སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འབྲི་གུང་ཆོས་གྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
གསོ་རིག་མཁས་དབང་རིམ་བྱོན། >>


འབྲི་གུང་ཆོས་གྲགས།

- བྱམས་པ་འཕྲིན་ལས།

 

            འབྲི་གུང་ཆོས་གྲགས་ཞེས་པ་ནི་གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་གདུང་རྒྱུད་ཆེན་པོ་བཞི་ཡོད་པའི་ནང་འབྲི་གུང་སྐྱུ་རའི་རིགས་ཀྱི་ཡབ་ཆོས་རྒྱལ་ཕུན་ཚོགས་དང་། ཡུམ་གཙང་སྟོད་རྒྱལ་མོ་གཉིས་ལ་རིགས་སྲས་གསུམ་བྱུང་བའི་ཆུང་ཤོས་དེ་ཡིན། མཚན་གཞན་ལ་དཀོན་མཆོག་རཏྣ་ཞེས་པའམ། གནས་ལྔ་སྨྲ་བའི་རྡོ་རྗེ་འཛིན་པ་དོན་གྱི་སྨན་པ་ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་ཀྱང་ཞུ། འབྲི་གུང་སྐྱུ་རའི་རིགས་བརྒྱུད་ངོ་མ་འབྲི་གུང་ཆོས་གྲགས་ནས་ཆད་པའི་སྐོར་གྱི་ཤོད་སྲོལ་འདུག
 

            འཁྲུངས་ལོ་རབ་བྱུང་བཅུ་པའི་ཤིང་ལུག་ (སྤྱི་ལོ་1595) ལོར་ཡིན། འབྲི་གུང་ཆོས་གྲགས་མཆོག་གིས་སྤྱིར་ན་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་དྲུང་དུ་མདོ་སྔགས་གཉིས་ཀྱིས་གཙོས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བཞེས་གནང་བ་དང་། སྒོས་སུ་བཀའ་རྙིང་གི་བླ་མ་དམ་པ་ཁྱད་དུ་འཕགས་པ་རྣམས་དང་། གཙོ་བོར་སློབ་དཔོན་རྣམ་བཅོམ་ཕུན་ཚོགས་ཞེས་པར་མཉེས་པ་གསུམ་གྱི་སྒོ་ནས་ཞབས་ལ་གཏུགས་པས་རིང་མིན་མཁས་གྲུབ་གཉིས་ལྡན་གྱི་གོ་འཕང་ལ་མངའ་བརྙེས་པ་བྱུང་། གསོ་རིག་ཐད་ཀྱི་སློབ་དཔོན་ནི་ཚེ་ཡི་རིག་བྱེད་འཛིན་པ་གུ་ཎ་ཀཱ་རའི་མཚན་ཅན་བསྟེན་ནས་དཔལ་ལྡན་རྒྱུད་བཞི་གཙོར་གྱུར་གྱི་གཞུང་དང་། མན་ངག་ལག་ལེན་སྐོར་རྣམས་ཐུགས་བརྒྱུད་གཅིག་འདྲེས་ཀྱི་གདམས་པའི་གནད་རྣམས་མ་ལུས་པ་བཀའ་དྲིན་དུ་བསྩལ།
 

            དེ་དག་ལས་རིམ་བཞིན་སྨན་དཔྱད་ལག་ལེན་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་མང་པོར་ངེས་པ་རྙེད་དེ་འབྲི་ལུགས་ཞེས་པའི་སྲོལ་ཀ་ཐོག་མར་བཏོད། སྐབས་དེར་རྒྱལ་བ་ལྔ་པ་མཆོག་གིས་འབྲི་གུང་ཆོས་གྲགས་ལས་བཀའ་རྙིང་གི་གདམས་པ་ཁག་གཅིག་གསན་བཞེས་གནང་བར་བརྟེན་རིན་ཆེན་སྣ་ལྔ་ལས་གྲུབ་པའི་སྨན་བཟོའི་ཡོ་བྱད་ངོ་མཚར་ཅན་ཁ་ཤས་འབུལ་གནང་་མཛད་པ་རྣམས་འབྲི་གུང་མཐིལ་དགོན་པའི་གསེར་གདུང་ནང་རྟེན་དུ་ཡོད་ཅེས་ཐོས། གཞན་ཡང་འབྲི་གུང་ཆོས་གྲགས་རིན་པོ་ཆེ་གོང་མ་ཤུན་ཙི་ཞེས་པའི་དབུ་བླ་གནང་པར་གདན་ཞུས་ལྟར་རྒྱ་ནག་དུ་སྔ་ཕྱི་ཐེངས་གསུམ་ཕེབས་དགོས་བྱུང་བ་བཅས་ལ་བརྟེན་འབྲི་གུང་ཆོས་གྲགས་ཀྱི་མཚན་སྙན་གང་སར་ཤིན་ཏུ་ཆེ་བའི་རྒྱུ་མཚན་དེ་ལྟར་ལགས།
 

            གོང་ཞུས་འབྲི་གུང་ལུགས་ཞེས་པ་ནི་ཕལ་ཆེ་ཟུར་ལུགས་འཕེལ་རྒྱས་ཕྱིན་པའི་རྗེས་སུ་བྱུང་བ་ཞིག་མིན་ནམ་སྙམ། རྒྱུ་མཚན་ནི། རྩལ་དགོན་པ་ཞེས་པའི་ནང་དུ། དྭགས་པོ་ཚང་ཟེར་བའི་ཁང་མིང་ཡོད་པ་དེར་སྔོན་ཆད་འབྲི་གུང་གི་སྨན་སློབ་འཛིན་གྲྭ་ཚུགས་ཡུལ་ཡིན་པ་དང་། རྗེས་སུ་གོང་འཕེལ་ཕྱིན་ནས་ལུང་པའི་ཕུར། ར་ཁྱིམ་ཞེས་པ་སྨན་གྱི་སློབ་གྲྭ་འཛུགས་གནང་མཛད་པའི་ལོ་རྒྱུས་འདུག མདོར་ན་འབྲི་གུང་ཆོས་གྲགས་མཆོག་དང་། བརྒྱུད་འཛིན་ཞལ་སློབ་ཕུལ་དུ་ཕྱིན་པ་སྨན་རྩིས་གཉིས་ཀར་མཁས་པ་པཎ་ཆེན་དཀོན་མཆོག་ལྷུན་གྲུབ་དང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ། ལྷོ་འཕྲིན་ལས་རྣམ་རྒྱལ་ཞེས་ཁམས་ཀྱི་ལྷོ་དགོན་པའི་ལྷ་རྗེ་སོགས་ཀྱིས་འབྲི་ལུགས་རང་གི་ཁྱད་ཆོས་བརྒྱུད་འཛིན་དང་། འཕེལ་རྒྱས་ཆེས་ཆེར་བཏང་ནས་གཞུང་བཤད་ལག་ལེན་མཐའ་དག་ཉམས་པ་མེད་པར་འགྲོ་བའི་སྤྱི་ནོར་དུ་སྤེལ་བར་མཛད། འབྲི་གུང་ཆོས་གྲགས་རྒྱ་མཚོ་རང་གོས་སྐད་གྲགས་ཅན་གྱི་《རྒྱུད་བཞིེའི་དཀའ་མཆན་》ཞེས་པ་དང་། 《རིན་ཆེན་ཕྱག་ལེན་》བཤད་རྒྱུད་རྐྱང་སེལ་སྐོར་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀའ་འདྲི་གནང་བའི་ལན་《དཀའ་གནད་དོགས་སེལ》། འབྲི་ལུགས་ཀྱི་ཁྱད་ཆོས་རྨད་དུ་བྱུང་བའི་《འབམ་བཅོས་ཚེ་འཛིན་སྲོག་སྐྱོབ》། རིམས་ནད་ཀུན་གྱི་གཉེན་པོ་འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཞལ་ཤེས་ཕྱག་ལེན་སོགས་ངོ་མཚར་ཁྱད་དུ་འཕགས་པའི་སྨན་བཅོས་ཉམས་མྱོང་རྣམས་ཕྱི་རབས་ནད་པའི་དོན་དུ་འཇོག་པ་གནང་། ཞལ་སློབ་དཀོན་མཆོག་འགྲོ་ཕན་དབང་པོའི་བརྩམ་ཆོས་ཟུར་དུ་འགོད་རྒྱུ་དང་། ལྷོ་འཕྲིན་ལས་རྣམ་རྒྱལ་ཞེས་པས་《སྨན་གྱི་རོ་ནུས་ཞུ་རྗེས་》སྐོར་གྱི་པོད་ཚན་དུམ་བུ་གཅིག་དང་། རེའུ་མིག་ཁ་གསལ་ལྡན་པ་ཞིག་ཀྱང་ཡོད་པ་དེ་དག་སྔོན་ཆད་འབྲི་གུང་རྫོང་རྩེའི་དཔེ་ཆའི་ཁོངས་སུ་ཡོད་ཚོད་འདུག གོང་གསལ་རྣམས་ནི་དཔེ་ཆའི་ནང་གསལ་བ་ཇི་བཞིན་བཀོད་པའོ།།
 

            འགའ་ཤས་མལ་གུང་རྫོང་གི་བོད་ལུགས་སྨན་པ་སྟོབས་རྒྱལ་བརྒྱུད་དེ་འབྲི་གུང་ཁུལ་གྱི་ཞའི་དགེ་བཤེས་འཚོ་བཞུགས་སྐབས་སུ་བཀའ་འདྲི་ཞུས་པའི་ཞལ་གསུང་ཟིན་བྲིས་བཏབ་པ་ལྟར་ཁ་བསྐངས་པ་ཡིན། འབྲི་གུང་ཆོས་གྲགས་ཀྱི་རྣམ་ཐར་རྒྱས་པ་འབྲི་གུང་གདན་རབས་ཉེར་བརྒྱད་པའམ། རྗེ་འཇིག་རྟེན་མགོན་པོ་ནས་ཉེར་དགུ་པའི་ཐོག་ཏུ་གནས་པ། བསྟན་འཛིན་པདྨའི་རྒྱལ་མཚན་འཇིགས་མེད་འཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་མཛད་པའི་《ངེས་དོན་བསྟན་པའི་སྙིང་པོ་མགོན་པོ་འབྲི་གུང་པ་ཆེན་པོའི་གདན་རབས་ཆོས་ཀྱི་བྱུང་ཚུལ་གསེར་གྱི་ཕྲེང་བ་》ཞེས་པར་གཟིགས་ཤིག། །།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།