སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

འཇམ་དཔལ་གྱི་སྔོ་འབུམ་གསལ་བའི་སྒྲོན་མེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.09.2015
བོད་ཀྱི་སྨན་རྫས་རིག་པ། >>

 

 

༄༅། །འཇམ་དཔལ་གྱི་སྔོ་འབུམ་གསལ་བའི་སྒྲོན་མེ་བཞུགས་སོ།།


རྒྱ་གར་སྐད་དུ། སགྷསྟ་ཨམྲིསྨ་བྷྲི། ཨོཾ་ཨ་ཧྰུྃ།

བོད་སྐད་དུ། སྔོ་སྦྱོར་བདུད་རྩི་གསང་བ་འཆི་མེད་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཞེས་བྱ་བ།

 

            འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། བརྒྱ་བྱིན་ལྷ་ཡི་ཁྱེའུ་ཟུར་ཕུད་ཅན་ལ་འདུད། །བྲམ་ཟེ་ཚངས་པ་དུང་མདོག་གིས། །འགྲོ་བའི་ནད་རྣམས་བསལ་ཕྱིར་དུ། །བརྒྱ་བྱིན་ཁྱེའུ་ཉིད་ལ་དྲིས། །ལྷའི་ཁྱེའུ་ཟུར་ཕུད་ཅན། །མཛེས་ཤིང་སྡུག་པའི་རྒྱན་ལྡན་དེས། །རྒྱ་ནག་རི་བོ་རྩེ་ལྔ་རུ། །འགྲོ་དྲུག་སྡུག་བསྔལ་ཞི་དོན་དུ། །མེ་ཏོག་པད་མ་བདུན་ཕུལ་ནས། །འཕགས་པ་འཇམ་པའི་དབྱངས་ལ་ཞུས། །འཆི་མེད་བདུད་རྩིའི་སྔོ་སྦྱོར་འདི། །འགྲོ་བ་རྣམས་ཀྱི་དོན་ཆེད་དུ། །ཁྱེད་ཀྱིས་བདག་ལ་བཤད་དུ་གསོལ། །དེ་སྐད་ཅེས་ཞུས་པས། །འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། །ཉོན་ཅིག་ཁྱེའུ་ཟུར་ཕུད་ཅན། །བྲམ་ཟེ་དུང་མདོག་བདག་ལ་དགོངས། །རྣ་བའི་དབང་པོའི་སྒྲ་ལ་ཉོན། །ཡིད་ཀྱི་དབང་པོའི་བརྟན་པས་ཟུངས། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །བདུད་རྩི་སྔོ་ཡི་ཆུ་རྒྱུན་དབབ། །བདུད་རྩི་སྔོ་ཡི་མཚན་ཉིད་ནི། །རྙེད་པ་སླ་ལ་སྔོ་སྒྲུབ་མྱུར། །རྒྱ་སྨན་དག་ལ་མི་ལྟོས་པར། །ནད་རྣམ་ཐམས་ཅད་སྔོ་ཡིས་སེལ། །དགོས་འདོད་ཐམས་ཅད་འབྱུང་བས་ན། །དེས་ན་སྔོ་སྦྱོར་རིན་པོ་ཆེ། །བདུད་རྩི་སྔོ་ཡི་སྐྱེ་ས་ནི། །རྒྱ་ནག་རི་བོ་རྩེ་ལྔ་དང་། །རྒྱ་གར་རི་བོ་ཏ་ལ་དང་། །བྱང་ཕྱོགས་ལྕང་ལོ་ཅན་གྱི་རི། །རི་རྒྱལ་ལྷུན་པོ་དེ་གསུམ་ལ། །རིགས་གསུམ་མགོན་པོས་སྤྲུལ་པའི་སྔོ། །བདུད་རྩི་དག་དང་མཚུངས་པའི་གནས། །གཞན་གྱིས་རྙེད་པ་མ་ཡིན་སྟེ། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བྱང་ཕྱོགས་ཁ་བ་ཅན་གྱི་རི། །བསིལ་ལ་རྩུབ་པའི་སྔོ་སྨན་གནས། །ཤར་ཕྱོགས་སེར་པོ་ངད་ཀྱི་རི། །བསིལ་ཞིང་སྙོམས་པའི་སྔོ་རྣམས་གནས། །ལྷོ་ཕྱོགས་སྨུག་ཞིང་རླན་པའི་རི། །དྲོ་ལ་འཇམ་པའི་སྔོ་རྣམས་གནས། །ནུབ་ཕྱོགས་མེ་ལྟར་འབར་བའི་རི། །ཚ་ཞིང་སྐམ་པའི་སྔོ་རྣམས་གནས། །རི་བོའི་འགྲམ་དང་མ་གྲོས་འགྲམ། །གཡའ་རི་སྔོ་དང་གངས་རྩའི་འགྲམ། །སྤང་སོའི་རྐན་དང་ནགས་ཀྱི་ཁྲོད། །བྲག་རི་གཅོང་དང་ན་བའི་གཤོངས། །བྱེ་མའི་འགྲམ་དང་ཤག་ལ་སྐྱེ། །དེ་རྣམ་སྔོའི་སྐྱེ་ས་ཡིན། །འཛམ་གླིང་ས་སྟེང་ཐམས་ཅད་ན། །སྨན་དུ་མ་གྱུར་གང་ཡང་མེད། །འབྲེལ་བ་སྡོང་པོའི་དུས་དང་གྱེས་པ་ཡལ་གའི་དུས། །མཛེས་པ་མེ་ཏོག་དུས་དང་སྨིན་པ་འབྲས་བུའི་དུས། །འབྲེལ་བའི་དུས་སུ་ཤ་རྣམས་གསོ་བའི་དུས། །གྱེས་པའི་དུས་སུ་རྩ་རྣམས་གསོ་བའི་དུས། །མཛེས་པའི་དུས་སུ་བཅུད་ཀྱིས་ལེན་པའི་དུས། །སྨིན་པའི་དུས་སུ་རུས་པ་གསོ་བའི་དུས། །བཅུད་རྣམས་ཐིམ་པའི་དུས་སུ་འབྲེལ་བ་རྩ་ཡི་དུས། །མྱུ་གུ་ཁ་འབུས་ལོ་འདབ་རྒྱས་པའི་དུས། །སྡོང་པོ་ཁ་བྱེ་མེ་ཏོག་རྒྱས་པའི་དུས། །མེ་ཏོག་རྒྱས་དུས་འབྲས་བུ་སྨིན་པའི་དུས། །དགུན་གསུམ་ས་འོག་ཐིམ་ཞིང་དཔྱིད་གསུམ་ཁ་རྣམས་འབུས། །དབྱར་གསུམ་ལོ་འདབ་རྒྱས་ཤིང་སྟོན་གསུམ་འབྲས་བུ་སྨིན། །སྟོན་གསུམ་བཏུ་བའི་དུས་སུ་འཕགས་པས་གསུངས། །ནམ་མཁའ་དྭངས་ཤིང་དུས་ཚིགས་བཟང་པོ་ལ། །ཚེས་གཅིག་གསུམ་དང་ཚེས་བརྒྱད་བཅོ་ལྔ་ལ། །གནམ་སྟོང་དུས་སུ་བཏུས་ན་ནུས་པ་ཆེ། །རྒྱལ་དང་ཕུར་བུ་ལྟ་བུ་སྐར་མ་བཟང་། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་བུ་མོ་ནི། །ལོ་བརྒྱད་བཅོ་ལྔ་མན་ཆད་རྒྱན་གྱིས་སྦྲས། །དྲི་ཞིམ་ཆུས་ནི་ལུས་བཀྲུས་ཁ་ལག་བཤལ། །དར་དཀར་ཐུ་བའི་ཁུད་དུ་བཏུ་བར་བྱ། །སྨན་གྱི་ལྷ་མོར་བསམ་ཞིང་གུས་ཕྱག་འཚལ། །གཞན་ལ་མིང་མི་བསྟན་ཅིང་བསིལ་གྲིབ་མཚམས་སུ་སྐམས། །རླན་གྱིས་མ་བསད་སེར་གྱིས་མ་གཞིག་པ། །ཉི་མས་མ་ཚིག་ལྷག་པས་མ་ཁྱེར་དང་། །མེ་དུད་ངར་གྱིས་མ་ངལ་སོ་མ་རྙིང་། །འཇམ་ཞིང་དྲོ་ངར་ལྡན་པ་དྭངས་གཙང་ཞིང་། །ཉ་ཕྱིས་འདྲ་བའི་གཏུན་བུར་བརྡུངས། །ཞིབ་པར་བཏགས་ཤིང་འཕྲོད་པའི་གྲོགས་དང་སྦྱར། །ཟ་མ་ཏོག་དང་དར་དཀར་ཁུད་དུ་བཏུམ། །མི་ལག་མ་བརྒྱུད་ཐུ་ཡོགས་འགོམ་པ་སྤང་། །དམུས་ལོང་གྲུ་གུ་ལག་དང་ཤོ་རེ་མ་ནིང་དང་། །ཤིན་ཏུ་སྨད་པའི་ལག་ཏུ་སོན་མི་བཏང་། །ཁྱི་དང་དུར་ཁྲོད་མི་གཙང་ཡུག་ས་མོ། །མོ་གདོན་ཕོ་གདོན་ཤན་པ་རི་རྒྱ་བ། །དེ་རྣམ་ཀུན་གྱིས་འགོམ་ན་ནུས་པ་ཉམས། །ལྷ་དང་དྲང་སྲོང་མཆོད་ཅིང་སྨན་གྱི་སྙིང་པོ་བཟླ། །བཛྲ་སཏྭ་ཧྰུྃ། ཨམིདེབ་ཧྲྰི། བཻརོཙན་ཨོཾ། སརྦ་སིདྡྷི་ཕལ་ཧྰུྃ། ཨམྲྀཏ་སིདྡྷི་ཧྰུྃ། དུཿཥཤནྟིཾ་ཀུརུ་སྭྰཧྰ། ཞག་བདུན་བདུད་རྩིར་བརླབ་ཅིང་གསེར་གྱི་ཐུར་མས་འབྱིན། །རྟེན་འབྲེལ་འཛོམས་ན་སྨན་གྱི་ནུས་པ་འཕེལ། །རྒྱུན་དུ་སྤྱད་ལ་ནད་ཀྱིས་གདུང་ལ་སྦྱིན། །བླ་མེད་བྱང་ཆུབ་ཐོབ་ཅིང་ཡོན་ཏན་ཕུན་སུམ་ཚོགས། །དེ་ན་འཕགས་པ་འཇམ་དཔལ་དེ། །གཞོན་ནུ་ཨུཏྤལ་པོ་ཏི་འཛིན། །ཤེས་རབ་རལ་གྲི་མདའ་གཞུ་བསྣམས། །མ་རིག་སྨོངས་པའི་དྲྭ་བ་འཇོམས། །གཙོ་མ་གསེར་གྱི་མདོག་ལྟ་བུ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ལྷ་ཡི་ཁྱེའུ་ཟུར་ཕུད་ཅན། །ཡིད་ལ་བྱུང་བའི་མེ་ཏོག་ཐོགས། །དག་ཅིང་དྭངས་པའི་ཚུལ་བཞིན་འདུད། །བྲམ་ཟེ་ཚངས་པ་དུང་མདོག་དེས། །གསེར་གྱི་པཏྲ་གཅིག་ཐོགས་ནས། །པུས་བཙུགས་ཐལ་སྦྱར་གུས་པས་ཉན། །འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། །ལྷོ་ཕྱོགས་འཛམ་བུའི་གླིང་འདི་ན། །བདུད་རྩི་སྔོ་མཚམས་མང་གྱུར་པས། །ཀུན་གྱི་ཡོན་ཏན་བརྗོད་མི་ལང་། །གཙོ་བོར་གྱུར་པའི་བདུད་རྩི་སྔོ། །མཆོག་ཏུ་གྱུར་པའི་མིང་བརྗོད་དོ།།

            ༡། བདུད་རྩི་ཨའུ་རྩི་ཞེས་པ། །མགོ་ཡི་འཆི་མེད་བདུད་རྩི་ཡིན། །སྐྱེ་ས་ཆུ་འགྲམས་ཤག་ལ་སྐྱེ། །སྤེན་མ་སྨག་ཤད་སེ་བ་དང་། །ར་མཉེའི་གསེབ་ན་ཕལ་ཆེར་སྐྱེ། །སྡོང་པོ་ལོ་མ་ཕྲ་ལ་རིང་། །ར་མཉེའི་དབྱིབས་དང་འདྲ་བ་ལ། །མེ་ཏོག་སེར་པོ་ར་གཟར་འདྲ། །གང་བུ་ཟུར་གསུམ་གཡའ་བསྲུབ་འདྲ། །འབྲས་བུ་དཀར་ཟངས་བཞིན་དུ་ཡོང་། །མཐོ་གང་མཐོ་དོ་གཏིང་བྲུས་ལ། །རྩ་བ་དཀར་པོ་སྒོག་ཅིག་འདྲ། །ལོ་མ་དཀར་པོ་ཕྲ་ལ་རིང་། །རོ་བསྐ་ཟླ་མེད་གཅིག་པུར་སྐྱེ། །མགོ་རྨ་གསོ་བའི་བདུད་རྩི་བདུད་རྩི་སྟེ། །འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྔོ། །རུས་པ་གས་སྦྱིན་ལྟ་བུར་སྦྱོར། །ནུས་པ་བསམ་གྱིས་མི་ཁྱབ་བོ། །

            ༢། བདུད་རྩི་ཆུ་མ་རྩི་ཞེས་བྱ། །སྐྱེ་བའི་གནས་ནི་འདམ་ལ་སྐྱེ། །ལྗང་སེར་རལ་གྲི་ལྟ་བུ་ལ། །སྙེ་མ་ཟོར་བ་དག་དང་འདྲ། །རོ་ནི་སྦྲང་རྩི་ལྟ་བུར་མངར། །རྩིའི་ལྷ་མོའི་སྤྲུལ་པའི་སྔོ། །མགོ་རྨ་གསོ་བའི་བདུད་རྩི་སྔོ། །མགོ་རྨ་བཙེམས་པ་ལྟ་བུར་འདྲུབ། །

            ༣། བདུད་རྩི་ལང་ཐང་རྩེ་ཞེས་བྱ། །སྐམ་ས་རི་ཐང་མཚམས་སུ་སྐྱེ། །ལོ་མ་གཟེ་མ་ས་བཏབ་འདྲ། །འདབ་མ་བྱེའུ་ཆུ་མཐུང་འདྲ། །མེ་ཏོག་མཐིང་ཞུན་དྭངས་མ་འདྲ། །འབྲས་བུ་ཡོས་ཀྱི་སྦོ་ག་འདྲ། །སྨན་གཅིག་ཡིན་པས་སྡེབ་ཟླ་མེད། །མགོ་རྨ་གསོ་བའི་བདུད་རྩི་སྔོ། །རྩ་ཆད་དར་གྱི་སྐུད་ལྟར་མཐུད། །

            ༤། ཨ་བ་རིན་ཆེན་བྲག་ལ་སྐྱེ། །རྒྱ་ཁབ་ཤིན་ཏུ་ཕྲ་བྱང་འདྲ། །ལོ་མ་འབྲས་བུ་མེ་གཏོག་མེད། །ཤ་དང་རུས་པའི་རྩ་སྦྱོར་བྱེད། །མཆོག་ཏུ་མིག་གི་རབ་རིབ་སེལ། །ནགས་ཀྱི་ལྷ་མོའི་སྤྲུལ་པའི་སྔོ། །

            ༥། དུང་ལོ་དཀར་པོ་ཞེས་བྱ་བ། །སྟོན་ཟླ་སྤང་པོའི་ངོས་ལ་སྐྱེ། །ཁ་དོག་དུང་ལྟར་དཀར་པོ་ལ། །ལྷ་ཡི་པི་ཝང་ལྟ་བུའི་སྔོ། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྔོ། །བྱང་ཁོག་སྟོད་ཀྱི་ཚད་པ་དང་། །ཁྱད་པར་གྲེ་བའི་ཚད་པ་སེལ། །

            ༦། ཨུཏྤལ་རྣམས་ཀྱི་དུམ་བུའི་སྔོ། །ཁ་དོག་དགུང་སྔོན་ནམ་མཁའ་འདྲ། །སྤང་པོ་དག་གི་རྒྱན་དུ་ཆེ། །བྱང་ཁོག་ཚད་པ་སེལ་བའི་སྔོ། །ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྔོ། །ཁྲག་གི་དུས་སུ་མེ་ལྟར་གསོད། །དེའང་སྔོ་ཡི་བདུད་རྩི་ཡིན། །བྱང་ཁོག་སྟོད་ཀྱི་རྣག་ཚད་སེལ། །

            ༧། སྲོ་ལོ་དཀར་པོ་ཞེས་བྱ་བ། །གཡའ་དང་གངས་ཀྱི་མཚམས་སུ་སྐྱེ། །སྡོང་པོ་གསོམ་ཤིང་ལྟ་བུ་ལ། །མེ་ཏོག་དཀར་པོ་བཅུ་གཅིག་སྐྱེ། །ཚན་གྱི་གྲོང་ཁྱེར་བདུན་གྱིས་སྐོར། །བྱ་རྒོད་ཤ་ལ་ཟ་བ་སྟེ། །གློ་ནད་ཞི་བའི་བདུད་རྩི་ཡིན། །མ་ནོར་ཆིག་ཐང་ཐུབ་པ་ཡིན། །ལྷ་ཆེན་ཚངས་པའི་སྤྲུལ་པའི་སྔོ། །

            ༨། དར་ཡ་ཀན་ཞེས་བྱ་བ་ནི། །དར་ཡན་དཀར་པོ་ཞེས་ཀྱང་བྱ། །བསིལ་མ་གཡའ་ལ་སྐྱེ་བ་སྟེ། །རྩ་བ་སྤོས་ཀྱི་སྡོང་པོ་འདྲ། །ལོ་མ་དུང་དཀར་ཕྱེ་མ་འདྲ། །མེ་ཏོག་དྲིལ་བུ་རྒྱུས་པ་འདྲ། །བརྒྱ་བྱིན་ལྷ་ཡི་ནོར་བུ་ཡིན། །ཧོ་རན་སྤག་ཤུའི་སྦྱོར་བ་ཡིན། །སྦྲུལ་དུག་བཅད་པ་སྦྱོར་བ་སྟེ། །ནད་རྣམས་ཀུན་ལ་བདུད་རྩི་ཡིན། །མཆོག་ཏུ་བྱང་ཁོག་རྣག་རྣམས་སྐམ། །དུག་རྣམས་ཀུན་ལ་མཆོག་ཏུ་ཕན། །

            ༩། བྱི་ཤང་དཀར་མོ་ཞེས་བྱ་བ། །སྤང་དང་ནགས་ཀྱི་ཁྲོད་ན་སྐྱེ། །གཅན་གཟན་སྨ་ར་ལྟ་བུའི་སྔོ། །མེ་ཏོག་དཀར་ཕྲན་ཤར་བ་འདྲ། །ཉི་མ་བུ་ཡི་སྤྲུལ་པའི་སྔོ། །བྱང་ཁོག་སྟོད་ཀྱི་རྣག་རྣམས་སྐམ། །

            ༡༠། ལང་ཁྲོམ་དཀར་པོ་ཞེས་བྱ་བ། །ནུབ་ལ་དམའ་རིགས་གནས་སུ་སྐྱེ། །ཤ་ལང་དཀར་པོ་ཞེས་ཀྱང་བྱ། །འདབ་མ་ཁྱི་ལྕེ་ལྟ་བུ་ལ། །མེ་ཏོག་དཀར་པོ་རི་ལྟར་སྤུངས། །ལྕགས་ཀྱུ་ལྟ་བུའི་བདུད་རྩིའི་སྔོ། །གློ་སྦུབས་རྣག་རྣམས་གྱེན་དུ་འདྲེན། །

            ༡༡། སྤང་རྩི་དོ་བ་ཞེས་བྱ་བ། །སྤང་དང་ནགས་ཀྱི་ཁྲོད་ན་སྐྱེ། །འདབ་མ་སོག་ལེ་ལྟ་བུ་ལ། །སྡོང་པོ་གཅིག་ལ་མེ་ཏོག་འདུས། །མེ་ཏོག་མི་རྒན་མགོ་བོ་འདྲ། །ཨ་ལོ་བེར་ཀ་རི་ཞེས་བྱ། །སྲིང་མོ་བདུན་གྱི་མིང་གཅིག་པོ། །བྱང་ཁོག་སྟོད་ཀྱི་ཚད་པ་དང་། །དུག་གི་ནད་རྣམས་ཀུན་ལ་ཕན། །

            ༡༢། བྲེ་གུ་སེར་ཐིག་ཅེས་བྱ་བ། །བྱང་བལྟས་རྫ་བྲག་གསེས་སུ་སྐྱེ། །འདབ་མ་རལ་གྲི་ལྟ་བུ་ལ། །གསེར་གྱི་འཕྲེང་བས་རྣམ་པར་བརྒྱན། །འཇམ་དཔལ་བྱིན་གྱིས་བརླབས་པའི་སྔོ། །བྲ་བ་རྒྱུ་རུབ་ཞེས་བྱ་སྟེ། །རྨ་རྣམས་ཐམས་ཅད་འདྲུབ་པར་བྱེད། །མཆོག་ཏུ་དུག་གི་ནད་ལ་ཕན། །

            ༡༣། རྒྱུ་གཟེར་འཆི་མེད་བདུད་རྩི་སྔོ། །བྲག་སྐྱ་ཧ་བོ་ཞེས་བྱ་བ། །བྱང་བལྟས་བྲག་གི་ལོག་ལ་སྐྱེ། །རྩ་བ་རྒྱ་མདུད་ལྟ་བུ་ལ། །འདབ་མ་གྱོང་གྱེས་ཚུལ་དང་ལྡན། །ཕྱི་ལྤགས་ན་བཟའ་སེར་པོ་ལ། །མེ་ཏོག་སྔོན་པོ་རྒྱལ་མཚན་ཕྱར། །ཤ་རིའི་བུ་ཡི་སྤྲུལ་པའི་སྔོ། །སྔོ་ཡི་དགེ་སློང་ཞེས་སུ་གྲགས། །རྩ་བས་ཁྲག་གཅོད་ལོ་མས་དུག་སེལ་ཞིང་། །མེ་ཏོག་སྔོན་པོས་རྒྱུ་གཟེར་འཁྲུ་བ་གཅོད། །

            ༡༤། བྲག་སྨན་སེང་གེ་ཞེས་བྱ་བ། །ཚ་འཁྲུ་གཅོད་པའི་བདུད་རྩི་ཡིན། །ཆ་ལ་གཡུ་རི་ཞེས་ཀྱང་བྱ། །མོན་མོ་སྤེ་སྨན་ཞེས་ཀྱང་བྱ། །གངས་རི་སྤོ་མཐོ་དག་ལ་སྐྱེ། །ལོ་མ་ལྭ་ཆུ་འདྲ་བ་ལ། །མེ་ཏོག་སྔོན་པོ་དྲི་དང་ལྡན། །སྨུག་ཆུང་འདེན་ཡོན་ཞེས་ཀྱང་བྱ། །མགོ་རྨ་གསོ་བའི་བདུད་རྩི་ཡིན། །འབྲས་ཀྱི་རྨ་གསོ་སྐྲངས་པ་འདུལ། །

            ༡༥། ཡུ་མོ་མདེའུ་འབྱིན་ཞེས་བྱ་བ། །རྨ་ཤུན་འབྱེད་ཅིང་རུས་སྐྱོན་སེལ། །རྩ་སྔོན་ཅེའུ་ཞེས་ཀྱང་བྱ། །འཁོར་ལོ་བརྩེགས་པ་ཞེས་ཀྱང་བྱ། །བྱེའུ་ཀླད་གཅོད་ཅེས་ཀྱང་བྱ། །ཞིང་ཚིགས་ཆུ་མུ་དག་ལ་སྐྱེ། །སྡོང་པོ་གྲུ་བཞི་ཆིག་སྐྱེས་ལ། །འདབ་མ་འཁོར་ལོ་ལྟ་བུར་ཆགས། །མེ་ཏོག་མཚལ་གྱི་ཐིག་ཕྲན་འདྲ། །རྨ་ཡི་ཉེས་སྐྱོན་ཐམས་ཅད་སེལ། །བདུད་རྩི་ང་ནི་སླེབ་པས་ཆོག །མཆོག་ཏུ་གསར་པའི་རྨ་ལ་ཤིས། །

            ༡༦། སྒོང་ཐོག་འབར་བ་ཞེས་ཀྱང་བྱ། །ག་པུར་ཟིལ་གནོན་ཞེས་ཀྱང་བྱ། །སྐམ་བསིལ་གྲམ་སྒང་དག་ལ་སྐྱེ། །རྩ་བ་དཀར་པོ་ལ་ཕུག་འདྲ། །སྡོང་པོ་གཅིག་ལ་ལོ་འདབ་རྒྱས། །མེ་ཏོག་དཔལ་གང་དག་དང་འདྲ། །འབྲས་བུ་གསེར་གྱི་བྱ་མ་འདྲ། །གློ་བའི་ཁྲག་ནད་སེལ་བའི་སྔོ། །ཁྲག་གི་ནད་ལ་ཆིག་ཐང་ཐུབ། །

            ༡༧། བདུད་རྩི་ཆུ་བསིལ་ཞེས་བྱ་བ། །ཕུག་རོན་རྐང་པ་ཞེས་ཀྱང་བྱ། །གཡའ་ཡི་གཤའ་དང་ཆུ་འགྲམ་སྐྱེ། །ཤིན་ཏུ་བསིལ་བའི་ས་རུ་སྐྱེ། །རྩ་བ་དམར་སེར་འདྲ་བ་ལ། །ལོ་མ་ལྕགས་ཕྱེ་ལྟ་བུ་དཀར། །ཁ་བའི་གོས་གྱོན་ཆུ་ཟིལ་ཆགས། །ཤིན་ཏུ་བསིལ་ཞིང་རྩུབ་པ་སྟེ། །ཁྲག་གི་ནད་ལ་བདུད་རྩི་འདྲ། །

            ༡༨། སྟག་ཤ་བཅད་སྦྱོར་ཞེས་བྱ་བ། །མགོ་ན་ཤ་དུག་གསོད་པ་ལ། །སྟེང་ན་གསེར་གྱི་སྤང་སྤོས་བརྒྱན། །མི་ཁྱིའི་སྐད་ཀྱིས་མི་ཐོས་སར། །གཡའ་ཡི་གྲིབ་ལ་སྐྱེ་བ་ཏེ། །རྩ་བ་རྩྭ་ཐག་ལྟ་བུ་ལ་། །འདབ་མ་གྲུ་བཞི་ཉ་སྒལ་འདྲ། །མེ་ཏོག་སྨུག་པོ་ཡལ་བ་འདྲ། །བྱེའུ་ཟན་ལ་ཆགས་པ་འདྲ། །ཤིན་ཏུ་ཞིབ་ཅིང་དྲི་དང་ལྡན། །སྟག་ཤ་ནག་པོ་ལྷོག་པའི་དུག །པར་ན་ཤ་རིའི་སྤྲུལ་པའི་སྔོ། །ཀུན་བྱེད་རྒྱལ་པོ་ཞེས་བྱ་སྟེ། །བ་མོ་ཉི་མས་ཕོག་པ་བཞིན། །ཚ་གྲང་སྐྲང་པ་འདུལ་བར་བྱེད། །ཤ་ཡི་རུལ་ཐག་ང་ཡིས་གཅོད། །རྨ་རྒན་ཐམས་ཅད་ང་ཡིས་སོས། །

            ༡༩། དྲང་ལོང་པ་ཞེས་བྱ་བ་ནི། །ཆུ་ཤུལ་བྱེ་མ་དག་ལ་སྐྱེ། །ལོ་མ་ཁྲུག་ཤད་ལྟ་བུ་ལ། །ཡལ་ག་སོག་ཆུང་ལྟ་བུ་གྱེས། །མེ་ཏོག་གསེར་གྱི་བྱེས་ཆུང་འདྲ། །ཁྲག་གཅོད་གསང་བའི་སྨན་གཅིག་མོ། །

            ༢༠། ཨབ་བྱག་ཡུང་ཚེར་ཞེས་བྱ་བ། །མེ་ཏོག་དགུང་སྔོན་མཁའ་དང་འདྲ། །འདབ་མ་ཏེ་ནུ་ལྟ་བུ་ལ། །ཚེར་མ་སྟག་གི་སོ་དང་འདྲ། །པགས་པས་རལ་ཚོམ་རྩ་ཆད་འཐུད། །སྤག་པ་སྨུག་པོ་གྲོ་རྡོག་འདྲ། །རུས་པ་ཆག་པ་སྦྱོར་བ་སྟེ། །སྨན་གྱི་ལྷ་ཡི་སྤྲུལ་པའི་སྔོ། །

            ༢༡། བདུད་རྩི་ཡུ་གུ་ཞེས་བྱ་བ། །རྣམ་པར་ཁྲག་རྒྱང་ཞེས་བྱ་བ། །རྨ་བྱ་ཆེན་མོའི་སྤྲུལ་པའི་སྔོ། །དུག་ནད་ཀུན་ལ་བདུད་རྩི་ཡིན། །ཆུ་ཡི་ཉེས་པ་སེལ་བར་བྱེད། །ལྷོ་ཕྱོགས་རི་ལ་སྐྱེ་བར་བཤད། །

            ༢༢། ཁུ་ཡུག་རྐང་གཅིག་ཅེས་ཀྱང་བྱ། །དང་པོ་མྱུ་གུ་སྐྱེ་བ་ནས། །ར་མོ་ཤག་དང་ཤིན་ཏུ་མཐུན། །དྲི་མ་གླ་བའི་དྲི་དང་ལྡན། །མདའ་འཕེན་དག་གི་ས་ཕྱོགས་སུ། །བཙན་དུག་དག་ནི་སྐྱེ་མི་ནུས། །ལྷ་མོ་སྒྲོལ་མའི་སྤྲུལ་པའི་སྔོ། །འཛམ་གླིང་ས་སྟེང་ཐམས་ཅད་ན། །འདི་ལས་ལྷག་པའི་དུག་སྨན་མེད། །

            ༢༣། བྱེའུ་ལ་ཕུག་ཅེས་བྱ་བ། །ཆུ་འགྲམ་བྱེ་འགྲམ་དག་ལ་སྐྱེ། །དབྱིབས་ནི་ལ་ཕུག་ལྟ་བུ་ལ། །ཅུང་ཟད་ཕྲ་ཞིང་ས་ལ་གྲམས། །ཤ་དུག་གསོ་བའི་བདུད་རྩི་ཡིན། །ཁྱེའུ་གཞོན་ནུའི་སྤྲུལ་པ་ཡིན། །

            ༢༤། བྱི་རུག་སེར་པོ་ཞེས་བྱ་བ། །སྤང་ལྐོག་ཆུ་ཡི་འགྲམ་དུ་སྐྱེ། །སྤང་ཞིང་ལྷས་ཀྱི་འགྲམ་དུ་སྐྱེ། །ལོ་མའི་དབྱིབས་ནི་ཟྭ་འདབ་འདྲ། །སྙེ་མ་བོན་རྩེ་ལྟ་བུ་ལ། །མེ་ཏོག་སེར་པོ་ཚོམ་ཚོམ་བྱུང་། །དྲི་ནི་སིབ་རི་ལྟ་བུ་ལ། །ཤ་དུག་གསོ་བའི་བདུད་རྩི་ཡིན། །

            ༢༥། ཤང་ཤང་དྲིལ་བུ་སྨུག་པོ་ནི། །ཤ་དུག་ཀུན་གྱི་གཉེན་པོ་ཡིན། །བདུད་རྩི་ཤིང་དུག་པ་ཞེས་བྱ། །རྫ་བྲག་དམར་པོའི་གསེབ་ལ་སྐྱེ། །མོན་བོད་མཚམས་སུ་སྐྱེ་བ་ཡིན། །དྲི་མ་གླ་རྩི་ལྟ་བུ་ལ། །འདབ་མ་བུ་ཡི་འོད་ཚེ་འདྲ། །མེ་ཏོག་སྔོན་པོ་ཁུ་བྱུག་འདྲ། །

            ༢༦། རྟ་ལྤགས་སེར་པོ་ཞེས་བྱ་བ། །བདུད་རྩི་ཇ་ཁུག་ཅེས་ཀྱང་ཟེར། །རྫ་དང་སྤང་གི་མཚམས་སུ་སྐྱེ། །ལོ་འདབ་ཁ་གཉིས་ས་ལ་སྦྱར། །མེ་ཏོག་སེར་པོ་ལུག་རུ་འདྲ། །ཤ་དུག་གསོ་བའི་བདུད་རྩི་སྨན། །

            ༢༧། རྒྱལ་མཚན་གང་ཆུང་ཞེས་བྱ་བ། །གཡའ་དང་གངས་ཀྱི་མཚམས་སུ་སྐྱེ། །འདབ་མ་སྤོས་སྐྱ་ལྟ་བུ་ལ། །མེ་ཏོག་དཀར་པོ་རྒྱལ་མཚན་འདྲ། །དུག་ནད་ཅན་ལ་བདུད་རྩི་འདྲ། །ཤ་དུག་བདུད་རྩི་བཞིན་དུ་ཕན། །

            ༢༨། བདུད་རྩི་ཏིག་ཆུང་ཞེས་བྱ་བ། །སྤང་སྒང་དག་ལ་སྐྱེ་བར་བཤད། །སྡོང་པོ་སྨག་ཤད་ལྟ་བུ་ལ། །མེ་ཏོག་གཡུ་ཡི་དྲིལ་བུ་འདྲ། །རིམས་ཀྱི་ནད་ལ་ཆིག་ཐང་ཐུབ། །

            ༢༩། གཡུ་ཡི་དྲིལ་གཅིག་ཞེས་བྱ་བ། །འདབ་མ་བྱེ་སྡེར་འདྲ་བ་ལ། །སྤན་སྤུན་ཤིང་ལ་འཁྲིལ་ནས་སྐྱེ། །མེ་ཏོག་ཇོན་པོ་གཤང་ཆུང་འདྲ། །ནུས་པ་གུར་གུམ་དག་དང་མཉམ། །རྩ་ཕྲན་ཆད་མཐུད་ཆམ་པ་སེལ། །

            ༣༠། བདུད་རྩི་ཐ་རམ་ཞེས་ཀྱང་བྱ། །ཏི་གུ་ལང་ཀར་ཞེས་ཀྱང་བྱ། །ཚིགས་དང་ལམ་ག་དག་ལ་སྐྱེ། །སྙེ་མ་རམ་བུ་ལྟ་བུ་ལ། །འབྲས་བུ་རམ་བུའི་ཕྱེ་མ་འདྲ། །འཁྲུ་བ་གཅོད་པའི་བདུད་རྩི་ཡིན། །སྲན་མའི་རྩ་བས་རྨུ་འོར་སེལ། །ཡན་ལག་སྐྲངས་པ་འདུལ་བར་བྱེད། །

            ༣༡། ལོ་བཙན་ཐེང་པོ་ཞེས་བྱ་བ། །བྲག་དང་ཆུ་འཐབ་དག་ལ་སྐྱེ། །མོན་ལོན་རྐང་ཆག་ཞེས་བྱ་བ། །པད་མའི་འདབ་མ་ལྟ་བུ་ལ། །མེ་ཏོག་གཡུ་ཡི་གོ་ཅོག་གྱོན། །རྒྱུ་གཟེར་འཁྲུ་བ་གཅོད་པ་ཡིན། །

            ༣༢། མེ་ཏོག་གླང་སྣ་ཞེས་བྱ་བ། །གསེར་ཁོ་སྤང་གི་ལོག་ལ་སྐྱེ། །གླང་སྣ་སྨུག་པོ་འབར་བའི་འོད། །ཚ་འཁྲུ་གཅོད་པའི་བདུད་རྩི་ཡིན། །

            ༣༣། ལོ་སྨན་བདུད་རྩི་ལུག་སུག་པ། །འདབ་མ་ཟོ་ར་ལྟ་བུ་ལ། །གློ་བུར་རྩ་ཁྲག་འཛག་པ་གཅོད། །

            ༣༤། བདུད་རྩི་རྒྱ་སྤོས་ཞེས་བྱ་བ། །བུད་མེད་མངལ་ཁྲག་འཛག་པ་གཅོད། །

            ༣༥། སྤོས་རིགས་ཡུང་གདག་ཞེས་བྱ་བ། །བདུད་རྩི་གྲོ་ག་ཞེས་ཀྱང་བྱ། །སྐམ་ས་བྱང་གི་སྲིབ་ཏུ་སྐྱེ། །རྩ་བ་ཉུང་རྡོག་ལྟ་བུ་ལ་། །ལོ་མ་སོག་ལེ་ལྟར་གྱོང་ཞིང་། །སྤུ་སྐྱེ་མེ་ཏོག་ཕྲུག་ཤད་འདྲ། །སྨན་གྱི་རྒྱལ་པོའི་མ་རིག་པའི། །བུད་མེད་ཁྱོ་གར་ཏོང་སྟོང་པོ། །སྔོ་ཡི་ཚངས་པར་སྤྱོད་པ་ཡིན། །ཚངས་སྤྱོད་རིན་ཆེན་ཞེས་ཀྱང་བྱ། །དྲི་མ་སྤོས་དང་འདྲ་བ་མནམ། །

            ༣༦། ལྕམ་པ་ལྷ་མོ་ཞེས་བྱ་བ། །ཁང་ཁྱིམ་ཟོམ་གྱི་ནང་དུ་སྐྱེ། །མེ་ཏོག་པད་མ་ལྟ་བུ་ལ། །འབྲས་བུ་འཁོར་ལོ་ལྟ་བུར་སྨིན། །མཁལ་མའི་ཉེས་སྐྱོན་སེལ་བའི་སྔོ། །ཆུ་ནད་འདྲེན་པའི་ཞགས་པ་ཡིན། །

            ༣༧། བོང་བུ་ལན་ཚྭ་ཞེས་བྱ་བ། །ཡུར་ཚིགས་དག་ལ་སྐྱེ་བ་ཡིན། །འདབ་མ་ལག་པ་འདྲ་བ་ལ། །མེ་ཏོག་སྒྲོམ་བུ་འདྲ་བ་ལ། །མིང་ནི་གསེར་མགོ་ཅན་ཞེས་ཟེར། །གྲེ་བའི་མེ་ཏོག་རྩད་ནས་གཅོད། །

            ༣༨། རྣ་བའི་དབུ་བ་ཞེས་བྱ་བ། །ཡུ་ར་ཚིགས་འགྲམ་དག་ལ་སྐྱེ། །མྱུ་གུ་དཀར་སྨུག་གཉིས་སུ་གྱེས། །མེ་ཏོག་མི་རྒན་མགོ་བོ་འདྲ། །རྨུ་འོར་ནད་ལ་བདུད་རྩི་འདྲ། །

            ༣༩། བ་ལུའི་ལོ་མས་མེ་དྲོད་བསྐྱེད། །མཁྲིས་ལྡན་བཙུན་མོས་བ་ལི་སྤངས། །

            ༤༠། བོང་ཁུར་ཚོད་མས་མཁྲིས་པ་སེལ། །

            ༤༡། ཏིག་ཆུང་ཐང་གིས་ཆམ་པ་སེལ། །

            ༤༢། ལུག་མིག་ཐང་གིས་རིམས་ནད་སེལ། །

            ༤༣། ལོ་གསར་ཚོད་མས་དང་ཁ་འབྱེད། །

            ༤༤། ཆུ་མ་རྩི་ཡིས་སྐྱུག་པ་གཅོད། །

            ༤༥། བྱི་ཚེར་ཐང་གིས་གློ་རིམས་སེལ། །རྩེ་མོ་གོས་ཤུན་མཁྲིས་པ་སེལ། །

            ༤༦། ཐར་ནུ་ལྕུམ་རྩས་ཐུར་དུ་སྦྱོངས། །

            ༤༧། སྤྱང་ཚེར་རྩ་བས་བད་ཀན་སེལ། །

            ༤༨། འོལ་མོའི་རྩ་བས་བུ་རོག་འབྱིན། །

            ༤༩། ཨུག་ཆོས་དམར་མོས་སྦོས་པ་བཤིགས། །

            ༥༠། ཚུང་ཆུང་མི་རྣམ་འཇུག་སྲིན་སེལ། །

            ༥༡། སྤྲུ་མས་ཁྲག་ཏུ་འཛག་པ་གཅོད། །

            ༥༢། ལྕ་བའི་འབྲས་བུས་ཡན་ལག་སྐྲང་པ་འདུལ། །

            ༥༣། ཟོར་པ་ཕྱེ་མས་སྣ་ཁྲག་གཅོད། །

            ༥༤། བྱ་རྒོད་དམར་པོས་ཤ་དུག་སེལ། །

            ༥༥། འབྲི་མོག་ཐང་གིས་གློ་ཁྲག་གཅོད། །

            ༥༦། འབྲི་ཏ་ས་འཛིན་རྩ་སྒོ་སྡོམས། །གླ་བ་སྲན་མས་བུ་རོག་འབྱིན། །བདུད་རྩི་ཡོན་ཏན་བསམ་མི་ཁྱབ། །བརྗོད་ཀྱིས་མི་ལང་བདག་གི་ཡོན་ཏན་ཏེ། །འཆི་མེད་བདུད་རྩི་ལྟ་བུས་འགྲོ་ཀུན་གསོ། །གསོ་བའི་གཞུ་འདི་མེད་སྨན་པ། །མུན་པའི་ནང་དུ་འབེན་བཙུག་འདྲ། །ནད་ཀྱི་ཐོག་ཏུ་མི་འགྲོ་ཞིང་། །ཕྱི་མར་ངན་སོང་སྦྱོར་བའི་ལམ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །འགྲོ་ཀུན་ནད་ཀྱིས་གཟིར་བ་ལ། །བདུད་རྩི་སྨན་གྱི་འཁོར་ལོ་བསྐོར། །འདི་སློབ་ཕྱི་མ་བྱང་ཆུབ་ལམ། །འཇིག་རྟེན་འདི་རུ་སྙན་གྲགས་ཐོབ། །

            ལྷ་དང་དྲང་སྲོང་བྱིན་གྱིས་རློབས། །ངོ་མཚར་འཕེལ་བའི་རི་བོ་རྩེ་ལྔ་རུ། །སྟོན་པ་ངོ་མཚར་ཆེ་བའི་གཞོན་ནུ་དཔལ་པོ་ལ། །སུམ་ཅུ་རྩ་གསུམ་ལྷ་དབང་བརྒྱ་བྱིན་གྱིས། །འཛུམ་པའི་མདངས་བསྟན་མཛེས་པའི་མེ་ཏོག་ཕུལ། །འཆི་མེད་བདུད་རྩིའི་སྔོ་སྦྱོར་འདི། །འགྲོ་ཀུན་སྡུག་བསྔལ་ཀུན་གྱི་གཉེན་པོར་ཞུས། །དེ་ལ་འདུན་པ་བྲམ་ཟེའི་ཐུགས་ལ་བསྟིམས། །རི་བོ་བྱ་རྐང་འོག་ཏུ་བྲམ་ཟེས་སྦས། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པ། །བཻཌྰུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རྒྱ་ནག་རི་བོ་རྩེ་ལྔ་རུ། །རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས། །ཀླུ་སྒྲུབ་སྙིང་པོ་དེ་ལ་གསུངས། །འགྲོ་བ་སེམས་ཅན་དོན་ཆེད་དུ། །གང་ལ་གང་འདུལ་དགོས་པའི་སྨན་དང་ནུས་སྟོན་པའི། །ཀླ་སྒྲུབ་ཁྱེད་ཀྱིས་འདྲི་བར་གྱིས། །

            ནམ་ཟླའི་དུས་ཚོད་གང་ཡིན་པ། །མེ་ཏོག་གླང་པོ་སྣ་ལ་དྲིས། །ཀླད་པ་འཛག་པ་གཅོད་མི་དགོས། །བདུད་རྩི་ལང་ཏང་རྩེ་ལ་དྲིས། །མགོ་ཡི་ལྷ་བ་འཛིན་མི་འཛིན། །བི་ཇིའི་རྨ་སྨན་དག་ལ་དྲིས། །རྩ་རྣམས་རུལ་པ་གསོ་མི་གསོ། །ཆུ་རྩི་སེར་ཆེན་དག་ལ་དྲིས། །མགོ་ཡི་ལྷ་བ་འགེགས་མི་འདེགས། །བདུད་རྩི་དོ་བ་དག་ལ་དྲིས། །མགོ་ཡི་ཆུ་སེར་འདྲེན་མི་འདྲེན། །ལྡུམ་བུ་མེ་རུ་དག་ལ་དྲིས། །ཁ་ཤའི་ཉེས་པ་སེལ་མི་སེལ། །དྲང་ལོ་ཏི་མུ་དག་ལ་དྲིས། །མཆིན་པའི་ནུས་པ་སྐྱེད་མི་སྐྱེད། །རྩིའུ་དྲི་ཅན་དག་ལ་དྲིས། །མཁྲིས་པའི་ནད་རྣམས་སེལ་མི་སེལ། །ལྷ་ཡི་བུ་མོ་དག་ལ་དྲིས། །བྱང་ཁོག་ཚད་པ་འཇོམས་མི་འཇོམས། །ཁྱད་པར་ཅན་སྨན་དག་ལ་དྲིས། །བྱང་ཁོག་རྣག་རྣམས་སྐེམ་མི་སྐེམ། །སུམ་ཅུ་ཏིག་ཏ་ཆེ་ལ་དྲིས། །ཁྲག་ངན་ཁོང་དུ་ལེན་མི་ལེན། །མོན་མོ་ཁྲུས་ཀྱི་རྫིང་ལ་དྲིས། །རྒྱ་མཚོ་གནས་སུ་སྐེམ་མི་སྐེམ། །འམ་བུ་ཏིག་ཅན་དག་ལ་དྲིས། །རྒྱ་མཚོ་ཡུར་དུ་འདྲེན་མི་འདྲེན། །འབྲི་ཏ་ས་འཛིན་དག་ལ་དྲིས། །ཕོ་བའི་མེ་དྲོད་སྐྱེད་མི་སྐྱེད། །ད་ལི་ནག་པོ་དག་ལ་དྲིས། །མཆིན་པའི་ཁྲག་ནད་སེལ་མི་སེལ། །སུམ་ཏིག་ནི་ཆུང་དག་ལ་དྲིས། །ཚད་པའི་ནུས་པ་གསོད་མི་གསོད། །སྐྲ་བཟང་མེ་ཏོག་དག་ལ་དྲིས། །རྒྱུ་གཟེར་འཁྲུ་བ་སེལ་མི་སེལ། །ཤུ་མོ་ཟ་ལ་རབ་ཏུ་དྲིས། །མཁལ་མའི་ནད་རྣམས་སེལ་མི་སེལ། །འབུ་སུ་ཧང་ལ་རབ་ཏུ་དྲིས། །རྒྱུ་ལོང་དྲོད་རྣམ་བསྐྱེད་མི་བསྐྱེད། །སྐྱེར་རྒོད་པ་ལ་རབ་ཏུ་དྲིས། །བུ་རོ་ཁོང་དུ་ལུས་པ་ཡང་། །ངོ་མཚར་ཅན་གྱི་སྨན་ལ་དྲིས། །མོ་ལུས་ཕོ་རུ་བསྒྱུར་མི་བསྒྱུར། །མ་རིག་པ་ལ་རབ་ཏུ་དྲིས། །ཚ་སྐྲན་གྲང་སྐྲན་འཆོས་མི་འཆོས། །སྲུབ་ཀའི་འབྲས་བུ་དག་ལ་དྲིས། །གློ་བའི་ཚད་པ་སེལ་མི་སེལ། །ཨ་ཀྲོང་པ་ལ་རབ་ཏུ་དྲིས། །གློ་བའི་སྦུབས་རྣག་འདྲེན་མི་འདྲེན། །མེ་ཏོག་ཨ་ཏི་ཤ་ལ་དྲིས། །སྔོ་ཡི་ནུས་པས་ཆང་འཐུང་པ། །བྲ་ཐིབ་པ་ལ་རབ་ཏུ་དྲིས། །ཡན་ལག་རྨ་ལ་ཆུ་འཐུང་པ། །འབམ་པོ་སྔོ་ལ་རབ་ཏུ་དྲིས། །ཁྲག་ནད་ལམ་དུ་འགྱིང་མི་འགྱིང་། །ཀུན་བྱེད་རྒྱལ་པོ་དག་ལ་དྲིས། །ཚ་འཁྲུ་གྲང་འཁྲུ་གཅོད་མི་གཅོད། །མེ་ཏོག་བྱ་རྐང་དག་ལ་དྲིས། །དུག་གི་ནུས་པ་གསོད་མི་གསོད། །གསེར་དྲི་རྣོན་པོ་དག་ལ་དྲིས། །རྨ་རྒན་འོར་དུ་ལྷུང་བ་ཡང་། །ཟང་རྩི་དཀར་པོ་དག་ལ་དྲིས། །འཕགས་པ་རྗེ་བཙུན་འཇམ་དཔལ་ལ། །ཀླུ་སྒྲུབ་སྙིང་པོས་རབ་ཞུས་པ། །རྩ་བའི་རབ་ཏུ་བསྟན་པའོ། །

 

            སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །ཀྱཻ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ། །ཤེས་རབ་རལ་གྲི་པུ་ཏི་མདའ་གཞུ་ཐོགས། །སྨྲ་བའི་སྐྱེས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །ཀླ་སྐྲུབ་སྙིང་པོས་དྲིས་པའི་ལན། །རྒྱས་པའི་དོན་དུ་བསྟན་དུ་གསོལ། །མཁས་པའི་ཞལ་ནས་བཤད་ཀྱིས་ཉོན། །དབང་པོ་རབ་འབྲིང་སྦྱོར་ལ་འགྲོབའི་དོན་གྱིས་ཤིག །དེ་ནས་མཁས་པ་སང་ག་ཡིས། །རྒྱས་པའི་དོན་དུ་གསུངས་པའོ། །

            ནམ་ཟླའི་དུས་ཚོད་གང་ཡིན་པ། །མེ་ཏོག་གླང་པོ་སྣ་ལ་དྲིས། །ཞེས་བྱ་བ་ནི། དབྱར་ཟླ་ར་བ་ཤར་ན་དམར་པོ་ཡོང་། །འབྲིང་པོ་ཤར་ན་དཀར་པོར་འགྲོ། །དེ་ཡི་དུས་བཏུས་ན། ཆུ་འགགས་པ་སེལ་ལོ། །མཁལ་མའི་ནད་སེལ། མཐུན་ཕྱོགས་སྨུག་པོའི་ཆུ་ལ་བྱ། དྲིས་པའི་ལན་ནོ། །

            ཀླད་པ་འཛགས་པ་གཅོད་མི་གཅོད། །བདུད་རྩི་ལང་ཏང་རྩེ་ལ་དྲིས། །ཞེས་པ་ནི། རྒོང་ཐོག་འབྲས་བུ་ལ་བྱ་སྟེ། ཁཎྜ་བྱས་པས་ཀླད་པའི་སྒོ་གཅོད། མཐུན་པའི་གྲོགས་ནི་གླང་རའི་ནང་དུ་བཅུག་སྟེ། །ར་ཡི་ནང་དུ་བླུག་པ་ནི་མན་ངག་གོ། །སྤྱིར་རྨ་རྒན་ཐམས་ཅད་ང་ཡིས་གསོ། ཁཎྜ་མེད་ན་འབྲས་བུ་རྐྱང་པ་ཆང་དང་སྦྱར་བ་མན་ངག་གོ། །སྤྱིར་ན་མགོ་ལ་བཅོས་མང་ཡང་འཕགས་པས་གསུང་པ་ནི། །མགོ་རེགས་ཀྱང་མེད། དར་སྐུད་ཀྱང་མེད། ཕོ་དང་མོ་མེད་པས་ནད་བཅོས་ཐབས་གསུམ་གྱིས་བསྟན། རྒྱལ་པོ་ལྷའི་བཅོས་ལུགས་ལ། །རྒྱལ་པོས་འབངས་ལ་བཀོལ་བ་འདྲ། །ཉོན་མོངས་གདུང་བའི་བཅོས་ལུགས་ལ། །མཐུན་པའི་གྲོགས་ཀྱིས་བསླུ་བ་འདྲ། །རག་ཤ་སྲིན་བུའི་བཅོས་ལུགས་ལ། །དཔའ་བོ་སྡར་མ་སྡེབ་པ་འདྲ། །འདིར་རྒྱལ་པོ་ལྷའི་བཅོས་ལུགས་བསྟན། །རྩ་བའི་གནས་ལུགས་སྤྱིར་མཐུན། འདིར་སྨན་བསྟན་པ་བྱོལ་སོང་གི་ལུས་ཁྲུས་པ་དང་འདྲ། ཤ་བ་ར་བརྗེ་སྦྲུལ་གྱི་སྐོག་པ་འདྲ། །སྤང་རྩི་དོ་བོ་ལ་བྱ་སྟེ། འདམ་བུ་ཀ་ར་བག་རྩམ་སྟེང་། །སྨན་གྱིུ་ངོ་མཚར་ཅན་གྱི་སྨན། ཁུ་བ་འབྱུང་བའི་རྩི། འབྲས་བུ་ཅན་གྱི་ཤིང་། ཁྱད་པར་ཅན་གྱི་སྔོ། ཤིང་དང་སྔོ་གཉིས་རྨ་ལ་བཏབ། སྔོ་དང་རྩི་གཉིས་ཁོང་དུབཏང་། རྟ་ནི་མིའི་ན་སོ་དང་སྦྱར་བ། ལན་དུ་གསུངས་སོ། །

            མགོའི་ལྷ་བ་འཛིན་མི་འཛིན། །བི་ཇིའི་རྨ་སྨན་དག་ལ་དྲིས། །ཞེས་པ་ནི། བྲ་བ་རྒྱུ་རུབ་གསེར་སླགས་ཅན། དོན་དུ་བྲག་སྤང་སྤོང་། མགོའི་ལྷ་བ་མི་འགྲོ་བ། སྐམ་བྱེར་ཞོ་དང་སྦྱར། གཤེར་བྱེར་ཁྱེའུའི་ནུ་ཞོ་དང་སྦྱར། ཤ་གཅིག་ཕྱེ་བ་ལ་ལུག་ཤ་སོལ་བུ་བཏང་། མཐུན་ཕྱོགས་མཛོ་ཞོ་དང་མཐུན། གཞན་ནི་རྒྱུད་ནས་གསལ་ལོ། །ལན་དུ་གསུངས་པའོ། །

            རྩ་རྣམས་རུལ་པ་གསོ་བའི་སྨན། །ཆུ་རྩི་སེར་ཆེན་དག་ལ་དྲིས། །བྱ་བ་ནི། ཆུ་རྩི་ནི་ཡུང་བ་ལ་བྱ། གསེར་མེ་ཏོག་སྟེ་སེར་པོ་ཆེའོ། །རྩ་རུལ་དང་མྱག་པ་ཐམས་ཅད་སེལ་ལ། མཐུན་པའི་གྲོགས་ཀྱིས་བསྒྱུར། གཞན་གྱིས་མི་ཐུབ་བུད་མེད་ཁྱེ་འཐུང་གི་དགོས་ཏེ། འོ་མ་མེད་ན་མི་གཏོང་། ལན་གསུངས་པའོ། །

            མགོའི་ལྷ་བ་འདེགས་མི་འདེགས། །བདུད་རྩི་དོམ་པ་ཀ་ལ་དྲིས། །ཞེས་བྱ་བ་ནི་སྤང་དང་སྲིབ་ལ་སྐྱེ། །མེ་ཏོག་སྔོན་པོ་དྲིལ་འདྲ་འབྱུང་། ཚེར་མ་སྟག་གི་སོ་དང་འདྲ། འབྲས་བུ་ལུག་རའི་རླིག་པ་འདྲ། ཨ་བྱག་འབྲིང་པོ་ཡིན། མཐུན་ཕྱོགས་མགོ་ལ་གཏོང་ན་ཆང་དང་མཐུན། གཞན་དུ་བྱང་ཁོག་དང་ཚད་པའི་རིགས་ཐམས་ཅད་སེལ་ལ། ལན་དུ་གསུངས་པའོ། །

            མགོ་བོའི་ཆུ་སེར་འདྲེན་མི་འདྲེན། །ལྡུམ་བུ་མེ་རུ་དག་ལ་དྲིས། །ཞེས་བྱ་བ་ནི་ཚངས་པ་ཟངས་རྐང་ཞེས་ཀྱང་བྱ། པར་པ་རེ་ཀོན་ཞེས་ཀྱང་བྱ། ཕུག་རོན་རྐང་པ་ཞེས་ཀྱང་བྱ། ཕྱེ་མ་དག་ལ་རྟ་གཉིས་སྟེ་རྟ་བཟང་པོ། མགོའི་ལྷ་བ་འཛིན་གསོའི་སྨན། སྤྱིར་ནི་ལས་མང་ན་ཡང་། བསིལ་གྱི་རིགས་འགྲོ་བ་ཡིན་པས་ན། ཕོ་བའི་ནུས་ནི་མེ་དྲོད་ལ་གཟབ་བོ། །ལན་ལ།

            ཤའི་ཉེས་པ་སེལ་མི་སེལ། །དྲང་ལོ་ཏིག་གུ་དག་ལ་དྲིས། བྱ་བ་ནི། ཁ་ཤའི་ཉེས་པ་དྲང་ལོ་པས་སེལ། ཤའི་ཉེས་པ་སྐྱོན་ལ་དྲོ་ཅན་སླག་པོ་གཉིས་སོ། །དེ་གཉིས་ཀས་གྲང་བ་སེལ། གསང་བའི་ཨ་བྱག་ཅེས་ཀྱང་བྱ། མཐུན་ཕྱོགས་བ་སླ་དང་མཐུན། ནུ་ཞོ་དང་སྦྱར། ལན།

            མཆིན་པའི་ནུས་པ་བསྐྱེད་མི་བསྐྱེད། །མཆིན་སྨན་རྩིའུ་ཡང་ཟེར། པྲི་ཡང་ཀུ་ཡང་ཟེར། རྩིའུ་དྲི་ཅན་དག་ལ་དྲིས། །ཞེས་བྱ་བ་ནི་མེ་ཏོག་སྔོ་པོ་དྲི་དང་བཅས་པའོ། །མཐུན་ཕྱོགས་བུ་རམ་ཡིན་ཏེ། ཀ་ར་དང་ཡང་མཐུན། ལས་ནི་མཆིན་པར་ཕན། ཁྲག་འཁྱགས་པ་ལ་ཕན། མཆིན་ཁྲག་ཕོ་བར་ལུད་པ་ལ་ཕན། བདུད་རྩི་ཡིན་པར་མཁས་གསུངས། ལན།

            མཁྲིས་པའི་ནད་རྣམས་སེལ་མི་སེལ། །ལྷ་ཡི་བུ་མོ་དག་ལ་དྲིས། །ཞེས་པ་ནི། སེ་བའི་མེ་ཏོག་སྟེ། ལྷ་ཚངས་པའི་བུ་མོ་ཚེ་འཛིན་མ་ཞེས་བྱ་བ། མཛེས་པ་འཇམ་པ། མཉེན་པ་ཡིད་དུ་འོང་བས་ལྷའི་བུ་མོ་ཞེས་བྱ་བ། སེ་བའི་མེ་ཏོག་མཁྲིས་པའི་ནད་སེལ། རླུང་གི་ཁ་གནོན་བད་ཀན་མི་བསྐྱེད། ཕོ་བའི་མེ་དྲོད་དང་ཡང་མི་འགལ། མཐུན་པའི་གྲོགས་ཀ་ར་དང་ཡང་སྦྱར། ལན།

            བྱང་ཁོག་ཚད་པ་སྐེམ་མི་སྐེམ། །བདུད་རྩི་ཁྱད་པར་ཅན་གྱི་སྨན་ལ་དྲིས། །ཞེས་བྱ་བ་ནི། ནད་མ་ལ་བྱ་སྟེ། མ་ཏང་ཕྱིན་བུ་ལ་བྱའོ། །བྱང་ཁོག་ཚད་པ་ལ་ཤིན་ཏུ་ཤིས། ཚད་པ་བྱ་ཆད་ལ་མཆོག་ཏུ་བསྔགས། ཚད་པའི་རིགས་གང་དང་ཡང་སྦྱར། མཐུན་པའི་གྲོགས་ལྕི་བསིལ་གྱི་ཆུ་དང་མཐུན་པའོ། །ལན།

            བྱང་ཁོག་རྣག་རྣམས་སྐེམ་མི་སྐེམ། །སུམ་ཅུ་ཏིག་ཏ་ཆེ་ལ་དྲིས། །ཞེས་བྱ་བ་ནི། འདབ་མ་ཆུ་ཁུར་པ་དང་འདྲ་སྟེ། མེ་ཏོག་སེར་པོ་ཅན་ཡིན། མཐུན་པའི་གྲོགས་ཀ་ར་ཅུ་གང་ཙན་དན་གསུམ་ཡིན། བསྐྱོད་པའི་རྟ་བསིལ་གྱི་ཆུ་ཡིན། སྲུང་བ་ནི་གནོད་པའི་ཟས་ཡིན། དྲག་པོའི་ལས་དང་འདྲེ་ཅན་གྱི་འགྲུལ་ཡིན། ལན།

            ཁྲག་ངན་ཁོང་ནས་འདྲེན་མི་འདྲེན། །མོན་མོ་ཁྲུས་ཀྱི་རྫིང་ལ་དྲིས། ཞེས་པ་ནི། འདམ་བུ་ཀ་ར་ལ་བྱ་སྟེ། ལྗང་ལོ་ཆིག་སྐྱེས་ཞེས་ཀྱང་བྱ། མཐུན་གྲོགས་ཀ་ར་ཡིན། སྲུང་བའི་དམ་ཚིག་ནི་དྲོད་ཅན་སྲུང་། ཁྲག་ནད་སེལ་ཏེ་སྨུག་པོའི་ནད་སེལ། མཚོན་གྱིས་ཕོག་པའི་གློ་ནད་སེལ། ལན།

            རྒྱ་མཚོ་གནས་སུ་སྐེམ་མི་སྐེམ། །འམ་བུ་ཏིག་ཅན་དག་ལ་དྲིས། །ཞེས་བྱ་བ་འདི། ཡོན་ཏན་ཤིན་ཏུ་གསང་བ་ཡིན། སྟག་ཤ་བ་ལ་བྱ། ཉ་སྐམ་པ་ཞེས་དང་སྦྱར། དང་པོར་བསྟེན་པ་ཡིན། ཆིག་ཐང་ཐུབ་པ་ཡིན། མཐུན་པའི་གྲོགས་ཀྱིས་བརྟེན་པར་བྱེད་པ་ཡིན། ཙན་དན་བསེ་རུ་ཀ་ཏེ། སྲུང་བ་ནི་དྲག་ཤུལ་དང་ཚད་པ་སྐྱེ་བའི་ཟས་སོ། །སྤྱིར་བྱང་ཁོག་ལ་ས་མང་ན་ཡང་། འདི་རྣག་སྐེམ་ཁོ་ནའོ། །ཁྲག་གི་དུས་དང་ཆུ་སེར་གྱི་དུས་དང་སྦུབས་སུ་ཤོར་བ་སོགས་པ་ནི་རབ་ཏུ་བླ་མའི་ཞལ་ལས་ཤེས་པར་བྱའོ།། ལན།

            མཚོ་མོ་ཡུར་དུ་འདྲེན་མི་འདྲེན། །འབྲི་ཏ་ས་འཛིན་དག་ལ་དྲིས། །ཞེས་བྱ་བ་ནི། འབོས་ལོ་ལ་བྱ་སྟེ། དེའི་ཡོན་ཏན་གྱིས་ཁོང་པའི་རྣག་ཐམས་ཅད་འདྲེན་ཅིང་སྐྱུག་པ་དང་འཁྲུ་བ་ཡིན། མཐུན་ཕྱོགས་ལ་སྐྱུག་པར་འདོད་ན། འོ་མ་ཅད་དང་སྦྱར། འཁྲུ་བར་འདོད་ན་ཉེ་རོང་པ་དང་སྦྱར། སྲུང་བ་མོ་དང་མི་ཉམས། གཉིད་མི་སྒུགས། མ་དྲག་མི་དལ་ལུག་རྫིའི་སྤྱོད་པ་བྱེད། སླན་ལ་མི་སྲད་ཕྱིན་ལྷམ་སྒོམ། ལན།

            ཕོ་བའི་མེ་དྲོད་བསྐྱེད་མི་བསྐྱེད། །ད་ལིས་ནག་པོ་དག་ལ་དྲིས། །ཞེས་པ་ནི་བ་ལུའི་ལོ་མ་ལ་བྱ་སྟེ། མཐུན་གྲོགས་ཤིང་ཚ་རྒྱམ་ཚྭ་དང་བུ་རམ་དང་ཟི་རའོ། །ཕན་པའི་ཡོན་ཏན་ཕོ་བའི་གྲང་ནད་མ་ལུས་ཞུ་བ། ལོང་ནད་གྲང་བ་དང་མཁལ་མའི་གྲང་བ་ཐམས་ཅད་སེལ། ལན།

            མཆིན་པའི་ཁྲག་ནད་སེལ་མི་སེལ། །སུམ་ཅུ་ཏིག་ནི་ཆུང་ལ་དྲིས། །ཞེས་པ་ནི་སྤང་གི་སྲིབ་ལ་སྐྱེ་སྟེ། མེ་ཏོག་དམར་བ་ཁ་རེ་སྟེ། དྲི་ཞིམ་པ་ཡིད་དུ་འོང་བ་མཐུན་གྲོགས་ཀ་ར་དང་མཐུན་པའོ། །ལྷའི་བུ་མོ་དང་སྡེབས་ན། མཆིན་པའི་ཚ་བ་དང་མཁྲིས་པ་སེལ། །རྩིའུ་དང་སྡེབས་ན་རྒྱུད་པ་སྤེལ། །ཤིང་ཚ་དང་སྡེབས་ན་མ་ཞུ་བ་སེལ། སྒ་སྐྱ་དང་སྡེབས་ན་ཁྲག་འཁྱགས་པ་སེལ། བསྐྱོད་པའི་རྟ་ནི་ནད་གཞི་དང་སྦྱར། སྲུང་བའི་དམ་ཚིག་ནི་གནས་སྐབས་དང་སྦྱར། ལན།

            རྒྱུ་གཟེར་འཁྲུ་བ་སེལ་མི་སེལ། །ཤུ་མོ་ཟ་ལ་རབ་ཏུ་དྲིས། །ཞེས་བྱ་བ་ནི་ཚིགས་ཁའི་སྔོ་ལེབ་འདབ་མ་ཞོ་ཅན་དེ་ཡིན་ཏེ། སྔོའི་ཡོན་ཏན་གྱི་ཚད་ནད་ཅན་གྱི་དྲི་གསོད། ཚད་པའི་རླངས་འབྲི། སྔོ་དེ་བཅད་ན་ཞོ་ཡོང་སྟེ། དེའི་ཡོན་ཏན་གྱིས་རྒྱུ་མ་མི་འདྲུལ་བར་བྱེད། མཐུན་གྲོགས་ནི་གཡའ་ཆུ་ཡིན། བསྐྱོད་པའི་རྟ་ནི་བཙོད་ཁྲག་ཡིན། སྲུང་བའི་དམ་ཚིག་ནི། སྐྱུར་དང་ཚ་དང་དར་བ་ཤིང་ཐོག་དྲག་ཤུལ་ནི་སྤང་བའོ། །ལན།

            མཁལ་མའི་ནད་རྣམས་སེལ་མི་སེལ། །འབུ་སུ་ཧང་ལ་རབ་ཏུ་དྲིས། །ཞེས་པ་ནི་བྱི་སྲན་པ་ལ་བྱ་སྟེ། སྔོའི་ནུས་པས་དྲོད་བསྐྱེད་པ་ཡིན་སྟེ། རྩའི་ལམ་དུ་འཇུག་པ་དང་། མཁལ་མ་ལ་བསྔགས་ཏེ། མཐུན་པའི་གྲོགས་ནི་ཚྭ་སྣ་ཐམས་ད་དང་བུ་རམ་ལ་སོགས་པའོ། །བསྐྱོད་པའི་རྟ་ནི་འབྲུ་བཅུད། སྲུང་བའི་དམ་ཚིག་ཟས་ངན་དང་། འགྲངས་པ་དང་། མཆོག་དུ་འདོད་ཆགས་སྲུང་བའོ། །ལན།

            ཁོང་གི་དྲོད་རྣམས་བསྐྱེད་མི་བསྐྱེད། །ཙི་ཀྲ་ཀ་ལ་རབ་ཏུ་དྲིས། །ཞེས་པ་ནི། དབྱི་མོང་དཀར་མོ་ལ་བྱ་སྟེ། ལོང་དང་ཕོ་བའི་སྐྲན་ལ་སོགས་པ་གྲང་བར་གྱུར་པ་ཐམས་ཅད་སེལ་ལོ། །མཐུན་པའི་གྲོགསནི་བུ་རམ་དང་ཚ་བ་གསུམ་ལ་དྲོད་ཐམས་ཅད་དང་མཐུན་ནོ།། བསྐྱོད་པའི་རྟ་ནི་ཆང་དང་ཚྭ་ལ་སོགས་པའོ། །ལན།

            བུ་རོ་ཁོང་དུ་ལུས་པ་ཡང་། །ངོ་མཚར་ཅན་གྱི་སྨན་ལ་དྲིས། །ཞེས་པ་ནི། ཡུ་མོ་མདེའུ་འབྱིན་ལ་བྱ་སྟེ། མཐུན་གྲོགས་དུར་བྱིད་དང་ལོན་མོ་དང་། གསང་བའི་སྨན་ནོ། །བསྐྱོད་པའི་རྟ་ཆང་ལ་བྱ། སྲུང་བའི་དམ་ཚིག་ནི། སེམས་ཅན་སྲོག་གི་སྙིང་པོའི་བུ་ཚང་དུ་ཤི་བ་ལ་བྱ། ཟས་ནོར་ལ་མི་ལྟ་སྟེ་ལས་ངན་ལ་ཞུགས་ན་མ་སྲོག་བུ་ལ་ལས་ཏེ་གཉིས་ཀ་འཆི་བར་འགྱུར་རོ། །གཏན་གྱི་འགྲིབ་པར་འགྱུར་རོ། །ཚེ་འདི་ལ་བར་གཅོད་མང་། ལན།

            མོ་ལུས་ཕོ་རུ་བསྒྱུར་མི་བསྒྱུར། །མ་རིག་པ་ལ་རབ་ཏུ་དྲིས། །ཞེས་པ་ནིབྱ་ཕོ་རྩི་རྩི་པའི་འབྲས་བུ་ལ་བྱ་སྟེ། མཐུན་པའི་གྲོགས་གསང་བའི་སྨན་ནོ། །རྒྱ་སྣེའུ་དང་བདུད་རྩི་བཞིའོ། །འདི་དང་ལྡན་ན་བུ་ད་མེད་ཟླ་མཚན་མི་འབྱུང་ངོ་། །སྐྱེ་རྒྱུད་འཆད་དོ། །དྲན་པས་ཟིན་པར་བྱའོ། །བསྐྱོད་པའི་རྟ་བུ་རམ་ལ་རིལ་བུ་བྱའོ། །སྲུང་བའི་དམ་ཚིག་ལས་རྒྱུ་འབྲས་དྲན་པར་བྱ། ལན།

            ཚ་སྐྲན་གྲང་སྐྲན་གཉིས་ཡིན་ཏེ། གཉིས་ཀ་སེལ་བར་བྱེད་མི་བྱེད། །སྲུབ་ཀའི་འབྲས་བུ་དག་ལ་དྲིས། །བྱ་བ་ནི་སྔོ་དེ་ནུས་པ་རོ་ཚ་ལ་དྲོད་ཆེ་བ་ཡིན་ཏེ། ཚ་སྐྲན་ལ་མཐུན་པའི་ཀ་ར་དང་། དེ་བ་དང་མྱུང་རྩི་སྲོ་ལོ། རྟ་ནི་ཡོས་ཆང་། སྲུང་བ་ནི། དྲག་ཤུལ་ཟས་ངན། གྲང་སྐྲན་ལ་ཚ་བ་གསུམ་དང་། ད་ལི་ནག་པོ་དང་། མཐུན་པའི་རྟ་ནི་ཆང་ན་སྨིན་པ་ལ་བྱ་སྟེ། སྲུང་བ་ནི་གོང་མཐུན། ལན།

            གློ་བའི་ཚད་པ་སེལ་མི་སེལ། །ཨ་ཀྲོང་བ་ལ་རབ་ཏུ་དྲིས། །ཞེས་པ་ནི་སྲན་གཉིས་པོར་སྐྱེད་པ་དེ་ལ་སྲོག་ཆགས་མི་འདུ། དུད་འགྲོ་ལ་མི་པ་ཨིན་སྣོད། དས་འོར་སྟན་པ་ཡིན། མཐུན་གྲོགས་ཀ་ར་དང་མཐུན་པ་ཡིན། བསྐྱོད་པའི་རྟ་སྦྲང་བརྟུལ་མ་ལ་རིལ་བུ་བྱ། སྲུང་བའི་དམ་ཚིག་ནི། ཟོ་མར་ལ་སོགས་དེར་ཆང་སྐྱུར་སྲུང་ངོ་། །ལན།

            གློ་བའི་སྦུབས་རྣག་འདྲེན་མི་འདྲེན། །མེ་ཏོག་ཨ་ཏི་ཤ་ལ་དྲིས། །ཞེས་པས་ནི་བོད་སྨན་ལ་ནུས་པ་ཆེ་བ་མེ་ཏོག་རོ་ཚ་བ་ཡིན་ཏེ། དངོས་པོ་བྱ་པོ་རྩི་རྩི་ལ་བྱ་སྟེ། མ་རིག་པ་ཞེས་དྲངས་ལ་བྱ། འབྲས་བུ་ནུས་པ་བསྟན་པ་ཡིན་ཏེ། མཐུན་པའི་གྲོགས་སུག་སྨེལ་དང་མེ་ཏོག་ཨ་ཏི་ཤ་ཆ་མཉམ། འུ་སུ་དང་རྒུན་འབྲུམ་ཆ་མཉམ། གསེར་གྱི་མེ་ཏོག་དང་ཨ་རུ་ར་ཆ་མཉམ། དང་པོ་གཉིས་ནི་ཞོ་རེ་རེ། དེ་འོག་འདྲེ་ལོག་གཏོང་བ་ཡིན། དེ་འོག་གཉིས་ནི་ཞོ་ཕྱེད་ཚད་དུ་མཚལ་དང་ལྕགས་ཡོན་ཏན་ཅན། བུ་རམ་ལྕགས་ཕྱེ་ཁ་སྡོམ་ཅན། །བསྐྱོད་པའི་རྟ་ནི་མར་ཡིན་ཏེ། སྲུང་བའི་དམ་ཚིག་རྩོད་རྒྱུ། ཟས་ལ་སྔོ་ངད་རུལ་སུང་སྤང་། ཚ་སྐྱུར་ལ་སོགས་སྤང་བར་བྱ། ར་ཞོ་ར་མར་ཤ་ལ་སོགས། ཆང་དང་ཟས་ཀྱི་རི་ཐང་མཚམས། རབ་ཏུ་བླ་མའི་ཞལ་ལས་དྲིས། རིག་པའི་མདའ་ཡིས་བསྣུན་ལ་གྱིས། ལན།

            སྔོའི་ནུས་པས་ཆང་འཐུང་པ། ཁྲ་ཐིབ་པ་ལ་རབ་ཏུ་དྲིས། །བྱ་བ་ནི་ཀྱི་ལྕེ་དཀར་པོ་ལ་བྱ་སྟེ། འབྲི་ཏ་ལ་བྱའོ། །སྤྱིར་འབྲི་རྟ་ལ་རིགས་མང་ཡང་། འདིར་འབྲི་རྟ་ཏྲེ་སྨན་བྱ་བ། རྣ་རིང་བའི་འདམ་བུ་ཀ་ར། འོག་ལ་མི་འབྲོས་པར་བྱ་བའི་དོན་དུ། ཕོ་བ་ནས་ནད་འདེད་དུས་འབྲོས་སོ། ཁྲག་རྩ་ལ་མི་འབྲོས་པའི་དོན་དུ་སྤང་རྩི་དོ་བོ། བསྐྱོད་པའི་རྟ་ཆུ་གྲང་ལ་བྱ། སྲུང་བའི་ཆུ་ཆོད་པ་དང་སྣ་མ་ཚིག་པ་དང་གྲོགས་དང་འདྲེན་པར་བྱ། གཏོང་བའི་དུས་སུ་ནད་གཞི་དང་སྦྱར། ཡན་ལག་རྨ་ལ་ཆུ་འཐུང་པ། །འབམ་པོའི་སྔོ་ལ་རབ་ཏུ་དྲིས། །ཞེས་བྱ་བ་ནི་སྤྱིར་ཆུའི་གཉེན་པོ་ལྕ་ཆུང་བ་ལ་བྱ། ཆུ་འདུལ་བ་དང་ནུས་པ་གསོད་པ་དང་ཆུ་བདུད་རྩིར་བསྒྱུར་བ་དང་གསུམ་ལས། འདིར་མན་ངག་དུ་བསྟན་ཏོ། །མཐུན་པའི་གྲོགས་ཤིང་སྟག་པའི་ཐལ་བ་དང་། ཤ་ལ་ཡུ་རིང་དང་། གོང་དུ་བསྟན་པའི་འབྲི་ཏ་ཀེ་མན་ཏ་དང་བཞིའོ། །ཞིབ་ཏུ་བྱས་ན་རག་པའི་ཡོན་ཏན་གྱིས་ཆུ་འདུལ། ཤ་ལ་ཡུ་རིང་གིས་བདུད་རྩིར་བསྒྱུར། འབམ་པོའི་ཡོན་ཏན་གྱིས་ནུས་པ་གསོད། འབྲི་ཏའི་ཡོན་ཏན་གྱིས་རྨ་གང་ཡོད་པའི་རྩ་རྣམས་སྡོམ་སྟེ། དཔེར་ན་རྡོ་ཚན་ལ་ཁ་བ་བབས་པ་ལྟ་བུ་སྟེ། རབ་ཏུ་གསང་བའི་མན་ངག་ཡིན། སྲུང་བའི་དམ་ཚིག་ནི། ཉ་ཕག་བྱའི་སྒོ་ང་ཡིན། གཡེར་མ་སྤང་། བསྐྱོད་པའི་རྟ་ནི་བྲམ་ཐལ་ཆུ་ལ་བྱ། ལན།

            ཁྲག་ནད་ལམ་དུ་འགོགས་མི་འགོགས། །ཀུན་བྱེད་རྒྱལ་པོ་དག་ལ་བྲིས། །ཞེས་བྱ་བ་ནི། སྤང་རྩི་དོ་བོ་ལ་བྱ་སྟེ། སྔོ་གཅིག་དུ་བྱས་པ་ལ་རྩ་བའི་འཁྲུལ་པ་གཅོད་དེ། གག་པའི་གཉེན་པོའི་སྨན་ཡིན། འདབ་མས་ཁྲག་གཅོད་དེ་རྩའི་གཉེན་པོ་ཡིན། ངར་པར་ཐང་གི་ནུས་པ་འབྱུང་སྟེ། ཚད་པའི་གཉེན་པོ་ཡིན། མེ་ཏོག་གིས་རྨ་འདྲུབ་ནུས་ཏེ། དེས་ན་ཀུན་བྱེད་རྒྱལ་པོ་ཞེས་བྱ་བ་མཐུན་པའི་གྲོགས་རྩ་བའི་དུས་སུ་སྟག་ཤ་བ་དང་མཐུན། འདབ་མའི་དུས་གུ་གུལ་དཀར་པོ་དང་མཐུན། ངར་པའི་དུས་སྐྱུ་རུ་ར་དང་མཐུན། མེ་ཏོག་དུས་སུ་དོམ་མཁྲིས་དང་མཐུན། སྲུང་བའི་དམ་ཚིག་རྩ་བའི་དུས་ན། དཀར་གསུམ་མངར་གསུམ་སྐྱུར་དང་རུལ་གསུམ་མོ། །འདབ་མའི་དུས་ན་སྐྱུར་དང་དྲག་ཤུལ་ལོ། །ངར་བའི་དུས་ན་ལྟོ་ཐང་འབྱེད་པར་བྱེད། མེ་ཏོག་དུས་ན་ཉལ་པོ་སྤང་། བསྐྱོད་པའི་རྟ་གནས་སྐབས་དང་སྦྱར། ལན།

            ཚ་འཁྲུ་གྲང་འཁྲུ་སེལ་མི་སེལ། །མེ་ཏོག་བྱ་རྐང་དག་ལ་དྲིས། །ཞེས་བྱ་བ་ནི་ལོ་བཙན་ཐེང་པོ་ལ་བྱ་སྟེ། རིགས་གཉིས་སྟེ། སྡོང་པོ་ཆེ་བ་དུག་གི་ལོ་མ་ཅན། བྱ་རྐང་དུ་སྐྱེས་པ་སྨན་གྱི་ལོ་འདབ་ཅན། མཐུན་པའི་གྲོགས་ཚ་འཁྲུའི་དུས་སུ་ཆུ་གྲང་ལ་བྱ། གྲང་འཁྲུའི་དུས་ན་ཆང་ལ་བྱ། ཟས་སྲུང་སྤྱིར་འཁྲུ་བ་ལ་ཀླད་པ་ཆུར་བཙོས་བདུད་རྩིའོ། །ཐ་རམ་འོ་མ་དང་སྦྱར་བ་བདུད་རྩི། ནས་ཕྱེ་རིལ་དུག་བརྩོས་པ་བདུད་རྩི། བསྐྱོད་པ་སྲུང་བ་མཐུན་པའི་ཟས། དྲག་པོའི་ལས་དེ་ཤེས་པར་བྱ། ལན།

            དུག་གི་ནུས་པ་གསོད་མི་གསོད། །གསེར་དྲི་རྣམ་པོ་དག་ལ་དྲིས། །ཞེས་པ་ནི་རྣམ་པར་ཡུག་གུ་ཤིང་ལ་བྱ་སྟེ། ཀ་བ་རྒྱུན་སྤྱོད་ཞེས་ཀྱང་བྱ། མིང་གི་རྣམ་གྲངས་སོ། །སྔོ་དེ་དུག་གི་གཉེན་པོར་འཕགས་པས་གསུངས། དུག་ལ་རིག་གསུམ་ཡོད་དེ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡིས། །གྱུར་པའི་དུག་དང་རྣམ་པ་གསུམ། ལྷན་ཅིག་སྐྱེས་པ་ལ་སྦྱོང་ཀྱིས་འཆོས། གུར་སེ་བས་བཙན་དུག་འཇོམས། སྦྱར་བའི་དུག་ལ་འབྲི་ཏ་རྣམ་པ་མཐུན་པའི་གྲོགས། མེ་ཏོག་གླང་སྣ་བྲ་བ་རྒྱུ་རུབ་ལྷ་མོའི་དང་། འདི་དང་ལྡན་པའི་སྨན་གྱིས་སྦྱར་དུག་ཞི་བར་འགྱུར། སྲུང་བའི་དམ་ཚིག་ངན་པའི་ཟས་དཀར་དང་མངར། བསྐྱོད་པའི་རྟ་ནི་སོ་སོའི་ཆུ། མ་སྐྱོད་དེའི་རུས་པའི་ཁུ་བ་སྟེ། འདི་དང་ལྡན་ན་དུག་དང་བྲལ། ཀྱ་ནག་གཏེར་མའི་ལུགས་འདི་ལ། དུག་ལ་གསར་རྙིང་ཡང་མེད། གང་དང་གང་ལ་བབས་པ་དེ་ལ་བྱེད་མོད། དཔེ་ཉི་མ་ཚ་མོའའི་སེར་བུ་བཞིན། འདི་འགྲམ་པ་དབུས་སུ་སྡུ་བ་དང་གག་རྩ་རུ་དྲང་པ་དང་། ཚ་བ་ལོགས་སུ་བསད་པ་དང་། གསུམ་ལས་མི་འདའ་འོ། །འགྲམ་སྡུན་ད་ཨ་རུ་ར་དང་འདྲའོ། །ཚ་བ་ཁོག་དུ་བསད་པ་ནི་གོང་སྨོས། གག་རྩ་རུ་གཏར་བ་གཏར་ཁའི་གྱུར་པ་ལས་བྱུང་བ་ཤ་དུག་སྟེ། བྱི་ཚེར་བའི་ཁུ་བ་ནི་ཤ་དུག་ལ་བསྔགས་པ་ཡིན། བོད་ཏིག་གདུས་པའི་ཁུ་བ་དང་། བོང་བུའི་སྦངས་ཁུ་རྩིར་བ་ནི། ཤའི་དུག་འཇོམས་པ་ཡིན། མན་ངག་རྩ་བར་དུ་བྱ་བ་ནི། གཡང་མོ་ལུག་གི་རིལ་མ་དང་། ཀ་ར་མཉམ་སྒྲགས་པ་ནི། མུན་ནག་དཀར་ཁུང་ཕྱེ་བ་འདྲ། སྲུང་བ་ནི་མངར་དང་དཀར་དང་སྐྱུར་ལ་སོགས་པ་གཅིག་ཉིད་དུ་སྲུང་བར་བྱ། བསྐྱོད་པའི་རྟ་ནི་གནས་སྐབས་སྦྱར། ཡང་ན་དུག་གི་མན་ངག་ལ། པི་པི་ལིང་དང་ཡུང་བ་དང་། ལྡུམ་བུ་རེ་རལ་སེ་བ་འོམ་བུ་གཉིས་ནང་དུ་བྱས་ལ་བཏང་། སྨན་གོང་མའི་ས་སྫི་ཆུའོ། །ཡང་ན་ཆུ་ལ་བྱའོ། །དྲིས་པའི་ལན་ནོ། །

            རྨ་རྒན་འོར་དུ་ལྷུང་བ་ཡང་། ཟངས་རྩི་དཀར་པོ་དག་ལ་དྲིས། །ཞེས་པ་ནི་མེས་ཚིག་དང་འབྲས་དང་སུར་ཡ་དང་ཐམས་ཅད་ལ་འགྲོ་བ་སྟེ། མཐུན་ཕྱོགས་འདམ་བུ་ཀ་ར་ཡིན། བསྐྱོད་པའི་རྟ་གནས་སྐབས་དང་སྦྱར། ལན་དུ་གསུངས་སོ། །

འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཁས་པ་འགའ་ལ་ལན་དུ་གསུངས་པའོ། །འཇམ་དཔལ་གྱི་སྔོ་འབུམ་ཆེན་མོ་རྫོགས་སོ།། །།

 

 

མཐའ་མའི་འདོན་ཐེངས་།: 08.09.2015 ཉིན། 12:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།