སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

སྔོ་སྨན་ངོས་འཛིན་གཡུ་ཐོག་དགོངས་རྒྱན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.10.2017
བོད་ཀྱི་སྨན་རྫས་རིག་པ། >>


༄༅། །སྔོ་སྨན་ངོས་འཛིན་གཡུ་ཐོག་དགོངས་རྒྱན།

- མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན།

 

            འདིར་སྔོ་སྨན་ངོས་འཛིན་བྱེད་ཐབས་ཅུང་ཟད་བཤད་པ་ལ་མེ་ཏོག་ཅན་དང་མེ་ཏོག་མེད་པའི་རིགས་གཉིས་ཀྱི་དང་པོ་ལ། བརྟག་དཔྱད་བྱེད་བདེ་བའི་ཆེད་དུ་མེ་ཏོག་གི་མདོག་སོ་སོར་སྡེ་ཚན་དུ་བཀོད་པ་ལ།

 

ཐོག་མར་མེ་ཏོག་དཀར་པོ་ཅན་གྱི་སྡེ་ཚན་ནི།

ལུག་རུ་དཀར་པོ་སྲིབས་ལ་སྐྱེ། ངར་པ་རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། ལོ་མ་དང་མེ་ཏོག་གླང་སྣ་འདྲ་བ། མེ་ཐོག་དཀར་པོ་བྱ་མགོ་འདྲ།

བྱེའུ་ལ་ཕུག་གྲམ་ལ་སྐྱེ། མེ་ཏོག་དཀར། ལོ་མ་ལྗང་སྐྱ་རྩུབ། མཁྱིད་མཛུབ་ཙམ། ལ་ཕུག་གི་རོ་འདྲ། ངར་པ་ཕྲ་བ་ཡོད།

པརྤ་ཏ་ལྗོངས་སུ་སྐྱེ། ངར་པ་ས་འབྱར་སྨུག མེ་ཏོག་དཀར། འདབ་མ་ལྗང་སྐྱ་ཕྲ་ལ་སིལ། འཛུབ་རེ་ནས་འདོམ་རེ་ཙམ། རོ་ཁ། བཅད་ན་ཞོ་འབྱུང་ངོ་།།

མ་ནུ་བླ་སྒང་ན་བར་སྐྱེ། སྐྱེ་ལུགས་རམ་བུ་ཅུང་ཟད་འདྲ། འདབ་མ་ས་ལ་འབྱར། སྣུམ་ལ་གྱོང་། སྙེ་མ་དཀར་པོ་བེན་ཙེ་འདྲ་བ། ངར་པ་ཕྲ་ལ་དྲང་། མཐོ་མཛུབ་རེ་ཙམ། འབྲས་བུ་ཟུར་གསུམ་འབྱར་རྩི་ཅན། རོ་མངར་བ་ཡོད།

བོང་རྣ་བ་མུ་ལ་སྐྱེ། མེ་ཏོག་དཀར་ལ་ཆུང་། ངར་པ་ཕྲ། རྩེ་མོ་ཕྱིར་ལྡོག མཁྱིད་མཛུབ་རེ་ཙམ། རོ་ཁ་ཞིང་བསྐ་བའོ།།

སྤྲུ་མ་ནག་པོ་སྲིབས་ལ་སྐྱེ། ཁྲུ་རེ་མདའ་རེ་ཙམ། འདབ་མ་ཆེ། དྲི་མ་དུགས། ངར་པ་འཁྱོག མེ་ཏོག་དཀར་ཡིན།

སྒ་བྲོ་གཡའ་བྲོ་ཞིང་ནང་སྐྱེ། ལོ་མ་ལྗང་ནག་རྐོ་མ་མཆུ་མཁྱིད་མཛུབ་རེ་ཙམ། སྙེ་མ་ཁྱི་རྔ་འདྲ། མེ་ཏོག་དཀར་ཆུང་མང་དུ་ལྡེམ། དྲི་མ་ཆེ། རོ་ཚ་ལ་མངར་བ་ཡོད།

ལུག་མིག་དཀར་པོ་རྫ་འདབས་ལ་སྐྱེ། མཐོ་རེ་མཁྱིད་རེ་ཙམ། སྐྱེ་ལུགས་ལུག་མིག་གཞན་དང་འདྲའོ།།

ར་དུག་པ་ས་ངན་སྐྱེ། ལོ་མ་སྡོང་པོའི་ལོགས་ལ་འབྱར་བ། ངར་པ་ཆིག་སྐྱེས་ཕྲ། མེ་ཏོག་དཀར་ལ་དམར། རིང་ཐུང་སོར་བཞི་ལྔ་ཙམ་ཡོད་དོ།།

སྤང་རྒྱན་དཀར་པོ་སྤང་ལ་སྐྱེ། སོར་བཞི་ལྔ་ཙམ། འདབ་མ་ཆུང་། ངར་པ་ས་ལ་འབྱར། མེ་ཏོག་དཀར་པོ་ར་དུག་འདྲའོ།།

སྲོ་ལོ་དཀར་པོ་གཡའ་ལ་སྐྱེ། ལོ་མ་ལྗང་སྐྱ་འཇམ། མེ་ཏོག་དཀར། ངར་པ་ཕྲ། མཐོ་མཛུབ་རེ་ཙམ་ཡོད།

བྱེ་ཧྲོང་དཀར་པོ་སྤང་ལ་སྐྱེ། འདབ་མ་གཅན་གཟན་གྱི་སྨ་ར་འདྲ་བ། མེ་ཏོག་དཀར་ཆུང་སྤུངས་པ་ལྟ་བུ་ཡོད་དོ།།

ཀྱི་ལྕེ་དཀར་པོ་ཆུ་མགོ་ན་ལ་སྐྱེ། ལོ་མ་ས་འབྱར་སྣུམ། མེ་ཏོག་དངུལ་དཀར་གྱི་དྲིལ་བུ་འདྲ་བ། མཐོ་མཛུབ་རེ་ཙམ་ཡོད་དོ།།

སྲད་དཀར་ན་བ་དང་ཚིགས་ལ་སྐྱེ། ལོ་མ་སྲན་མ་འདྲ། སྐྱེ་ཕོན་ཉུང་། མེ་ཏོག་དཀར། རིང་ཐུང་མཐོ་མཛུབ་རེ་ཙམ་ཡོད་དོ།།

སྤང་ཚན་ཚིགས་དང་གད་པའི་ལྡེབས་ལ་སྐྱེ། འདབ་མ་ཐུང་རྩུབ། མེ་ཏོག་དཀར། ངར་པ་མང་། སྐྱེ་ཕོན་ཆེ། མཁྱིད་རེ་མཛུབ་རེ་ཙམ་ཡོད་དོ།།

བྲོ་གད་སྲིབས་ལ་སྐྱེ། འདབ་མ་ཆུང་། མེ་ཏོག་དཀར། ངར་པ་ཆིག་སྐྱེས། ཕྲ་སོར་བཞི་ལྔ་ཙམ། གང་བུ་རིལ་མོ་སྦལ་ཁ་འདྲ་བ། འབྲས་བུ་དམར་ལེབ། རོ་ཚ་བ་ཡོད་དོ།།

བྲེ་ག་རིགས་གཅིག་ཞིང་ནང་སྐྱེ། ལོ་མ་ས་འབྱར་ཉག་ཁ་ཅན། མེ་ཏོག་དཀར་ཆུང་མང་། རྒྱ་བྲེའི་གང་བུ་མཁལ་ཁུག་འདྲ་བ་དང་། བོད་བྲེའུ་གང་བུ་ནི་ཟུར་གསུམ་ཡིན་ནོ།།

སྙ་ལོ་སྲིབས་ཀྱི་སྟོད་སྨད་ལ་སྐྱེ། ལོ་མ་ལྗང་སེར་ངར་པ་དམར་པོ། རྐང་རེ་འཁྲུ་རེ་ཙམ། རོ་བསྐ་ལ་སྐྱུར་བ། མེ་ཏོག་དཀར་པོ་ཡོད་དོ།།

འུ་སུ་རི་དང་ལྡུམ་ར་ལ་སྐྱེ། སྡོང་པོ་འཁྱོག མེ་ཏོག་དཀར། རྐང་རེ་ཁྲུ་རེ་ཙམ། ལོ་མ་ཕྲ་ལ་སིབ་པ་གཏོར་བ་འདྲ། འབྲས་བུ་གའུ་ཁ་སྦྱོར་འདྲ་བ། རོ་བསྐ་ལ་སྐྱུར་བའོ།།

རིག་ཤིང་བྲག་གསེབ་ལ་སྐྱེ། ལོ་མ་ཕྲ་ཞིང་གཏོར་མ་འདྲ། མེ་ཏོག་དཀར། རོ་མངར། འབྲས་བུ་ནག་ལེབ་ལེབ་ཡོད་དོ།།

ཀ་རམ་པ་རི་ཞིང་ཚིགས་ལ་སྐྱེ། ལོ་མ་འཁོར་ལོ་བརྩེགས་རིང་འདྲ། མཐོ་རེ་རྐང་རེ་ཙམ། དྲི་མ་དུགས། ངར་པ་གྲུ་བཞི། མེ་ཏོག་བྱ་མགོ་འདྲ་བ་དཀར་པོ། འབྲས་བུ་ནག་པོ་མར་ཁུ་འབྱུང་། རོ་མངར་བ་སྣུམ་ཅན་ནོ།།

ལུག་ངལ་དཀར་པོ་ཆུ་འགྲམ་ལ་སྐྱེ། མཁྱིད་མཛུབ་རེ་ཙམ་ལོ་མ་འབོལ། ངར་པ་ཕྲ། འབྱར་རྩི་ཡོད། མེ་ཏོག་དཀར། འབྲས་བུ་སྒྲོ་རྐང་རྣ་ཕབ་འདྲ། རོ་མངར་བའོ།།

སྲུབ་ཁ་བ་སྐམ་སའི་མུ་ལ་སྐྱེ། ལོ་མ་རྒྱབ་སྐྱ་བ་སྤུ་ཅན། མེ་ཏོག་དཀར། རོ་ཚ་བ། རྐང་རེ་ཁྲུ་རེ་ཙམ་ཡོད་དོ།།

རེ་ལྕག་གྲམ་ལ་སྐྱེ། ལོ་མ་ཟླུམ། ངར་པ་དྲང་། རྐང་རེ་ཁྲུ་རེ་ཙམ། མེ་ཏོག་དཀར་ཆུང་མང་། རོ་ཚ་ལ་རྩུབ་པའོ།།

ཟིན་ཏིག་རྫ་སྟོད་སྐྱེ། འདབ་མ་ལུག་ཆུང་འདྲ། མེ་ཏོག་དཀར་པོ་འོག་ནག་པོ། རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ་ཡོད་དོ།།

 

དེ་ནས་མེ་ཏོག་སེར་པོ་ཅན་གྱི་སྡེ་ཚན་ལ།

དཔའ་བོ་ཆེན་པོ་བྲག་ལ་སྐྱེ། ལོ་མ་ལྕ་ཆུང་འདྲ། སྐྱེ་ལུགས་དང་ངར་པ་སྤྲུ་དཀར་འདྲ། རྩ་བ་དང་མེ་ཏོག་སེར། རིང་ཐུང་ནི་རྐང་རེ་ཁྲུ་རེ་ཙམ་ཡོད། རོ་ཁ་བའོ།།

ལུག་རུ་སེར་པོ་ན་ལ་སྐྱེ། ལོ་མ་འཛེར་པ་སྤུངས་པ་འདྲ། མེ་ཏོག་སེར་པོ་ལུག་རུ་ལྟར་འཁྱིལ་བའོ།།

ཡུངས་དཀར་ཞིང་དང་ལྡུམ་ར་ལ་སྐྱེ། ལོ་མ་འཇམ། ངར་པ་འཁྱོག ཁྲུ་རེ་མདའ་རེ་ཙམ། མེ་ཏོག་སེར་པོའོ།།

ཤང་དྲིལ་ནི་ན་ལ་སྐྱེ། ལོ་མ་ལྗང་སེར། དྲི་མ་དུགས། མེ་ཏོག་སེར་པོ་དྲིལ་བུ་ཁ། ངར་པ་རིལ་མོ་དྲང་། རྐང་རེ་ཁྲུ་རེ་ཙམ་ཡོད། འདི་ལ་མེ་ཏོག་རིགས་ལྔ་ཡོད་དོ།།

འབུ་སུ་ཧང་ཞིང་ནང་སྐྱེ། ལོ་མ་རྩུབ་མོ་ཀོ་མ་མཆུ། མེ་ཏོག་སེར། ངར་པ་འཁྱོག སོར་བཞི་ལྔ་ཙམ། གང་བུ་སྣུམ་པོ་སྲན་ཁོག་འདྲ་བའོ།།

གསེར་ཏིག་སྤང་གསེབ་སྐྱེ། ལོ་མ་ལྗང་སེར་ཀོ་མ་མཆུ། མེ་ཏོག་སེར་སྔོ་ངར་ཐིག་ཅན། ངར་པ་ཕྲ་དྲང་། མཁྱིད་མཛུབ་རེ་ཙམ། རོ་ཁ་བའོ།།

ཤེས་དར་སྲིབས་ཀྱི་ནགས་གསེབ་སྐྱེ། ཁྲུ་རེ་མདའ་རེ་ཙམ། ལོ་མ་ལུག་ཆུང་འདྲ། ངར་པ་ཟུར་ལྔ། མེ་ཏོག་སེར། རོ་ཁ་བ། འདི་ལ་མེ་ཏོག་སེར་དང་སྔོན་པོ་པུ་ཤུད་མགོ་ཞེས་གསུངས་སོ།།

འབྲི་ཁུ་གཡའ་སྤང་མཚམས་སུ་སྐྱེ། འདབ་མ་ས་འབྱར་ཕྲ། མེ་ཏོག་སེར་པོ་སྤུངས་པ་འདྲ་བ། བཅད་བ་ཞོ་འབྱུང་། རོ་ཁ་བ། ཁྲུ་རེ་མདའ་རེ་ཙམ་ཡོད་དོ།།

ལྷོག་དུག་སེར་པོ་སྲིབས་ལ་སྐྱེ། སོར་གསུམ་བཞི་ཙམ། རྩ་བ་ཐུང་། ངར་པ་ཕྲ། འདབ་མ་ཆུང་རྩུབ། མེ་ཏོག་སེར་པོ་དངུལ་ཐིག་ཅན། རོ་ཁོལ་བ་སྟེ། འདི་འཐུ་དུས་སྒོར་གཅོད་བྱེད་དགོས་སོ།།

ཁྱི་མིག་རེའི་ལྡན་ལ་སྐྱེ། མཐོ་མཛུབ་རེ་ཙམ། འདབ་མ་ལྗང་སེར་སྐྱ་ལ་འབོལ་བ་མེ་ཏོག་སེར་པོ་ཁུར་མང་འདྲ་བ། དྲི་མ་དུགས་ལ་ཆེ་བ་ཡོད་དོ།།

སྐྱེ་མཚེ་ཞིང་དང་ལྡུམ་ར་ལ་སྐྱེ། ལོ་མ་རྩེགས་ལ་ངར་པ་འཁྱོག རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སེར། འབྲས་བུ་དམར། རོ་ཚ་བའོ།།

ཟྭ་བོ་ཐུང་ཐུང་ནི་ཤིང་ཆིགས་ལ་སྐྱེ། ལོ་མ་ལྗང་སེར་ཉག་ཁ་ཅན། འབྲས་བུ་ཆུང་། མེ་ཏོག་སེ་། རོ་ཚ་བའོ།།

ཁུར་མང་ཞིང་ཚིགས་ལ་སྐྱེ། བཅད་ན་ཞོ་འབྱུང་། རོ་ཁ། ལོ་མ་ས་འབྱར་ཉག་ཁ་ཅན། མེ་ཏོག་སེར། ངར་པ་ཕྲ། མཁྱིད་མཛུབ་རེ་ཙམ་ཡོད་དོ།།

སྐྱབས་ནི་ཞིང་གི་གསེབ་ལ་སྐྱེ། ལོ་མ་ལྗང་སྐྱ་ཞོ་ཅན། ངར་པ་དྲང་། མེ་ཏོག་སེར། ཁྲུ་རེ་མདའ་རེ་ཙམ། རོ་ཁ་བའོ།།

རྩ་མཁྲིས་ཞིང་ཚིགས་ཐང་ལ་སྐྱེ། ལོ་མ་སར་འབྱར་ཉག་ཁ་ཅན། སོར་བཞི་ལྔ་ཙམ། མེ་ཏོག་སེར། རོ་ཁ་བའོ།།

མཆིན་པ་བཅད་འབྱོར་སྤང་གསེབ་སྐྱེ། ལོ་མ་འཁོར་ལོ་ལྟར་ཟླུམ། མེ་ཏོག་སེར་པོ་ཉ་གུག་པ། ནག་པོའི་རི་མོ་བཀྲ་བ་སོར་དོའམ་བཞི་ཙམ། རོ་མངར་ཞིང་མངལ་བའོ།།

མཁན་དཀར་གཡའ་སྨད་སྐྱེ། ལོ་མ་ས་འབྱར་སྐྱ་ལ་སྤུན་མཐོ་མཛུབ་རེ་ཙམ། མེ་ཏོག་སེར་དྲི་མ་དྭངས་པའོ།།

སེར་པོ་ཁྲག་རྐང་ནི་རི་ཐང་མཚམས། ན་ཤག་འདྲེས་པའི་ཆུ་འགྲམ་ལ་སྐྱེ། ལོ་མ་ས་འབྱར། ལུག་ཆུང་འདྲ་བ། མེ་ཏོག་སེར་པོ་དབྱིབས་སྲད་མ་འདྲ། ངར་པ་དྲང་། རྐང་རེ་ཁྲུ་རེ་ཙམ། རྩ་བ་སེར་པི་ཁྲག་རྐང་འདྲ་ཞིང་། རོ་ནིོ་མངར་བའོ།།

སྒ་ཆུང་མུ་ལ་སྐྱེ། ངར་པ་ས་འབྱར་དམར། མཐོ་མཛུབ་རེ་ཙམ།་ལོ་མ་གྲོ་མ་ཅུང་འདྲ། རི་མངར་ལ། མེ་ཏོག་སེར་པོ་ཡིན་ནོ།།

གླ་བ་སྲད་མ་རི་སྟོད་ལ་སྐྱེ། ལོ་མ་སྤུ་ཅན་འབོལ། སྐྱེ་ཕོན་སྲན་མ་རེ་ལྕག་ཙམ། མེ་ཏོག་སེར་པོ་སྲན་མ་ཅུང་འདྲ། གང་བུ་མཁལ་མ་འདྲ་བ་ཆེ། རོ་མངར་བའོ།།

སྟོང་རི་ཟིལ་པ་གཡའ་སྨད་སྐྱེ། ཆུ་ཟིལ་ཆགས། འདབ་མ་ཚགས་དམ། རྩ་བ་དམར་སྐྱ་དྲི་མ་དུགས། མེ་ཏོག་སེར་པོ་སྲད་མ་འདྲ་བྲ། མཐོ་མཛུབ་རེ་ཙམ་ཡོད་དོ།།

རྒྱ་སྤོས་མུ་ལ་སྐྱེ། འདབ་མ་ལུག་ཆུང་འདྲ། ངར་པ་ཕྲ། མེ་ཏོག་སེར། ཁྲུ་རེ་མདའ་རེ་ཙམ། དྲི་ཞིམ་པ་ཡོད་དོ།།

སྟག་ཆུང་བྲག་གསེབ་སྐྱེ། ལོ་མ་ལྗང་འདབ་འདྲ་བ། མེ་ཏོག་སེར། དྲི་དུགས། རྐང་རེ་ཁྲུ་རེ་ཙམ། འབྲས་བུ་གོ་སྙོད་འདྲའོ།།

འབོམ་མོ་སྦལ་ཁ་གད་ལྡེབས་སྐྱེ། ངར་པ་ཆིག་སྐྱེས་དྲང་། ཁྲུ་རེ་རྐང་རེ་ཙམ། ལོ་མ་ཕྲ། མེ་ཏོག་སེར། རོ་ཁ་བའོ།།

མེ་ཏོག་གསུམ་པ་ཡུར་ལྡེབས་སྐྱེ། འདབ་མ་སྤེན་མ་འདྲ། སྡོ་པོ་ཆུང་། མེ་ཏོག་སེར། རོ་ཚ་བའོ།།

ལྕེ་ཚ་རིགས་གཅིག་འདམ་གསེབ་ལ་སྐྱེ། ལོ་མ་རྩེ་གསུམ་པ། མེ་ཏོག་སེར། མྱུ་གུ་གྲོ་མའི་རྒྱང་ཐག་འདྲ། རོ་ཚ་བའོ།།

ལྕེ་ཚ་རིགས་གཅིག་ན་བ་ལ་སྐྱེ། ལོ་མ་རི་མོ། མེ་ཏོག་སེར་པོ། རོ་ཚ་བ། མཐོ་མཛུབ་རེ་ཙམ་ཡོད་དོ།།

ལྕེ་ཚ་རིགས་གཙིག་རི་ཐང་མཚམས་དང་ཡང་ན་བ་ལ་སྐྱེ། ལོ་མ་སྤུ་ཅན། མེ་ཏོག་སེར་པོ། སོར་བཞི་ལྔ་ཙམ། རོ་ཚ། ནུས་པ་གོང་ལས་ཆེའོ།།

གྲོ་མ་མུ་དང་ན་ལ་སྐྱེ། ལོ་མ་ས་འབྱར། འབོལ་སོར་བཞི་ལྔ་ཙམ། རྩ་བ་རྡོག་འདྲིལ། མེ་ཏོག་སེར་པོ་ཡིན་ནོ།།

ཤུ་མོ་ཟ་ཞིང་ནང་སྐྱེ། ལོ་མ་སྲད་མའི་འདབ་མ་འདྲ་བ་ཆུང་། རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སེར་པོ། སྲན་མ་འདྲ་བ། གང་བུ་སྲབ་མོ་བསེ་སྡེར་རིས། འབྲས་བུ་གྲུ་བཞི་ཡོད་དོ།།

རི་ཤོ་ནི་རིའི་འདབས་ལ་སྐྱེ། ལོ་མ་མཐུག་ལ་གྱོང་བ། མེ་ཏོག་སེར་པོ་ཉ་གུག་པ་མཐོ་མཛུབ་རེ་ཙམ། དྲི་མ་ཆེ་ལ་དུགས་པའོ།།

མྱང་རྩི་སྤྲས་ནི་མཁར་ཆུང་ཡིན་ཞིང་ཚིགས་དང་དཀས་ལྡེབས་ལ་སྐྱེ། ལོ་མ་ས་འབྱར་ཉག་ཁ་ཅན། སོར་བཞི་ལྔ་ཙམ། མེ་ཏོག་སེར་པོ་མཁུར་མང་འདྲ་བ། བཅད་ན་ཞོ་འབྱུང་། རོ་ཁ་བའོ།།

བྱི་ཚེར་རིའི་ལྡན་ལ་སྐྱེ། ལོ་མ་ས་འབྱར་སྲད་ཆུང་འདྲ། ཚེར་མ་རྣོ། མེ་ཏོག་སེར། རོ་མངར་བའོ།།

ཨ་ཀྲོང་རིའི་སྲིབས་ལ་སྐྱེ། ངར་པ་ནག་ཟིལ་པ་ཆགས། མེ་ཏོག་སེར། དྲི་མ་ཆེ། རྐང་རེ་ཁྲུ་རེ་ཙམ་ཡོད་དོ།།

རྩི་དམར་རྐང་གཅིག་སྤང་སྲིབས་སྐྱེ། གཞི་མ་སྤང་ཁྲོམ་འདྲ་བ་ལ་ངར་པ་ཆིག་སྐྱེས་མང་། སོར་དོ་གསུམ་ཙམ། ལོ་མ་ཆུང་། དྲི་ཞིམ། མེ་ཏོག་སེར་པོ་ཟིལ་པ་ཆགས་པའོ།།

ལྕ་བ་བྲག་དང་སྐམ་ས་ལ་སྐྱེ། ལོ་མ་ས་འབྱར་ཕྲུག་ཕྲུག མེ་ཏོག་སེར། དྲི་མ་ཆེའོ།།

གཟེ་མ་ཞིང་དང་མུ་ལ་སྐྱེ། ངར་པ་ས་འབྱར། ལོ་མ་ཆུང་ཆུང་། མཐོ་མཛུབ་རེ་ཙམ། མེ་ཏོག་སེར། རོ་མངར། འབྲས་བུ་ཚེར་མ་ར་མགོ་ཅན་ནོ།།

སུམ་ཅུ་ཏིག་ནི་སྤང་གསེབ་སྐྱེ། འདབ་མ་ཕྲ། ངར་པ་དྲང་། སོར་བཞི་ལྔ་ཙམ། མེ་ཏོག་སེར་པོ་དྲིལ་བུ་ཁ། རོ་ཁ་བའོ།།

ཡུག་གར་པ་ཆུ་འགྲམ་སྐྱེ། ལོ་མ་འབོལ། ངར་པ་ཕྲ། མཁྱིད་མཛུབ་རེ་ཙམ། མེ་ཏོག་སེར་པོ་འབྱར་བག་ཆེ། འབྲས་བུ་སྒྲོ་རྐང་རྣ་ཕབ་འདྲ། རོ་མངར་བའོ།།

ཁྱི་དུག་དཀར་པོ་སྐམ་སར་སྐྱེ། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་ཤང་ཆུང་བཏགས་པ་འདྲ། གང་བུ་སྨྱུག་མ་བཅད་འདྲ། འབྲས་བུ་ནག་ལེབ་མཁལ་མ་འདྲ་བ་ཡོད་དོ།།

ལུག་ངལ་བ་ཞིང་ཚིག་སྐྱེ། མེ་ཏོག་དུར་ཁ་སྤུ་ཤུད་མགོ། ངར་པ་གཅུས་པ་འདྲ། ཁྲུ་རེ་མདའ་རེ་ཙམ་མོ།།

 

དེ་ནས་མེ་ཏོག་དམར་པོ་ཅན་གྱི་སྡེ་ཚན་ལ།

ལུག་རུ་དམར་པོ་མུ་ལ་སྐྱེ། ངར་པ་ཆིག་སྐྱེས་ཕྲ། མེ་ཏོག་དམར་པོ་ལུག་རུ་འཁྱིལ་བ། རིང་ཐུང་ནི་མཐོ་མཛུབ་རེ་ཙམ་ཡོད་དོ།།

སྤང་རྩི་དོ་བོ་ནི་སྤང་ལ་སྐྱེ། ལོ་མ་ས་ལ་འབྱར་བ་ཉག་ཁ་ཅན། ངར་པ་མཐོ་མཛུབ་རེ་ཙམ། མེ་ཏོག་དམར་སྨུག ཡོག་འགོ་འདྲ་བ། རྩ་བ་སེར་ནག རོ་ཁའོ།།

ཟིལ་པ་ཅན་ནི་གཡའ་སྟོད་དང་ན་སྤང་འདྲེས་པའི་ཆུ་འགྲམ་ལ་སྐྱེ། མེ་ཏོག་དམར། ཤང་ཤང་ལོ་མ་འདྲ། སྐྱེ་ཕན་སྲན་མ་རེ་ལྕག་འདྲ་བ། རོ་ཁ་བ་མཐོ་མཛུབ་རེ་ཙམ་ཡོད་དོ།།

ཟངས་ཏིག་པ་ནི་སྐམ་སར་སྐྱེ། འདབ་མ་ཉུང་དཀར་ཅུང་ཟད་འདྲ། ངར་པ་དམར། ཡལ་ག་མང་། མཁྱིད་མཛུབ་རེ་ཙམ། མེ་ཏོག་དམར་སྐྱ། རོ་ཁ་བ་ཡིན་ནོ།།

གསོ་བྷི་ཤི་ནི་གཡའ་ལ་སྐྱེ། འདབ་མ་འོལ་མོ་སྤང་ཁང་འདྲ་བ། འབྲས་བུ་མེ་ཏོག་དམར། གང་བུ་ཟུར་བཞི་པ། རོ་ཁ་བ། སོར་གསུམ་བཞི་ཙམ་ཡོད་དོ།།

ཉ་དུག་པ་ན་ལ་སྐྱེ། ལོ་མ་ས་འབྱར་སྲད་ཆུང་འདྲ་བ། མཁྱིད་མཛུབ་རེ་ཙམ། མེ་ཏོག་དམར་པོ་སྲན་མ་འདྲ། རོ་ཚ་མངལ་ལོ།།

རྒུ་དྲུས་ཤག་གསེབ་གྲམ་ལ་སྐྱེ། སྐྱེ་ཕོན་སྲན་མ་རེ་ལྕག་འདྲ་བ། ཁྲུ་རེ་རྐང་རེ་ཙམ། མེ་ཏོག་དམར་སྨུག་མང་། རོ་ཚ་མངལ། དྲི་དུགས་པའོ།།

ཨུག་ཆོས་བྱེ་ཐང་ལ་སྐྱེ། ལོ་མ་ས་འབྱར་ཉག་ཁ་ཅན། མེ་ཏོག་དམར་པོ་ཡིན་ནོ།།

འཕང་མ་བྲག་དང་གད་ལྡེབས་སྐྱེ། སྡོང་པོ་དཀར་ལོ་མ་ཆུང་། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་དམར། རོ་མངར་བའོ།།

ལུག་མུར་ནི་ལུང་སྲོལ་ཆུ་འགྲམ་ལ་སྐྱེ། ངར་པ་སྤུ་ཅན་ལོ་མ་རྩུབ་པ། མཁྱིད་མཛུབ་རེ་ཙམ། མེ་ཏོག་དམར་སྐྱ་མང་། རྩ་བ་སྒོག་སྐྱའི་ཤུན་པ་འདྲ་བས་གཡོགས་པའོ།།

འབྲི་མོག་མུ་དང་ཚིགས་དང་བྱེ་མ་ལའང་སྐྱེ། ལོ་མ་ལྗང་སྐྱ་རྩུབ། རྩ་བ་དང་མེ་ཏོག་དམར་པོ། རྐང་རེ་ཁྲུ་རེ་ཙམ་ཡོད་པ་ནི་འབྲི་མོག་ནག་པོ་ཡིན། དཀར་པོ་ནི། རིང་ཐུང་མཁྱིད་མཛུབ་རེ་ཙམ། ངར་པ་ཕྲ། ལོ་མ་སྤུ་ཅན་ཞིག་ཡོད་དོ།།

ལྕམ་པ་ལྷ་མོ་ཞིང་ནང་སྐྱེ། ལོ་མ་ཟླུམ། ངར་པ་ལྡེམ་རྐང་རེ་ཁྲུ་རེ་ཙམ། མེ་ཏོག་དམར་སྐྱ། འབྲས་བུ་གཙང་། ཞྭའི་དབྱིབས་འདྲ་བའོ།།

ཚེ་ནི་བྲག་ལ་སྐྱེ། མཐོ་རེ་རྐང་རེ་ཙམ། མེ་ཏོག་དམར། འདབ་མ་རིལ་མོ། རོ་བསྐ་བའོ།།

སྤོར་ཆེན་ཚིགས་དང་གད་ལྡེབས་སྐྱེ། ལོ་མ་ས་འབྱར། རྐོ་མ་མཆུ། ངར་པ་ཕྲ། བཅད་ན་ཞོ་འབྱུང་། མཁྱིད་མཛུབ་རེ་ཙམ། མེ་ཏོག་དམར་སྨུག རྭ་ཕོར་འདྲ་བ་ཡོད་དོ།།

རྐྱང་ཤོག་པ་ན་ལ་སྐྱེ། ལོ་མ་ས་འབྱར་མཐུག་ལ་སྣུམ་པ། ངར་པ་ཕྲ། སོར་བཞི་ལྔ་ཙམ། མེ་ཏོག་དམར་སེར། གང་བུ་ཟུར་མང་སྲུབ་མ་འདྲ་བ། རོ་མངར་བའོ།།

འཇམ་བྷི་ར་ནི་གཙང་འཁྲིས་དང་ཡུ་ར་ཆེན་པོའི་ནང་སྐྱེ། ངར་པ་ཆིག་སྐྱེས་དྲང་། མཐོ་རེ་རྐང་རེ་ཙམ། མེ་ཏོག་དམར་སྨུག་མང་། གང་བུ་འབྲས་བུས་རབ་ཏུ་གང་བ། རོ་ཚ་ཞིང་ཁོལ་བ་ཡིན་ནོ།།

བྱིའུ་ཀླད་འཚོ་ཞིང་ནང་སྐྱེ། ངར་པ་གྲུ་བཞི་ལོ་མ་ཟླུམ་པོ། མཁྱིད་མཛུབ་རེ་ཙམ། མེ་ཏོག་དམར་ཞིང་ཆུང་བའོ།།

མདེའུ་འབྱིན་གཅིག་བྲག་ལ་སྐྱེ། ལོ་མ་ལུག་ཆུང་འདྲ་བ། ངར་པ་ཕྲ་ཞིང་འཁྱོག་པ། མཐོ་མཛུབ་རེ་ཙམ། མེ་ཏོག་དམར་པོ། སྤུ་ཤུད་མགོ་འདྲ་བའོ།།

དབང་ལག་ན་ལ་སྐྱེ། འདབ་མ་ས་འབྱར་སྣུམ་འཇམ། མེ་ཏོག་དམར་པོ་འཁྱིལ་བ། ལུག་རུ་འཁྱིལ་བ་འདྲ། སོར་བཞི་ལྔ་ཙམ། ངར་པ་རིལ་མོ་འབྲས་བུ་སྤུངས། རྩ་བ་བུ་ཆུང་གི་ལག་པ་འདྲ་བའོ།།

བྲག་རྨན་པའམ་བདུད་རྩི་སྒ་ཏིག་ནི་ཁ་སྨད་ཤག་སྨད་དག་ལ་སྐྱེ། མེ་ཏོག་དམར་སྐྱ་ཟླ་བ་ཁ། དགུན་གྱི་དུས་སུ་ལྷག་པར་རྒྱས་པ། མགོ་བོ་གྲོའི་སྦུ་གུ་འདྲ། སྡོང་པོ་གཡུ་འདྲ། ལོ་མ་མདུང་སོ་བསྣོལ་འདྲ། རྩ་བ་བྱའི་སུག་པོ་འདྲ་བའོ།།

ལི་ག་དུར། སྡོང་པོ་གསེའི་གཅུག་མ་འདྲ་བ། ལོ་མ་གླང་མའི་ལོ་མ་འདྲ་བ། མེ་ཏོག་དམར་པོ་འོད་དུ་ཆེ་བའོ།།

 

དེ་ནས་མེ་ཏོག་སྔོན་པོ་ཅན་གྱི་སྡེ་ཚན་ལ།

ཡུ་གུ་ཤིང་ངམ་རྣམ་པར་ཟེར་བ་སྲིབས་ལ་སྐྱེ། སྐྱེ་ཕོན་སྲན་མ་རེ་ལྕག་མང་། ངར་པ་ཕྲ་ཞིང་དྲང་། ལོ་མ་རྒྱབ་སྐྱ་ནང་སྔོ། མེ་ཏོག་རྒྱབ་སྔོ་ནང་སྐྱ། ཐམས་ཅད་སྤྲ་བའི་རང་བཞིན་ཅན་ནོ།།

བྲག་སྐྱ་ཧ་བོ་བྲག་ལ་སྐྱེ། ལོ་མ་ས་འབྱར་མཐུག་ལ་སྤུངས་པ། རྒྱབ་ན་བ་སྤུ་སེར་པོ་ཡོད་པ། མེ་ཏོག་སྔོན་པོ་དྲིལ་ཁ། ངར་པ་རིལ་མོ་ཕྲ། རིང་ཐུང་སོར་བཞི་ལྔ་ཙམ་ཡོད་དོ།།

འཇིབ་རྩི་ནི་ཞིང་ཚིགས་མུ་ལ་སྐྱེ། དྲི་ཞིམ། མེ་ཏོག་སྔོ། འདབ་མ་ཕྲ་བ་གུར་གུམ་མཚུངས། མཐོ་རེ་ཁྲུ་རེ་ཙམ་ཡོད་དོ།།

ཧོང་ལེན་ནི་གཡའ་སྤང་མཚམས་སྐྱེ། ལོ་མ་མཐུག་འཇམ་སོག་ལེ་ཁ། མེ་ཏོག་ནས་ཀྱི་འབྲོང་བ་འདྲ། ངར་པ་རིལ་མོ་སྨུག མཐོ་མཛུབ་རེ་ཙམ། རྩ་བ་བྱ་གུང་མོའི་བྲུན་དང་འདྲ་བ། དྲི་མེད།་རོ་བི་ཁ་ལ་དྭངས་པའོ།།

ལྕགས་ཏིག་མུ་ལ་སྐྱེ། འདབ་མ་ཆུང་། མེ་ཏོག་སྔོ། ངར་པ་ནག་ལ་ཕྲ་བ། རོ་ཁ་བའོ།།

བོང་ང་ནག་པོ་མུ་ལ་སྐྱེ། ངར་པ་ནག ལོ་མ་ལྗང་ནག མེ་ཏོག་སྔོ། རྩ་བ་རྡོག་འདྲིལ། རོ་ཁ་བའོ།།

འཛིན་པ་ཉིན་གྱི་སྨད་དུ་སྐྱེ། ལོ་མ་ཕྲ། ངར་པ་ནག མེ་ཏོག་སྔོན་པོ་བྱ་མགོ་འདྲ་བ། རོ་ནི་ཁོལ། རྩ་བ་རྡོག་འདྲིལ་བའོ།།

སྒ་ཏིག་ནག་པོ་སྤང་གསེབ་སྐྱེ། བྲ་མ་སྤེན་མའི་གསེབ་ནས་སྐྱེ། མཐོ་རེ་རྐང་རེ་ཙམ། ངར་པ་ཆིག་སྐྱེས་ཤིན་ཏུ་ཕྲ་བ། རྩ་བ་ལོ་མ་སྣུམ་པ་ལ་ལྗང་ནག་ཟུར་ཡོན་རྐོ་མ་མཆུ། ངར་པ་ལོ་མ་ཕྲ་ལ་མཉེན་པ། རྩེ་ལ་མེ་ཏོག་སྔོན་པི་གཅིག རོ་ཁོལ། རྩ་བ་བཏོན་ན་སྟོངས་པར་འགྱུར་རོ།།

ལུག་མིག་ནག་པོ་གཡའ་ལ་སྐྱེ། ངར་པ་ཆིག་སྐྱེས་དྲང་། མཁྱིད་མཛུབ་རེ་ཙམ། དབྱིབས་ལུག་མིག་གཞན་དང་འདྲ། དྲི་ཆེ་ཞིང་དྭངས་པའོ།།

སྟག་ཤ་ནག་པོ་ན་ལ་སྐྱེ། ལོ་མ་དང་མེ་ཏོག་སྲད་ཆུང་འདྲ་བ། སོར་བཞི་ལྔ་ཙམ། དྲི་ཆེ་དུགས། འབྱར་བག་ཅན་ནོ།།

བྲོ་རལ་ན་བའི་སྐམ་ལ་སྐྱེ། ངར་པ་ཕྲ་ལོ་མ་ཆུང་། མཐོ་རེ་མཛུབ་རེ་ཙམ། མེ་ཏོག་སྔོ་སྐྱ། རུ་བཞི་པ། རོ་ཁོལ་ཞིང་འཁྱིལ་བའོ།།

ཨ་གྷ་ལི་རི་ལྡེབས་སྐྱེ། ངར་པ་ས་འབྱར་ཚེར་མ་ཅན། མདའ་རེ་འདོམ་རེ་ཙམ། མེ་ཏོག་སྔོན་པོའོ།།

ཁྱི་ལྕེ་ནག་པོ་སྲིབས་ལ་སྐྱེ། སྐྱེ་ལུགས་ནི། ཁྱི་ལྕེ་གཞན་དང་འདྲ། མེ་ཏོག་སྔོ་སྨུག རིང་ཐུང་ནི་མཁྱིད་མཛུབ་ཙམ་ཡོད་དོ།།

ཟར་མ་ཞིང་ནང་སྐྱེ། ངར་པ་ཕྲ། རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སྔོ། འབྲས་བུ་ལེབ་མོ་ཡིན་ནོ།།

སེར་མགོ་སྲིབས་ཀྱི་སྨད་དུ་སྐྱེ། ལོ་མ་འབོལ་ཞིང་སྣུམ། ངར་པ་ཕྲ་དྲང་། ཁྲུ་རེ་རྐང་རེ་ཙམ། མེ་ཏོག་སྔོ་སྐྱ་འདབ་མ་ཆུང་། རོ་ནི་སྣུམ་ཞིང་གོ་སྙོད་འདྲ་བའོ།།

པ་ཡག་མུ་ལ་སྐྱེ། ལོ་མ་འདབ་བཞི་ས་འབྱར། སོར་དོའམ་བཞི་ཙམ། མེ་ཏོག་སྔོ་དམར་སྲད་མ་འདྲ་བ། འབྲས་བུ་སྙིང་གི་དབྱིབས་འདྲ། རྩ་བ་དཀར་ཞིང་ཕྲ་བའོ།།

སྙི་བ་ནི་བྲ་མ་དང་སྐྱེར་པ་སེ་བ་སོགས་ལ་འཁྲིས་ནས་སྐྱེ། འདབ་མ་ཆུང་། ངར་པ་ཕྲ། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་སྔོན་པོ་འདབ་མ་ལྔ་པ། བཅད་ན་ཞོ་འབྱུང་བ། རྩ་བ་རོ་མངར་བ་ཡོད་དོ།།

དར་ཡ་ཀན་བྲག་སྨད་སྐྱེ། ལོ་མ་ཕྲད་པོ་ངར་པ་དྲང་། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་སྔོན་པོ་ལོ་བཙན་ཅུང་ཟད་འདྲ་བའོ།།

བ་ལུ་ནག་པོ་སྲིབས་སྟོད་སྐྱེ། འདབ་མ་སྣུམ་ཞིང་ཕྲ། མེ་ཏོག་སྔོ་དམར་དྲི་ཞིམ། མདའ་རེ་འདོམ་རེ་ཙམ་ཡོད་དོ།།

ཆུ་རུག་པ་ཆུ་འགྲམ་སྐྱེ། ལོ་མ་སྔོ་དམར་སྤུངས་པ་འདྲ་བ་། མེ་ཏོག་སྔོ་སྐྱ་སྲད་མ་འདྲ་བ། རྩ་བ་འཁྱོག རོ་མངར། སོར་བཞི་ལྔ་ཙམ་ཡོད་དོ།།

བྱ་རྒོད་སྤོས་གཡའ་སྟོད་སྐྱེ། ལོ་མ་ཟླུམ། དྲི་མ་དུགས། མེ་ཏོག་སྔོན་པོ་བྱ་མགོ་འདྲ་བ། མཁྱིད་མཛུབ་རེ་ཙམ་ཡོད་དོ།།

བྱི་སྲིན་པ་ཐ་ཁོག་ལ་སྐྱེ། ལོ་མ་སྲད་ཆུང་ཞིབ་མོ་ལ། མེ་ཏོག་སྔོ། ངར་པ་ས་འབྱར། མཁྱིད་མཛུབ་རེ་ཙམ། གང་བུ་གླང་གི་རྭ་ཅོ་འདྲ་བ། འབྲས་བུ་ལེབ། རོ་མངར་བའོ།།

ཀོ་ཉེ་བ་ན་སྤང་ལ་སྐྱེ། ལོ་མ་ལྗང་ནག་ཀོ་མ་མཆུ། མེ་ཏོག་དྲིལ་བུ་ཁ་སྔོན་པོ། ངར་པ་ཕྲ་དྲང་། རྐང་རེ་མཐོ་རེ་ཟཙམ་ཡོད་དོ།།

ཟི་ར་ནག་པོ་མུ་ལ་སྐྱེ། ལོ་མ་སྣུམ། དྲི་མ་དུགས། ངར་པ་ནག མེ་ཏོག་སྔོ། མཐོ་རེ་རྐང་རེ་ཙམ། འབྲས་བུ་ནག་པོ་ཟུར་གསུམ་ཡོད་དོ།།

སྤར་ལོ་ཞིང་ཚིགས་ལ་སྐྱེ། ལོ་མ་འབོལ། མེ་ཏོག་སྔོ། ངར་པ་གྲུ་བཞི། དྲི་མ་དུགས་པ། རྐང་རེ་མཐོ་རེ་ཙམ། རྩ་བ་རྡོག་འབྱུང་བའོ།།

ཡུ་མོ་མདེལ་འབྱིན་ནི་གཡའ་སྟོད་ལ་སྐྱེ། ལོ་མ་སྒོར་མོ་མཐུག་ལ་འབོལ། མེ་ཏོག་སྔོ་སྐྱ་ལུག་མིག་འདྲ་བ། སོར་བཞི་ལྔ་ཙམ། གང་བུ་སུལ་མང་། རྩ་བ་སེར་པོ། རོ་མངར་བའོ།།

རོ་བཙན་ནི་ཞིང་ཚིགས་ལ་སྐྱེ། ལོ་མ་ཆེ་ཞིང་ཕྲད། དྲི་མ་དུགས། མེ་ཏོག་སྔོན་པོ་བྱ་མཆུ་འདྲ་བ། ཁྲུ་རེ་མདའ་རེ་ཙཙམ་ཡོད་དོ།།

སྔོ་དྲེས་སྤང་དང་སྐམ་སར་སྐྱེ། འདབ་མ་ལེབ། འབྲས་བུ་སྤུངས། མེ་ཏོག་སྔོན་པོ་ཨུག་ཆོས་འདྲ་བ། མཐོ་མཛུབ་རེ་ཙམ་ཡོད་དོ།།

བརྟན་པ་གཡུ་ལོ་མུ་ལ་སྐྱེ། ལོ་མ་སྤུ་ཅན་ཀོ་མ་མཆུ། ཡལ་ག་འཁྱོག མེ་ཏོག་སྔོ། རྐང་རེ་ཁྲུ་རེ་ཙམ་ཡོད་དོ།།

གངྒ་ཆུང་གཡའ་ལ་སྐྱེ།་འདབ་མ་མཆོད་རྟེན་གྱི་ནང་རིམ་འདྲ་བ། སོར་རེ་སོར་ཕྱེད་ཙམ། མེ་ཏོག་སྔོ་སྐྱ་སྨུག་པོའོ།།

བྱ་རྐང་པ་ནི་སྲིབས་ལ་སྐྱེ། ལོ་མ་ཕྲད། ངར་པ་འཁྱོག རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སྔོན་པོ་བྱ་མཆུ་འདྲ་བའོ།།

སྔོན་བུ་རི་སྟོད་སྤང་ལ་སྐྱེ། ལོ་མ་ས་འབྱར་སྤུ་ཅན། བཅད་ན་ཞོ་འབྱུང་། ངར་པ་ཕྲ་བ་སོར་བཞི་ལྔ་ཙམ། མེ་ཏོག་སྔོན་པོ་དྲིལ་བུའི་ཁ་འདྲ་བའོ།།

སྤོར་ཆུང་སྤང་ཀོང་ལ་སྐྱེ། ངར་པ་ས་འབྱར་སྤུ་སུད། སོར་བཞི་ལྔ་ཙམ། མེ་ཏོག་སྔོ་སྐྱ་ཞོ་ཅན་ནོ།།

ལུག་ཆུང་བ་བྲག་སྲིབས་ལ་སྐྱེ། ལོ་མ་ཆུང་སྤུངས་པ་འདྲ། མེ་ཏོག་སྔོ་སྐྱ་པདྨ་འདྲ་བ། རོ་ཡང་། དྲི་མ་དུགས་པའོ།།

འཛའ་ཏི་ཀ་ནི་ཀླུངས་སུ་སྐྱེ། ལོ་མ་འབོལ། ངར་པ་ལྡེམ། རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སྔོ། འབྲས་བུ་ནག དྲི་ཆེ། རོ་མངར་བའོ།།

རྨུན་བུ་སྲིབས་ཀྱི་སྨད་དུ་སྐྱེ། ངར་པ་ས་འབྱར། ལོ་མ་རྩུབ། སོར་བཞི་ལྔ་ཙམ། ཡལ་ག་མང་། མེ་ཏོག་སྔོ་བ་ཡིན་ནོ།།

བརྟན་པ་གཡུ་ལོ་ལྗོངས་སུ་སྐྱེ། ལོ་མ་ས་འབྱར་རྩུབ། མེ་ཏོག་སྔོན་པོ་སྤུངས་པ་འདྲ་བ། རྩ་བའི་མཚམས་ན་སྦ་ལག་ཡོད། མཁྱིད་མཛུབ་རེ་ཙམ་མོ།།

ཨ་བྱག་ཚེར་སྔོན་སྤང་གསེབ་སྐྱེ། སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། མཁྱིད་རེ་ཁྲུ་རེ་ཙམ། འབྲས་བུ་ལུག་ཐུག་རླིག་པ་འདྲ་བ། ཚེར་མ་མང་། མེ་ཏོག་སྔོན་པོའོ།།

ནི་ལོ་ཨུཏྤལ་ཞེས་པ། རྩ་བ་ཟླུམ་ལ་མངར་བ། མེ་ཏོག་སྔོན་པོ་ཨུཏྤལ་འདྲ་བ། སྙི་བ་ཞེས་བྱའི་མེ་ཏོག་ཡིན་གསུངས་སོ།།

སྔོན་མོ་ཆབ་འདྲེན་གཡའ་སྟོད་དང་། མུའི་སྐམ་ས་ལ་ཡང་སྐྱེ། གཡའ་ལ་སྐྱེ་བ་སོར་བཞི་ཙམ། མུ་ལ་སྐྱེ་བ་སོར་དོ་ཙམ། ལོ་མ་ས་འབྱར་སྲད་ཆུང་འདྲ་བ། མེ་ཏོག་སྔོ་དམར་པདྨ་འདྲ་བ། གང་བུ་སྦུར་པའི་སྨད་ཁོག་འདྲ་བ་ཡོད་དོ།།

ཤ་ལ་ཡུ་རིང་མོན་མོ་སྤེ་སྨན། སྨུག་ཆུང་འདན་ཡོན་སོགས་ཟེར་བ་དེ་གཡའ་སྟོད་རིའི་སྤོ་ལ་སྐྱེ། ལོ་མ་ལྕག་ཆུང་འདྲ་བ། མེ་ཏོག་སྔོན་པོ་དྲི་ངར་ཅན་ནོ།།

ཏི་ཆུང་པ་སྲིབས་ལ་སྐྱེ། ངར་པ་དམར་པོ་སྨག་ཤད་འདྲ་བ། རིང་ཐུང་སོར་བཞི་ལྔ་ཙམ། མེ་ཏོག་གཡུ་ཡི་དྲིལ་ཆུང་འདྲ་བའོ།།

 

དེ་ནས་མེ་ཏོག་སྨུག་པོ་ཅན་གྱི་སྡེ་ཚན་ལ།

ཨ་བྷི་ཤ་ནི་སྤེན་མ་དང་སྨག་ཤེད་ནང་དུ་སྐྱེ། ངར་པ་ཆིག་སྐྱེས་ཕྲ་ལ་དྲང་། མཐོ་མཛུབ་རེ་ཙམ། ལོ་མ་ར་མོ་ཤག་དང་མཚུངས། མེ་ཏོག་སྦྱི་མོང་ཅུང་འདྲ། གང་བུ་སུལ་མང་ཐེ་ལོག་འདྲ། རྩ་བ་སྒོག་སྐྱ་ཆིག་སྐྱེས་འདྲ་བའོ།།

སྤང་སྤོས་སྤང་གསེབ་སྐྱེ། འདབ་མ་ས་འབྱར་ཕྲ་སྣུམ། མེ་ཏོག་སྨུག ངར་པ་ཕྲ། སོར་བཞི་ལྔ་ཙམ། རོ་ཁའོ།།

ཁྱི་དུག་ནག་པོ་བྲག་འཁྲིས་ལ་སྐྱེ། ལོ་མ་སྡོང་པོ་ཆེ། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་སྨུག་ནག་ཁ་ཟླུམ་པ། འབྲས་བུ་ནག་པོ་མཁལ་མ་འདྲ་བ་ཡོད་དོ།།

རྟ་པགས་ནག་པོ་ན་ལ་སྐྱེ། འདབ་མ་མི་རྒན་བྲང་པགས་འདྲ། ངར་པ་གྲུ་བཞི། མེ་ཏོག་སྨུག་པོ། མཐོ་རེ་མཁྱིད་རེ་ཙམ་ཡོད་དོ།།

པི་པི་ལིང་མཁུར་སྤང་ལ་སྐྱེ། ལོ་མ་ལྗང་སེར་སྤུ་ཅན། ངར་པ་གྲུ་བཞི་པ། མེ་ཏོག་སྨུག་པོ། མཐོ་མཛུབ་རེ་ཙམ། རྩ་བ་རྡོག་འདྲིལ་རོ་མངར་བའོ།།

སྤྱི་མོང་དཀར་པོ་སྐམ་སར་སྐྱེ། ལོ་མ་འཇམ་ངར་པ་ཕྲ། ཁ་དོག་ལྗང་སེར་དྭངས། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་འདབ་བཞི་རོ་ཚ་བའོ།།

སྤྱི་མོང་ནག་པོ་ཞིང་ཚིགས་ལ་སྐྱེ། སྐྱེ་ཚུལ་གོང་དང་འདྲ་བ་ལ། ཁ་དོག་ནག་པི་ཡིན་ནོ།།

གོང་དུ་བཤད་པའི་གངྒ་ཆུང་ལ་མེ་ཏོག་སྨུག་པི་ཡང་བཤད་དོ།།

 

དེ་ནས་མེ་ཏོག་མེད་པའི་སྡེ་ཚན་ལ།

ནད་རྣམས་ཐམས་ཅད་སེལ་བའི་སྨན།

མོན་ནེ་དམར་རུ་ཞིང་ནང་ལ་སྐྱེ། ལོ་མ་དམར་སྨུག རྐོ་མ་མཆུ། མཐོ་མཛུབ་རེ་ཙམ། འབྲས་བུ་ཞིབ་མོ་སྤུངས་པ། ཁུ་བ་དམར་པོ་ཡོད་དོ།།

བྲག་སྤོས་རེ་རལ་རིས་སུ་གཏོགས། བྱང་ལྟའི་བྲག་གསེབ་ལ་སྐྱེ། འདབ་མ་ཆིག་སྐྱེས་ལྗང་སེར། སོར་བཞི་ལྔ་ཙམ། རྒྱབ་ན་གསེར་གྱི་ཐིག་ལེ་ཡོད། དྲི་ཞིམ་པའོ།།

འོམ་བུ་འབབ་ཆུའི་གླིང་ལ་སྐྱེ། ལོ་མ་ལྗང་སེར་ཕྲུག་ཕྲུག སྡོང་པོ་དམར། རོ་ཁ་སྐྱུར། ཁྲུ་རེ་མདའ་རེ་ཙམ་མོ།།

རྒྱ་སྣེའུ་ས་ངན་ལ་སྐྱེ། ངར་པ་ས་འབྱར་ལོ་མ་ཟླུམ། སོར་བཞི་ལྔ་ཙམ་སྐྱེ། ལུག་སྣེའུ་ཅུང་འདྲ་བ། འབྲས་བུ་ཆུང་ཞིང་སྤུངས་པའོ།།

ཟྭ་ནི་རི་ཐང་མཚམས་སུ་སྐྱེ། སྐྱེ་ཕོན་སེ་བ་སྨག་ཤད་འདྲ། ངར་པ་སྨུག་དྲང་། ཁྲུ་རེ་མདའ་རེ་ཙམ། ལོ་མ་ལྗང་ནག་འཛུག་པར་བྱེད་པའོ།།

བྱ་ཁྱུང་གཡའ་སྟོད་སྐྱེ། ལོ་མ་ས་འབྱར་ཕྲ། སོར་བཞི་ལྔ་ཙམ། མེ་ཏོག་འབྲས་བུ་གང་ཡང་མེད། རོ་ཁའོ།།

ཆུ་དག་ཆུའི་རླན་ལ་སྐྱེ། ལོ་མ་ལྗང་འདབ་འདྲ་བ་ལ་ཕྱོགས་གཉིས་མདེའུ་གཞུང་དང་འདྲ། རྩ་བ་ཚིགས་མང་རམས་པ་འདྲ། དྲི་ཆེའོ།།

ཆིག་ཐུབ་ན་བའི་སྐམ་སར་སྐྱེ། ལོ་མ་དང་ངར་པ་འཇག་མ་འདྲ། སྙེ་མ་འོད་ཅན་ཟོར་བ་འདྲ་བའོ།།

ཕུར་དཀར་སྲིབས་ལ་སྐྱེ། ལོ་མ་ཕྲ་སིབ་དྲི་དྭངས། སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། མཐོ་མཛུབ་རེ་ཙམ་མོ།།

ལ་ཐོད་དཀར་པོ་རྫ་ལ་སྐྱེ། ལོ་མ་མཐུག དྲི་མ་དུགས། ཕྱི་ནང་སྲིང་བལ་འདྲ་བས་གཡོགས་པ་སོར་བཞི་ལྔ་ཙམ། རྩ་བ་སྤར་ལོ་འདྲ་བ་ཡོད་དོ།།

མིག་སྨན་ཆུ་ལྗིབས་ས་ངན་དང་ན་སྤང་འདྲེས་པའི་སྐམ་ས་ལ་སྐྱེ། ལོ་མ་ནག་ལ་རྩུབ། སྡོང་པོ་ཆུང་། སོར་གསུམ་བཞི་ཙམ། འབྲས་བུ་ནག་པོ་ཏིལ་འབྲུ་འདྲ་བ་ཡོད་དོ།།

ལ་ཕུག་ནི་ཞིང་དང་ལྡུམ་ར་ལ་སྐྱེ། ལོ་མ་ས་འབྱར་རྩུབ། མཐོ་མཛུབ་རེ་ཙམ། རྩ་བ་རྡོག་འདྲིལ། རོ་ཚ་བའོ།།

གཡའ་ཀྱི་ནི་བྲག་གསེབ་སྐྱེ་། ལོ་མ་སྣུམ་ཞིང་སྤུངས་པ་འདྲ་བ། རོ་སྐྱུར་བའོ།།

བྲ་བོ་རི་དང་ལྡུམ་ར་ལ་སྐྱེ། ལོ་མ་དམར་ལྗང་། འཁོར་ལོ་འདྲ་བ། འབྲས་བུ་ཟུར་གསུམ། རོ་མངར་བའོ།།

འབམ་བྷོ་རི་སྤང་སྐམ་ལ་སྐྱེ། ལོ་མ་ས་འབྱར་ཕྲུག་ཕྲུག ཁ་དོག་དཀར་ཙམ། ངར་པ་ཕྲ་བ་སོར་བཞི་ལྔ་ཙམ། དྲི་མ་དུགས་ཆེའོ།།

ཁྱབ་འཇུག་སྤོས་ཀླུངས་སུ་སྐྱེ། ལོ་མ་ལྗང་འདབ་འདྲ། སྙེ་མ་ཟོར་བ་ཅུང་འདྲ། མཐོ་རེ་མཁྱིད་རེ་ཙམ། དྲི་ཞིམ་པའོ།།

སྣེའུ་སྔོན་པོ་ཞིང་ནང་སྐྱེ། འདབ་མ་མཐུག་པོ་རྨོག་ལྕགས་འདྲ་བ། འབྲས་བུ་དམར་ཞིང་གཟའ་ཟིལ་ཆགས་པ། མཐོ་མཛུབ་རེ་ཙམ་མོ།།

བྱི་གཟུང་མུ་དང་ཞིང་ལ་སྐྱེ། ངར་པ་ས་ལ་འབྱར་བ་དམར་ལྗང་། མཐོ་མཛུབ་རེ་ཙམ། འདབ་མ་ཕྲ། ཚེར་མ་ཡོད། འབྲས་བུ་དམར་པོའོ།།

ཟངས་རྩི་བ་ཞིང་ནང་སྐྱེ། ལོ་མ་ལྗང་སེར་ཕྲུག་ཕྲུག  འབྲས་བུ་སྤུངས། ངར་པ་ལྡེམ། མཐོ་རེ་རྐང་རེ་ཙམ་ཡོད་དོ།།

ཉ་ལྕིབས་ནི་ཆུ་ནང་ན་ཡོད་པ། བལ་འདབ་འདྲ་བ། ལྗང་སེར་དེའོ།།

སེར་ཤ་གསེར་མདོག་སྤང་ལ་སྐྱེ་བ་ཡིན།

དཀར་ཤ་དངུལ་མདོག་ནི་ལུད་ལ་སྐྱེ་བའོ།།

དམར་ཤ་ཟངས་མདོག་ནི་ཤིང་ལ་སྐྱེའོ།།

ནག་ཤ་ལྕགས་མདོག་ཀླུངས་སུ་སྐྱེ་བ་ཡིན།

ཕ་གོལ་ནི་ཕ་བ་དགོ་དགོ་དང་། འདྲེ་མོའི་རྩམ་ཁུག་ཟེར་བ་ཤེས་སླའོ།།

བུམ་པ་གཡའ་དང་རྫ་ལ་སྐྱེ། སྡོང་པོ་རྒྱལ་མཚན་བརྩེགས་འདྲ། དྲོ་རོ་ཁ་བའོ།།

སྟར་བུ་ཀླུང་ཁྲོད་གྲམ་ལ་སྐྱེ། ལོ་མ་སྐྱ་ཆུང་ཚེར་མ་ཅན།་རྐང་རེ་ཁྲུ་རེ་ཙམ། རོ་སྐྱུར་བ་ཡོད་དོ།།

ཆུ་མ་ཙི་འདམ་གསེབ་སྐྱེ། ལོ་མ་དམར་ལྗང་འཇམ། འབྲས་བུ་སྤུངས་པ་རྩུབ། མཐོ་མཛུབ་རེ་ཙམ། རོ་མངར་ཞིང་མངལ་བའོ།།

རམ་བུ་ན་དང་སྤང་ལ་སྐྱེ། འདབ་མ་ས་འབྱར་སྲབ་ལ་འཇམ་པ། སྙེ་མ་སྨུག་པོ་བོན་ཚེ་འདྲ་བ། འབྲས་བུ་དམར། རོ་ནི་མངར་ཞིང་བསྐ་བའོ།།

དུར་བྱིད་ཆུ་ཡི་སྲིབས་ལ་སྐྱེ། ཐར་ནུ་བ་དང་ཅུང་འདྲ། ངར་པ་ཆིག་སྐྱེ་འཁྱོག རྐང་རེ་ཁྲུ་རེ་ཙམ། འདབ་མ་ཕྲ་ཞིང་འཇམ། བཅད་ན་ཞོ་འབྱུང་ངོ་།།

ལྕུམ་ནི་རི་དང་ལྡུམ་ར་ལ་སྐྱེ། ལོ་མ་ལྗང་ནག་ཤིན་ཏུ་ཆེ་བ། སྡོང་པི་མི་ཚད་ཙམ་སྦུབས་སྟོང་། འབྲས་ནུ་ངར་པ་ཤོ་ཕུང་དང་འདྲ་བ། རྩ་བ་སེར་ཞིང་རོ་སྐྱུར་བའོ།།

ཁྲོན་བུ་ནའུ་སྟོད་དུ་སྐྱེ། ཐར་ནུ་ཅུང་འདྲ། འདམ་མ་སྤུ་ཅན་ས་འབྱར། སོར་བཞི་ལྔ་ཙམ། བཅད་ན་ཞོ་འབྱུང་བའོ།།

ཐ་རམ་པ་སྐམ་སར་སྐྱེ། ལོ་མ་ས་འབྱར་འུར་མཐིལ་འདྲ་བ། འབྲས་བུ་ལྕག་འབྲས་སྒྲིལ་བ་འདྲ་བ་ཡོད་དོ།།

ཐར་ནུ་བ་སྲིབས་ལ་སྐྱེ། ལོ་མ་ཟླུམ། ངར་པ་ཕྲ། སྐྱེ་ཕོན་སྲན་མ་རེ་ལྕག་ཙམ། མཐོ་རེ་རྐང་རེ་ཙམ། བཅད་ན་ཞོ་འབྱུང་ངོ། །

ལྕང་ཚེར་སྐམ་ལ་སྐྱེ། ལོ་མ་ཉག་ཁ་ཅན། གྱོང་ལ་རྩུབ་པ། ངར་པ་སྦུབས་ཆེ། འབྲས་བུ་སྤུངས་པ། མཐོ་མཛུབ་རེ་ཙམ་ཐམས་ཅད་ཚེར་མའི་རང་བཞིན་ཅན་ནོ།།

སྒོག་སྐྱ་ལྡུམ་ར་ལ་སྐྱེ། ལོ་མ་ལྗང་འདབ་འདྲ་བ། མཁྱིད་མཛུབ་རེ་ཙམ། རྩ་བ་རྡོག་འདྲིལ། རོ་ཚ་བའོ།།

བཙོང་དམར་གཡའ་གཤམ་དུ་སྐྱེ། ལོ་མ་རིལ་མོ་སྦུབས་ཅན། མཐོ་རེ་རྐང་རེ་ཙམ། རྩ་བ་རྡོག་འདྲིོལ་རོ་ཚ་བའོ།།

རི་སྒོག་སྲིབས་ལ་སྐྱེ། ལོ་མ་ལྗང་འདབ་འདྲ་མཁྱིད་མཛུབ་རེ་ཙམ། རྩ་བ་ཉེ་ཤིང་འདྲ། རོ་ཚ་བའོ།།

བཙོང་སྒོག་རི་དང་ལྡུམ་རར་སྐྱེ། འདབ་མ་རིལ་མི་སྦུབ་ཅན། རྐང་རེ་ཁྲུ་རེ་ཙམ། རོ་ཚ་བ་ཡོད་དོ།།

ལུག་སྒོག་རིའི་ཉིན་ལ་སྐྱེ། ལོ་མ་ལྗང་འདབ་འདྲ་མཁྱིད་མཛུབ་རེ་ཙམ། རྩ་བ་དབང་ལག་ཆ་འདྲ་ཙམ། རོ་ཚ་བའོ།།

རེ་སྒོག་པ་རིལ་སྐྱེ། འདབ་མ་ཁྱི་ལྕེ་འདྲ།་མཁྱིད་མཛུབ་རེ་ཙམ། རྩ་བ་ར་སྒོག་ལྟ་བུ་རོ་ཚ་བའོ།།

འདམ་བུ་ཀ་ར་ཆུ་ནང་ལ་སྐྱེ། རོ་མངར། ངར་པ་ཟོར་བ་འདྲ། མཁྱིད་རེ་མཛུབ་རེ་ཙམ་མོ།།

བྱེ་སྐྲོག་པ་ཞིང་ནང་སྐྱེ། ངར་པ་ཕྲ་ཞིང་འཁྱིལ་བ། མཐོ་རེ་རྐང་རེ་ཙམ། འབྲས་བུ་ནག་རྩུབ། འདབ་མ་ཆུང་བ། རྩ་བ་སེར། རོ་མངར་བའོ།།

བོང་རྣ་བ་བྲག་ལ་སྐྱེ། འདབ་མ་ཆིག་སྐྱེས་བོང་རྣ་འདྲ་བ། འབྲས་བུ་གཉིས་སྐྱེས་ཆུང་བའོ།།

ཁྲོག་ཆུང་བ་ཤག་གསེབ་སྐྱེ། ལོ་མ་ས་འབྱར་ཉག་ཁ་ཅན། འབྲས་བུ་སྤུངས་ཤིང་སྤྲ་བ་ཡོད་དོ།།

རམ་པ་ཆུ་དང་ཀླུངས་སུ་སྐྱེ། འདབ་མ་ལྗང་འདབ་འདྲ་བ། ངར་པ་ཕྲ་བ། སྙེ་མ་སྨུག་པོ་བོན་ཚེ་འདྲ། རྐང་རེ་ཁྲུ་རེ་ཙམ། རྩ་བ་ཚིགས་མང་འབྲེལ་བའོ།།

ར་མོ་ཤག་བྲག་གསེབ་སྐྱེ། ལོ་མ་ལྗང་འདབ་འདྲ་བ་སྣུམ། ངར་པ་ལྡེམ། འབྲས་བུ་དམར། ཁྲུ་རེ་མདའ་རེ་ཙམ། རྩ་བ་རྡོག་འདྲིལ། སྒ་དང་འདྲ་བའོ།།

ཉེ་ཤིང་པ་གྲམ་ལ་སྐྱེ། ལོ་མ་ཕྲ། འབྲས་བུ་དམར། ངར་པ་འཁྱོག ཚེར་མ་ཡོད། ཁྲུ་རེ་འདོམ་རེ་ཙམ། རྩ་བ་རྡོག་འདྲིལ། ར་སྒོག་འདྲ་བ་ཡིན་ནོ།།

སྟག་ཆུང་བ་བྲག་སྲིབས་སྐྱེ། ལོ་མ་ཆུང་ཚེར་མ་ཅན། ངར་པ་དྲང་སོར་བཞི་ལྔ་ཙམ། རོ་མངར། ཟིལ་པ་ཆགས། རྩ་བ་གྱོང་ལ་མཁྲེགས་པ་ཡིན་ནོ།། འདི་ཅུང་བརྟག་དགོས།

སྲོ་མ་ཞིང་སྐྱེ། དྲི་མ་དུགས། ལོ་མ་འབོལ། ངར་པ་གྲུ་བཞི། འབྲས་བུ་རྩི་འཇམ། རོ་མངར་ཞིང་སྣུམ། ཤུན་པ་གོས་དང་ཐག་པ་སོགས་ཀྱི་རྒྱུ་བྱེད་པ་དེའོ།།

 

དེ་ནས་མེ་ཏོག་འདྲ་དཔེ་རྒྱས་འགེབ་བྱས་པ་དང་། མདོག་རིགས་སྡུད་དགོས་པའི་སྐོར།

སུ་མི་སྨན་རི་ལ་སྐྱེ། འདབ་མ་ས་འབྱར་ཉག་ཁ་ཅན། མཁྱིད་མཛུབ་རེ་ཙམ། རྩེ་མོ་ཕྲ་ཞིང་སྤྲ་བ་ཡོད། མེ་ཏོག་ཁྲོན་ཆུང་ཅུང་འདྲ། རོ་བསྐ་ཞིང་སྐྱུར་རོ།།

ཏང་ཀུན་བྲག་དང་ན་གསེབ་ལ་སྐྱེ། ལོ་མ་ལྗང་ནག ངར་པ་དམར་པོ། རྐང་རེ་ཁྲུ་རེ་ཙམ། མེ་ཏོག་སྐྱེ་ལུགས་སྤྲུ་དཀར་འདྲ་བ། དྲི་ཞིམ་མོ།།

གཡའ་ཀྱི་མོ་ནི་རྫ་སྲིབས་སྐྱེ། ངར་པ་ཕྲ་ཞིང་མེ་ཏོག་ཆུང་། རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། འདབ་མ་ཟླུམ་ཆུང་སྤུངས་པ་འདྲ། རོ་ཁ་བའོ།།

ཆུང་ཆུང་པ་ནི་གཡའ་ལ་སྐྱེ། ལོ་མ་ཆིག་སྐྱེས་ཟླུམ། སོར་རེ་སོར་དོ་ཙམ། མེ་ཏོག་ཡོག་མགོ་འདྲ་བའོ།།

རྒྱ་ཤོ་བ་ལྡུམ་རར་སྐྱེ། ལོ་མ་ལྗང་སེར་ཆེ། མེ་ཏོག་དང་ངར་པ་ཤོ་ཕུང་འདྲ་བ། ཁྲུ་རེ་མདའ་རེ་ཙམ། རྩ་བ་སེར་པོ། ཆུ་རྩ་འདྲ་བའོ།།

ལྕག་སྐྱི་བ་ཀན་ཚིགས་སྐྱེ། རྐང་རེ་ཁྲུ་རེ་ཙམ། འདབ་མ་ལྗང་ནག་ཕྲ་ལ་སིབ་པ། རྩ་བ་སེར། རོ་ཁ། མེ་ཏོག་མདངས་མེད་ཟེའུ་འབྲུ་ཅན། གང་བུ་ཀྱོག་མོ་ལྕགས་ཀྱུ་འདྲ་བའོ།།

ཉ་ཏིག་པ་འདམ་ལ་སྐྱེ། ངར་པ་ས་འབྱར། ལོ་མ་ཆུང་བ། མཁྱིད་མཛུབ་རེ་ཙམ། མེ་ཏོག་ཆུང་མང་བའོ།།

ལང་ཐང་ཙེ་མུ་ལ་སྐྱེ། ལོ་མ་སྤུ་ཅན་ཆེ། ངར་པ་རིལ་མོ་མང་། ཁྲུ་རེ་མདའ་རེ་ཙམ། མེ་ཏོག་སྲད་མ་ཅུང་འདྲ། གང་བུ་རིལ་པ་སྤྱི་བླུགས་འདྲ། འབྲས་བུ་ཞིབ་མོ་མཁལ་མ་འདྲ་བའོ།།

དོ་བ་ནགས་ཁྲོད་སྐམ་ལ་སྐྱེ། ལོ་མ་སྔོ་སྐྱ་སྲུབ་ཁའི་དབྱིབས། མེ་ཏོག་དྲིལ་བུ་ཁ་སླང་འདྲ་བ། ངར་པ་ཁྲུ་རེ་ཙམ། འབྲས་བུ་སེར་སྤུངས་པ། རྩ་བ་རྡོག་འདྲིོལ། རོ་ཚ། ནུས་པ་ཁོལ་ཞིང་རྩུབ་པའོ།།

སྔོ་སྨན་སྤྱི་ཤུད་ཅེས་ཀྱང་བྱ། སྔོན་པོ་ཆབ་འདྲེན་ཞེས་ཀྱང་བྱ་བ། འདབ་མ་པདྨ་བརྩེགས་འདྲ། མེ་ཏོག་རྨ་བྱའི་སྒྲོ་གདགས་འདྲ་བ། རྒས་ན་རྒད་པོ་དཀར་པོར་འགྲོ་བ། ཁུ་བ་བཻཌཱུར་ཡ་དང་འདྲ་བའོ།།

བྱི་སྲན་ནག་ཆུང་ངམ། གསང་སྨན་སྔོན་པོ་ཆུ་འདྲེན་ནི། ལོ་མ་སྲད་ནག་འདྲ། མེ་ཏོག་སྲན་མའི་མེ་ཏོག་འདྲ་བ། འབྲས་བུ་སྲན་ཆུང་ཇི་ལྟ་བ་བཞིན་ཡོད་དོ། །གསུངས།
 

            སྔོ་སྨན་བསིལ་སྨན་རྣམས་སྲིབས་དང་། གངས་འདབས་སོགས་བསིལ་སར་སྐྱེས་པ་དང་། དྲོད་སྨན་རྣམས་ཉིན་དང་། རོང་སོགས་དྲོ་སར་སྐྱེས་པ་ནི། སྐྱེ་སར་སྐྱེས་པ་ཞེས་ནུས་པ་ཆེ། སྒྲུག་ཚོད་ནི་ལོ་མ་སོས་ཁ། མེ་ཏོག་དབྱར། འབྲས་བུ་སྟོན། རྩ་བ་དགུན་གྱི་དུས་སུ་བརྐོ་དགོས་པ་དང་། གཞན་ཡང་སྐྱུག་སྨན་རྣམས་སོས་ཁ་གཙོ་བོ་མེ་རླུང་གི་ནུས་པ་གྱེན་ལ་འཕྱུར་བའི་དུས་དང་། བཤལ་སྨན་རྣམས་སྟོན་ཁ་ས་ཆུའི་ནུས་པ་ཐུར་དུ་འབབ་པའི་ཚེ་ཐུ་དགོས་པ་ཡིན། སྒྲུག་ཚར་མ་ཐག་བསིལ་སྨན་རྣམས་བྱང་ལྟའི་ཆུ་མིག་དང་། དྲོད་སྨན་རྣམས་ལྷོར་ལྟའི་ཆུ་བོ་རྒྱུན་འབབ་ལ་ཉི་འོད་ཕོག་དུས་བཤལ་བས་དུག་ཕྲན་ཐོན་ཞིང་ནུས་པ་སྐྱེད། དེ་ནས་རྨ་ཕབ་པ་ཞེས་སྔོ་རློན་ཆོམ་རྡུང་བྱས་ནས་བཙན་ཐབས་སུ་སྙིབ་པར་བྱས་པས་ནུས་པ་མི་ཡལ། བསིལ་སྨན་རྣམས་བསིལ་སྐམ་དང་། དྲོད་སྨན་རྣམས་ཉི་སྐམ་བྱ། རླུང་དང་ཉི་མས་བཙའ་བ་དང་། ཡིབ་པ་དང་། དུ་བ་ས་རྡུལ་སོགས་མ་ཕོག་པ་བསིལ་སྨན་དྲོད་སྨན་མཉམ་དུ་མི་བསྲེ་བ་སོ་སོར་ཉར་ཚགས་བྱ། སྔོ་སྨན་རྣམས་ན་ནིང་གི་རྙིང་པ་དང་། ད་ལོའི་གསར་པ་གཉིས་ལོ་དུས་མ་ལོན་པར་གསར་དུ་བརྗེ་དགོས། འོན་ཀྱང་ཁཎྜ་འཐག་ནས་གྲོད་པ་སོགས་ཀྱི་གཡོགས་ནས་ཉར་ཚགས་ལེགས་པར་བྱས་ན་ལོ་དུ་མར་ནུས་པ་མི་ཉམས་ཞེས་སྨན་གཞུང་ཁུངས་ལྡན་འགའ་ལས་བཤད་དོ།།
 

            གཞན་ཡང་ཁྱད་པར་གྱི་སྨན་དུས་བཏུ་བྱེད་དགོས་པ་རྣམས་དང་། ཇི་ལྟར་སྒྲུག་པའི་ལག་ལེན་དངོས་ཀྱི་རིམ་པ་རྒྱུད་དང་མན་ངག་རྣམས་ལས་རྟོགས་པར་བྱའོ།། །།

 

མཐའ་མའི་འདོན་ཐེངས་།: 23.10.2017 ཉིན། 9:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།