོ་ལས་ཆོས་རྒྱལ་མྱ་ངན་མེད་ཇི་ལྟར་ལུང་གིས་ཟིན་ཚུལ་བཀོད་ཅིང་།

 

) གླང་རུ་ལུང་བསྟན་གྱི་མདོ་ལས། ཆོས་རྒྱལ་མྱ་ངན་མེད། དེའི་བུ་ས་ནུ། བུ་ནུས་ལི་ཡུལ་འཛིན་ཚུལ། ལི་ཡུལ་ལུང་བསྟན་བཅས་རིམ་བཞིན་བསྟན་པ་ནི།

1. རྣམ་ཐོས་སྲས་ཀྱི་མཐུ་ལས། ཆོས་རྒྱལ་མྱ་ངན་མེད་ལ་བུ་ཞིག་བྱུང་བ་དང་། བུ་དེའི་མཚན་ས་ནུ་ཞེས་བཏགས་པར་གོང་སྨྲོས་ཀྱི་མདོ་ལས་དངོས་སུ་བསྟན་ཚུལ། (བཀའ་འགྱུར་ ༼ལྷ༽ པོད་གྲངས་༧༦ ༼ཀ༽ བརྟགས ༼ཨ༽ ཤོག་གྲངས་༣༥༣ ཡིག་ཕྲེང་༣) ལས། (བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་ཉོན་ཅིག ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ།) ཞེས་པ་ནས། (དེའི་ཚེ་རྒྱལ་པོས་རྣམ་ཐོས་ཀྱི་བུ་ལ་བུ་གཅིག་བླངས་སོ།།རྣམ་ཐོས་ཀྱི་བུས་ཀྱང་འཛམ་བུའི་གླིང་འདི་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བའི་བུ་ཞིག་བཙས་པ་བྱིན་ཏེ།) ཞེས་པ་ནས་ (དེས་ན་བུ་དེའི་མིང་ལ་ས་ལས་ནུ་མ་ནུ་ཞེས་བྱའོ།།) ཞེས་སོགས་རྒྱས་པར་བཀའ་བསྩལ།

ཕྱི་ནང་རིག་གཞུང་ཁག་ནས་བཤད་པའི་མྱ་ངན་མེད་ཅེས་པ་གལ་ཏེ་གཅིག་རང་ཡིན་ན། མྱ་ངན་མེད་གཉིས་པ་དེ་ལ་བུ་ཀུ་ན་ལ་ཞེས་པ་དེ་བྱུང་བས། གོང་འཕྲོས་སུ་ཀུ་ན་ལའི་བྱུང་བ་ཡོང་དགོས་པ་ལས། བུ་ཀུ་ན་ལའི་ལོ་རྒྱུས་ཟུར་ཙམ་ཡང་མ་ཐོན་ལ། དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད། སྤྲིན་ཆེན་པོའི་མདོ། གླང་རུ་ལུང་བསྟན་གྱི་མདོ། ལྷ་མོ་དྲི་མ་མེད་པའི་མདོ་སོགས་ལས་མྱ་ངན་མེད་དང་པོའི་ལོ་རྒྱུས་རྒྱས་པར་བསྟན་ལ། བུ་ཀུ་ན་ལའི་སྒྲོས་པ་ཙམ་ཡང་མ་བསྟན། གལ་ཏེ་མྱ་ངན་མེད་གཅིག་རང་ཡིན་ན། སྔར་གྱི་ལུང་བསྟན་དེ་དག་གི་སྐབས་སུ་ཆོས་རྒྱལ་མྱ་ངན་མེད་དང་། དེའི་བུ་ས་ནུའི་བྱུང་བ་རྒྱས་པར་བསྟན་ལ། ཀུ་ན་ལའི་ལོ་རྒྱུས་ཟུར་ཙམ་ཡང་མ་བསྟན་པའི་རྒྱུ་མཚན་ཅིའི་ཕྱིར། དེ་བཞིན་ཕྱི་རྒྱལ་ཡིག་རིགས་ཁག་ན། མྱ་ངན་མེད་གཉིས་པའི་ལོ་རྒྱུས། རྒྱལ་རབས་སྔ་ཕྱིའི་དུས་མཚམས། བུ་ཀ་ན་ལའི་ལོ་རྒྱུས་བཅས་རྒྱས་པ་བྱུང་།

བུ་ས་ནུ་ཞེས་པ་དེ་རང་རེའི་བཀའ་བསྟན་གང་ཅིར་ཤིན་ཏུ་གྲགས་ཆེ། དེས་བཟུང་ལི་ཡུལ་ཡང་ཕྱི་ནང་གི་རིག་གཞུང་གང་ཅིར་གནས་ཆེན་བྱིན་དུ་ངོས་འཛིན་དང་གྲགས་ཆེ། མྱ་ངན་མེད་གཉིས་པའི་ཐད་འཕྲོས་བཤད་དུ་ཡོང་ན་ཤིན་ཏུ་འབྲེལ་ཆེ་བ་ལས། མྱ་ངན་མེད་གཉིས་པའི་ཐད་འཕྲོས་བཤད་དུ་ཡོང་ན་ཤིན་ཏུ་འབྲེལ་ཆེ་བ་ལས། མྱ་ངན་མེད་གཉིས་པའི་ཐད་ལི་ལི་ཡུལ་དང་བུ་ས་ནུའི་ཕྱོགས་འགྲོ་ཙམ་མ་གསལ་བའི་རྒྱུ་མཚན་ཅི་ཕྱིར། དེ་དག་གི་རྒྱུ་མཚན་གང་ཡིན་སོར་གནས་རྣམས་ཀྱིས་དཔྱད་པ་ཞིབ་ཏུ་འཚལ། ཡང་ཆོས་འབྱུང་འགའ་ཞིག་ཏུ་མྱ་ངན་མེད་ཅེས་པ་ཐམས་ཅད་གཅིག་ཏུ་ངོས་འཛིན་ནས་ལོ་དུས་སྔ་ཕྱིའི་གོང་འོག་མ་འགྲིགས་པར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་དགོངས་པ་བླངས་འདུག སྤྱིར་ལོ་ཕྱེད་ལོར་བརྩིས་པའི་སྲོལ་ཞིག་ཡོད་འདུག་ཀྱང་། མྱ་ངན་མེད་ཅེས་པ་གཅིག་ལ་ངོས་འཛིན་ན་དགོངས་གཞི་དེ་ཤིན་ཏུ་འགྲིགས་པར་དཀའ།

2. མྱ་ངན་མེད་ཀྱི་བུ་ས་ནུས་ལི་ཡུལ་གྱི་རྒྱལ་སྲིད་འཛིན་པར་ལུང་བསྟན་པ་ནི། གོང་འཕྲོས་(ཤོག་གྲངས་༣༥༤ ༼༽ ཡིག་ཕྲེང་༧) ལས་(དེ་ལྟར་རྒྱལ་པོ་ས་ལས་ནུ་མ་ནུ་དེས། མི་རབས་དུ་མའི་བར་དུ་ཡུལ་དེའི་རྒྱལ་པོ་བྱེད་པར་འགྱུར་རོ།།) ཞེས་སོགས་དང་།
3.དེར་མ་ཟད་ལི་ཡུལ་དུ་ནམ་ཞིག་གྲུ་གུ་དང་། སུམ་པའི་དམག་སོགས་འབྱུང་བར་ཡང་ལུང་བསྟན་ཚུལ། གོང་འཕྲོས་ (ཤོག་གྲངས་༣༦༢ ༼༽ཡིག་ཕྲེང་༢) ལས། (གལ་ཏེ་ཡུལ་འདིར་གྲུ་གུ་ལ་སོགས་པ་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང། ཧོར་དང་སུམ་པའི་དམག་དག་མཆིས་པར་འགྱུར་ན་) ཞེས་པའི་འཕྲོས་ནས་རྒྱས་པར་བཤད། དེར་མ་ཟད་ལྷ་མོ་དྲི་མ་མེད་པའི་མདོ་ལས་ཀྱང་དེ་དག་གི་བྱུང་བ་ཆེས་གསལ་བར་གསུངས།།

 

) གཞན་ཡང་མདོ་མཛངས་བླུན་ལས་ཨ་ཤོ་ཀ་དངོས་སུ་ལུང་བསྟན་པའི་ཚུལ་ནི། སྟོན་པ་སངས་རྒྱས་ཞལ་བཞུགས་སྐབས། བཅོམ་ལྡན་འདས་ཀུན་དགའ་བོ་ལྷན་ཅིག་ཏུ་བསོད་སྙོམས་ལ་གཤེགས་པ་ན། ཁྱེའུ་གཅིག་གིས་སངས་རྒྱས་ལ་ས་སྙིམ་པ་གང་ཕུལ་བ་ལས། དེའི་བསོད་ནམས་ཀྱི་འབྲས་བུར། ཁྱེའུ་དེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་འོག་ཏུ་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་ཞེས་སངས་རྒྱས་རང་གིས་ལུང་གིས་དངོས་སུ་བསྟན་པའི་ཚུལ་ནི། (བཀའ་འགྱུར། ༼ལྷ༽ པོད་གྲངས་༧༤ ཀ་རྟགས་ ༼ས༽ ཤོག་གྲངས་༣༥༥ ༼ན༽ ཡིག་ཕྲེང་༢) ལས། (དེའི་བསོད་ནམས་ཀྱིས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་འོག་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་རོ།།) ཞེས་དང་། གཞན་ཡང་ལེའུ་དེའི་གོང་འོག་ཀུན་ལ་དེའི་བྱུང་བ་ཆེས་གསལ།།

       ལེའུ་ལྔ་བཅུ་རྩ་གཅིག་ཡོད་པས། ལེའུ་ཉེར་བདུན་པ་ལས་རྒྱལ་པོ་ཨ་ཤོ་ཀའི་བྱུང་བ་བསྟན་ཅིང་། ལེའུའི་མཚན་ལ་ཡང་ཨ་ཤོ་ཀའི་ལེའུ་ཞེས་གསོལ་བ་དང་། དེས་ན་འཇམ་དཔལ་རྩ་རྒྱུད། སྤྲིན་ཆེན་པོའི་མདོ། གླང་རུ་ལུང་བསྟན་གྱི་མདོ། མདོ་སྡེ་འཛམས་བླུན་བཅས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ལུང་བསྟན་ཚུལ་འཕྲོས་བཤད་དང་བཅས་པ་བརྗོད་ཟིན་ལ། དེ་ལྟར་གོང་དུ་ལུང་གིས་དངོས་སུ་བསྟན་པའི་མྱ་ངན་མེད་དེ་ནི། མྱ་ངན་མེད་སྔ་ཕྱི་གཉིས་བྱུང་བས་དང་པོ་དེ་ཡིན་ངེས། དེ་ལ་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་པར་གྲགས་པའི་མྱ་ངན་མེད་ཅེས་ཀྱང་ཟེར། མྱ་ངན་མེད་བཀའ་བསྟུ་གཉིས་པའི་སྦྱིན་བདག་ཅེས་རང་རེའི་ཆོས་འབྱུང་ཁག་ན་ཁྱབ་བརྡལ་དུ་གྲགས་ཤིང་། འདི་ལ་ཅུང་ཟད་དཔྱད་ན།།

 

)  ཆོས་རྒྱལ་མྱ་ངན་མེད་ཀྱིས་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་ཅེས་པ་དང་། དེར་མ་ཟད་བཀའ་བསྡུ་གཉིས་པའི་དུས་ཚིགས་ཀྱང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན་ཞེས་འཁོད་ཅིང་། སྤྱིར་ན་དེ་དག་གི་ཁུངས་ལུང་ཕྲན་ཚེག་ལ་བརྟེན་པར་སྣང་ལ། འོན་ཀྱང་ལུང་ཕྲན་ཚེག་རང་གི་བཀའ་བསྡུ་གཉིས་པའི་བྱུང་བའི་སྐབས་སུ། སྟོན་པ་མྱ་ངན་ལས་འདས་པ་དང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་ལ་ལོངས་སྤྱད་དེ་གནས། དེ་ནས་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རུང་བ་མ་ཡིན་པའི་གཞི་བཅུ་བཀའ་སྟེ་བཀའ་བསྡུ་གཉིས་པ་མཛད། བཀའ་བསྡུ་གཉིས་པ་ཇི་ལྟར་མཛད་པའི་ཚུལ་ནི། དེ་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་ལ་ལོངས་སྤྱོད་བཞིན་པར། དེ་ནས་ཚེ་དང་ལྡན་པ་པ་གནས་བརྟན་གྲགས་པ་འཁོར་གྱི་ཁྱམས་སུ་ཞུགས་ཏེ། རབ་མཐའི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྨོན་གནས་ཤེས་པའི་ཏིང་ངེ་འཛིན་གྱི་བརྟགས་ཏེ། གན་ཌི་བརྡུངས་པ་དང་། དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་རྣམས་འདུས་ཏེ། དེའི་ཚེ་གནས་བརྟན་ཟླ་སྒུར་འགོག་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ་གན་ཌིའི་སྒྲ་མ་ཐོས། རྗེས་གནས་བརྟན་ཟླ་སྒུར་ཡང་འགོག་པའི་སྙོམས་འཇུག་ལས་བཞེངས་ཏེ། དགྲ་བཅོམ་པ་བདུན་བརྒྱ་ཚང་བར་བྱས་ནས་བཀའ་བསྡུ་གཉིས་པ་མཛད། དེ་དག་གི་རྣམ་གཞག་ཞིབ་ཅིང་ཕྲ་བ་ནི་ལུང་ཕྲན་ཚེག་ལས་བཤད། ལུང་ཕྲན་ཚེག་གི་བམ་པོར་བརྒྱད་པ་དང་ང་དགུ་པ་གཉིས་ཀྱི་བཀའ་བསྡུ་གཉིས་པའི་བྱུང་བ་གླེང་གཞི་དང་བཅས་པ་གསལ་བར་བསྟན་ཅིང་། ཆོས་རྒྱལ་མྱ་ངན་མེད་བཀའ་བསྡུ་གཉིས་པའི་སྦྱིན་བདག་བྱེད་པར་འགྱུར་བ་ལུང་གིས་དངོས་སུ་མ་ཟིན་ལ། རང་རེའི་ཆོས་འབྱུང་ཡིག་རིགས་ཇི་སྙེད་གཅིག་ཡོད་པ་ཐམས་ཅད་ཀྱིས་བཀའ་བསྡུ་གཉིས་པའི་སྐོར་བཤད་པ་མཐའ་དག་གི་ཁུངས་ལུངས་ཕྲན་ཚེག་ལ་བརྟེན་དགོས། དེས་ན་ཆོས་རྒྱལ་མྱ་ངན་མེད་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་ཅེས་པའི་མདོ་རྒྱུད་ཀྱི་ཁུངས་གང་ཡིན་དཔྱད། དེས་ན་མྱ་ངན་མེད་ཅེས་པ་ཐམས་ཅད་གཅིག་ཏུ་ངོས་འཛིན་དང་། སྟོན་པ་འདས་ལོ་ཉིས་སྟོང་བརྒྱད་བརྒྱ་ངམ་གསུམ་དང་། ཡང་ན་བཞི་སྟོང་སོགས་ཁས་ལེན་པ། ཡང་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་ཅེས་ཐམས་ཅད་གཞི་གཅིག་ཏུ་ཁས་ལེན་པ་ནི། སྣང་ཚོད་གནས་ཚོད་གང་གི་དབང་དུ་བྱས་ཀྱང་ཤིན་ཏུ་འཇོག་དཀའ། དེས་ན་སྟོན་པ་འདས་ལོ་བརྩི་ཚུལ་ལས་འཕྲོས་ཏེ་འཇམ་དཔལ་རྩ་རྒྱུད། སྤྲིན་ཆེན་པོ་མདོ། གླང་རུ་ལུང་བསྟན་གྱི་མདོ། མདོ་སྡེ་འཛངས་བླུན་བཅས་ནས་ཆོས་རྒྱལ་མྱ་ངན་མེད་ལུང་བསྟན་ཚུལ་དང་། ཞར་བྱུང་བཀའ་བསྡུ་གཉིས་པའི་བྱུང་བ་ལུང་འཕྲན་ཚེག་ནས་གསུངས་ཚུལ་འཕྲོས་བཤད་དང་བཅས་བཤད་ཟིན་ཏོ།།

 

) འོ་ན་རྒྱ་གར་རང་དུ་དེ་འདྲའི་ལོ་རྒྱུས་ཆེས་གསལ་བ་སྐབས་དེར་ཞུགས་ཡོད་དམ་ཞེ་ན། ཆོས་རྒྱལ་མྱ་ངན་མེད་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་དེ་ལྟར་བཞག དེང་སངས་ཡོ་རོབ་དང་རྒྱ་གར་རང་ལ་གྲགས་པའི་མྱ་ངན་མེད་དེའི་ཡིག་སྲོལ་ཀྱང་ནུབ་སྟེ་བུ་ཀུ་ན་ལའི་ཡབ་མྱ་ངན་མེད་ཅེས་པ་དེའི་ཡབ་ཀྱི་ཡབ་ཟླ་བ་སྦས་པ་ (ཙན་དྲ་གུབྟ) དེའི་དུས་ནས་རྒྱ་གར་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཡོ་རོབ་ནང་ཚན་འགི་རིཀ་ལུང་པའི་ཡིག་རིགས་ཁག་ནས་སྐབས་དེའི་རྒྱ་གར་གྱི་ལོ་རྒྱུས་ཆེས་གསལ་བས། རྒྱ་གར་བའི་ཚད་རིགས་པ་རྣམས་ནས་ཀྱང་འགི་རིཀ་ལུང་པའི་ཡིག་རིགས་དེ་དག་ལ་ཁུངས་བརྟེན་པ་མ་གཏོགས་རྒྱ་གར་རང་དུ་ཕྱི་ནང་གང་ཅིའི་དུས་འཁྲུགས་མང་རྐྱེན་གྱིས་རྒྱལ་རབས་སྔ་ཕྱིའི་བྱུང་བ། གསུང་རབ་ཁག་མང་བཅས་རྩ་བོར་སོང་ཞིང་། དེས་ན་མྱ་ངན་མེད་གཉིས་པ་བུ་ཀུ་ན་ལའི་ཡབ་ཀྱི་ལོ་རྒྱུས་ཚང་མ་འགི་རིག་ལུང་པའི་ཡིག་རིགས་ཁག་ནས་ཁུངས་བླངས་ཤིང་། དེར་མ་ཟད་དེའི་ཡབ་སྙིང་གི་ཐིག་ལེ་ (བིན་དུ་ས་ར་) དང་དེའི་ཡབ་ཟླ་བ་སྦས་པ་ (ཙམ་དྲ་གུབྟ་) བཅས་ཀྱི་ལོ་རྒྱུས་རྣམས་རྒྱ་གར་རང་དུ་ཁུངས་མེད་པར་འགི་རིཀ་ལུང་པའི་ཡིག་རིགས་ཁག་ལ་ཁུངས་བརྟེན་ཏེ། ད་ལྟའི་བར་ལོ་གཅིག་ཀྱང་ཆད་ལུས་མེད་པར་བརྩི་ནུས། དེ་ལྟར་ཕྱི་རྒྱལ་གྱི་སྐད་ཡིག་མང་དག་གཅིག་ནང་མྱ་ངན་མེད་ཀྱི་སྐོར་ཐོན་ཡོད་པ་དང་། རྒྱ་གར་རིག་གཞུང་སྐོར་གྱི་ཚན་རིག་མཁས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཀུ་ན་ལའི་ཡབ་མྱ་ངན་མེད་དང་། དེའི་ཡབ། དེའི་ཡང་ཡབ་བཅས་ཀྱི་བྱུང་བ་ནི་འགི་རིཀ་གི་ལུང་པའི་ཡིག་རིགས་ཁོ་ན་ལ་བརྟེན་ནས་གཏན་ལ་ཕབ་བོ།།


) འོ་ན་འགི་རིཀ་གི་ལུང་པའི་ཡིག་རིགས་ཁག་ནས་ཀུ་ན་ལའི་ཡབ་མྱ་ངན་མེད་དང་། དེའི་ཡབ་དེའི་ཡང་ཡབ་ཟླ་བ་སྦས་པ་བཅས་ཀྱི་བྱུང་བའི་ལོ་རྒྱུས་ཇི་ལྟར་ཞེ་ན། ཐམས་ཅད་འགོད་པར་མ་ནུས་ཤིང་ཡིག་ཚོགས་ཀྱང་ཆེ་ལ། ངེས་པར་མཁོ་བ་རྣམས་བཀོས་ན། 

 1. བུ་ཀུ་ན་ལའི་ཡབ་མྱ་ངན་མེད་ཅེས་པ་དེའི་ཡབ་ཀྱི་ཡབ་ཟླ་བ་སྦས་པ་ (ཙན་དྲ་གུབྟ་) ཞེས་པ་དེས་སྤྱི་ལོ་མ་བྱུང་གོང་(༣༢༣-༢༩༨)བར་གྱི་སྲིད་བསྐྱངས། དེ་ནི་འཇམ་དཔལ་རྩ་རྒྱུད་ནས་ཀྱང་ལུང་གི་དངོས་སུ་ཟིན་པ་གོང་དུ་དྲངས་ཟིན།

 2. དེ་ནས་ཟླ་བ་སྦས་བུ་སྙིང་གི་ཐིག་ལེ། (བིན་དུ་ས་ར།) ཞེས་པ་དེས་རྒྱལ་སྲིད་སྤྱི་ལོ་མ་བྱུང་གོང་(༢༩༨-༢༧༣) བར་བསྐྱངས། དེ་ཡང་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན།

3. དེ་ནས་དེའི་བུ་དེང་སངས་ཡོངས་སུ་གྲགས་པའི་མྱ་ངན་མེད་དེས་སྤྱི་ལོ་མ་བྱུང་གོང་(༢༧༣-༢༣༢) བར་རྒྱ་སྲིད་བསྐྱངས། དེ་དག་ལའང་ལོ་ཁམས་བརྩི་ཕྱོགས་དབང་ལས་ལོ་རེ་གཉིས་མི་མཐུན་པ་ལྟར་འདུག་ཀྱང་དོན་ལ་འདྲ།

4. འོ་ན་གོང་དུ་བཤད་པ་ལྟར་གྱི་རྒྱ་གར་གྱི་རྒྱལ་རབས་ལོ་རྒྱུས་རྙིང་ཁུངས་རྣམས་འགི་རིཀ་ལུང་པའི་ཡིག་རིགས་ཁག་ནས་བྱུང་བའི་རྒྱུ་མཚན་ཇི་ལྟར་ཞེ་ན། སྤྱིར་རྒྱ་གར་དང་འགི་རིཀ་གཞུང་གཉིས་ཕན་ཚུན་སྲིད་དང་རིག་གཞུང་གང་ཅིར་འབྲེལ་བ་ཆེན་པོ་བྱུང་ཡོད་ཚོད། ལྷག་པར་འགི་རིཀ་གི་རྒྱལ་བོ་སྐད་གྲགས་ཅན་(ཨ་ལིག་ཙན་དྲ།) ཟེར་བ་དེས་སྤྱི་ལོ་མ་བྱུང་གོང་། (༠༣༢༦) ཙམ་ལ་རྒྱ་གར་གྱི་གྲོང་ཁྱེར་ (པན་ཇཔ་) དེའི་རྒྱལ་པོ་ (པོ་རོ་སེ་) བཅས་ལ་དམག་དྲངས་འདུག་པས་ (ཨ་ལིཀ་ཙན་དྲ་) ཁོང་རང་དམག་སར་ཆས་ཏེ་རྒྱ་གར་ནས་ཚུར་ལམ་ (BABYLON) ཞེས་པའི་གྲོང་ཁྱེར་དེར་སྤྱི་ལོ་མ་བྱུང་གོང་། (༠༣༢༣) ཙམ་ལ་ (ཨ་ལིཀ་ཙན་དྲ་) ཁོང་རང་འདས་འདུག་ཅིང་།

5. དེ་རྗེས་སྤྱི་ལོ་མ་བྱུང་གོང་ (༠༣༡༣-༢༩༨) བར་ཟླ་སྦས་པ་ (ཙན་དྲ་གུཔྟ་) ཞེས་པ་དེས་རྒྱ་གར་ནང་དེང་སང་པཀ་ན་ཟེར་བ་དེའི་རྒྱལ་ས་བཟུང་། སྐབས་དེར་འགི་རིཀ་གཞུང་ནས་མངགས་པའི་གཞུང་ཚབ་ (མེ་ག་ས་ཐེ་ནེས་) (Megasthenes) ཟེར་བ་དེས་རྒྱ་གར་པཀ་ནར་ཡུན་རིང་གཞུང་ཚབ་ཏུ་བསྡད། སྤྱི་ལོ་མ་བྱུང་གོང་ (༠༣༠༢) ལོར་པཀ་ནར་གསར་དུ་འབྱོར་བ་ཡིན་ཚོད། ཁོང་ནི་འགི་རིཀ་གཞུང་ནས་མངག་པའི་རྒྱ་གར་གཞུང་ཚབ་དང་སྐབས་དེའི་ལོ་རྒྱུས་བྱེད་པོ་གཉིས་ཀ་ཡིན་འདུག དེར་མ་ཟད་ཁོང་གིས་དེབ་ཞིག་བརྩམས་འདུག་པས་དེ་ཕྱིས་རྒྱ་གར་དང་ཡོ་རོབ་ནང་རྒྱ་གར་གྱི་ལོ་རྒྱུས་བྱེད་པོ་ཚན་རིག་པ་ཡོད་དོ་ཅོག་གིས་གོང་གསལ་དེབ་དེ་ལ་ཁུངས་བརྟེན་པར་སྣང་ཞིང་། དེབ་འདིའི་མཚན་བྱང་ནི་ (INDIKA) འོན་ཀྱང་ཁོང་རང་འདས་རྗེས་དེབ་དེ་བོར་བརླག་བྱུང་ཞིང་། དེབ་དེ་ལས་དུམ་བུ་མང་པོ་ཞིག་དང་ཡིག་རིགས་ཕལ་ཆེ་བ་རྗེས་སུ་ཡང་གནས་ཡོད་པས། དུམ་བུ་འགའ་ཞིག་ལ་ཐང་སྐད་དང་། དུམ་བུ་འགའ་ཞིག་འགི་རིཀ་སྐད་སྟེང་ཡོད་འདུག་ཅིང་། ཕྱིས་ཀྱི་ཚན་རིག་པ་རྣམས་ནས་དབྱིན་སྐད་སོགས་ཀྱི་སྟེང་བསྒྱུར་ནས་གཏན་འབེབས་བྱས་འདུག དེ་ལྟར་གོང་གསལ་ཁུངས་གང་ལ་བརྟེན་པའི་ཡིག་རིགས་དང་། དེ་ལ་བརྟེན་ནས་ཕྱིས་ཀྱི་ཚན་རིག་པ་རྣམས་ནས་གཏན་འབེབས་བྱས་པའི་ཡིག་རིགས་དེབ་ཐེར་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་འཇར་མན་མི་རིགས་ཤིག་གིས་ (༡༨༤༦) ལོ་དེབ་ཞིག་བརྩམས་འདུག་དེབ་བྱང་སོགས་འདིར་ཡིག་ཚོགས་ཆེ་བས་མ་བྲིས་སོ།། གང་ལྟར་དེ་འདྲའི་ལོ་རྒྱུས་རྣམས་དང་། དེ་རྗེས་ཟླ་བ་སྦས་པའི་བུ་སྙིང་གི་ཐིག་ལེ། དེའི་བུ་མྱ་ངན་མེད་བཅས་ཀྱི་བྱུང་བ་འགི་རིཀ་གི་ལུང་པའི་ཡིག་རིགས་ཁག་ནས་ཤིན་ཏུ་གསལ་བར་བཤད་ཅིང་། སྐབས་དེར་ཡོ་རོབ་ནང་ཁུལ་འགི་རིཀ་དང་རྒྱ་གར་གཉིས་ཕན་ཚུན་རིག་གཞུང་དང་སྲིད་དོན་སྐོར་ལ་འབྲེལ་བ་ཆེན་པོ་བྱུང་ཡོད་སྐད། དེ་འདྲའི་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་བྱུང་བའི་ཡིག་རིགས་རྣམས་འགི་རིཀ་གཞུང་ནས་ད་བར་ཉར་ཚག་དོ་དམ་ལ་བརྟེན། དེང་སངས་ཕྱི་རྒྱལ་སྐད་ཡིག་མང་དག་ཞིག་ཐོག་གོང་གསལ་གྱི་ལོ་རྒྱུས་ཐོན་པ་ཐམས་ཅད་ཀྱི་ཁུངས་ནི་འགི་རིཀ་གཞུང་གི་ཡིག་རིགས་ལ་ཁུངས་བརྟེན། སྤྱིར་ན་འགི་རིཀ་གི་ལུང་པ་དེ་ཡོ་རོབ་ནང་ལོ་ (༣༠༠༠) ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྒྱལ་རབས་དང་། འགི་རིཀ་སྐད་རྙིང་པ་དེ་ལེགས་སྦྱར་གྱི་སྐད་དང་ཡང་ཤིན་ཏུ་འབྲེལ་ཆེ། དེར་མ་ཟད་འགི་རིཀ་གི་སྐད་རྙིང་པ། ལ་ཐང་སྐད། ལེགས་སྦྱར་སྐད་དེ་གསུམ་རིག་གཞུང་རྒྱ་ཆེར་ལྡན་པའི་སྐད་ཡིག་ཏུ་ཕྱི་རྒྱལ་ཚན་རིག་མཁས་པ་རྣམས་ནས་ངོས་འཛིན་བྱེད་འདུག་པ་བཅས་འཕྲོས་བཤད་ཙམ།

 

) གོང་དུ་མདོ་རྒྱུད་ཕྱི་ནང་རིག་གཞུང་ཁག་ལ་བརྟེན་འབྱུང་ཁུངས་བཀོད་པ་དེ་དག་སླར་ཡང་རང་ལུགས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྡོམས་པ་དང་། ལྷག་པར་སྟོན་པ་འདས་ལོ་ནས་སྤྱི་ལོའི་བར་གྱི་ལོ་ཁྱད་ཇི་བྱུང་། གོང་གསལ་ཕྱི་ནང་རིགས་གཞུང་ཁག་བྱུང་བའི་བགྲོས་ལ་བརྟེན་ནས་མྱ་ངན་མེད་སྔ་ཕྱིའི་ས་མཚམས་འཇོག་ཚུལ་བཅས་དོན་བསྡུའི་ཚུལ་དུ་གཏན་ལ་འབེབས་པ།

 1.  གོང་དུ་བཤད་པའི་ལུགས་དྲུག་པ་དེ་བཞིན་རྒྱ་གར་ནང་པ་ཕལ་ཆེ་བ་དང་། སིང་ག་ལའི་ནང་པ་སོགས་ཕལ་ཆེ་བའི་འདོད་ཚུལ་ནི། སྤྱིར་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་གཟུགས་ཅན་སྙིང་པོས་རྒྱ་སྲིད་སྐྱོང་བའི་སྐབས་ཡིན་ལ། དེ་ནས་སྤྱི་ལོ་བར་ (༥༨༩) །

2. དེ་ནས་སྟོན་པ་དགུང་ལོ་དོན་དྲུག་གམ་དོན་བདུན་ལ་ཕེབས་པ་དེའི་ཚེ། རྒྱལ་པོ་མ་སྐྱེས་དགྲས་རྒྱལ་ས་བཟུང། དེ་ནས་སྤྱི་ལོའི་བར་ (༥༤༩) ཙམ།

3. དེ་ནས་ལོ་ལྔ་སོང་བ་ན་སྟོན་པ་མྱ་ངན་ལས་འདས། དེ་ནས་སྤྱི་ལོ་བར་ (༥༤༤) ཙམ།

4. སངས་རྒྱས་དགོངས་པ་མྱ་ངན་ལས་འདས་ནས་མ་སྐྱེས་དགྲས་ཡུལ་མ་ག་དྷའི་རྒྱལ་ས་ལོ་ཉེར་བདུན་བར་བཟུང་། དེ་ནས་མ་སྐྱེས་དགྲ་འདས། དེ་ནས་སྤྱི་ལོའི་བར། (༥༡༧) ཙམ།

5. དེ་ནས་ཨུ་མིང་གི་ཐོག་མར་ཡོད་པ་ཞིག་གིས་རྒྱལ་ས་བཟུང་བར་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན།

6. དེ་ནས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཅེས་པ་ལི་ཡུལ་གྱི་རྒྱལ་ས་ཐོག་མར་འཛིན་མཁན་བུ་ས་ནུ་ཞེས་པ་དེའི་ཡབ། ཡང་ན་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་པར་གྲགས་པའི་ཆོས་རྒྱལ་མྱ་ངན་མེད་ཅེས་པ་དེས་རྒྱལ་སྲིད་བཟུང་། དེ་ལྟ་བུའི་མྱ་ངན་མེད་ཅེས་པ་དེ་སྤྱི་ལོ་མ་བྱུང་གོང་ (༤༢༠) ཙམ་ལ་ངེས་དགོས་པར་འཁྲུངས་ཏེ་ཡོད། དེ་ལ་དུས་ཀྱི་མྱ་ངན་མེད་ཅེས་ཀྱང་ཟེར། (ཀ་ལ་ཨ་ཤོ་ཀ)

7. དེ་ནས་རྒྱལ་པོ་མྱ་ངན་བྲལ། དཔའ་བོའི་སྡེ། རྒྱལ་པོ་དཔའ་བོའི་སྡེའི་རྗེས་སུ་རྒྱལ་པོ་དགའ་བོ་བཅས་ཀྱིས་ལོ་རབས་མང་ཙམ་རྒྱལ་སྲིད་བཟུང་།

8. དེ་ནས་མྱ་ངན་མེད་གཉིས་པའི་ཡབ་ཀྱི་ཡབ་ཟླ་བ་སྦས་པ་ (ཙན་དྲ་གུབྟ) ཞེས་པ་དེས་རྒྱལ་སྲིད་བཟུང་ཡུན་སྤྱི་ལོ་མ་བྱུང་གོང་། (༣༢༣-༢༩༨) ཙམ།

9. འགི་རིཀ་གི་གཞུང་ནས་མངག་པའི་རྒྱ་གར་དེང་སང་པཀཊན་ཟེར་བ་ (པ་དྲལཔུ་དྲ་)  གཞུང་ཚབ་ (མེ་ག་ས་ཐེ་ནཱེ) ཞེས་པ་དེ་ཟླ་བ་སྦས་པའི་སྐབས། (༠༣༢) ལ་པཀ་ནར་གསར་དུ་འབྱོར།

10. དེ་ནས་ཙན་དྲ་གུབྟའི་བུ་སྙིང་གི་ཐིག་ལེ་ (བིན་དུ་ས་ར་) ཞེས་པ་དེས་རྒྱལ་སྲིད་བཟུང་ཡུན་སྤྱི་ལོ་མ་བྱུང་གོང་། (༢༩༨-༢༧༣) ཙམ།

11. དེ་ནས་སྙིང་གི་ཐིག་ལེའི་བུ་དེང་སངས་ནུབ་ཕྱོགས་པ་དང་རྒྱ་གར་རང་ལ་གྲགས་པའི་མྱ་ངན་མེད་ཅེས་པ་དེས་རྒྱལ་སྲིད་བཟུང་ཡུན་སྤྱི་ལོ་མ་བྱུང་གོང་། (༢༧༣-༢༣༢) ཙམ་དང་། ལོ་ཁམས་རེ་ཟུང་མི་མཐུན་པ་ལྟ་བུ་འདུག་ཀྱང་དེ་ནི་རྒྱལ་སྲིད་འཛིན་ལོ་དང་འདས་ལོ་གཉིས་གཅིག་ཏུ་བརྩི་བ་དང་། སོ་སོར་བརྩི་བའི་ཕྱོགས་ལས་དོན་ལ་མི་མཐུན་པ་མེད་ཅིང་། དེས་ན་ཆོས་རྒྱལ་མྱ་ངན་མེད་ཅེས་པ་མིང་དང་མཛད་པ་ཕལ་ཆེར་ཆ་འདྲ་བ་དོན་དུ་སྔ་ཕྱི་གཉིས་བྱུང་བ་ལ། གཅིག་ཏུ་ངོས་འཛིན་ཏེ་མྱ་ངན་མེད་ཅེས་པའི་ལོ་རྒྱུས་ཀྱི་བྱུང་བ་ཡོད་རིགས་མྱ་ངན་མེད་གཅིག་གི་བྱུང་བ་ལ་འཆད་པ་ལྟ་བུར་སྣང་ཞིང་། དེ་ལྟ་མིན་ན་སྙིང་གི་ཐིག་ལེའི་བུ་དེང་སངས་ནུབ་ཕྱོགས་པ་ལ་གྲགས་པ་དེ་དུས་ཇི་ཙམ་ཞིག་ན་བྱུང་བ་དང་། རྒྱལ་རབས་ལོ་ཡུན་སོགས་ད་ལྟའི་བར་ལོ་གཅིག་ཀྱང་ཆད་ལུས་མེད་པར་བརྩི་ནུས་ཤིང་། ཡང་མྱ་ངན་མེད་ཅེས་པ་མཆོད་རྟེན་གྲངས་མེད་བཞེངས་མཁན་དེ་སྟོན་པའི་གཏད་རབས་བདུན་གྱི་ནང་ཚན་འཕགས་པ་ནག་པོ་ལ་བསྟན་པ་གཏད་པའི་སྐབས་སུ་བྱུང་བར་ཆོས་འབྱུང་དག་ལས་བཤད། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུའི་ནང་ཁོངས་སུ་གཏད་རབས་བདུན་རྫོགས་པར་ལུང་ཕྲན་ཚེག་བམ་པོ་བརྒྱད་པ་ལས་ཆེས་གསལ་བར་གསུངས་པས། གལ་ཏེ་མྱ་ངན་མེད་ཅེས་པ་གཅིག་རང་ཡིན་ན་སྙིང་གི་ཐིག་ལེའི་བུ་མྱ་ངན་མེད་ཅེས་པ་དེ་སྟོན་པའི་གཏད་རབས་མ་རྫོགས་གོང་བྱུང་བར་ཁས་ལེན་དགོས། དེ་ནི་ཁས་ལེན་པའི་གོ་སྐབས་ནམ་ཡང་མེད་དེ་གཏད་རབས་མ་རྫོགས་གོང་དུ་སྙིང་གི་ཐིག་ལེའི་བུ་མྱ་ངན་མེད་ཅེས་པ་བྱུང་རྒྱུ་ལྟར་བཞག་དེའི་ཡབ་ཀྱི་ཡབ་ཟླ་བ་སྦས་པ་ (ཙན་དྲ་གུབྟ་) ཅེས་པ་དེ་ཡང་མ་བྱུང་བ་འཇམ་དཔལ་རྩ་རྒྱུད་སོགས་ལས་རྒྱལ་པོ་རིམ་བྱོན་ལུང་བསྟན་ཚུལ་གྱིས་ཤེས་ལ། དེ་ལྟར་ཞིབ་ཅིང་ཕྲ་བ་ནི་བདག་ལྟ་བུས་འདི་འཐད་འདི་མི་འཐད་ཅེས་ཁ་ཚོན་གཅོད་དཀའ་ལ། མདོ་རྒྱུད་ཀྱི་ཁུངས་ལུང་འབྲེལ་བའི་ལོ་རྒྱུས་ཁུངས་ལྡན་རྣམས་དཔང་པོར་བཞག་སྟེ་ད་དུང་ཞིབ་ཏུ་དཔྱད་པར་འཚལ།།

 

) བོད་རྒྱལ་ལོ་ནི་སྤྱི་ལོ་མ་བྱུང་གོང་ (༡༢༧) ཤིང་སྟག་ལོ་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་ལ། དེ་ནས་བརྩིས་པའི་ད་ལྟ་སྤྱི་ལོ་ (༡༩༧༣) པ་འདི་བོད་རྒྱལ་ལོ་༣༡༠༠ སྟེང་ཡོད།

 

) སྤྱི་ལོ་ཞེས་པ་བརྩི་ཙུལ་ཇི་ལྟར་ཞེ་ན། དེ་སྔ་ཆོས་སྲིད་གང་སྤྱིའི་འབྲེལ་ལམ་ལ་བརྟེན་རང་ཅག་རྣམས་ལ་འོས་འགབ་མི་ཆེ་ཞིང་དེ་ཙམ་མ་གྲགས་ཀྱང་། དེང་སྐབས་ཡུལ་དུས་གང་ཅིའི་འགྱུར་ལྡོག་གིས་སྤྱི་ལོ་དང་འབྲེལ་ནས་བྱུང་བ་རྣམས་འཆད་ན། དུས་རབས་སྔ་ཕྱིའི་ས་མཚམས་རྟོགས་སླ་ལ་འཇུག་པ་བདེ་ཞིང་། འདིར་ཡང་སྤྱི་ལོ་དང་འབྲེལ་ནས་བཀོད། འོ་ན་བརྩི་ཚུལ་དངོས་གཞི་ཇི་ལྟར་ཞེ་ན། སྟོན་པ་ཡེ་ཤུ་འཁྲུངས་ནས་མི་ལོ་སུམ་བཅུ་སོ་གསུམ་བཞུགས། ཡེ་ཤུ་འཁྲུངས་ནས་ཞག་༣༦༥ སོང་བ་ན་སྤྱི་ལོ་དང་པོ་ཞེས་པོའི་འགོ་ཚུགས། དེ་ནས་བརྩིས་པའི་ད་ལྟའི་བར་རབ་བྱུང་༡༦ པའི་རབ་ལོ་༩༤༧ པ་ཆུ་གླང་ལོ་འདི་སྤྱི་ (༡༩༧༣) དུ་འཁེལ་ལ། དེས་ན་སྤྱི་ལོ་ཞེས་པ་བརྩི་ཚུལ་འདི་ཡེ་ཤུའི་འདས་ལོ་ནས་མི་བརྩི་བར་འཁྲུངས་ལོ་ནས་ངེས་པར་བརྩི་དགོས། གལ་ཏེ་འདས་ལོ་ནས་བརྩི་ན་རབ་བྱུང་༡༦ པའི་ཆུ་གླང་ལོ་འདི་སྤྱི་ལོ་ (༡༩༤༠) པར་འཁེལ་དགོས། ཕྱིས་ཀྱི་དེབ་གསར་ཁག་ཏུ་ཡེ་ཤུའི་འདས་ལོ་ (༡༩༦༢) ཞེས་པ་དང་། ཡང་རྒྱལ་རབས་དེབ་གསར་ཁག་ཏུ་ (གཞན་ཕྱི་ལོར་གྲགས་པ་དེ་ཡང་ཡེ་ཤུ་གྲོངས་པའི་ལོ་ནས་བརྩི་བར་འདུག) ཅེས་པ་སོགས་འཁོད་པ་ནི་ཡུལ་ལ་བལྟོས་ཏེ་བསྐལ་དོན་དུ་སོང་བར་སྙང་ཞིང་། ཡེ་ཤུའི་འདས་ལོ་དང་འཁྲུངས་ལོ་སོགས་ཀྱི་རྣམ་གཞག་འདི་དག་ནི། སྟོན་པ་ཡེ་ཤུ་འདས་རྗེས་ཡེ་ཤུའི་དགེ་འདུན་པ་རྣམས་དང་ཚན་རིག་པའི་མཁས་པ་རྣམས་ཀྱིས་བརྟགས་དཔྱད་ཀྱིས་རིགས་པས་འོས་མེད་ཀྱིས་ཕུལ་ནས་གཏན་ལ་ཕབ་པ་ཡིན་གྱི། ཚང་མས་མཐོང་ཆོས་སུ་གྱུར་པའི་མཐོང་བ་བརྒྱུད་པའི་རྣམ་གཞག་གཏན་ལ་ཕབ་པ་མིན་པར་བཤད་དོ།།

 

) འོ་ན་རབས་ལོ་ཞེས་པ་དེ་བརྩི་ཚུལ་ཇི་ལྟར་ཞེ་ན། སྟོན་པ་འདས་ལོ་༡༥༧༡ སྤྱི་ལོ་(༡༠༢༧) ལོ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་བོད་དུ་བསྒྱུར། དེ་ནས་བཟུང་ལོ་འཁོར་དྲུག་ཅུ་རེ་ལ་རབ་བྱུང་རེ་བརྩི་བའི་སྲོལ་མཛད་པ་བཞིན། སྟོན་པ་འདས་ལོ་༢༥༡༧ སྤྱི་ལོ་ (༡༩༧༣) པ་རབ་བྱུང་༡༦ པའི་རབ་ལོ་༩༤༧ ཆུ་གླང་ལོར་འཁེལ་ཞིང་། དེ་ལྟར་གོང་དུ་སྟོན་པ་འདས་ལོ། བོད་རྒྱལ་ལོ། སྤྱི་ལོ། རབ་ལོ་བཅས་བརྩི་ཚུལ་གྱི་རྣམ་གཞག་གཏན་ལ་ཕབ་པ་བཞིན་གོང་འོག་ཀུན་ལ་བརྩི་ཚུལ་འདི་བཞིན་ཤེས་པར་བྱའོ།། །།


རྩིས་རམས་པ་ལྷ་དབང་ཚེ་རིང་། འབྲས་སྤུངས་ཆོས་འབྱུང་ནས་བཏུས།




 

 


 

མཐའ་མའི་འདོན་ཐེངས་།: 04.06.2020 ཉིན། 3:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།