སྨན་རྩིས་དྲ་བ། - ཆེད་རྩོམ།

བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.09.2013
ཆེད་རྩོམ། >> བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་བཞུགས་སོ།།

 

 

བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་བཞུགས་སོ།།


ྋབླ་སྨན་བྱམས་པ་ཐུབ་དབང་།

(ྋརྒྱལ་དབང་ྋསྐུ་ཕྲེང་༡༣ པའི་བླ་སྨན།)

(འཁྲུངས་ལོ་མི་གསལ། - གཤེགས་ལོ་ ༡༩༢༢)


གཟོད་ནས་དག་པའི་ཆོས་དབྱིངས་དྲི་བྲལ་ཀུན་གསལ་ཡངས་པའི་ཀློང་ཆེན་པོར། །མ་སྨད་མཚན་དཔེའི་འཇའ་འོད་རབ་འཁྲིགས་ཕན་བདེའི་དཔྱིད་དཔལ་ཡོངས་འཛིན་པ། །མཁྱེན་བརྩེའི་འཕྲིན་ལས་ཅིར་ཡང་འཆར་བའི་བཻ་ཌཱུརྱ་སྣང་ཞིང་གི་མགོན། །མཚུངས་མེད་འདྲེན་པ་སྟོང་དབུས་མངོན་མཐོ་སྨན་པའི་རྒྱལ་པོས་མཆོག་སྩོལ་ཤིག །གང་གི་ཐུགས་བསྐྱེད་ཆད་མེད་གངྒའི་རྒྱུན། །སྐྱེ་རྒུའི་བསོད་ནམས་འོ་མཚོར་ཉེར་འཁྱིལ་བའི། །སྙིང་པོའི་བཅུད་དྲིལ་མན་ངག་རྒྱུད་ཆེན་བཞིའི། །བརྗོད་དོན་འཕྲིན་ལས་ངོ་མཚར་འབུམ་དུ་བརྡལ། །གསོ་ཡུལ་རྒྱུ་དང་འབྲས་བུའི་ཉེར་ལེན་ལས། །རྣམ་པར་དབྱེ་བའི་ཡལ་འདབ་བཞི་བརྒྱ་དང་།  །རྩ་བཞིའི་གྲངས་སུ་མངོན་ཀྱང་ཡོངས་གྲུབ་ཀྱི། །འདབ་མ་བཅུ་ཕྲག་བཅུ་དང་གཟུགས་ལ་འདུས། །སྙིང་རྗེས་བརླན་པའི་ཀླུ་དབང་གཙུག་གི་རྒྱན། །གསོ་བྱེད་ཡན་ལག་བརྒྱད་པའི་བདུད་རྩིའི་ཆར། །འཛད་མེད་མཆོག་དམན་མྱུ་གུ་རྒྱས་པའི་གསོས། །ངེས་དོན་བྱིས་པ་ཉེར་སྤྱོད་གཏམ་འདི་བསྲིངས།།

དེ་ཡང་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་པའི་གཞི་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་།  ཆོས་ལྡན་རྒྱལ་པོའི་ཆབ་སྲིད་འཕྲིན་ལས་དར་རྒྱས་ཡུན་རིང་དུ་གནས་དགོས་པ་ཡིན་ཞིང་།  དེའི་རྩ་བ་སྐྱེས་བུ་དམ་པ་དང་།  མཆོག་དམན་མི་རིགས་རྣམས་ཀྱི་བློ་གྲོས་རྒྱས་ཤིང་།  འབད་རྩོལ་ཆེ་བ། ཚེ་རིང་ཞིང་ལང་ཚོ་བདེ་ལྡན་སོགས་ལ་རག་ལུས། དེ་དག་ཀྱང་སེམས་ཅན་སྤྱི་མཐུན་དང་རང་རང་གི་ལས་སྨོན་བསོད་ནམས་ཀྱི་སྟོབས་ལས་འབྱུང་མོད་ཀྱང་།  ཐོག་མར་མངལ་དུ་ཆགས་དུས་དང་།  བཙས་ནས་ཀྱང་བྱིས་པ་ཉེ་བར་སྤྱོད་པའི་ཐབས་རྟེན་འབྱུང་བསླུ་མེད་ཀྱིས་ཀུན་རྫོབ་ལས་ཉོན་ཀྱང་འགོ་གནོན་ནུས་པ་ནི། མདོ་རྒྱུད་དུ་མར་གསལ་བ་ལྟར་མ་ཟད་སྔོན་རྫོགས་པའི་སངས་རྒྱས་ལའང་མཚན་མཁན་དང་།  ཁྱིམ་གྱི་མཛད་པའི་སྐབས་མ་མ་བརྒྱ་ཕྲག་གིས་ཐབས་རྟེན་རྒྱ་ཆེར་མཛད་པ་དང་།  འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་མ་ཐག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་འཕྲལ་ཡུན་དགོས་པ་དུ་མའི་ཆེད་དུ་བྱིས་པ་ཉེར་སྤྱོད་སོགས་ཚུལ་བཞིན་མཛད་དགོས་ན། ཕལ་པའི་སྐྱེ་བོ་རྣམས་ཀྱིས་ཚུལ་འདི་སྐོར་འབད་པས་བསྟེན་དགོས་པ་སྨོས་མི་དགོས་ཀྱང་།  བར་སྐབས་གསོ་རིག་བསྟན་རྒྱུན་ཉམས་ཆག་ཁར་སྔོན་གྱི་མཐོང་བརྒྱུད་སོགས་རིམ་བཞིན་ཉམས་རྐྱེན་བྱིས་པ་གསོ་ཚུལ་ཇི་བཞིན་མི་ཤེས་པའི་སྐྱོན་གྱིས། མི་རིགས་ཕལ་ཆེར་བློ་རྩལ་དང་།  འབད་རྩོལ། གཟུགས་བྱད་ཞན་ཅིང་།  ཚེ་ཐུང་ནད་མང་།  རང་བཞིན་ངན་པས་ཕ་མའི་ངག་ལའང་མི་ཉན་པ་སོགས་ཉེས་སྐྱོན་ཇི་སྙེད་ཅིག་མི་འདོད་ཐོག་ཏུ་འབབ་པའི་ཚུལ་འདི་མཐོང་ནས་ཡིད་ཀྱིས་མ་བཟོད་པར་དཔལ་ལྡན་གསོ་རིག་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལས་བྱིས་པར་གཅེས་པའི་གསོ་ཐབས་ཉེར་སྤྱོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཚང་མས་གོ་བདེ་བར་དགོད་པ་ལ། རྒྱུད་ལས། བྱིས་པ་བཙས་ནས་ཉེར་སྤྱོད་ཅེས་བྱ་བ། །དེ་ལ་བཙས་འཕྲལ་ཤིས་དང་མི་ཤིས་བརྟག །བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང་།  །དེ་རྗེས་རྟེན་འབྲེལ་ནུ་མ་བསྣུན་ཐབས་བསྟེན། །བསྙལ་བའི་ཆོ་ག་ལྷ་གསོལ་ལྷ་རྟེན་འཛུགས། །མིང་གདགས་བློ་རྣོ་རྩལ་ཆེ་ཚེ་མདངས་སྐྱེད། །གནོད་བསྲུང་རྣ་འབུག་ཟས་སྤྱོད་སྲིའུ་སྐྱེ་ཐབས། །གཏང་རག་ཕུལ་དང་བཅུ་གུའི་སྒོ་ནས་བསྟན། །ཞེས་གསུངས་པའི།

 

ས་བཅད་དང་པོ་ནི།

ཤིས་རྟགས་ལུགས་འབྱུང་དུ་སྐྱེས་པ་དང་གན་རྐྱལ་དུ་བྱུང་བ་ལྟེ་བས་སྟོད་དཀྲིས་ཤིང་ངུ་སྐད་དྲག་པོར་སྒྲོག་པ་དང་།  སྤྱི་བོ་རིང་ལ་མགོ་སྲབ་མཚོག་མ་ཆུང་བ། དཔྲལ་དབྱེས་ཆེ་བ། སྣའི་གཟེངས་དང་སྐྲ་མཚམས་མཐོ་བ། རྣ་བ་གཤོག་པ། ལྕེས་ནུ་མ་དྲག་ཏུ་འཇིབ་པ། འདར་ཞིང་དངངས་པ་དེ་འདྲ་བྱུང་བ་གསོ་སླ་མི་ནོར་བཀྲ་ཤིས་དང་ལྡན་པར་འགྱུར་རོ།།

གཉིས་པ།

དེ་རྣམས་ལས་གོ་ལྡོག་སྟེ་སོ་བཅས་སྐྱེས་པ་སྤྱིར་ངན་པར་བཤད་ཀྱང་སྐྱེས་ལུགས་དང་ཟླ་ཚེས་ཆུ་ཚོད་སྔ་ཕྱི་གང་སྐྱེས་ཀྱི་ཐོ་བཀོད་ཐོག་དཀར་ནག་དབྱངས་འཆར་རྩིས་ཀྱི་སྒོ་ནས། འཁོས་བསྟུན་ལས་རྩིས་བརྩིས་ཚེ་ཞིབ་པའི་བཟང་ངན་ཆོས་འཇིག་རྟེན་གྱི་ལས་སྐལགང་ཡོད་སོགས་རྟོགས་པར་འགྱུར་རོ།།

གསུམ་པ།

སྐྱེས་མ་ཐག་ཏུ་བཀྲ་ཤིས་པའི་ཚིག་འདི་ལྟར་བརྗོད་དགོས་ཏེ། བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་།  །མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག །ཅེས་བརྗོད་ཅིང་དེ་མ་ཐག་ཏུ།

བཞི་པ།

ལྟེ་བའི་ཁྲག་བུ་ངོས་སུ་བཞུར་ལ་སོར་བཞིར་བལ་སྐུད་ཀྱིས་བཅིངས་ནས་ཁྲག་མ་ཐིགས་པར་བཅད་དེ། འཁྲུ་སྨན་ཨང་དང་པོ་འཁོད་པ་སྔོན་ཚུད་ནས་སྦངས་པའི་ཆུ་དྲོད་འཇམ་གྱིས་བུའི་ལུས་དག་པར་བཀྲུས་པས། ནད་དཀོན་ཞིང་ནམ་མཁའ་སོགས་འབྱུང་བའི་དུག་གིས་མི་ཚུགས་པས་མདངས་གསལ་བར་འགྱུར་རོ།།

ལྔ་པ།

ལྕེ་སྟེང་ཁོག་ཞོའི་དྲེག་པ་རས་དཀར་གཞའ་ཕྲན་ཡོད་པས་ལེགས་པར་ཕྱིས་ཏེ་སྨན་ཨང་གཉིས་པ་འཁོད་པའི་དཔེ་ཚད་ལྟར་ཧྲཱི་ཡིག་གི་མགོ་ལྕེའི་རྩ་བར་བསྟན་ཏེ་པར་ལེགས་པར་བཏབ་པས། སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཐོབ་པ་དང་སྨྲ་མཁས་ངག་ནུས་པ་དང་ལྡན་པའི་རྟེན་འབྲེལ་ཡོད། དེ་མ་ཐག་ཏུ་ས་བདག་གི་གནོད་པ་ཐུབ་ཅིང་།  བློ་དང་ཚེ་སྟོབས་སོགས་བསྐྱེད་ཕྱིར་སྨན་ཨང་གཉིས་པའི་གཉིས་པ་འཁོད་པའི་རིལ་བུ་ཞུན་མར་ཀ་ར་ལ་སྦྱར་བ་སྦྱིན་པར་བྱའོ།།

དྲུག་པ།

མའི་ནུ་མ་བསྣུན་པར་བྱ་ཞིང་།  གལ་ཏེ་ནུ་ཞོ་སྐམས་ན་མ་གཞན་རིགས་བཟང་ནད་མེད། སྔར་སྐྱེས་པའི་བུ་མ་ཤི་བ། ལོ་རྟགས་མཐུན་པ་སྤྱི་དང་།  ཁྱད་པར་སྲོག་སྐྱོབ་པ་སོགས་ནི། ཡུལ་དེའི་རྩིས་པར་དྲིས་ཏེ་དཔེར་ན་བུ་ཤིང་ཡོས་ལོ་པར་མ་མ་ཆུ་བྱི་ཆུ་ཕག་དང་མེ་བྱི་མེ་ཕག་ལོ་ཅན་ལྟ་བུ་དེའི་ནུ་མ་བསྟེན་པར་བྱའོ།།

བདུན་པ།

བསྙལ་ལུགས་བྱང་དང་ཤར་གཉིས་ཕྱོགས་གང་གཙང་ལ་མགོ་བོ་གཏད་དེ་རས་བལ་སྣུམ་ལྡན་གྱི་ཐོད་ཁེབས་གཡོགས་ཤིང་།  ཉིན་གཉིད་སྤངས་ཏེ་བྱ་ར་ཡང་ཡང་བྱ། སྨན་ཨང་གསུམ་པའི་རིལ་བུ་མར་ལ་སྦྱར་བ་ལྟེ་བ་བཅད་འཕྲལ་ནས་བཟུང་སྐབས་སྐབས་སུ་བྱུགས་ན་ལྟེ་ནད་དང་རྩ་ནད་བདུན་ཅུའི་རིགས་མི་འབྱུང་ངོ།

བརྒྱད་པ།

ཞག་གསུམ་ལོན་ནས་འགོ་ཞིང་བསྟེན་པའི་ལྷ་འམ། བསྒྲུབ་པའི་ལྷ་སོགས་སྐྱེས་ལྷ་གང་ཡིན་ངོས་བཟུང་ནས་འཁོས་འབྱོར་དང་བསྟུན་པའི་གསོལ་མཆོད་གནད་སྨིན་བྱ་དགོས་སོ།།

དགུ་པ།

ལྷའི་རྟེན་འཛུགས་པ་དང་།  ཞར་བྱུང་སྲོག་མདའ་བཅའ་བ། ཟླ་ཕུད་འབུལ་བ། ཆུང་གླུད་གཏོང་བ་སོགས་སྐབས་དང་སྦྱོར་དགོས་སོ།།

བཅུ་པ།

སྐྱེས་སྐར་རམ། བླ་མ། ཡི་དམ་ཆོས་སྲུང་།  ཕ་མེས་ཉེ་དུའི་མིང་གིས་སྣ་དྲངས་པའི་སྙན་ཞིང་ཤིས་པའི་མིང་ནི་ཁ་འཆམས་པར་འདོགས། སྔར་བུ་ཚ་ཤི་བའི་སྲིའུ་ལྟ་བུ་ཡིན་ན་ཟླ་བ་རེ་རེ་བཞིན་སྲི་ཐར་ཚེ་རིང་།  སྲི་ཐར་ཕུན་ཚོགས། སྲི་ཐར་བཀྲ་ཤིས་ཞེས་པ་ལྟ་བུའི་མིང་སྤོ་བར་བྱའོ།།

བཅུ་གཅིག་པ་དང་བཅུ་གཉིས་པ།

སྨན་ཨང་བཞི་པ་འཁོད་པའི་རིལབུ་རེ་སྦྲང་དང་ཀ་ར་བུ་རམ་སྦྱར་ཏེ། བཙས་པའི་ཉིན་གཉིས་པའི་སྔ་དྲོ་ནས་བྱིན་པས་བློ་གྲོས་ཀྱི་འཇུག་པ་ཕུན་སུམ་ཚོགས་ཤིང་།  སྙིང་སྟོབས་དཔའ་རྩལ་སོགས་འཕེལ་བར་བྱེད་དོ།།

བཅུ་གསུམ་པ།

སྨན་ཨང་ལྔ་པ་འཁོད་པའི་རིལ་བུ་སྲིད་བུ་ཡིན་ན་ཕ་དང་།  བུ་མོ་ཡིན་ན་མའི་དྲི་ཆུ་དང་།  བུ་རམ་སྦྲང་མར་སྦྱར་ནས་ཉིན་གསུམ་པའི་ནང་པར་བྱིན་ན་ཚེ་སྟོབས་བསྐྱེད་ཅིང་བརྟན་པ་དང་།  ལྷ་འདྲེས་མི་ཐུབ་པའི་སྒྲིབ་ཤིང་དང་ཕ་མའི་ངག་ལ་ཉན་པའི་རྟེན་འབྲེལ་དུ་འགྱུར་ཞིང་།  བྱད་མདངས་ལེགས་ཤིང་མཆིན་ནད་ཟ་འདྲེའི་རིགས་ཐུབ་པར་ངེས་སོ།།

བཅུ་བཞི་པ།

སྨན་ཨང་དྲུག་པ་འཁོད་པའི་རིལ་བུ་བྱིས་པའི་ཁམས་མཐུན་དར་གྱིས་གཏུམས་ཏེ་མགུལ་ཏུ་བཏགས་པས། བདུད་རྒྱལ་ས་བདག་འགོང་པོ་ཀླུ་བཙན་རིགས་དགྲ་ལྷ་མ་མོ་ཡུལ་ལྷ་པེ་ཧར་དམ་སྲི་གཟའ་ཐེའུ་རངས་སོགས་གདོན་རིགས་ཀུན་གྱིས་མི་ཚུགས་པར་འགྱུར་རོ།།

བཅོ་ལྔ་པ།

ཟླ་བ་བདུན་ནམ་བརྒྱད་སོང་བ་ན། རྣ་ཤལ་མཐེ་བོས་ལེགས་པར་མཉེད་ནས་བུའི་དང་པོ་གཡས་དང་བུ་མོའི་དང་པོ་གཡོན་འབུགས་དགོས་པའི་ལག་ལེན་དེང་སྐབས་ཀྱི་སྲོལ་ལྟར་ཆོག་གོ། །

བཅུ་དྲུག་པ།

ཟས་སུ་བུར་དཀར་དང་སྦྲང་དཀར་ཞུན་མར་རྒྱུན་དུ་བསྟེན་དགོས་པའི་ཞུན་མར་ནི། མར་ཁ་འཇམ་གྱི་མར་ཁུ་མ་ཚིག་པ་ཙག་བཅད་དེ་དཀར་ཡོལ་ལམ་ཕོར་པར་སྙིགས་མ་མ་ཤོར་བ་བླུགས་པའི་དྭངས་མ་ཁྱགས་པ་དེ་ལ་ཟེར་ཞིང་།  མར་རྗེན་པ་སྟེར་ན་ཕོ་བར་མ་ཞུའི་རྒྱུ་བྱེད་པས་དེ་ལྟར་མ་ཡིན་ནོ། །སྐབས་སུ་གཡག་ལུག་གང་འོས་ཀྱི་ཤ་ཚོད་མར་སྦྱར་བ་བྱིན་པས་ཤ་ནད་སེལ་ཞིང་།  སྨན་ཨང་བདུན་པ་འཁོད་པའི་དབྱངས་ཅན་རིལ་བུ་ར་དཀར་པོའི་འོ་མར་བསྐོལ་ནས། ཞག་བདུན་ཕྲག་རེའི་མཚམས་སུ་ཕྲན་ཙམ་རེ་བསྟེན་ན་ཤེས་རབ་དང་བློ་འཕེལ་ཞིང་དྲན་གསལ་ངག་ཚིག་སྙན་པར་འགྱུར་རོ། །ས་བཅད་འི་ཁོངས་ཚེ་འཕེལ་གདོན་འཇོམས་ཀྱི་སྨན་མར་བསྟེན་རྒྱུ་ཡོད་པའང་སོ་སོའི་འཁོས་འབྱོར་ལ་དཔོགས་ཤིག

བཅུ་བདུན་པ།

སྤྱོད་ལམ་ཟླ་བ་ལོན་ནས་གཟའ་ཚེས་འཕྲོད་སྦྱོར་དགེ་བ་ཕྱོགས་གཙང་སོགས་དང་བསྟུན་རྐྱེན་སེལ་རིམ་གྲོ་གང་ནུས་དང་།  ལྷག་པར་བྱིས་སྟོན་རྒྱ་ཆེ་དང་འབྲེལ་སྒོ་འདོན་བྱས་ཏེ་རྟེན་འབྲེལ་མ་འཕྱུགས་པ་བྱེད་ཅིང་རྒྱུན་པར་མིག་ལ་ཉི་ཟེར་བཏང་ན་མིག་ཀྱོག་ཤེལ་མིག་ཏུ་འགྲོ། རྐང་མཐིལ་དང་མཚོག་པ་མེ་ཉིས་བསྲེགས་ན་མིག་མི་གསལ། གྲང་དུ་བཅུག་ན་རྣ་བ་འགགས། ཡོན་པོར་བཟུང་བ་དང་བསླང་བ་སྔས་ན་མཆིན་པ་འབབ་པ་དང་སྒུར་པོ་མཇིང་ཀྱོག་ཏུ་འགྲོ་བ་སོགས་ཉེས་སྐྱོན་མང་དུ་འབྱུང་བས་དེ་ལྟར་མི་བྱེད། མེ་དང་བྱ་གཅན་གཟན་འགོ་ནད་སོགས་དང་འཇིགས་སྐྲག་རིགས་ཀྱིས་གདོན་འཇུག་པས་བསྲུང་དགོས་ཤིང་།  སྐབས་སུ་བསྐུ་མཉེ་བྱས་ཏེ་མེ་ཉིར་རན་པར་བསྲོས་ན་ལུས་ཟུངས་རྒྱས་པར་འགྱུར་བ་སོགས། མ་འམ་བུ་རྫིས་བླང་དོར་དེ་དག་དང་ལྡན་པའི་སྒོ་ནས་བསྐྱང་བར་བྱའོ།།

བཅོ་བརྒྱད་པ།

བྱིས་པ་སོ་སྐྱེ་བའི་དུས་དང་རྨ་བྱའི་སྤྱི་སྒྲོ་སྐྱེ་བ་མཚུངས་པར། ལུས་ཀུན་མི་ན་བ་ནི་ཅིག་ཀྱང་མེད་པས་དེའི་ཚེ་སྨན་ཨང་བརྒྱད་པ་འཁོད་པ་སྦྲང་རྩིར་སྦྱངས་ཏེ་རྙིལ་ལ་བྱུགས་པས་མྱུར་དུ་སོ་སྐྱེས་ཏེ་ནད་ལས་གྲོལ་ཞིང་།  གནའ་ལ་ཡས་སོ་སྐྱེས་སམ། དང་པོ་ནས་བཀྲ་མི་ཤིས་པ་སོ་བཅས་སྐྱེས་ན་སྦྱིན་སྲེག་བྱ་ཞིང་གཞོན་ནུ་གདོང་དྲུག་གི་གདོན་བཅོས་རིགས་བྱའོ།།

བཅུ་དགུ་པ།

བྱིས་པ་ལོ་ལོན་པ་དང་།  གཏད་དགྲོལ་ལྷ་ལ་གཏང་རག་གི་ཚུལ་དུ་གསོལ་མཆོད་སོགས་དང་བཀྲ་ཤིས་ཀྱི་དགའ་སྟོན་རྒྱ་ཆེར་བགྱིས་ན་འབྱུང་འགྱུར་ཡང་འགྲོ་མཆོག་མིའི་ལུས་རྟེན་རིན་པོ་ཆེ་འདི་ལྟར་ཐོབ་པའི་རྟེན་འབྱུང་ཟབ་པའི་གནད་ཆེ་བ་བཅས་སོ། །སྨན་ཁག་བརྒྱད་རྫོང་ཁོངས་དོ་དམ་སོ་སོའི་ལག་ནས་འཕྲལ་འཕྲལ་བླངས་ཏེ་མིང་ཐོ་སྤྲོད་དགོས། ཕ་མ་རྣམས་ནས་ཀྱང་འགྲོ་མགོན་སྨན་གྱི་བླ་མའི་ཐུགས་རྗེའི་རང་བཞིན་གཅིག་ཏུ་སྨིན་པར་ལོག་པའི་ཐེ་ཚོམ་ཡིད་གཉིས་སྤངས་ཏེ། རང་རང་གི་རིགས་མྱུག་གི་བདེ་རྩ་གལ་ཆེར་བསམ་ཤེས་རྒྱུན་འཁྱོངས་ཡོང་བ་ཞིག་མཆོག་དམན་ཚང་མས་ཅི་ནས་ཀྱང་འབད་འཚལ་ལོ།།


འདི་ལྟར་བགྱིས་པའི་རྣམ་དཀར་ལེགས་ཚོགས་ཀྱིས། །རྣམ་དག་ཐོས་བསམ་བསྒོམ་ལ་དབང་འབྱོར་ཞིང་། །

འཁོར་ལོ་ཞི་དང་ལྡན་པའི་རྟེན་མཆོག་འདིར། །ངེས་འབྱུང་བྱང་སེམས་ལྟ་བ་མཐར་ཕྱིན་ཤོག།།

 

ཨོཾསྭསྟི། སྤངས་རྟོགས་མཐར་ཕྱིན་གཞོམ་མེད་རྡོ་རྗེའི་སྐུ། །མངོན་མཛད་ཐུགས་རྗེས་མཐའ་ཡས་ཡིད་ཅན་ཀུན། །མཐོང་ཐོས་དྲན་རེག་ཙམ་གྱིས་ཡང་དག་ལམ། །བཀྲིར་མཁས་བཻཌཱུར་ཡ་སྣང་མགོན་དེས་སྐྱོངས། །སྙིགས་མའི་མགོན་པོ་བདེ་གཤེགས་མཆེད་བདུན་ཞེས། །སྲས་བཅས་རྒྱལ་ཀུན་མགྲིན་གཅིག་བསྟོད་བསྔགས་ཤིང་།  །རིས་མེད་འདུས་སྡེས་རྟག་ཏུ་ཕྱག་མཆོད་ཀྱི། །མདོ་ཆོག་དར་དིར་སྒྲོག་པ་འདི་ཀོ་རྨད། །གཞན་དོན་སྐྱོང་ལ་མི་སྐྱོའི་གཡུ་རལ་མཛེས། །དམ་བཅའི་སྙིང་སྟོབས་མཆེ་སྡེར་རྣམ་པར་འགྱིངས། །རྩ་བཤད་ཕྱི་མ་མན་ངག་རྒྱུད་བཞིའི་གར། །ཟབ་དོན་བསིལ་རིའི་ལྷུན་པོར་འཕྱོངས་ཤིང་རྩེན། །གཞན་ཕན་ལྷག་བསམ་བཟང་པོས་ཀུན་བསླངས་ཏེ། །ཁོལ་ཕྱུངས་བྱིས་པ་ཉེར་སྤྱོད་མདོ་ཙམ་ཞིག །སྤེལ་འདིར་མཆོག་དམན་ཀུན་གྱིས་རྗེས་འཇུག་མཐུས། །ཕན་ཡོན་ལག་རྩེར་སོན་པའི་དཔལ་ཐོབ་ཤོག །མ་འོངས་སྐྱེ་བའི་ཕྲེང་བ་ཀུན་ཏུ་ཡང་།  །བདེ་གཤེགས་འཁོར་བཅས་ཞལ་གསུང་མཇལ་ཐོས་ཀྱི། །རིགས་བཟང་རྫོགས་ལྡན་དགའ་སྟོན་ལ་རོལ་ཏེ། །འཕྲལ་ཡུན་དགེ་མཚན་མ་ལུས་ཡོངས་བཞད་ཤོག །

            ཅེས་པ་འདི་ཡང་གསོ་བ་རིག་པའི་མན་ངག་མཐའ་དག་ལ་ཚེ་རབས་མང་པོའི་བག་ཆགས་སད་ཅིང་། རིང་ནས་སྦྱངས་སྟོབས་ཀྱི་འབྲས་བུ་དུས་སུ་སྨིན་པ་བླ་སྨན་ཆེ་བ་ཆིང་སུ་ཅིག་ཐུ་སྤྱི་ཁྱབ་མཁན་པོ་དངོས་གཞི་བྱམས་པ་ཐུབ་དབང་ནས་གཞན་ཕན་ལྷག་བསམ་བཟང་པོས་ངག་རྩོམ་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་འདིའི་པར་བྱང་སྨོན་ཚིགས་ཤིག་ངེས་པར་འདྲི་དགོས་ཞེས་བསྐུལ་ངོར་པད་དཀར་འཆང་བ་ྋཤྰཀྱའི་དགེ་སྦྱོང་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་སྨྲས་པ་མངྒལཾ།། །།

 

<<སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བྱིས་པ་ཉེར་སྤྱོད་ཐོག་བསྕལ་བའི་རྩ་ཆིག། ལྟ་ཀློག་གྱིས།>>

 

མཐའ་མའི་འདོན་ཐེངས་།: 19.05.2014 ཉིན། 3:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།