སྨན་རྩིས་དྲ་བ། - ཆེད་རྩོམ།

ཞང་ཞུང་བོན་གྱི་བོད་སྨན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.06.2018
ཆེད་རྩོམ། >>


ཞང་ཞུང་བོན་གྱི་བོད་སྨན།

- དབོན་པོ་རྡོ་རྗེ་དགྲ་འདུལ།


སྤྱིར་བོད་ཀྱི་སྨན་ནི་ལུས་སེམས་ཟུང་འབྲེལ་གྱི་བཅོས་ཐབས་ཞིག་ཡིན་ཞིང་། དེ་ལྟར་ཟུང་འབྲེལ་དུ་གསོ་བར་བོད་སྨན་འདི་གཙོ་བོ་བོན་དང་ནང་ཆོས་གཉིས་ཀྱི་ལྟ་གྲུབ་ལ་གཞི་རྟེན་བཅོལ་ནས་གཏན་ལ་ཕབ་པའི་གཞན་རྗེས་སུ་འཛིན་པའི་རིག་གནས་ཞིག་ཡིན། བོན་ཞེས་པ་བརྡ་རྙིང་པ་ཞིག་སྟེ་དེ་ཡི་དོན་ནི་བཟླ་བ་ལ་གོ་བ་ཡིན། དེ་ཡང་སྔར་བོན་པོ་རྣམས་ཀྱིས་སྔགས་མང་དུ་བཟླས་པའི་སྒོ་ནས་རང་གཞན་གྱི་ནད་གདོན་གྲོལ་ཐབས་ཀྱི་ཞི་དྲག་གི་ལས་སྦྱོར་རྣམས་བྱེད་ཀྱི་ཡོད་པར་བརྟེན་བཟླ་ཞེས་པ་ལས་བོན་བྱུང་བ་ཞིག་རེད། སྤྱིར་བོན་པོ་ལའང་ནང་གསེས་དབྱེ་བ་མང་པོ་ཞིག་བྱུང་འདུག་པར་མ་ཟད་དར་རྒུད་ཀྱི་གནས་སྟངས་ཀྱང་མང་པོ་ཞིག་བྱུང་འདུག  ཕྱིས་བོན་གྱི་མཁས་པ་མང་པོ་ཞིག་གིས་ནང་ཆོས་དང་དེ་འབྲེལ་རིག་གཞུང་ལ་གཞི་བཅོལ་ནས་རྒྱས་སྤྲོས་དང་བཅོས་བསྒྱུར་མང་པོ་ཞིག་བྱས་པའི་རྐྱེན་གྱིས་དང་པོའི་བོན་གྱི་ལྟ་གྲུབ་ལག་ལེན་མཐའ་དག་རང་སོར་མ་གནས་པའི་མངོན་ཚུལ་ཡང་འདུག གང་ལྟར་ནང་ཆོས་མ་དར་གོང་གི་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པ་ནི་གཙོ་བོ་བོན་གྱི་རིག་པའི་གཞུང་ལུགས་སུ་གྲགས་པ་རྣམས་ཡིན་པར་འདོད་པ་ལྟར་དོན་ལ་གནས་ཤིང་། དེས་ན་ཞང་ཞུང་བོན་གྱི་བོད་ཀྱི་གསོ་བ་རིག་པ་འཆད་པ་ལ། དང་པོ་བོན་གྱི་གཞུང་ལུགས་ཐམས་ཅད་ཀྱི་ཆུ་འགོ་སྟོན་པ་མི་བོ་གཤེན་རབ་དང་། གཉིས་པ་འཆད་ཉན་དར་སྤེལ་མཛད་པོ་དཔྱད་བུ་ཁྲི་ཤེས། གསུམ་པ་བོན་གྱི་སྨན་གཞུང་། བཞི་པ་བོད་རྗེ་རིམ་བྱོན་གྱི་དུས་སུ་བོན་སྨན། ལྔ་པ་ཏུན་ཧོང་གི་སྨན་དཔྱད་ཡིག་རྙིང་བཅས་ས་བཅད་ལྔའི་སྒོ་ནས་འཆད་པར་འདོད།

སྟོན་པ་གཤེན་རབ་མི་བོ་ཆེ།

སྟོན་པ་གཤེན་རབ་མི་བོ་ཆེ་ནི། བོན་གྱི་གཞུང་ལུགས་རིག་གནས་ཐམས་ཅད་ཀྱི་ཆུ་འགོ་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་ཞིང་། ཁོང་ནི་གོང་དུ་བཤད་པའི་གདོད་མའི་སྙན་བརྒྱུད་ཀྱི་བོད་སྨན་དེ་དག་མི་རབས་རིམ་པར་བརྒྱས་པའི་རྗེས་གངས་རིའི་རྒྱལ་པོ་ཏི་སེ་དང་མཚོ་མ་ཕམ་གཉིས་ཀྱི་འགྲམ་ཆུ་བོ་བཞི་ཡི་འདུས་མདོ་ཞང་ཞུང་འོལ་མོ་ལུང་རིང་དུ་སྨེ་ཕྲེང་དང་པོའི་ཤིང་ཕོ་བྱི་བ་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན་འཁྲུངས་པར་ལོ་རྒྱུས་ཡིག་ཚང་རྣམས་སུ་གྲགས་ཤིང་། ཁོང་གིས་སྲས་བརྒྱད་ཀྱི་བགྲེས་ཤོས་དཔྱད་བུ་ཁྲི་ཤེས་དང་གཞན་ཡང་གཏོ་བུ་དང་གསལ་བའི་སེང་གེ་ལ་སོགས་པ་དྲང་སྲོང་ཆེན་པོ་བརྒྱད་ལ་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ལ་སོགས་པ་རྣམས་གསུངས་ཏེ་སྟོན་པ་འདས་རྗེས་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུ་བར་མཛད་ནས་ཞང་ཞུང་ཡུལ་ཆེན་བཅོ་བརྒྱད་ལ་བྱ་རུ་ཐབ་པའི་རྒྱལ་པོ་བཅོ་བརྒྱད་བྱུང་བ་རྣམས་ཀྱིས་བོན་ལུགས་སྤེལ་བ་ལས་བོན་ལུགས་སུ་གྲགས་པའི་བོད་སྨན་དར་ཁྱབ་བྱུང་བར་གྲགས། སྟོན་པ་གཤེན་རབ་ནི་གོང་གི་རྒྱལ་པོ་བཅོ་བརྒྱད་ཀྱི་དང་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་དུས་སུ་བྱོན་ཞིང་། དེ་དུས་སྟོན་པ་ཉིད་ཀོང་པོ་བོན་རིར་ཕེབས་ནས་དཔྱད་རྒྱུད་ཀྱི་ཆ་ལག་འགའ་ཞིག་བསྟན་པར་ཡང་གྲགས། ཡང་བོན་གྱི་རྒྱལ་རབས་སོགས་སུ་སྟོན་པ་གཤེན་རབ་ནི་སྤྱི་ལོའི་སྔོན་ལོ ༡༦༠༡༧ ལ་འཁྲུངས་ནས་གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཞེས་གསུངས་ཡོད། གཤེན་ལོ་རེ་ལ་མི་ལོ་བརྒྱ་རེ་ཡོད་པར་གྲགས། དེ་བཞིན་གཤེན་ལོ་གྱ་གསུམ་བཞུགས་པར་འདོད་མཁན་དང་གཤེན་ལོ་སོ་ལྔ་བཞུགས་པར་འདོད་མཁན་སོགས་བཞེད་པ་མི་འདྲ་བ་ཡང་ཡོད། སྤྱིར་འཇིག་རྟེན་ལས་འདས་པའི་སྐྱེས་བུ་རྣམས་ཀྱི་སྤྲུལ་པ་ཅི་ཡང་སྲིད་པས་རང་རེ་སོ་སྐྱེ་རྣམས་ཀྱི་ཚོད་དཔག་ཐུབ་པ་ཞིག་མ་ཡིན་ཞིང་། འོན་ཀྱང་དོན་དངོས་ལ་ནི་མི་ལོ་དེ་ཙམ་བཞུགས་པར་གྲགས་པ་དེང་དུས་སུ་ཁས་ལེན་མི་ཆེས་དཀོན་ཞིང་སྒྲུབ་བྱེད་ཀྱང་འཇོག་རྒྱུ་དཀའ་བས་བན་བོན་ཕལ་ཆེ་བ་ནི་དད་པ་དག་སྣང་འབའ་ཞིག་གི་རྗེས་སུ་ཞུགས་པའི་གསུངས་ཚུལ་ཞིག་ཡིན་འདྲ་འདུག་སྙམ། ཡང་དེང་དུས་ཀྱི་རིག་པའི་འགྲོས་དང་མཐུན་པར་དཔྱད་ཞིབ་གནང་མཁན་མཁས་པ་འགའ་ཤས་ཀྱིས་རང་རེ་ལ་ལོ་རྒྱུས་ཀྱི་གཞི་རྩའི་སྐོར་ངེས་ཤེས་ཡོད་ངེས་པ་ཞིག་ནི། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་གོང་དེར་བྱོན་མྱོང་བའི་གཤེན་རབ་མི་བོ་ཆེ་དེས་བསྟན་པའི་གཡང་དྲུང་བོན་གྱི་བསྟན་པ་བྱུང་ཡོད་པ་དེ་ནས་བཟུང་ཡ་ཐོག་ཞང་ཞུང་གི་ཐོག་མའི་ལོ་རྒྱུས་ཀྱི་དབུ་བརྙེས་པ་དེ་ཡིན་ལ། ཞེས་དང་ཡང་། མཁས་པ་འགས་སྟོན་པ་བཅོམ་ལྡན་འདས་དང་དུས་མཉམ་དུ་བོན་སྟོན་མི་བོ་གཤེན་རབ་བྱོན་ཞེས་གསུངས་པའང་ཡོད་པས་དེ་དག་ཅུང་དངོས་དོན་དང་རན་འཚམ་ཆེ་བ་ཞིག་ཏུ་མངོན་ནོ།།

དཔྱད་བུ་ཁྲི་ཤེས།

ཁོང་ནི་བོན་སྟོན་གཤེན་རབ་ཀྱི་གདུང་སྲས་བརྒྱད་དམ་བཞི་ཡི་བགྲེས་ཤོས་དང་གསོ་དཔྱད་ལ་ཧ་ཅང་མཁས་པ་ཞིག་ཡིན། སྟོན་པས་དཔྱད་རྒྱུད་ཉིས་ཁྲི་ལ་སོགས་པ་གསུངས་པའི་བཀའ་བསྡུ་བ་པོ་དེ་ཡིན་ཞིང་། བོན་གཞུང་ལེགས་བཤད་མཛོད་ལས་བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། ཅེས་གསུངས་ཤིང་། ཁོང་གིས་དུག་བཅོས་གཡུང་དྲུང་འཁྱིལ་བ་སོགས་མཛད་ནས་སེམས་ཅན་གྱི་འགྲོ་དོན་མཛད་ཡོད་འདུག

བོན་གྱི་སྨན་གཞུང་གཙོ་གྲས།

བོན་གྱི་སྨན་ནི་ཐེག་པ་རིམ་པ་དགུའི་ནང་གི་ཕྱྭ་གཤེན་ཐེག་པ། རིག་པའི་གནས་ལྔ་ཡི་ནང་ཚན་གསོ་བ་རིག་པ། སྒོ་བཞི་མཛོད་ལྔའི་ནང་གི་འཕན་ཡུལ་རྒྱས་པ་འབུམ། ཕྱི་ནང་གསང་གསུམ་ལས་ཕྱི་རྒྱུད། བཀའ་འཁོར་གསུམ་ལས་ཐ་མར་ངོས་འཛིན་གནང་གི་ཡོས། དེ་ལྟ་བུའི་ཕྱྭ་གཤེན་ཐེག་པ་དེ་ནི་ཕྱྭ་གཤེན་གཙུག་ཕུད་ཅན་གྱིས་སྟོན་པ་མི་བོ་གཤེན་རབ་ལ་ཞུས་པའི་ངོར་གསུངས་པ་ཞིག་ཡིན་པར་བཞེད། ཡང་ཕྱྭ་གཤེན་ལེགས་རྒྱས་ཐང་པོ་སོགས་སྐལ་ལྡན་འཁོར་གྱིས་ཞུས་པའི་ངོར་སྟོན་པས་གསུངས་ཟེར་བ་ཡང་ཡོད།

འབུམ་བཞི།

བོན་གྱི་གསོ་བ་རིག་པའི་གཞཱུང་ལུགས་ཐམས་ཅད་ཀྱི་མ་ཕྱི་ལྟ་བུ་ནི་འབུམ་བཞི་ཡིན་ཞིང་། འདིར་འབུམ་བཞིའི་གཞུང་ཚད་དང་འཕེལ་རིམ་རྣམས་ས་བཅད་གསུམ་གྱི་སྒོ་ནས་བསྟན་པར་བྱ་ཞིང་། དེ་ཡད་དང་པོ་འབུམ་བཞིའི་གཞུང་ཚད་དང་། གཉིས་པ་འབུམ་བཞི་ཇི་ལྟར་བརྒྱུད་ཚུལ། གསུམ་པ་འབུམ་བཞི་གཏེར་ནས་བཞེས་ཚུལ་བཅས་ས་བཅད་གསིམ་གྱི་སྒོ་ནས་འཆད་པར་བྱའོ།།

འབུམ་བཞིའི་གཞུང་ཚད་ནི།

གོང་གི་མདོ་སྡེ་དགུའི་ནང་གི་གསུམ་པ་བདུད་རྩི་བང་མཛོད་འབུམ་བཞིའི་མདོ་ཞེས་པ་ནི་དེང་སང་ཡང་འབུམ་བཞི་ཞེས་ལེའུ་བརྒྱ་དང་དྲུག་ཅུ་རེ་བཞིའི་བདག་ཉིད་ཅན་རྒྱུད་བཞི་དང་ཕྱོགས་འདྲ་བ་ཞིག་དངོས་སུ་མཇལ་རྒྱུ་ཡོད། དེ་ཡང་རྩ་རྒྱུད་དང་འདྲ་བའི་རྩ་བ་ཐུགས་འབུམ་མཁའ་སྔོན་ལེའུ་བདུན། བཤད་རྒྱུད་དང་འདྲ་བའི་གསོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སུམ་ཅུ་སོ་གཅིག མན་ངག་རྒྱུད་དང་འདྲ་བའི་གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་གོ་བཞི། ཕྱི་མ་རྒྱུད་དང་འདྲ་བའི་གསོ་བྱེད་སྨན་འབུམ་དཀར་པོ་ལེའུ་དིམ་ཅུ་སོ་གཉིས་བཅས་ཡོད་པ་འདི་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་དགོན་སོགས་ནས་འགན་བཞེས་ཀྱིས་དཔར་ཉུང་ཤས་ཤིག་བརྒྱབ་ཡོད་ལ། ཡང་ཉེ་བའི་ལོ་ཤས་སྔོན་རྒྱ་ནག་ཏུ་པར་རྩ་བསྒྲིགས་ནས་པར་བསྐྲུན་བྱས་པ་ད་ལྟ་ངོས་སུ་མཛྷལ་རྒྱུ་ཡོད།

འབུམ་བཞིའི་འགྲོ་དོན་དར་ཁྱབ།

སྟོན་པ་གཤེན་རབ་འདས་རྗེས་སྟོན་པའི་རྒྱལ་ཚབ་གདུང་འཚོབ་མུ་ཆོས་གར་མ་ལི་ཤོ་སོགས་འཛམ་གླིང་མཁས་པའི་རྒྱན་དྲུག་དང་། དེ་དག་གིས་ལོ་ཙཱ་བ་ཆེན་པོ་མཁས་པ་མི་བཞི་ལ་བཤད་ཅིང་དེ་རྣམས་ཀྱིས་བོན་གྱི་གཞུང་རྣམས་སྟག་གཟིག་དང་། བྲུ་ཤ ཁ་ཆེ། ཁྲོམ། ཨོ་རྒྱན། ཐོ་གར། རྒྱ་དཀར་ནག སོགས་སུ་རྒྱ་ཆེར་བསྒྱུར་སྤེལ་བྱས་ཞེས་ཟེར་བ་ཡོད། ཡང་སྟག་གཟིག་གི་མཁས་པ་ཆེན་པོ་དམུ་ཆུ་དྲ་ཧེ་དང་། སུམ་པའི་མཁས་པ་ཆེན་པོ་ཧུ་ལུ་སྦ་ལེགས། རྒྱ་གར་གྱི་མཁས་པ་ཆེན་པོ་ལྷ་བདག་སྔགས་རྡོ། རྒྱ་ནག་གི་མཁས་པ་ཆེན་པོ་ལེགས་ཐང་རྨང་པོ། ཁྲོམ་གྱི་མཁས་པ་ཆེན་པོ་གསེར་ཐོག་ལྕེ་འབྱམས་ཟེར་བ་དེ་ཚོས་རང་རང་གི་སྐད་དུ་བསྒྱུར་ནས་དར་རྒྱས་མཛད་ཚུལ་ཡང་བཤད་ཡོད། ཡང་ལོ་ཙཱ་བ་དྲུག་གིས་གཡུང་དྲུང་ལྷའི་སྐད་ལས་རང་རང་ཡུལ་དུ་སྐད་རིགས་སོ་སོར་བསྒྱུར་ཞེས་གསུངས། ཡང་ད་ནས་མི་ལོ་ལྔ་སྟོང་ལྷག་གི་གོང་ནས་རྒྱ་གར་གྱི་ཆུ་ཀླུང་བརྒྱུད་ནས་བོད་ཀྱི་རིག་གནས་ཁྱབ་འཕེལ་ཕྱིན་ཞེས་དང་། ཡ་ཐོག་བོད་ཀྱི་རིག་གནས་དེ་ད་ནས་མི་ལོ་བདུན་སྟོང་ལྷག་གི་གོང་ནས་གླིང་ཕྲན་འགར་ཁྱབ་ཅིང་འཛམ་གླིང་སྤྱིའི་ཤེས་རིག་གི་འཕེལ་རྒྱས་ལ་ཕྱག་རྗེས་རླབས་ཆེན་བཞག་ཡོད། ཅེས་གསུངས་པ་ཡོད། དེ་ལྟར་མི་ལོ་ཁྲི་ཁྲག་ལྷག་གི་ལོ་རྒྱུས་ཡོད་པར་གྲགས་པའི་བོན་གྱི་གཞུང་སྤྱི་དང་ཁྱད་པར་གསོ་བ་རིག་པ་ཡུལ་གྲུ་གཞན་ལ་ཕར་དར་ཞེས་བརྗོད་ཀྱང་ལོ་ཚིགས་སོགས་ཀྱི་ཐོག་ནས་འགལ་བ་མ་མངོན། འོན་ཀྱང་དེང་དུས་ཀྱི་མཁས་དབང་ནམ་མཁའི་ནོར་བུ་ལྟར་ན་སྟོན་པ་མེ་བོ་གཤེན་རབ་ནི་ད་ནས་མི་ལོ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་སྔོན་ལ་བྱུང་ཞེས་དང་། ཟུར་མཁར་བ་བློ་གྲོས་རྒྱལ་པོ་ལྟར་ན་སྟོན་པ་བཅོམ་ལྡན་འདས་དང་དུས་མཉམ་དུ་བྱུང་བར་གསུངས་ཡོད། དེང་དུས་བོད་དང་རྒྱ་བལ་ལ་སོགས་པ་འཛམ་གླིང་གི་ཡུལ་གྲུ་མི་ཉུང་བ་ཞིག་གི་ནང་བོན་གྱི་སྨན་གཞུང་སྤྱི་དང་ཁྱད་པར་དུ་སྔར་སྲོལ་བོན་གྱི་འབུམ་བཞིའི་ལག་ལེན་སྦྱོང་བརྡར་གནང་དང་གནང་མུས་ཡིན།

འབུམ་བཞི་གཏེར་ནས་བཞེས་ཚུལ།

བོན་གྱི་སྨན་དཔྱད་སྤྱི་དང་ཁྱད་པར་འབུམ་བཞི་ནི་སྟོན་པ་གཤེན་རབ་ནས་དཔྱད་བུ་ཁྲི་ཤེས་དང་མུ་ཙ་ཏྲ་ཧེ་སོགས་ནས་རིམ་པར་བརྒྱུད་ནས་མཐར་བརྒྱ་ཕྲག་བརྒྱད་པ་སོགས་སུ་བོན་ལ་ཉམས་ཆག་བྱུང་སྐབས་གཞུང་ཟབ་མོ་དེ་དག་ཉམས་པར་འཕངས་ཏེ་བོན་པོ་མི་བདུན་གྱིས་གཏེར་དུ་སྦས་ནས་ཕྱིས་དུས་རབས་བཅུ་གཅིག་པའི་ནང་བུ་འཚོ་སྲིད་པའི་རྒྱལ་པོས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ནས་གཏེར་དེ་བཞེས་པར་གྲགས། ཁོང་གིས་རྨེའུ་མཁས་པ་དཔལ་ཆེན་ལ་གནང་ནས་ད་ལྟའི་བར་རིམ་པར་བརྒྱུས་དེ་མ་ཉམས་པར་གནས་ཡོད། ཡང་ཁུ་ཚ་ཟླ་འོད་ཀྱིས་གཏེར་ནས་བཞེས་ཟེར་བ་དང་། གཤེན་ཆེན་ཀླུ་དགས་བཞེས་ཟེར་བ། ཨ་ཙ་ར་མི་གསུམ་མམ་བན་དེ་མི་གསུམ་གྱིས་བསམ་ཡས་ནས་བཞེས་ཟེར་བ་སོགས་གཏེར་ལུགས་མི་འདྲ་བ་བཞིར་གསུངས་པའང་ཡོད་པ་ཡིན།

འབུམ་བཞིའི་ནང་དོན་ལ་དཔྱད་པ།

བོན་གྱི་མཁས་པ་ཚོས་འབུམ་བཞི་འདི་ལས་རྒྱུད་བཞི་བྱུང་བར་འདོད་པ་དང་གཞན་ལྟར་ན་རྒྱུད་བཞི་ལས་འབུམ་བཞི་བྱུང་བར་འདོད་པ་སོགས་འདོད་ཆུལ་མི་འདྲ་བ་སྣ་ཚོགས་ཤིག་ཡིད། གང་ལྟར་བློ་གཟུ་བོར་གནས་ཏེ་དེའི་ནང་དོན་ལ་དཔྱད་པ་བྱས་ན་རྒྱུད་བཞི་འདི་ནི་བོད་གངས་ཅན་ལྗོངས་ཀྱི་ཡུལ་དུས་གོམས་གཤིས་ཟས་སྤྱོད་འཁོར་ཡུག་ལ་གཞི་བཅོལ་ནས་བོད་རང་དུ་དར་བའི་གདོད་མའི་སྙན་བརྒྱུད་ཀྱི་གསོ་བ་རིག་པ་དང་། གནའ་སྔ་མོའི་བོན་གྱི་སྨན་ཡིག་ཁག ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀྱི་གཞུང་། རྒྱ་ནག་གི་སོ་མ་རཱ་ཛ་སོགས་སྨན་གྱི་གཞུང་ལུགས་དུ་མ་ཞིག་གི་ལེགས་ཆ་སྙིང་བཅུད་བླངས་ཏེ་ཕྱོགས་བསྡུས་བརྩམས་བསྒྲིགས་བྱས་པ་ཞིག་ཡིན་འདུག་སྙམ་ཞིང་། རྒྱུད་བཞི་འདི་ཉིད་གཞིར་བཞག་སྟེང་ལེའུ་གྲངས་དང་གླེང་གཞི་སོགས་ལ་འགྱུར་བ་མི་ཉུང་བ་ཞིག་བཏང་སྟེ་འབུམ་བཞི་བརྩམས་བསྒྲིགས་བྱས་པ་ཞིག་ཡིན་ངེས་འདུག སྤྱིར་སྨན་གཙོ་བོར་གྱུར་པའི་བོན་པོའི་རིག་གནས་རྣམས་བོད་ཀྱི་རིག་གནས་དང་གོམས་སྲོལ་མང་པོ་ཞིག་གི་རྩ་བར་གྱུར་འདུག་པར་མ་ཟད་བོན་གྱི་སྨན་ནི་ཆེས་སྔ་མོ་ནས་གཞི་རྩ་ཡོད་པ་ཞིག་རེད་འདུག འོན་ཀྱང་ཕྱིས་ཞྭ་དཔེ་ལྷམ་བཀབ་དང་བཤུ་བསྒྱུར་ཁ་སྣོན་བྱས་པ་སྣང་བྱེད་ཟུང་གི་སྤྱོད་ཡུལ་དུ་རྗེན་པར་གསལ་བ་མང་པོ་ཞིག་ཀྱང་ཡོད། ལོ་རྒྱུས་དང་གཞུང་རྣམས་སུ་ཇི་ལྟར་གསལ་བ་ལྟར་ཐམས་ཅད་དེ་ལྟར་མིན་ནའང་བོན་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པའི་གཞི་རྩའི་འབྱུང་གནས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པ་ནི་སྨོས་མ་དགོས་པ་རེད་འདུག་སྙམ་མོ།།

བོན་གྱི་སྨན་དཔྱད་གཞན།

བོན་གྱི་སྨན་དཔྱད་གཞན་ཡང་མང་དུ་ཡོད་དེ། དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་སྨན་མདོ་རྩ་འགྲེལ་ལེའུ་བདུན་པ་དང་དུག་བཅོས་གཡུང་དྲུང་འཁྱིལ་བ། སྐལ་ལྡན་བྱིས་པས་གཏེར་ནས་སྤྱན་དྲངས་པའི་རིམས་སྲུང་དང་། ཁྱུང་ལུང་དངུལ་དཀར་བྲག་ཕུག་ཏུ་ལྷ་ཆེན་དྲན་པ་ནམ་མཁའ་ལ་མཁའ་འགྲོ་མ་སུ་ཁ་སི་དྷི་ཞེས་པའི་དངོས་སུ་གནང་བ་གཟའ་བཅོས་གཏེར་གྱི་སྒྲོམ་བུ། འབུམ་བཞིའི་དགོངས་འགྲེལ་ཕྱིས་ཀྱི་མཁས་པ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི་སྨན་སྦྱོར་སྟོང་རྩའི་ལག་ལེན་དང་། སྐམ་གཡུང་དྲུང་ཉི་རྒྱལ་གྱིས་གསོ་རིག་མན་ངག་ཀུན་གསལ་ཉི་མའི་དབང་པོ་ལ་སོགས་པ་སྔ་རབས་བོན་གྱི་མཁས་པས་མཛད་པའི་བསྟན་བཅོས་དབང་ལུང་བརྒྱུད་པ་བར་མ་ཆད་པར་འགྲོ་བའི་དཔལ་དུ་བཞུགས་པ་མང་པོ་ཡོད་པ་ཡིན། བསམ་ཡས་སུ་སྨན་པའི་བགྲོ་གླེང་སྐབས་གཡུ་ཐོག་རྙིང་མར་རྒྱ་གར་གྱི་སྨན་པས་བོད་ལ་སྨན་ཡོད་མེད་དྲི་བ་ཞུས་པའི་ལན་དུ་ཞང་ཞུང་དུ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། བོད་ལ་ནད་ཞི་བར་བྱེད་པའི་གཉེན་པོ་བཞི་ལྡན་གྱི་རྒྱུད། བོན་ལ་དུགས་ལུམས་བྱུག་པའི་རྒྱུད་ཡོད་གསུངས་པ་སོགས་ལས་བོན་གྱི་སྨན་གཞུང་རྣམས་ཆེད་སྔ་མོ་ནས་ཡོད་པར་མཚོན་ཐུབ། ཡང་རྒྱ་གར་གྱི་སྨན་པ་བི་ཇི་དགའ་བྱེད་དང་བི་ལ་དགའ་མཛེས་མ་གཉིས་ཀྱིས་བོད་ལ་སྨན་དང་སྨན་པ་ཡོད་མེད་བུ་མོ་ཞིག་ལ་དྲིས་པར་བུ་མོས་སྨན་ཡོད་པ་མ་ཟད་སྨན་པ་ཕ་མ་ཡིན་ཆུལ་ལན་བཏབ་པ་སོགས་ལས་ཆེས་སྔ་མོ་ནས་སྨན་ཡོད་པ་གསལ་པོ་ཤེས་ཐུབ་པར་མ་ཟད་སྨན་དཔྱད་དེ་ཡང་བོན་གྱིས་ཡིན་པར་གདོན་མི་ཟའོ།།

བཙན་པོ་རིམ་བྱོན་གྱི་དུས་སུ་བོན་སྨན།

བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་སྙན་བཙན་བར་གྱི་བཙན་པོ་རིམ་བྱོན་གྱི་སྐབས་སུ་བོན་གྱི་ཆོས་དང་རིག་གཞུང་ཁོ་ན་དར་བར་མངོན་ཞིང་། དེ་ནས་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རིའི་སྐབས་སུ་ནང་ཆོས་དང་ཚེ་ཡི་རིག་བྱེད་དབུ་བརྙེས་པར་བཞེད་ཀྱང་བོད་རྗེ་སོ་གཉིས་པ་གནམ་རི་སྲོང་བཙན་བར་ལ་བོན་དར་བ་ལས་ནང་པའི་ལྟ་གྲུབ་དང་སྨན་དར་བའི་མངོན་རྟགས་མི་འདུག བོད་རྗེ་སོ་གསུམ་པ་སྲོང་བཙན་སྒམ་པོ་ནས་རྒྱ་གར་སོགས་ནས་ཆོས་སྨན་མངོན་གསལ་ཆེན་པོས་དར་འགོ་ཆུགས་འདུག

བོད་ཡུལ་སྤྱི་ལ་དབང་བའི་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་སྤྱི་ལོའི་སྔོན་ལོ་ ༡༢༧ ཙམ་ལ་བྱོན་པར་ལོ་རྒྱུས་མཁན་པོ་རྣམས་ཀྱིས་བཞེད། ཁོང་བོད་ཡུལ་ཡར་ལུང་བཙན་ཐང་སྒོ་བཞིར་ཕེབས་སྐབས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་ཅིང་དེ་དུས་རྒྱལ་ཕྲན་བཅུ་གཉིས་སོགས་ཀྱིས་དབང་བྱེད་པ་ན་རྒྱལ་ཕྲན་ཕན་ཚུན་ནང་མ་འཆམ་པར་རྗེ་མ་བཏུབ་པའི་དུས་སུ་འཁེལ་ཞིང་། དེར་ཞང་གསུམ་དང་བློན་བཞི་ཤེས་པ་ཅན་བཅུ་གཉིས་རྣམས་བཀའ་གྲོས་ནས་རྩིབ་ལྷ་སྐར་མ་ཡོལ་སྡེ་ལ་རྗེ་བཏུབ་པ་གང་ན་ཡོད་དྲིས་པར། གནམ་རིམ་པ་ལྔའི་སྟེང་ན་རྗེ་གཉའ་ཁྲི་བཙན་པོ་བྱ་བ་ལྷའི་སྲས་པོ་རྨུའི་ཚ་བོ་ཡོད་ཅེས་གསུངས་པ་ལྟར་ཁོང་བོད་རྗེར་གདན་དྲངས་ཤིང་། ཁོང་ནི་རྒྱ་གར་གྱི་རྒྱལ་ཕྲན་ཞིག་དམག་ཕམ་ནས་ཡུལ་གྱར་ཏེ་བོད་ལ་ཕེབས་པ་ཡིན་པར་འདོད་པ་དང་། ཡང་མ་གྷ་དྷའི་རྒྱལ་པོ་དམག་བརྒྱ་པའི་སྲས་བྱད་གཟུགས་མི་ལེགས་པ་ཞིག་བཙས་པར་མི་ལ་སྟོན་མ་ནུས་པར་སྤྱུགས་པས་བོད་དུ་སླེབས་པ་ལས་གཉའ་ཁྲི་བཙན་པོ་བྱུང་བར་བཤད་པ་སོགས་བཤད་ཚུལ་མི་འདྲ་བ་ཡོད་ཅིང་། གང་ལྟར་བོན་གྱི་ཤེས་པ་ཅན་རྣམས་ཀྱིས་ཁྱེད་གང་ནས་ཡོང་དྲིས་པར་སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་བཙུགས་པས་ལྷ་ཡུལ་ནས་ཕེབས་པར་བསམས་སྟེ་ཡུལ་མི་རྣམས་ཀྱིས་རྒྱལ་པོ་ལ་བསྐོ་བར་ཁ་འཆམ་ཞེས་གསུངས་ཀྱང་གཤམ་གྱི་དོགས་པ་དྲུག་ལ་སྐད་བརྡ་འཕྲོད་པ་ནང་འགལ་ཡིན་སྟབས་སྔ་ཕྱི་གང་རུང་གཅིག་བདེན་པར་མ་ངེས་སྙམ། དེ་ཡང་ཁོང་ལ་བོད་ཀྱི་རྒྱལ་པོར་བྱོན་པར་ཞུས་པས་གདན་འདྲེན་པ་རྣམས་ལ་བོད་ཡུལ་ས་མ་གི་ན་རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་དོགས་པ་དྲུག་གསུངས་པའི་ལན་དུ་རྩིབས་ལྷ་ཀརྨ་ཡོས་སྡེས་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་གསུངས་པ་ལས་དེ་དུས་ནས་བོད་དུ་དུག་སོགས་ལ་སྨན་ཡོད་པ་ཤེས་ཐུབ་པ་དང་། ཡང་གཉའ་ཁྲིའི་དུས་སུ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བ་རྣམས་ལས་ཕན་ཤེས་སྨན་དཔྱད་ཅེས་པ་དེ་གསོ་བ་རིག་པ་ལ་བྱང་ཆུབ་པའི་བོན་གྱི་སྨན་པ་མཁས་པ་ཞིག་ཡིན་ཞེས་གསུངས་ཡོད། དུས་དེར་བོན་ལ་ཤེས་རིག་མི་འདྲ་བ་བཅུ་གཉིས་བྱུང་བ་དེ་དག་སོ་སོ་ལ་མཁས་པའི་མི་བཅུ་གཉིས་བྱུང་བ་ལ་ཤེས་པ་ཅན་བཅུ་གཉིས་ཞེས་གྲགས་ལ། དེ་ཡི་ནང་ནས་ཕན་ཤེས་སྨན་དཔྱད་ཅེས་པ་སྨན་ཡིན་ཞིང་། དེ་ལ་མཁས་པའི་སྨན་པ་ཞིག་ཀྱང་ཡོད་པར་བསྟན་པ་དེས་དེ་དུས་སུ་བོད་ལ་སྨན་དང་སྨན་པ་ཡོད་པ་གསལ་པོ་ཤེས་ཐུབ། དེ་ཡི་སྐབས་སུ་ནམ་མཁའ་སྣང་བ་མདོག་ཅན་དང་ལོ་པཎ་མཁས་པ་མི་བཞི་ལ་སོགས་པས་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་མང་པོ་བོད་སྐད་དུ་བསྒྱུར་བའི་སྐབས་སྨན་རྩིས་ཀྱང་བསྒྱུར་ཡོད་པར་གྲགས། དེ་སྐབས་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ཏེ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅ་རྩ་བདུན་སོགས་བཙུགས་པར་ཡང་བཤད། དུས་དེ་ཙམ་ལ་རྒྱ་གར་ན་ཆོས་ཡོད། རྒྱ་ནག་ན་གཙུག་ལག་ཡོད། ཁྲོམ་ན་སྨན་དཔྱད་ཡོད། བོད་དང་ཞང་ཞུང་ལ་བོན་མིན་པ་མེད། གཙུག་ལག་དང་སྨན་གཉིས་ཀྱང་བོན་གྱི་ཆ་ལག་ཏུ་ཡོད་དེ་དེའི་དུས་ན་གྲུབ་པ་ཐོབ་པའི་གཤེས་དགུས་ནི་འགྲོ་དོན་མཛད། ཅེས་གསུངས་ཡོད། རྒྱལ་པོ་འབྲོང་གཉན་ལྡེའུའི་སྲས་དམུས་ལོང་དཀོན་པ་བཀྲ་བྱ་བ་སྨན་པ་འ་ཞྭ་རྗེ་གདན་དྲགས་ཏེ་མིག་གསེར་གྱི་ཐུར་མས་ཕྱེ་བར་གྲགས་ཤིང་། དེ་དུས་བོད་ལ་སྨན་བཅོས་ཀྱི་ལག་རྩལ་ཆེས་མཐོན་པོ་ཡོད་པ་ཤེས་ཐུབ་པར་མ་ཟད་དེ་ཡི་སྐབས་ཏ་ཟིག་དང་འ་ཞར་དར་བའི་ཆོས་དང་སྨན་ནི་བོན་གྱི་ཡིན་པར་གསུངས་ཡོད། ཡང་རྒྱལ་པོ་ཁྲི་སྲིང་གི་གཅེས་པའི་ཆིབས་རྟ་ཞིག་ན་བ་དེ་གསོ་བའི་སྨན་པ་མཁས་པ་ཐ་ན་ཆུ་སྐྱེས་ཞེས་པ་ཞིག་འ་ཞ་ནས་གདན་དྲངས་ཞེས་གསུངས་པ་ཡོད། རྒྱལ་པོ་ཁྲི་སྡེ་གཙུག་བརྟན་སྐབས་སྨན་དཔྱད་སོ་མ་ར་ཛ་བོད་སྐད་དུ་བསྒྱུར་མཁན་གྲས་སུ་ཡོད་པའི་ཁྱུང་པོ་ཙེ་ཙེ་དང་། ཁྱུང་པོ་ལྡུམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱང་བོན་པོའི་མཁས་པ་ཡིན་པར་བཞེད་པ་ཡོད།

ཏུང་ཧོང་གི་སྨན་དཔྱད་ཡིག་རྙིང་།

ཏུན་ཧོང་ནས་ཆེས་སྔ་མོའི་ཡིག་རྙིང་ཤོག་དྲིལ་སོགས་མང་པོ་ཞིག་ཐོན་པའི་ནང་སྨན་དཔྱད་ཀྱང་མི་ཉུང་བ་ཞིག་ཡོད་པར་མ་ཟད། སྨན་དཔྱད་དེ་དག་ནས་ཀྱང་སྔ་མོའི་ཞང་ཞུང་བོན་གྱི་ཡིག་ཆར་གཏོགས་པ་མང་པོ་ཞིག་ཡོད། དེས་ན་ཏུན་ཧོང་གི་ཤོག་དྲིལ་ཡིག་ཆ་རྣམས་ནི་འདས་པའི་བྱུང་བ་ལ་དཔྱད་བསྡུར་བྱ་རྒྱུའི་ཁུངས་གཏུགས་ཡིོག་ཆ་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད། ཏུན་ཧོང་ཞེས་པའི་ས་ཆ་དེ་ནི་དེང་སང་རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ཁྱབ་ཁོངས། རྨ་ཆུའི་ནུབ་ངོས་མཚོ་སྔོན་ཞིང་ཆེན་དང་། ལི་ཡུལ་ཤིང་ཅང་མངའ་སྡེ་གསུམ་འདུས་ཀྱི་ས་མཚམས་སུ་གནས་ཤིང་། ས་ཆ་དེ་ལ་ཤ་ཅུ་སྟེ་བྱེ་གླིང་ཟེར་བའི་དོན་ཡིན་འདུག ཏུན་ཧོང་ངམ་སྟོང་ཕུག་ཅེས་པའི་ས་གནས་དེ་ཐོག་མར་བྱུང་ཚུལ་ནི། ཆིངས་རྒྱལ་རབས་སྔ་མའི་ཅན་ཡོན་ཁྲི་ལོ་གཉིས་པ་སྤྱི་ལོ་ ༣༦༦ ལོར་རྣལ་འབྱོར་བ་བློ་བཙུན་བྱ་བ་ཞིག་དེ་གའི་གྲོང་ཚོའི་ཤར་ལྷོའི་མིང་ཧྲ་རི་བོའི་ཕྱོགས་སུ་ཕྱི་དྲོ་ཞིག་བསྐྱོད་སྐབས། རི་རྩེའི་མཁའ་མཐོངས་ནས་གསེར་མདོག་འཚེར་བའི་སངས་རྒྱས་སྟོང་སྐུ་བྱོན་ཏེ། རི་བྲག་དེའི་ངོས་སུ་ཐིམ་པའི་དག་སྣང་བྱུང་བར་བརྟེན། རྣལ་འབྱོར་པ་དེས་བྲག་ཕུག་གཅིག་བརྐོས་ནས་དེར་སྒོམ་སྒྲུབ་བྱས་པ་དེ་ནི་ཕུག་འཛིན་ཐོག་མ་དེ་ཡིན་སྐོར་གསུངས་ཡོད། གནས་དེ་ནི་ཚོང་ལམ་ཞིག་ཀྱང་འཁེལ་བ་ཡིན་གཤིས་ལམ་བུ་དེ་བརྒྱུད་ཨི་རན་ཕྱོགས་ནས་གཡུ་སྤུས་ལེགས་མང་པོ་ཐོན་པར་བརྟེན་གཡུ་ལམ་དང་། དེ་རྗེས་སྤྱི་ལོ་ ༣༩༩ ལོར་སྡེ་སྣོད་གསུམ་པའི་དགེ་སློང་ཧྥ་ཤན་ཞུ་བ་རྒྱ་གར་ལ་དམ་ཆོས་ལེན་པར་བསྐྱོད་པའི་འགྲུལ་ལམ་འཁེལ་བར་མ་ཟད་དགེ་སློང་དེ་ནི་འགྲུལ་ལམ་དེར་བསྐྱོད་མཁན་གྲགས་ཆེ་ཤོས་བྱུང་བར་བརྟེན་འགྲུལ་ལམ་དེར་ཆོས་ལམ་ཞེས་མིང་ཐོགས། དེ་ནས་སྤྱི་ལོ་ ༡༨༧༧ གྱི་ལོར་འཇར་མན་པ་ཧྥེར་ཌེནནཌེ་ཝོན་རིཅཐོ་ཕན་ Ferdinand von  Richthofen ཞེས་པས་དར་གོས་འགྲུལ་ལམ་ Silk Road ཞེས་མིང་བཏགས་པ་ནས་བཟུང་མིང་དེ་ཡོངས་སུ་གྲགས་པ་བྱུང་ཞེས་གསུངས་ཡོད། ས་གནས་དེ་ནི་དར་གོས་འགྲུལ་ལམ་གསུམ་འདུས་ཀྱི་མཚམས་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༢༥ མཚམས་སུ་གནས་ཤིང་། གནས་དེར་ཚོང་པ་རྣམས་མྱ་ངམ་གྱི་བྱེ་ཐང་དེ་བརྒྱུད་ནས་ཚོང་འགྲུལ་བྱེད་སྐབས་གནས་དེར་ངལ་གསོ་བྱེད་པ་དང་། མཆོད་འབུལ་དང་སྨོན་ལམ་འདེབས་པ། རིམ་གྱིས་ཆོས་ཁང་དང་ཚོང་འདུས་བྱེད་སའི་ལྟེ་གནས་ལྟ་བུར་གྱུར་པ་རེད། གནས་དེར་སྔ་དུས་ཕུག་པ་སྟོང་ཕྲག་ཡོད་པར་བཤད་ཀྱང་དེང་དུས་གྲངས་བརྩི་རྒྱུ་ཡོད་པ་ཁྱོན་བསྡོམས་བྲག་ཕུག ༤༩༢ ཡས་མས་ཙམ་ཡོད་སྐོར་གསུངས་འདུག ས་གནས་དེ་དག་སྔར་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐབས་ནས་བོད་ཀྱི་མངའ་འོག་ཏུ་ལོ་ངོ་བརྒྱད་ཅུ་ཙམ་གནས་སྐོར་གསུངས་ཡོད། ཏུན་ཧོང་གི་བྲག་ཕུག་དེ་དག་ཐོག་མར་རྙེད་ཚུལ་ནི། སྤྱི་ལོ་ ༡༨༩༩ ལོར་རྒྱ་ནག་ཏཱའོ་ཅའོ་ཡི་ཆོས་དགེ་ཝང་ཡོན་བླུ་ཞེས་པས་ལོ་ངོ་སྟོང་ཚོའི་རིང་བྱེ་མས་བཀབ་པའི་བྲག་ཕུག་ཅིག་བྱེ་བཤང་བྱས་ནས་དེ་ཁུལ་ཡུལ་མི་རྣམས་ལ་ཆོས་ཀློག་བཞིན་འཚོ་སྡོད་བྱེད་སྐབས། རུས་མིང་ཡང་ཞེས་པ་ཞིག་དཔེ་ཆ་བྲིས་བཤུས་བྱེད་པར་གླས་ནས་ཡོད་པར། ཡང་ཞེས་པ་དེ་ཐ་མག་འཐེན་རྒྱུར་དགའ་བས་ཁོས་དེ་གའི་གྲོང་གསེབ་ནས་ཐོན་པའི་རྡོ་ཐ་ལོ་མའི་ནང་དུ་ཐ་མག་བསྒྲིལ་ཏེ་འཐེན་བཞིན་པར་ལོ་མ་གཞན་ཞིག་གྱང་ལྡེབས་ལ་གཟར་ནས་བཞག ཐ་མག་དེ་རྫོགས་ཉེར་ཡོད་སྐབས་གྱང་ལྡེབས་ཀྱི་ལོ་མ་ལེན་པར་བརྩམ་པ་ན། ལོ་མ་དེ་སེར་གའི་བར་གསེང་ནས་རྒྱབ་ཕྱོགས་སུ་ཤོར། དེས་དེར་སྦས་ཁུང་ཞིག་ཡོད་པ་ཤེས་ནས་ཁོང་གཉིས་ཀྱིས་མཚན་མོར་གྱང་ལོགས་ཤིག་ནས་འབུད་བརྒྱབ་སྟེ་བལྟས་པས། ད་ལྟའི་ཏུན་ཧོང་གསང་བའི་སྦས་ཁུང་དེ་རྙེད་པ་རེད་ཅེས་གསུངས་ཡོད། ཏུན་ཧོང་ནས་ཐོན་པའི་ཡིག་རྙང་དེ་དག་གི་ནང་གནའ་བོའི་རྒྱལ་རབས་ལོ་རྒྱུས་དང་། སྤྱི་ཚོགས་དང་ཆབ་སྲིད། ཁྲིམས་ལུགས་དང་ཆོས་ལུགས། མི་རིགས་དང་མདག་དོན། སྐད་ཡིག་དང་རྩོམ་རིག སྨན་དཔྱད་སོགས་བོད་དང་དབུས་ཨེ་ཤ་ཡའི་རིན་ཐང་བྲལ་བའི་རྩ་ཆེའི་རིག་གནས་ཤ་སྟག་ཡོད། ཡིག་རིགས་ཀྱང་ཨུ་རྒྱན་གྱི་ཡི་གེ་དང་། ལེགས་སྦྱར། བོད་ཡིག རྒྱ་ཡིག སོག་ཡིག ཡུ་གུར་གྱི་ཡི་གེ མེ་ཉག་གི་ཡི་གེ་སོགས་ཁྱོན་སྐད་ཡིག་མི་འདྲ་བ་ ༡༧ གྱི་ནང་དུ་འབྲི་ཚུལ་མི་འདྲ་བ་ ༢༠ སྐོར་བྱས་ནས་བྲིས་ཡོད། དེ་དག་གི་ནང་དོན་བརྒྱ་ཆ་ ༨༠ ཙམ་ནི་རྒྱལ་བའི་བཀའ་བསྟན་འགྱུར་གྱི་སྐོར་ཡིན་འདུག་ཅེས་གསུངས་ཡོད། སྤྱི་ལོ་ ༡༩༠༧ ལོར་དབྱིན་ཇི་བ་ Aurel Stein (1862-1943) ཏུན་ཧོང་དུ་འབྱོར་ནས་ཟླ་བ་གཅིག་མན་ཙམ་རིང་སྣུམ་བཞུའི་འོད་མདངས་འོག་ཉིན་རེར་པོད་བརྒྱ་རེ་ཞལ་ཁ་ཕྱེ་ཐུབ་པའི་ལས་ཀ་བྱས་ཏེ། ཁྱོན་ཡིག་ཆ་སྒམ་ ༢༤ དང་གོས་ཐང་སོགས་རིགས་དངོས་སྒམ་ ༥ ཁྱེར་བའི་ནང་བོད་ཡིག་གི་ཡིག་ཆ་ཁྱོན་ཤོག་དྲིལ་ ༣༠༠༠ ལྷག་ཡོད་པ་དང་། ཡིག་ཆ་ཤོག་དྲིལ་དང་ཐང་ག་དང་རི་མོ་སོགས་བསྡོམས་རྔ་མོང་གི་རྒྱབ་ཁལ་ ༤༠ སྐོར་བྱུང་ཞིང་། དེ་དག་ལས་ཡིག་དངོས་ཁག་ད་ལྟ་དབྱིན་ཇིའི་དཔེ་མཛོད་ཁང་ནང་ཡོད་པ་དང་། དཔར་རིས་རྣམས་ལོན་ཀྲོན་གྱི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་འདུག སྤྱི་ལོ་ ༡༩༡༤ ལོར་ཁོང་སླར་ཡང་ཏུན་ཧོང་དུ་བསྐྱོད་ནས་ཤོག་དྲིལ་ ༦༠༠ ཐོབ་ནས་སྒམ་ ༨ ཙམ་ཡོད་འདུག་པའང་གོང་གསལ་དཔེ་མཛོད་དུ་ཡོད་འདུག ཡང་སྤྱི་ལོ་ ༡༩༠༨ ལོར་ཧྥ་རན་སི་བ་ Paul  Pelliot (1879-1945) ཏུན་ཧོང་དུ་འབྱོར་ནས་བདུན་ཕྲག་གསུམ་ཙམ་གྱི་རིང་སྣུམ་བཞུའི་འོད་མདངས་འོག་གཙོ་བོ་སྒྱུ་རྩལ་དང་ལོ་རྒྱུས་སྐོར་ཡིག་རིགས་དང་། མཛེས་རིས་ཁག་འདེམས་སྒྲུག་བྱས་ཏེ་ཁྱོན་རྒྱབ་ཁུར་སླེལ་པོ་ ༡༠ ལྷག་ཙམ་བྱུང་བ་ལས་ཡིག་རྙིང་ཤོག་དྲིལ་ ༦༠༠༠ སྐོར་བྱུང་བའི་ནང་ནས་བོད་ཡིག་ཤིག་དྲིལ་ ༤༠༠༠ སྐོར་ཡོད། དེ་དག་རྣམས་ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་དུ་ཉར་འཚག་གནང་ཡོད་འདུག ཡང་སྤྱི་ལོ ༡༩༡༡ ལོར་ཉི་ཧོང་བ་  Kozui Otani ཏུན་ཧོང་དུ་འབྱོར་བར་ཡང་ཤོག་དྲིལ་ ༤༠༠ སྐོར་བྱུང་བ་ད་ལྟ་ཀྱོ་ཏོའི་ Kyoto སློབ་གྲྭ་ཆེན་མོ་རྱུ་ཀོར་ཁུའི་ Ryukoku ནང་ཡོད་འདུག ཡང་སྤྱི་ལོ་ ༡༩༢༡ ལོར་རུ་སུའི་རུ་ཁག་ཅིག་ Sergei Oldenburg ཞེས་པར་འབྱོར་ནས་ལོ་ཕྱེད་ཙམ་རིང་འཚོལ་ཞིབ་བྱས་ཤིང་ལྡེབས་བྲིས་མང་པོ་དཔར་བཤུས་བྱས་པར་ལྡེབ་དྲིལ་ ༡༡༠༥༠ སྐོར་བྱུང་བ་དང་། དཀར་ཆག་དེབ་ཆུང་གཅིག་དང་བཅས་བོད་ཡིག་ཤོག་དྲིལ་ ༢༠༠ སྐོར་བཅས་ཡོད་པ་ད་ལྟ་ St. Petersburg ཨུརུསུའི་ཚན་རིག་གཙུག་ལག་སློབ་གཉེར་ཁང་གི་ཤར་ཕྱོགས་ཡིག་རྙིང་སྡེ་ཚན་དུ་བཞག་ཡོད་པའི་སྐོར་གསུངས་ཤིང་། དེ་བཞིན་ཡིག་དངོས་མང་པོ་ཞིག་རྒྱ་ནག་སྲིད་གཞུང་གིས་པེ་ཅིན་སོགས་དུ་དབོར་ཟིན་པ་དང་། དེང་གི་བར་རྒྱ་ནག་ཏུ་ཏུན་ཧོང་ཡིག་རྙིང་བསྡུ་རུབ་བྱས་པའི་ནང་བོད་ཡིག་གི་ཡིག་ཆའི་དཔར་ཁྱོན་བསྡོམས་ཤོག་དྲིལ་ ༢༡༧༧༠ ཙམ་ཡོད་པ་དག་སྦེའི་ཕིང་དཔེ་མཛོད་ཁང་དང་། ཏུན་ཧོང་རིག་དངོས་ཞིབ་འཇུག་ཁང་སོགས་སུ་བཞག་ཡོད་འདུག ཅེས་གསུངས་ཡོད། སྤྱི་ལོ ༡༩༠༡ ཡང་ན་ ༡༩༠༧ དང་ ༡༩༠༨ སོ་སོར་གོང་གསལ་དབྱིན་ཇི་བ་དང་ཧྥ་རན་སི་བ་གཉིས་ནས་རིམ་བཞིན་ཏུན་ཧོང་གི་བྲག་ཕུག་ཨང་ ༡༧ པ་ནས་བཏོན་པའི་སྨན་དཔྱད་མེ་བཙའི་བཅོས་ཐབས་ཁག་གཉིས་ཡོད་པའི་གཅིག་གི་མཇུག་ཏུ་འདི་ལྟར་སྣང་སྟེ། དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ་དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ་ཞེས་གསུངས་ཡོད་པ་ལྟར་ན། དུས་དེར་རྒྱལ་པོས་ཕྱི་རབས་ཀྱོ་དོན་དུ་བསྡུ་རུབ་བྱས་པའི་སྨན་དཔྱད་ཡིག་ཆ་མང་པོ་ཡོད་པ་དང་། དེ་དག་ཀྱང་རྒྱལ་པོའི་དཀོར་མཛོད་ན་བཞུགས་པ། འཚོལ་བསྡུ་མ་ཐུབ་པའི་སྨན་དཔྱད་ཀྱང་མང་དུ་ཡོད་པ། སྨན་དཔྱད་ཀྱི་འབྱུང་ཁུངས་ཞང་ཞུང་ལ་གཏུགས་པ་རྣམས་བསྟན་ཞིང་། འདིས་ཞང་ཞུང་དང་བོན་ནི་གནའ་རབས་བོད་ཀྱི་རིག་གཞུང་གི་འབྱུང་ཁུངས་གཙོ་བོ་དང་དུས་ཀྱི་ཆ་ནས་སྔ་ཤོས་ཤིག་ཡིན་པར་བསྟན་ཡོད། དེར་ནད་རིགས་དྲུག་ཅུ་ལྷག་ཙམ་ཞིག་དང་། དེ་ལ་མེ་གསང་བརྒྱ་ལྷག་ཙམ་ཞིག་གསུངས་ཡོད། ཡང་སྨན་དཔྱད་གཞན་གཉིས་ཡོད་པ་དེ་དག་ཏུ་ནད་རིགས་བརྒྱ་དང་ཉི་ཤུ་ལྷག་ཙམ་ཞིག་དང་སྨན་རྫས་བརྒྱ་དང་བདུན་ཅུ་ལྷག་གི་སྐོར་གསུངས་ཡོད། སྨན་དཔྱད་དེ་དག་ལུང་པ་གཉིས་སོ་སོའི་དཔེ་མཛོད་དང་འགྲེམས་སྟོན་ནང་ད་ལྟ་བཞུགས་ཡོད་ལ་མཁས་པ་མང་པོས་དེ་དག་ལ་དཔྱད་པ་བྱས་དང་བྱེད་བཞིན་ཡོད། རྒྱ་ནག་གཞུང་ནད་སྨན་དཔྱད་དེ་དག་རྒྱ་ཡིག་ཏུ་བསྒྱུར་ནས་འགྲེམས་སྤེལ་བྱས་ཡོད། ཡིག་ཆ་དེ་དག་ལག་བྲིས་ཡིན་ལ་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་གོང་གི་ཡི་གེའི་འགྲོས་ཡིན་འདུག་སྙམ།། །།

 

- དབོན་པོ་རྡོ་རྗེ་དགྲ་འདུལ་མཆོག་གིས་རྩོམ་སྒྲིག་བྱས་པའི་དེབ་ "བོད་ཀྱི་གསོ་བ་རིག་པའི་བྱུང་རབས་ལོ་རྒྱུས་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་དེབ་ཐེར་ཀུན་གསལ་ཚངས་ཐིག་ཅེས་བྱ་བ། དེབ་ཕྲེང་དང་པོ།" ཞེས་པ་ནས་ཟུར་འདོན་ཞུས།

 

 

 

 

མཐའ་མའི་འདོན་ཐེངས་།: 07.06.2018 ཉིན། 9:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།