སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

རྒྱལ་བ་ལྔ་པ་ཆེན་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>


རྒྱལ་བ་ལྔ་པ་ཆེན་པོ།
 

- བྱམས་པ་འཕྲིན་ལས།

         རྒྱལ་བ་ལྔ་པ་ཆེན་པོ་རབ་བྱུང་བཅུ་པའི་མེ་སྦྲུལ་ལོ་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ལ་ (སྤྱི་ལོ་ 1617) ཡབ་ཧོར་བདུད་འདུལ་རབ་བརྟན་དང་། ཡུམ་ཁྲ་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་ཞེས་པར་འཁྲུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚ་བ་དཀའ་བཅུ་སོགས་ཀྱིས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེའི་ངོས་འཛིན་མཛད།
 

          དགུང་ལོ་དྲུག་པ་ཆུ་ཁྱི་ལོར་དཔལ་ལྡན་འབྲས་སྤུངས་སུ་སྤྱན་དྲངས་ནས། ཐོག་མར་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཡི་གེའི་སྦྱོར་ཀློག་གྲོག་པོ་ནང་དགེ་སློང་ཞེས་པས་ཕུལ་ཞིང་། དེ་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མ་ལུས་པའི་དོན་དང་ཚིག་གི་ཆ་གཏན་ལ་འབེབས་པ་བརྡ་སྤྲོད་ཀ་ཙན་གཙོར་གྱུར་གྱིས་དཎྜིའི་བསྟན་བཅོས་མེ་ལོང་མ་དང་། རཏྣ་ཀ་ར་ཤནྟའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རྩ་འགྲེལ་ངོ་མཚར་རྟོགས་བྱེད་དང་བཅས་པ། དཔལ་སྭ་རོ་ད་ཡའི་རྒྱུད་ལེགས་ཉེས་ལུང་དུ་སྟོན་པ་དབྱངས་འཆར། གངས་ཅན་ཡུལ་དང་འཚམས་པའི་བརྡའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག། སྐུ་གསུང་ཐུགས་རྟེན་སོགས་དཔྱད་པས་མཚོན་བརྟག་པ་རྣམ་པ་བརྒྱད། བཟོ་རིག་གི་ཆ་ཚད་དང་བཅས་པ་ཕྱི་ནང་གི་རིག་པའི་གནས་དུ་མ་སྨོན་འགྲོ་པཎྜིཏ་ཚེ་དབང་དོན་གྲུབ་ཡབ་སྲས་དང་། ཕུག་ལུགས་ཐུན་མོང་མ་ཡིན་པའི་རྩིས་དཀར་ནག་རྣམས་ལྡུམ་པོ་དོན་འགྲུབ་དབང་རྒྱལ། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་རྩ་བ་མདོ་དང་བཅས་པ་དགའ་ལྡན་ཁྲི་ཐོག་སོ་ལྡ་པ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ། གསོ་བ་རིག་པ་རྒྱུད་ཆུང་གསུམ་ཐུགས་འཛིན་དང་། རྒྱུད་བཞིའི་ལུང་ཁྱབ་བདག་ཁྲ་ཚང་པ་ནས་བཞེས་པ་དང་། ཟབ་ལམ་གཡུ་ཐོག་སྙིང་ཐིག བདུད་རྩི་བུམ་པ་མ་ལག་དང་བཅས་པའི་དབང་ལུང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་བཞེས། ནང་དོན་རིག་པ་མདོ་སྔགས་གཉིས་ཀྱི་སྐོར་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཁྲ་ཚང་བློ་མཆོག་རྡོ་རྗེ། གཏེར་བདག་གླིང་པ་བཅས་ལས་གསན་ཏེ་ཤེས་བྱ་རིག་པའི་གནས་མཐའ་དག་ཐུགས་ཀྱི་བུམ་པར་ཡོངས་སུ་གཏམས། འོན་ཀྱང་རྒྱ་མཚོ་ཆེན་པོ་ཆུས་ངོམས་པ་མེད་པ་ལྟར་མུ་མཐུད་མཁས་དབང་ཡོངས་འཛིན་དམ་པ་ཆེས་མང་བ་བསྟེན་པ་གནང་སྟེ། མདོ་སྔགས་གསར་རྙིང་ཤེས་བྱ་སྤྱི་བྱེ་བྲག་དང་བཅས་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཆེན་པོར་གྱུར་ཏེ་བསྟན་བཅོས་ཆེན་པོ་བཀའ་འབུམ་ཕྱི་མའི་གྲས་སུ་པོད་བཅུ་དྲུག་དང་། ནང་མ་ལ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསན་ཡིག་གངྒྰའི་ཆུ་རྒྱུན་པོད་བཞི་སོགས་ཁྱོན་པོད་བཅོ་བརྒྱད། ཚད་མར་བཀའ་རྩོམ་གྱི་དགོངས་གཞི་གཏད་ཀྱང་འགྲོ་བའི་སྣང་ངོར་སྤྱན་མི་གསལ་བར་བསྟན་པ་སོགས་ནས་རིམ་ལུས་དང་། སྒྲ་ལ་མདོ་གསར་འགྱུར་རྣམས་ཀྱིས་དབང་པོ་རབ་ཏུ་འཐུས་པའི་དགོངས་པ་དང་། གསོ་རིག་སྐོར་རྒྱུད་ཆུང་གསུམ་ཐུགས་འཛིན་ལས་འཕྲལ་སྣང་དུ་ལྷ་རྗེའི་རིགས་ལའང་ཐུགས་སྣང་དག་མིན་ལས་མཁས་ཁྱད་ཆེར་མི་གནང་བ་སོགས་མི་དགོངས་པའི་ཚུལ་གྱིས་མ་གནང་བ་ལས་གཞན་མདོ་སྔགས་ཕྱི་ནང་རིག་པའི་གནས་སྤྱི་དང་བྱེ་བྲག་བཅས་པར་ཐམས་ཅད་མཁྱེན་པ་དོན་དང་མཐུན་པའི་ཕྱག་རིས་ཆེན་པོ་བསྩལ་ཚུལ་སྡེ་སྲིད་རིན་པོ་ཆེས་མཛད་པའི་དགའ་ལྡན་ཆོས་འབྱུང་དུ་གསལ།
 

          རྒྱལ་བ་ལྔ་པ་ཆེན་པས་སྨན་དཔྱད་འགྲོ་དོན་གྱི་འཕྲིན་ལས་དང་བཀའ་རྩོམ་ལྟ་བུ་དམིགས་སུ་བཀར་ནས་མ་མཛད་རུང་། བོད་ཀྱི་གསོ་རིག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐུགས་རྗེའི་གཟིགས་པ་བླ་ན་མེད་པའི་མཛད་རྗེས་ནི་ཤིན་ཏུ་ཆེ། དཔེར་ན་རྒྱལ་བ་རང་ཉིད་ཀྱི་སྐུའི་བླ་སྨན་པ་བྱང་ངོས་ནང་སོ་དར་རྒྱས་ཀྱིས་ལྷག་བསམ་དག་པས་ཞབས་བསྐུལ་ཞུས་པ་བཞིན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་གྲ་ཐང་པར་མ་ཇི་བཞིན་གྱིས་སློབ་དཔོན་དོན་གྲུབ་དཔལ་བ་སོགས་བྱེད་དུ་འཇུག་གནང་བ་དང་། དེ་བཞིན་དར་མོ་སྨན་རམས་པས་གསོལ་བ་བཏབ་པ་དང་མ་དཔེ་འབུལ་མི་གང་བྱུང་ལྟར་གྱི་ཆ་ལག་བཅོ་བརྒྱད་དང་། ཡང་དར་མོ་སྨན་རམས་པ་དང་། རྣམ་གླིང་པཎ་ཆེན་གཉིས་ཀྱིས་གསོལ་བ་བཏབ་ཅིང་། རྣམ་གླིང་པཎ་ཆེན་རང་ཞུས་དག་བྱེད་འཇུག་པ་གནང་པའི་རྩ་རྒྱུད་མེས་པོའི་ཞལ་ལུང་དང་། བཤད་རྒྱུད་མེས་པོའི་ཞལ་ལུང་། ཕྱི་རྒྱུད་ཆུ་མདོ་སོགས་ལ་ལྔ་པ་ཆེན་པོས་ལྗགས་ཞུས་ཚད་ལྡན་གནང་སྟེ་འཛད་མེད་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བ་གནང་། དེ་མིན་བོད་ཀྱི་གསོ་རིག་ཡར་རྒྱས་ཆེད་དུ་ཆུ་ལུག་ (སྤྱི་ལོ་ 1643 ) ལོ་འབྲས་སྤུངས་ཕོ་བྲང་ནུབ་མར་ཐོག་མ་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དང་། རྗེས་སུ་བྱང་ངོས་ནང་སོ་དར་རྒྱས་ཀྱིས་དོ་དམ་གནང་བའི་གསོ་རིག་འགྲོ་ཕན་གླིང་དང་། གཞིས་ཀ་རྩེར་ཚ་རོང་པས་དོ་དམ་བྱས་པའི་དྲང་སྲོང་འདུས་པའི་གླིང་སྟེ་སློབ་གྲྭ་ཁག་གཉིས་རྒྱུན་འཛུགས།
 

དེ་བཞིན་གསང་ཕུ་ཉི་མ་ཐང་དུ་སྨན་གྱི་སློབ་གྲྭ་འཛུགས་གནང་མཛད་པ་བཅས་ཀྱིས་སྐབས་དེར་རྒྱུད་བཞིའི་རྒྱུགས་འབུལ་ཞུ་མཁན་མང་པོ་བྱུང་། གཞན་ཡང་རྩེ་པོ་ཏཱ་ལའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བྱང་ངོས་ནང་སོ་དར་རྒྱས་དང་རྗེས་སུ་དར་མོ་སྨན་རམས་པས་འགན་བཞེས་ཏེ་བཙུགས་པའི་སློབ་གྲྭ་སོགས་སྔ་རྗེས་སུ་འཛུགས་པར་མཛད། དེ་ཙམ་དུ་མ་ཟད་ལྷག་བསམ་དང་། ན་བཟའ་གླིང་པ་སོགས་ཀྱི་སློབ་མ་ལ་ཡང་ཕོགས་དང་མཐུན་རྐྱེན་སོགས་བསྩལ་ཞིང་། དཔོན་ཚང་ཚ་རོང་པས་རེ་འདུན་ཞུས་པ་ལྟར་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག་ཀྱང་གསར་རྩོམ་མཛད། ལྷག་པར་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོ་བླ་ན་མེད་པ་དང་། ཚེ་བསྲིང་བ། ལང་ཚོ་དར་ལ་བབས་པ། ལུས་ལ་བཅངས་པ་ཙམ་གྱིས་ཐོག་སེར་མཚོན་སོགས་ཀྱི་གནོད་པ་ཞི་བ་སོགས་ཕན་ཡོན་དུ་མ་དང་ལྡན་པའི་རིན་ཆེན་རིལ་བུ་སྔོན་གྱི་རིལ་བུ་དུ་མའི་རྟ་དང་བཅས་གྲང་སྦྱོར་དང་། ཚ་སྦྱོར། རྟ་རི་མ། དུག་འཇོམས་དབང་རིལ་སོགས་ཕོན་ཆེ་བར་ལྷའི་བདུད་རྩི་འཆི་མེད། ལྷ་མིན་གྱི་བདུད་རྩི་འཆི་གསོས། མིའི་བདུད་རྩི་བདེ་བྱེད་དུ་འགྱུར་བར་བྱིན་གྱིས་བརླབས་ཏེ་འགྲོ་སྲོག་སྐྱོབ་པའི་མཆོད་སྦྱིན་རྒྱ་ཆེར་བསྩལ།
 

          འཕགས་ཡུལ་ནུབ་ཕྱོགས་མ་ཧོ་རའི་བྲམ་ཟེ་སེ་ཧྱ་སི་གོ་ད་ར་རཉྩ་ར་དང་། མཧཱ་ལོ་ཙཱ་བ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་ཀྱིས་ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ་དང་། རྒྱ་གར་ཕ་ཧཱའི་སྨན་པ་ད་ན་ད་བའི་སྨན་བཅོས་ཕན་བྱེད་ཀྱི་འཁོར་ལོ་རིགས་མ་གཅིག་པ་བདུན་ཅུ་རྩ་གཉིས། མ་དྷ་རའི་རྒྱལ་རིགས་ཚེའི་རིག་བྱེད་འཛིན་པ་ར་གུ་ནཱ་ཐས་ཚངས་པ་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བཙན་ཞེས་བྱ་བ་དང་། ཕན་བྱེད་མན་ངག་ལག་ལེན་ཐོར་བུ། ཤཱ་ཇང་གི་སྨན་པ་མ་ན་ཧོས་མིག་འབྱེད་མཐོང་བ་དོན་ལྡན་རྣམས་ལོ་ཙཱ་བ་གོང་བཞིན་གྱིས་བྱས་ཏེ་ཕོ་བྲང་ཆེན་པོ་ལོ་ཏཱ་ལར་བསྒྱུར་བའི་བཀའ་ལུང་ཕེབས་ཤིང་མཐུན་རྐྱེན་བསྩལ། སྐབས་དེར་གངས་ཅན་གྱི་ལྗོངས་ནས་ཀྱང་གྲ་ཕྱི་སྟོད་ལུགས་པ་གནས་ལུགས་ཆེད་འབོད་མཛད་ནས་མི་ཏྲ་ཛོ་ཀི་དང་། བོད་ལུགས་ཀྱི་མིག་འབྱེད། གཙང་སྟོད་དར་མ་མགོན་པོའི་བརྒྱུད་པ་དགེ་སློང་གཞན་ཕན་ལ་སྙིང་པོ་བསྡུས་པ། ཟིན་ཏིག་གཅེས་བསྡུས། གསེར་བྲེ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གི་བཤད་རྒྱུད་འགྲེལ་ཆེན་སོགས་ལུང་དུ་མ་དང་། གཉའ་ནང་ནམ་མཁའ་ལྷར། གྲུབ་ཐོབ་ཨོ་རྒྱན་པའི་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་རྣམས་དར་མོ་སྨན་རམས་པ་དང་། ལྷག་བསམ་གཉིས་གཙོར་གྱུར་གྱིས་གཉུག་མར་གནས་པ་རྣམས་ལ་འགྲོ་ཕན་གྱི་ཆེད་དུ་སློབ་ཏུ་འཇུག་པ་གནང་། ད་དུང་རྣམ་གླིང་པཎ་ཆེན་དང་།  དར་མོ་བ་བློ་བཟང་ཆོས་གྲགས་ཟུང་དུ་འཇུག་པས་མེས་པོའི་ཞལ་ལུང་གི་འཕྲོས་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་《རྡོ་རྗེ་མདུད་འགྲོལ།》དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་དེའི་སློབ་མ་མེར་མོ་བ། ལ་ར་བ་རྣམས་ཀྱིས་འབྲི་མཆན་སོར་བཞག་གིས་དཀའ་འགྲེལ་གྱི་ཚུལ་《ལེགས་བཤད་གསེར་རྒྱན་》 དང་ 《གཡུ་ཐོག་གསར་རྙིང་གི་རྣམ་ཐར་》མེར་མོ་བ་དང་། ལ་ར་བས་ཡིག་རྙིང་ལས་བསྡུས་པ་རྣམས་ཀྱང་གདུལ་བྱའི་བློ་བསྟུན་གྱིས་བགྱིད་དུ་འཇུག་པར་བཀའ་བསྩལ་ཞིང་དེ་དག་པར་དུ་བརྐོ་རྒྱུའི་པར་བྱང་སོགས་བཀའ་དྲིན་བསྐྱངས། དཔེར་ན་གྲ་ཐང་སོར་བཞག་དུས་ཀྱི་པར་བྱང་ལ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས་། །རིག་པའི་ཡེ་ཤེས་མི་ཡི་གཟུགས་བསྒྱུར་བ། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆབ། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་བར། །སྡེ་བཞིའི་དཔལ་ལྡན་པོ་ཏཱ་ལ་ནས་སྤེལ། །ཞེས་སོ།།
 

          གཡུ་ཐོག་གསར་རྙིང་རྣམ་ཐར་ཀྱི་པར་བྱང་དུ། བདེ་བཤེགས་རིགས་ལྔ་ཡོངས་འདུས་དཀྱིལ་འཁོར་གཙོ། །སྨན་གྱི་བླ་མ་སྙིགས་དུས་འགྲོ་འདྲེན་ཆེད། །གཡུ་ཐོག་རྗེ་བཙུན་སྐུ་ཡི་སྒྱུ་མའི་འཕྲུལ་། །གངྒཱའི་རྡུལ་གྲངས་དེས་ཀྱང་མཚོན་དུ་མེད། །འོན་ཏེ་གངས་ལྗོངས་དབུ་རུ་སྐྱིད་སྣ་དང་། །རུ་ལག་ལུང་དམར་སྐུ་བལྟམས་གསར་རྙིང་ཟུང་། །སྐྱེ་བརྒྱུད་རིམ་བྱོན་རྣམ་ཐར་རྨད་པོ་ཆེ། །དཔྱོད་ལྡན་ཡོངས་ཀྱི་མི་ཕྱེད་དད་པའི་གསོས། །ཚུལ་འདི་ནམ་ཡང་ཟད་མེད་མཆོད་སྦྱིན་པར། དར་མོ་སྨན་རམས་བློ་བཟང་ཆོས་གྲགས་ཀྱིས། །བསྐུལ་ཚེ་རིག་བྱེད་གཉིས་པ་ཤེས་མིང་གིས། །སོར་རྩེའི་འཕྲུལ་གྱིས་ཕུན་ཚོགས་གླིང་དུ་བསྐྲུན། །ལེགས་བྱས་བསགས་མཐུས་རིགས་ལྡན་རིང་ལུགས་ཆེ་། །དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་དར་ཞིང་། །ཕོ་བྲང་ཆེན་པོའི་ཆབ་སྲིད་མངའ་ཐང་དང་། །ས་སྤྱོད་མི་དབང་སྐུ་ཚེ་རྒྱས་པར་ཤོག། །རྒྱ་ཧོར་བོད་ཀྱི་ཀུན་བཟོད་དཔལ་མོའི་མངལ། །མངོན་པར་ལྕི་བ་ཕན་བདེའི་ཁུར་པོ་ཆེའི། །བཅུད་ཀྱིས་སྐྱེ་རྒུ་རྫོགས་ལྡན་དུས་ཇི་བཞིན། །སྒོ་གསུམ་སིམ་པའི་ཚོར་བ་མྱོང་བར་ཤོག། གསོ་རིག་བསྟན་པ་མཱ་ལ་ཡ་ཡི་ལྗོན། །གཡུར་དུ་ཟ་བའི་དྲི་བསུང་ངད་འཐུལ་བས་། །འགྲོ་ཀུན་སྒྲིབ་གཉིས་དེས་བསྐྱེད་བཞི་བརྒྱ་དང་། །རྩ་བཞིའི་ནད་ཞི་མ་ལུས་སྤུན་ཟླར་ཤོག། དཔར་བརྐོས་བསྐུལ་ཞིང་ཞུ་དག་ལས་བྱེད་སོགས། །ཚེ་འདི་བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་ཤིང་། །ཕྱི་མ་བེེཌཱུརྱ་སྣང་བའི་ཞིང་ཁམས་སུ། །སྐྱེས་ནས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིག། ཅེས་གསུངས་པ་སོགས་ཐུགས་བསྐྱེད་རྨད་དུ་བྱུང་བའི་དགེ་མཚན་བརྗོད་ཀྱིས་མི་ལང་ངོ་།།

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།