སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་རྩིས་རིག་པ་ལས་སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2018
ཆེད་རྩོམ། >>



བོད་རྩིས་རིག་པའི་གཞུང་ལས་བཤད་པའི་སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།
 

 

རྩིས་དགེ་བསོད་ནམས་དཔལ་མོ།



སྤྱིར་ནང་པའི་ལྟ་སྤྱོད་དང་འབྲེལ་བའི་བོད་ཀྱི་རིག་པའི་གཞུང་ལུགས་ཐམས་ཅད་འགྲོ་བ་སྤྱི་དང་ཁྱད་པར་དུ་འགྲོ་བ་མིའི་སྡུག་བསྔལ་སེལ་ཐབས་ཤིག་ཡིན། བོད་ཀྱི་སྐར་ནག་དབྱངས་རྩིས་ཀྱི་རིག་པའི་གཞུང་ལུགས་དེ་ཡང་ནང་པའི་ལྟ་སྤྱོད་དང་འབྲེལ་ནས་ཡོད་ཅིང། རྒྱུ་དང་རྐྱེན་དུ་མ་ཞིག་ཚོགས་པའམ་སྦྱོར་བ་ལ་བརྟེན་ནས་བཟང་ངན་གྱི་བདེ་སྡུག་སྣ་ཚོགས་ཤིག་འབྱུང་བ་དང། དེ་ཡང་གང་ཟག་སོ་སོར་ཁམས་དང་མོས་པ་ཐ་དད་ཡོད་པའི་དབང་གིས་སྡུག་བསྔལ་སེལ་ཚུལ་གྱི་ཐབས་ཀྱང་མི་འདྲ་བ་དུ་མ་ཞིག་དགོས་པ་ནི་རང་བཞིན་ཆོས་ཉིད་ཡིན། དེར་བརྟེན་བོད་རྩིས་རིག་པ་ནི་འགྲོ་བ་མིའི་སེམས་ཀྱི་རྣམ་རྟོག་གི་དྲ་བ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཤིག་འབྱུང་བ་དེ་དག་སེལ་བའི་ཐབས་གཙོ་བོ་ཞིག་ཡིན། ཡོངས་གྲགས་སུ་རྩིས་ཀྱི་དགོས་པ་བཤད་སྐབས་ལེགས་ཉེས་བླང་དོར་འབྱེད་པའི་རྩིས་ཞེས་གསུངས་པ་ལྟར། ཚེ་བག་ཀེག་ལ་སོགས་པའི་རྩིས་ཀྱི་ལག་ལེན་མཐའ་དག་གི་སྒོ་ནས་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་འཇིག་རྟེན་གྱི་བྱ་གཞག་མཐའ་དག་ལ་ལོ་ཟླ་ཞག་དུས་སོ་སོའི་ནང་ལེགས་ཉེས་བླང་དོར་གང་དང་གང་བྱ་དགོས་པ་སྟོན་པར་བྱེད་པའི་དགོས་པ་ཡོད་པ་ཡིན། དེ་ལྟ་བུའི་ལེགས་ཉེས་ཀྱི་བླང་དོར་སྟོན་སྟངས་དེའང་རྩིས་གཞུང་ཁག་ལ་ཁུངས་གཏུགས་ཀྱིས་རྩིས་འབྲས་བླང་དོར་བསྟན་པ་ལས་ཁུངས་མེད་མུན་པའི་ནང་མདའ་འཕངས་པ་ལྟ་བུའི་སྒོ་ནས་ལུང་སྟོན་པ་ཞིག་གཏན་ནས་མིན། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །དེ་ཕྱིར་འབྱུང་འདུས་ཕུང་པོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །དེ་བསལ་ཕྱིར་ན་རྩིས་འདི་གཅེས། །ཞེས་གསུངས་པ་ལས་ཀྱང་རྩིས་ཀྱི་དགོས་པ་ཁ་གསལ་བསྟན་ཡོད། གོང་དུ་བཤད་པ་ལྟར་བོད་རྩིས་རིག་པ་ལས་སྡུག་བསྔལ་དེ་དག་སེལ་བར་བྱེད་པ་ལ་ས་བཅད་གསུམ་གྱི་སྒོ་ནས་བཤད་རྒྱུ་ཡིན།

 

དང་པོ་སེམས་ཁམས་འཁྲུག་པའི་རྒྱུ། གཉིས་པ་སེམས་ཁམས་འཁྲུག་པའི་རྐྱེན། གསུམ་པ་སེམས་ཁམས་ཇི་ལྟར་འཁྲུག་ཚུལ་བཅས་བཅས་བཤད་པ་ལ། རང་རེའི་བོད་ཀྱི་གསོ་རིག་གི་གཞུང་དག་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུ་འབྱུང་བ་ཡིན་པ་བཤད་པ་ལྟར་དུ་བོད་རྩིས་རིག་པའི་གཞི་རྟེན་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལའང་དེ་བཞིན་དུ་ཕྱི་ནང་གཞན་གསུམ་གྱི་དངོས་པོ་ཐམས་ཅད་རང་རྒྱུ་འབྱུང་བ་ལས་སྐྱེད་པར་གསུངས་ཡོད། དེའི་ཕྱིར་འདིར་དང་པོ་འབྱུང་བའི་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། བྱེད་ལས་བཅས་རིམ་པས་ངོ་སྤྲོད་བྱ་རྒྱུ་ཡིན།

             འབྱུང་བའི་ངོ་བོ།

འབྱུང་རྩིས་ཟླ་ཟེར་ལས། །བརྟག་ན་དབེན་ཕྱིར་མ་གྲུབ་སྟེ། །དེ་ནི་སུས་ཀྱང་བཟོས་པ་ཞིག་མ་ཡིན་པར་རང་བཞིན་གྱིས་འབྱུང་བའི་ཕྱིར་འབྱུང་བ་ཞེས་ཟེར། དེ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཐོག་མར་སྐྱེ། བར་དུ་གནས། མཐའ་མར་འཇིག་པར་བྱེད་པའི་དངོས་པོ་ཐམས་ཅད་འཕེལ་འགྲིབ་བྱེད་པའི་རྒྱུའི་གཙོ་བོ་མིག་གི་སྤྱོད་ཡུལ་ལས་འདས་བ་ཕྱི་སྣོད་འཇིག་རྟེན་གྱི་རི་རླུང་ཉི་ཟླ་ཆུ་ཀླུང་སོགས་དང་། ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པའི་ལུས་ཁམས་ཀྱི་གྲུབ་ཆ་ཤ་ཁྲག་རུས་པའི་ཕུང་པོ་རྣམས་ཀྱང་གྲུབ་བྱེད་རྫས་གཟུགས་ཀྱི་ཆུང་བའི་མཐའ་ཐུག་པའམ་ཕྲ་བའི་རབ་ཏུ་གྱུར་བའི་གཞིག་ཏུ་མི་ནུས་པའི་རྡུལ་དེ་ལ་ཟེར།

                 འབྱུང་བའི་དབྱེ་བ།

འབྱུང་རྩིས་ནས་ཤིང་མེ་ས་ལྕགས་ཆུ་སྟེ་འབྱུང་ལྔར་གསུངས་པ་དང། སྐར་རྩིས་ལུགས་སུ་ས་ཆུ་མེ་རླུང་ནམ་མཁའ་བཅས་སུ་གསུངས་པས། དེ་གཉིས་དོན་གཅིག་གམ་ཞེ་ན། ཤིང་དང་རླུང་གཉིས་བྱེད་ལས་གཅིག་པ་དང།  ལྕགས་དང་ནམ་མཁའ་གཉིས་ནི་བཻ་དཀར་ལས། །ཤིན་ཏུ་གཡའ་བྲལ་ལྕགས་ཁམས་མཁའ། ཞེས་པ་ཡིན།

                འབྱུང་བའི་མཚན་ཉིད།
འབྱུང་བའི་རྡུལ་རྫས་དེ་རྣམས་ཀྱི་མཚན་ཉིད་ནི་སྤྱིར་མཚན་ཉིད་ཅེས་པ་དངོས་པོ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛིན་པ་ཞིག་སྟེ། ཟླ་ཟེར་ལས། །ཤིང་སོགས་རིམ་བཞིན་གཡོ་སྲེག་དང། །སྲ་གཅོད་བརླན་ལྔའི་མཚན་ཉིད་འཛིན། ཞེས་པ་དེས་འབྱུང་བའི་མཚན་ཉིད་མདོར་བསྡུས་སུ་བསྟན་ཡོད་ཅིང། རྒྱས་པར་བཤད་ན་སྲ་ཞིང་འཐས་པ་ས། བརླན་ཞིང་གཤེར་བ་ཆུ། ཚ་ཞིང་སྲེག་པ་མེ། ཡང་ཞིང་གཡོ་བ་རླུང་བཅས་ཀྱི་མཚན་ཉིད་དུ་བཞག་པ་ཡིན། འབྱུང་བ་ས་ཞེས་བྱ་བ་དེས་ཆོས་ཐམས་ཅད་སྲ་བའམ་མཁྲེགས་པར་བྱེད་པའི་གཞི་གང་ཡིན་པ་དང་། འབྱུང་བ་ཆུས་དངོས་པོ་རྣམས་རླན་ཞིང་གཤེར་བར་བྱེད་པའི་རྒྱུ་གང་ཡིན་པ་དང་། འབྱུང་བ་མེས་སྐྱེ་དངོས་ཐམས་ཅད་ཚ་ཞིང་དྲོད་ཀྱིས་སྲེག་པར་བྱེད་པའི་རྒྱུ་གང་ཡིན་པ་དང་། འབྱུང་བ་རླུང་གིས་དེ་ལྟར་སྣོད་བཅུད་ཐམས་ཅད་ཡང་ཞིང་གཡོ་བར་བྱེད་པ་དང་། འབྱུང་བ་ནམ་མཁའ་འམ་སྟོང་པའི་ཆ་དེས་འཇིག་རྟེན་གྱི་ཁམས་ཀྱི་ཆོས་རྣམས་ཐམས་ཅད་རབ་ཏུ་འཕེལ་བའི་གོ་བྱེད་པའི་རྒྱུ་གང་ཡིན་པ་དེ་དག་ནི་འབྱུང་བའི་ལྔའི་མཚན་ཉིད་ཁོ་ནར་ངེས་པའོ།།

                  འབྱུང་བ་ཕྱི་ནང་གསང་གསུམ་མཚུངས་པའི་སྐོར།

ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ནི་གཅིག་ལ་གཅིག་བརྟེན་ཏེ། དེའི་འབྲེལ་བ་ཡང་ཉིན་རེའི་བྱ་བཞག་གི་ཁྲོད་དུ་དུས་ད་ལྟའང་མངོན་སུམ་གྱིས་མཐོང་ཆོས་སུ་གྱུར་པ་ནི་གོར་མ་ཆག་ཕྱིའི་གནམ་གཤིས་ཀྱི་འགྱུར་ལྡོག་གི་རྐྱེན་པས་ནང་མིའི་ལུས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ནི་དངོས་འབྲེལ་ཏེ། འགྲེལ་ཆེན་ལས། །ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། བཻ་དཀར་ལས། །ཕྱི་ཡི་སྣོད་ཀྱང་འབྱུང་བ་ལྔ། །ནང་གི་ཕུང་ཁམས་འབྱུང་བ་ལྔ། །དོན་དང་སྣོད་ཀྱང་འབྱུང་བ་ལྔ། །སྤར་ཁ་བརྒྱད་ཀྱང་འབྱུང་བ་ལྔ། །སྨེ་བ་དགུ་ཡང་འབྱུང་བ་ལྔ། །ལོ་འཁོར་བཅིུས་འབྱུང་བ་ལྔ། །གཟའ་ཆེན་བརྒྱད་ཀྱང་འབྱུང་བ་ལྔ། །ཕྱོགས་བཞི་མཚམས་བརྒྱད་འབྱུང་བ་ལྔ། །ལ་སོགས་འབྱུང་ལྔར་མ་བསྡུས་མེད། ཅེས་གསུངས་པ་ལྟར་རོ། །

འབྱུང་རྩིས་ལས་ཕྱི་ནང་གསང་གསུམ་གྱི་འབྱུང་བ་ནི། ཕྱི་ཡི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་དང། ནང་གི་འབྱུང་བ་ལྔ་ནི། སྙིང་མེ་ཁམས། གློ་བ་ལྕགས་ཁམས། མཆིན་པ་ཤིང་ཁམས། མཆེར་པ་ས་ཁམས། མཁལ་མ་ཆུ་ཁམས། གསང་བའི་འབྱུང་བ་ལྔ་ནི། ལུས་ཀྱི་རྩ་རྒྱུས་ཤིང་ཁམས། ལུས་ཀྱི་བརླན་གཤེར་རྣམས་ཆུ་ཁམས། ལུས་ཀྱི་དྲོད་ཀྱི་ཆ་རྣམས་མེ་ཁམས། ལུས་ཀྱི་ཤ་རྣམས་ས་ཁམས། ལུས་ཀྱི་རུས་པ་རྣམས་ལྕགས་ཁམས་ཡིན་པར་བཞེད། ཀུན་འབྱུང་ཨ་ལོས་འཐོར་བསྡུས་སུ། གསང་བའི་འབྱུང་བ་སེམས་ཉིད་ནམ་མཁའ་ལྕགས་ཁམས་སུ་འབྱུང་ཞིང། འདིར་ཕྱི་སྣོད་ཀྱི་འབྱུང་བ་ཆགས་རིམ་གྱི་འབྱུང་གནས་དེ་གཞི་ནམ་མཁའ་བརྗོད་བྲལ་འབྱུང་བ་ཕྱོགས་ལྷུང་མེད་པ་དེར་ལྕགས་ཁམས་སུ་འདོད་པ་ལྟར། ཁམས་ཁྲ་དང་པོའི་འགྱུར་བཻ་ཌཱུརྱའི་གླེགས་བུའི་ནང་བཅུད་ཀྱི་སེམས་ཅན་བརྟག་པ་བཅུ་གཉིས་སུ་བཤད་པ་ལས། །ནམ་མཁའ་ཀུན་གྱི་གྲོགས་ཡིན་ཀྱང། །ཕ་ནི་རུས་ལ་ཉེ་བའི་ཕྱིར། །ནམ་མཁའ་ལྕགས་ཀྱི་འབྲས་བུ་འབྱིན། ཞེས་གསུངས་ཞིང། དེའི་རྒྱུ་མཚན་ཀྱང་སེམས་ཉིད་ཀྱི་ངོ་བོ་ནམ་མཁའ་ཕྱོགས་ལྷུང་མེད་པ་ལ། བར་དོའི་རྣམ་ཤེས་དེ་ཕའི་ཁུ་བ་ལ་བརྟེན་ཏེ་འཇུག་ཅིང། དེ་ཉིད་ཕ་རུས་དང་ཉེ་ཞེས་འབྱུང་བས་རྟེན་འབྲེལ་གྱི་དབང་གིས་ནམ་མཁའ་ལྕགས་ཁམས་སུ་བྱས་པ་ཡིན། འབྱུང་རྩིས་ཀུན་བཏུས་ལས། །ཕྱི་ཡི་འབྱུང་ལྔ་གཅོད་འདྲལ་རྩིས་ཀྱིས་བསྒྱུར། །ནང་གི་འབྱུང་ལྔ་འདུ་བ་སྨན་གྱིས་སྙོམས། །གསང་བའི་འབྱུང་ལྔ་སྐུ་ལྔ་ལམ་གྱིས་བསྒྲུབས། །སྲིད་ཞིའི་འབྱུང་ལྔའི་དབང་ཕྱུག་བདག་གྱུར་ཅིག

 

               འབྱུང་བའི་བྱེད་ལས།

ཟླ་ཟེར་ལས། །བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །ཅེས་པ་སྟེ་འབྱུང་བ་ལྔ་མ་འཁྲུགས་ན་འགྲོ་བ་རྣམས་ལ་བདེ་བ་སྟེར་ཞིང། འཁྲུགས་ན་འགྲོ་བ་རྣམས་གནས་སྐབས་ནད་ཀྱི་སྡུག་བསྔལ་དང། མཐར་སྡུག་འཆི་བའི་སྡུག་བསྔལ་བསྐྱེད་པར་བྱེད་དོ། །འབྱུང་བ་དེ་དག་ཕན་ཚུན་ཆ་སྙོམས་ཤིང་རྣམ་པ་ལུགས་འབྱུང་གི་ཚུལ་དུ་རྒྱུ་བའི་ཚེ་མི་སོགས་འགྲོ་བ་ཀུན་ལའང་བདེ་བ་དཔག་ཏུ་མེད་པ་སྟེར་བར་བྱེད་པ་ཡིན་མོད་འོན་ཀྱང་ནམ་ཞིག་འབྱུང་བ་རྣམས་ཕན་ཚུན་ཆ་མི་སྙོམས་ཤིང་ཚུལ་མིན་དུ་རྒྱུ་བ་ན། འཇིག་རྟེན་གྱི་ཁམས་རྒུད་པར་གྱུར་ཏེ། འགྲོ་བ་རྣམས་ལ་ནད་ཀྱི་སྡུག་བསྔལ་ཡོད་ཚུལ་མདོ་རྒྱུད་རྣམས་ནས་གསུངས་པ་དེ་དག་དོན་ལ་མངོན་སུམ་འབྱུང་བཞིན་ཡོད་པ་དེ་རེད། ཅེས་གསུངས་སོ།

                འབྱུང་བ་ལྔའི་བྱེད་ལས་ཀྱིས་མིའི་ལུས་གྲུབ་ཚུལ་བཤད་པ།

རང་ཅག་རྣམས་ཀྱི་རྒྱུན་དུ་བརྗོད་པའི་འབྱུང་བའམ་ས་ཆུ་མེ་རླུང་ནམ་མཁའ་དེ་ལ་བརྟེན་ནས་སྲིད་པའི་འཁོར་ལོ་འདི་བྱུང་ཞིང་། དེས་ལས་ཀྱང་འགྲོ་བ་རྣམས་ཀྱི་འཚོ་རྟེན་དུ་འགྱུར་བའི་དངོས་པོ་རྣམས་འབྱུང་བ་ཡིན་ལ། དངོས་པོ་དེ་དག་གི་བཀོལ་སྤྱོད་བདག་པོར་འགྱུར་བ་འགྲོ་བ་མིའི་རིགས་བྱུང་བ་ཞིག་ཡིན་ཕྱིར་དེ་གསུམ་གཅིག་ལ་གཅིག་རྟེན་དུ་འགྱུར། དེ་ཡང་དུས་འཁོར་ལས། །ས་བོན་པད་མར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱིས་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ། ཞེས་གསུངས་པ་ལྟར། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་ལུས་ནི་ཕ་མ་གཉིས་སྙོམས་འཇུག་བྱས་པ་ལས་བྱུང་བའི་ཁུ་ཁྲག་གི་དབུས་སུ་བར་དོ་འགགས་པའི་ཡིད་ཀྱི་རྣམ་ཤེས་ཤིན་ཏུ་ཕྲ་བའི་འོད་གསལ་གྱི་སེམས་ཀུན་གཞིའི་མིང་ཅན་དེ་ཞུགས་པའི་ཁུ་ཁྲག་རྣམ་ཤེས་གསུམ་མའི་མངལ་གནས་སུ་འདྲེས་པ་ལས་མིའི་ལུས་འགྲུབ་པ་ཡིན། དེ་འདྲའི་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་གོང་བུ་དེ་མའི་གསང་བའི་པད་མའི་ས་ཁམས་གྱིས་འཛིན་པར་བྱེད། ཆུའི་ཁམས་ཀྱིས་སྡུད་པར་བྱེད། མེའི་ཁམས་ཀྱི་སྨིན་པར་བྱེད། རླུང་གི་ཁམས་ཀྱིས་འཕེལ་བར་བྱེད། ནམ་མཁའི་ཁམས་ཀྱིས་མངལ་གྱི་སྟོང་པའི་ཆ་དེས་འཕེལ་བའི་གོ་སྐབས་འབྱེད་པར་བྱེད་དོ། ཞེས་དང། བཤད་རྒྱུད་ལས། །ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །ཞེས་བཤད་པའི་རྒྱུད་ཀྱི་གྲུབ་པ་ལུས་ཆགས་ཚུལ་ལས་བསྟན་པ་ལྟར་མཁས་དབང་སྐྱེམས་པ་ཚེ་དབང་གིས་མཛད་པའི་འགྲེལ་པ་ལེགས་བཤད་སྨྲ་བ་མཆོག་ཐོབ་ལས་འདི་ལྟ་སྟེ།  འབྱུང་བ་སའི་ཡོན་ཏན་ལས་ཤ་དང་རུས་པ་སྣའི་དྲི་འཛིན་པའི་དབང་པོའི་རྟེན་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ་རྣམས་སྐྱེད་དོ། ཆུའི་ཡོན་ཏན་ལས་ཁྲག་དང་ལྕེའི་རོ་ཡི་རྟེན་ཟླ་བ་བཀས་པ་ལྟ་བུ་དང་། ལུས་ཀྱི་གཤེར་ཅིང་རླན་པའི་ཆ་རྣམས་སྐྱེད་དོ། །མེའི་ཡོན་ཏན་ལས་དྲོད་དང་ལུས་ཀྱི་མདོག་གསལ་བ་སྟེ་བཀྲག་དང་ལྡན་པ་དང་། མིག་གཟུགས་མཐོང་བའི་རྟེན་ཟར་མའི་མེ་ཏོག་ལྟ་བུ་རྣམས་སྐྱེད་དོ། རླུང་གི་ཡོན་ཏན་ལས་དབུགས་དང་པགས་པ་དང་རེག་བྱའི་རྟེན་རེག་ན་འཇམ་གྱི་པགས་པ་ལྟ་བུ་རྣམས་སྐྱེད་དོ། །ནམ་མཁའི་ཡོན་ཏན་ལས་ཕྱི་ནང་གི་བུ་ག་རྣམས་དང་། རྣ་བའི་སྒྲའི་རྟེན་གྲོ་གའི་མཛེར་བུ་གཅུས་པ་ལྟ་བུའི་ནང་གི་ཁོང་གི་སྟོང་པ་རྣམས་སྐྱེད་པར་འགྱུར།།
 

ས་བཅད་དང་པོ་སེམས་ཁམས་འཁྲུག་པའི་རྒྱུ།  

དེ་ཡང་ཐོག་མར་འབྱུང་བ་ལྔ་ལས་གྲུབ་པའི་ནང་བཅུད་ཀྱི་སེམས་ཅན་སྤྱི་དང་ཁྱད་པར་འགྲོ་བ་མིའི་ལུས་རྟེན་དེ་ཡི་སྡུག་བསྔལ་གྱི་རྒྱུའམ་རྩ་བ་ནི་མ་རིག་པ་ཡིན་ཞིང། དེ་ཡི་དབང་གིས་རྣམ་རྟོག་དུ་མ་བསྐྱེད་པ་དང། རྣམ་རྟོག་དུ་མ་བསྐྱེད་པ་ལ་བརྟེན་ནས་འབྱུང་ལྔའི་བྱེད་ལས་འཁྲུགས། དེ་འཁྲུགས་པ་ལ་བརྟེན་ནས་ཉོན་མོངས་འཕེལ། དེ་འཕེལ་བ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་ལས་ངན་པ་དུ་མ་ཞིག་གསོག ལས་ངན་པ་བསགས་པ་ལ་བརྟེན་ནས་འབྲས་བུ་ངན་པ་འབྱུང་ཞིང་སེམས་ཁམས་མི་བདེ་བ་བྱུང་བ་ཡིན། གོང་དུ་ཞུས་པ་བཞིན་འབྱུང་རྩིས་ཟླ་ཟེར་ལས། །དེ་ཕྱིར་འབྱུང་འདུས་ཕུང་པོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། ཞེས་གསུངས་པ་དང། འགྲེལ་ཆེན་ལས། སེར་སྣ་ཡེ་ཤེས་ཁམས་ལ་འགྱུར་ཏེ་ལུས་མཆོག་དག་ལ་ནམ་མཁའ་ལ་ནི་ཞེ་སྡང་རྡོ་རྗེའོ། །རླུང་ལ་ཕྲག་དོག་རྡོ་རྗེ་མེ་ལ་ཆགས་པའི་རྡོ་རྗེ་རབ་ཏུ་གསལ་མཛད་དེ་བཞིན་ཉིད་དུ་ནི། །ཆུ་ལ་དཔལ་ལྡན་ང་རྒྱལ་རྡོ་རྗེ་ས་ལ་གཏི་མུག་རྡོ་རྗེ་རང་བཞིན་ཡོན་ཏན་དབང་གིས་སོ། མདོར་ན་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུའམ་སེམས་ཁམས་འཁྲུགས་པའི་རྒྱུ་ནི་མ་རིག་པ་ཡིན་ཞིང། དེའི་དབང་གིས་རྣམ་རྟོག་དུ་མ་བསྐྱེད། དེ་ཡིས་འབྱུང་བ་སོ་སོའི་བྱེད་ལས་འཁྲུགས། དེ་འཁྲུགས་པ་ལ་བརྟེན་ནས་འབྲས་བུ་སེམས་ཁམས་འཁྲུགས་པར་བྱེད་དོ།

ས་བཅད་གཉིས་པ་སེམས་ཁམས་འཁྲུག་པའི་རྐྱེན། 

 ལས་བཟང་ངན་གང་བསགས་པའི་རྒྱུ་དེ་དག་སྨིན་པར་བྱེད་པ་ལ་མཐུན་པའི་འཕྲལ་གྱི་རྐྱེན་དུ་མ་ཞིག་དང་འཕྲད་དགོས། འདིར་སྐབས་བབ་བོད་རྩིས་རིག་པའི་ངོས་ནས་བཤད་ན། ལོ་ཟླ་ཞག་དུས་ལ་གནས་པའི་ས་བདག་རྣམས་དང། ལོ་རྟགས་སྤར་སྨེ་དང། ཕྱིའི་ཉི་ཟླ་གཟའ་སྐར་གྱི་འགྲོས་དང། དེ་ལ་བརྟེན་ནས་ཕྱིའི་འབྱུང་ཁམས་དང་ནམ་དུས་འཕོ་འགྱུར་འགྲོ་བ་སོགས་ཀྱིས་རྐྱེན་བྱས་ནས་སེམས་ཁམས་འཁྲུགས་པར་བཤད། དེ་ཡང་གཟའ་སྐར་དུས་ལྷ་སོགས་རྐྱེན་བྱེད་མཁན་དེ་དག་ལོ་ཟླ་ཞག་དུས་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཇི་ལྟར་གནས་ལུགས་རྣམས་མི་ཤེས་པའི་དབང་གིས་དང།  དེ་བཞིན་རྩིས་འབྲས་བརྟག་པའི་སྐབས་སུ་རྐྱེན་གཟའ་སྐར་སྤར་སྨེ་སོགས་གང་རུང་ཞིག་འཕྲད་པ་ཙམ་གྱིས་སེམས་ཁམས་འཁྲུགས་པར་མི་ནུས་ཏེ། རྒྱུ་དང་རྐྱེན་གྱི་ནུས་པ་མཐུན་པ་ཞིག་ངེས་པར་དུ་དགོས། འབྱུང་རྩིས་ཟླ་ཟེར་ལས། མ་རིག་འཁྲུལ་སྣང་གཙུག་ལག་ལ། །རྩི་བའི་གཞི་དང་རྩི་ཐབས་གཉིས། ཞེས་གསུངས་པ་ལྟར་རྩི་གཞི་ནི་ཤིང་མེ་ས་ལྕགས་ཆུ་གཙོ་བོ་འབྱུང་ལྔའི་བྱེད་ལས་དང་རྩི་ཐབས་སམ་འཕྲལ་རྐྱེན་ནི། གཞུང་ལས། རྩི་ཐབས་བསྡུ་ན་རྣམ་པ་དགུ། ཁམས་ལོ་སྨེ་བ་སྤར་ཁ་དང། །ཟླ་ཞག་དུས་ཚོད་གཟའ་སྐར་རོ། ཞེས་གསུངས་པ་ལྟར་རོ། །དེ་ཡང་ལག་ལེན་རྩིས་འབྲས་བརྟག་པའི་སྐབས་སུ་འབྱུང་བ་ཕན་ཚུན་དབར། མ། བུ། དགྲ། གྲོགས་དང། གཟའི་དགྲ་གྲོགས། ནུས་སྟོབས། དར་གུད། ཁྱིམ་སོ་སོའི་བདག་གཟའ་སོགས་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བཟང་ངན་འབྲས་བུ་བརྟག་དགོས། དབྱངས་འཆར་ལས། ཆུ་བརྒྱ་ཟམ་འོག་འདྲིལ་བ་བཞིན། །གོང་འོག་བཤད་པ་ཀུན་བསྡེབས་ནས། །དགོས་དོན་གཅིག་ལ་སྡུད་པའི་ཚུལ། །ཤེས་ན་ཡེ་མཁྱེན་མཁས་པ་ཡིན། ཞེས་གསུངས་སོ།།

ས་བཅད་གསུམ་པ་སེམས་ཁམས་ཇི་ལྟར་འཁྲུགས་པའི་ཚུལ།

གོང་དུ་བཤད་པའི་རྒྱུ་དང་འཕྲལ་རྐྱེན་དེ་དག་འཕྲད་པའམ་སྦྱོར་བའི་དབང་གིས་སྔོན་བསགས་པའི་ལས་བཟང་ངན་གྱི་འབྲས་བུ་དེ་དག་སྨིན་པར་བྱེད། དེ་བཞིན་རྩིས་འབྲས་བཤད་པའི་སྐབས་སུ་ཚེ་རབས་ལས་རྩིས་ཞེས་ཐ་སྙད་ཡོད་པ་དེ་མ་རིག་པའི་དབང་གིས་ཚེ་རབས་དུ་མ་ནས་ལས་བཟང་ངན་བསགས་པ་དེ་དག་གི་འབྲས་བུ་བཟང་ངན་དེ་ཡང་རྩིས་པས་དེའི་ཚེ་དེའི་དུས་ཀྱི། ལོ། ཟླ། ཞག དུས། གཟའ། སྐར་མ། སྤར་ཁ། སྨེ་བ། སོགས་འཕྲལ་གྱི་རྐྱེན་རྣམས་ལ་བརྟག་ཏེ་གང་ཟག་དེའི་སེམས་ཁམས་འཁྲུགས་མི་འཁྲུགས་ཀྱི་རྩིས་འབྲས་བཤད་ཀྱིན་ཡོད། དེ་ཡང་དེའི་ཚེ་དེའི་དུས་ཀྱི་འཕྲལ་རྐྱེན་གཟའ་སྐར་སོགས་ཀྱི་སྦྱོར་བའི་ནུས་པ་ལ་བརྟེན་ནས་གང་ཟག་བརྩི་བྱ་བྱེ་བྲག་གཅིག་གི་མི་ཚེ་ཧྲིལ་པོའི་སྐྱིད་སྡུག་སྣ་ཚོགས་ཀྱི་གནས་ཚུལ་ཞིབ་ཁྲ་ཞིབ་རྩིས་ཀྱི་ལམ་ནས་རྩིས་འབྲས་འདོན་སྤེལ་བྱེད་པ་ཞིག་ལ་ཚེ་རབས་ལས་རྩིས་དང། ལོ་རེ་རེའམ་ལོ་གཅིག་གི་ནང་བརྩི་བྱ་སོ་སོའི་སྲོག་ལུས་དབང་ཀླུང་བླ་སོགས་ལ་གེགས་བར་ཆད་ཡོད་མེད་ཀྱི་གནས་ཚུལ་རྟོགས་ཐབས་ཀྱི་རྩིས་ཀྱི་རིག་པ་ཞིག་ལ་ཀེག་རྩིས། བརྩི་བྱ་ཕོ་མོ་གཉིས་འཇིག་རྟེན་མཐུན་འཇུག་གི་བྱ་བར་ཞུགས་ཚེ་ཕན་ཚུན་མཐུན་མིན་རྟོགས་ཆེད་གཙོ་བོ་ཁོང་གཉིས་ཀྱི་སྲོག་ལུས་དབང་ཀླུང་སྨེ་བ་བཅས་ལ་གཞིར་བཞག་ནས་མི་ཚེ་གཅིག་གི་ནང་ཕན་ཚུན་གཤིབ་ཡུན་རིང་ཐུང༌། གཟུགས་གཞི་བདེ་མིན་དང་བུ་ཚ་འཕེལ་མིན། དབང་ཐང་ཟས་ནོར་གྱི་གནས་སྟངས། མི་ཁ་ཡོང་མིན་དང་ཁྱིམ་ཕྱྭ་བཟང་མིན། ཕན་ཚུན་མཐུན་མིན་བཅས་ཀྱི་གནས་ཚུལ་བསྟན་པའི་རྩིས་ལ་བག་རྩིས། གདུང་བའི་ནད་ཀྱིས་མནར་བའི་སྐབས་ནད་རྩིས་དང།  མཐར་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་གཤིན་པོ་རྣམས་བདེ་འགྲོ་ལྷ་མིའི་ལམ་ལ་སྐྱེ་ཆེད་དང་ཤུལ་ལུས་ནང་མི་རྣམས་ལ་བར་ཆད་ཡོད་མིན་བརྟག་ཐབས་ལ་གཤིན་རྩིས་དང། དེ་བཞིན་ཉིན་རེའི་བྱ་བཞག་མང་པོ་ཞིག་གོང་གི་གཟའ་སྐར་དུས་ཚིགས་སོགས་ཀྱི་སྦྱོར་བའི་ནུས་པ་ལ་བརྟེན་ནས་བླང་དོར་གྱི་ལས་ལ་འཇུག་གི་ཡོད། དེ་ཡང་དེ་དག་རྒྱག་དགོས་པའི་རྒྱུ་མཚན་ལ་མཚོན་ན་གཙོ་བོ་གཞུང་ལྟར་ན། འཇམ་དཔལ་རྩ་རྒྱུད་ལས། །རྒྱུ་སྐར་མང་པོ་གསུངས་པ་སྟེ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་འོ། །དུས་ཀྱི་མཐའ་མ་འདི་ལ་ནི། །འདི་དག་གི་ནི་ནུས་པ་ཡོད། །ཅེས་གསུངས་པ་ལྟར་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་ཚེ་ལས་རྐྱེན་དབང་བཙན་པས་སེམས་ཅན་དུ་མ་རྐྱེན་དབང་གིས་འདས་གྲོངས་སུ་འགྱུར་འགྲོ་བ་ལུང་དུ་བསྟན་པའི་ཕྱིར་ལྐོག་འགྱུར་གྱི་གནས་མི་མངོན་པའི་ཚུལ་དུ་ཡོད་པའི་རྐྱེན་ངན་མང་དག་ཞིག་རྩིས་ཀྱི་ལམ་ནས་མངོན་པར་གསལ་བ་བྱེད་ཀྱི་ཡོད།

གོང་དུ་བཤད་ཟིན་པའི་འཕྲལ་རྐྱེན་གཟའ་སྐར་སོགས་ཀྱི་ནུས་པས་སེམས་ཁམས་འཁྲུགས་ཚུལ་དཔེ་མཚོན་དགའ་ཞིག་ལས། ཚེ་རབས་ལས་རྩིས་ནང་གང་ཟག་སོ་སོར་དྲག་གཟའི་དབང་ཡུན་རིང་ལ་སེམས་ཁམས་འཁྲུག་པར་བྱེད་ཀྱི་ཡོད། ཚེ་རྩིས་འབྲས་བུ་བློ་གསར་དགའ་བསྐྱེད་ལས། །སྒྲ་གཅན་ལོ་བདག་བྱེད་པའི་དུས། །ནོར་ཟད་གཞན་གྱི་ལྕེ་ཟུག་ཅིང། །གཉེན་བྲལ་སྡུག་བསྔལ་ཐོག་བབས་འབྱུང། གཞན་ཡང་། ཀེ་ཏུས་ལོ་བདག་བྱེད་པའི་རིང། །ལས་དང་བྱ་བ་གང་བརྩམས་ཀྱང། །འགྲུབ་འགྲུབ་འདྲ་ལ་འགྲུབ་རྒྱུ་མེད། །དོན་མེད་སྡུག་བསྔལ་དྲག་པོས་གཟིར། ཞེས་གསུངས་པ་དང། གཞན་ཡང་དབྱངས་འཆར་མངྐུར་ལས། དང་པོ་ལྔ་དང་བདུན་བརྒྱད་ལ། །སྡིག་ཅན་གཟའ་དང་ཟླ་བ་འཛོམས། །འདྲི་བྱེད་ནད་ནི་འབྱུང་བ་སྟེ། །ནད་ཅན་ཡིན་ན་འཆི་བར་འགྱུར། ཞེས་གསུངས་པ་དང། དེ་བཞིན་དབྱངས་འཆར་གནས་མལ་བཅིུས་ལས། ཉི་མ་གེགས་སུ་གྱུར་པ་ན། །མི་ཆེན་བཀའ་ཕོག་རིམས་ཚད་གཟིར། ཁམས་རིགས་དམར་ཆགས་རྫས་བྱུང་བའི། །ཡིད་ལ་སྡུག་བསྔལ་རྣམ་པར་གཡོ། ཞེས་གསུངས་པ་དང། །མིག་དམར་གེགས་སུ་གྱུར་པ་ན། །དགྲ་འཚེ་འཇིགས་སྐྲག་བློ་སེམས་རྩུབ། ཞེས་པ་དང། དུས་མེ་གེགས་གྱུར་སྡུག་བསྔལ་མང། །མི་བདེ་བློ་འཁྲུགས་ལུས་ནད་དང། །སེམས་སྡུག་བསམ་པའི་བར་ཆད་འོང། ཞེས་གསུངས་པ་ལྟར་གཟའ་རྣམས་ཀྱི་ནུས་པས་སེམས་འཁྲུགས་པ་དང་ཚེ་སྲོག་འཁྲུགས་པར་བྱེད་དོ།

                     ལོ་གཅིག་ཀེག་རྩིས་ནང་གང་ཟག་སོ་སོའི་སྲོག་ལུས་དབང་ཀླུང་བླ་བཅས་ཀྱི་ཁམས་ལ་བརྟག་ཏེ་ལོ་གཅིག་གི་བདེ་སྡུག་བསྟན་ཡོད་པ་དཔེར་ན། སྲོག་རྡེལ་ནག་ན་ཚེ་སྲོག་ལ་རྒོལ་ཉེན་ཡོད་པར་བཤད། དེ་བཞིན་ལུས་ཀྱི་འབྱུང་བ་ཉམས་པས་ནད་དང་སེམས་སྡུག་འབྱུང་བར་བཤད། དབང་རྡེལ་ནག་ན་ཟས་ནོར་གྱི་གཡང་ཁ་ཤོར་བས་སེམས་སྡུག་ཆེ། ཀླུང་རྟ་བསོད་ནམས་ཉམས་པས་མི་ཁ་གཏམ་ངན་དགྲ་དང་ཁ་མཆུ་སྡང། དེ་ཡི་དབང་གི་སེམས་ཁམས་འཁྲུགས། བླ་ཡི་འབྱུང་བ་ཉམས་པས་ལུས་ཀྱི་ཟུངས་ཤུགས་ཉམས་ཞིང་ཚེ་སྲོག་ལ་བར་ཆད་ཆེ། ཞེས་གསུངས་པ་ལྟར་ཀེག་རྩིས་སྐབས་འབྱུང་བ་མི་མཐུན་པས་སེམས་ཁམས་འཁྲུགས་པར་བྱེད་པ་ཡིན། ཡང་བརྩི་བྱ་གང་ཟག་རང་གི་ལོ་རྟགས་དང་བརྩི་དུས་གནམ་ལོའི་ལོ་རྟགས་གཉིས་གཅིག་ཏུ་འཛོམས་པ་ལ་རང་ཀེག་ཏུ་ཚུད་པ་ཟེར་ཏེ་ཅུང་ཟད་ལོ་དེར་རྩུབ་པ་ཡོང་བ་ཡིན། དཔེར་ན་ལོ་གཅིག་ལྟ་བུ་ལ། མེ་ཏོག་སད་ཁྱེར་ལྟ་བུའི་སྐེག། ཚེ་སྲོག་གཉིས་ལ་ཟན། བཅུ་གསུམ་ལོན་པ་ལ། ལྕུག་ཕྲན་ཟོར་གྱི་བཅད་འདྲའི་སྐེག འབྱོར་བར་དགྲ་ལྡང། ལུས་དང་དབང་ཐང་ལ་ངན། ཉེར་ལྔ་ལོན་པ་ལ། སྒོ་ཁྱི་ལ་ཕྱི་མི་འབྱུང་འདྲའི་སྐེག རེས་བདེ་རེས་མི་བདེ། དེ་ཡང་སྐྱེས་པར་སྲོག བུད་མེད་ལ་དབང་ཐང་གཙོ་ཆེ་བ་ཡིན། སོ་བདུན་ལོན་པ་ལ། ཟན་ལ་བདུད་བྱ་བབས་པ་ལྟ་བུའི་སྐེག ནད་ཕྲན་གྱི་འཚེ། ཞེ་དགུ་ལོན་པ་ལ། ལུག་ཁྱུར་སྤྱང་ཀི་ཞུགས་འདྲའི་སྐེག འདིར་ནད་བཏབ་ན་རེ་གཅིག་ལ་མི་བརྒལ་ཟེར། རེ་གཅིག་ལོན་པ་ལ། རྐང་ལ་ཞགས་པ་བཏབ་འདྲའི་སྐེག བཟའ་མིའམ་ཉེ་བ་བྱེ་བྲལ་ངོ། དོན་གསུམ་ལོན་པ་ལ། རྒྱ་མཚོར་རྡོ་སྐྱུར་འདྲ་བའི་སྐེག གྱ་ལྔ་ལོན་པ་ལ། རི་གཟར་རྦབ་ཏུ་རིལ་བ་ལྟ་བུའི་སྐེག་བཅས་ལོ་ཀེག་དེ་དག་ལ་རྒྱུ་མཚན་འདྲ་མིན་གྱིས་སེམས་ཁམས་འཁྲུག་པར་བྱེད་ཀྱི་ཡོད།  

   

 དེ་བཞིན་བག་རྩིས་ལ་མཚོན་ན། ཕོ་མོ་གཉིས་ཀྱི་སྲོག་ཁམས་མ་མཐུན་ན་འགྲོགས་ཡུན་ཐུང་ཞིང་ཚེ་ཐུང་བ་དང་ནད་མང་བར་བསྟན་པ་དང། ལུས་ཁམས་མ་མཐུན་ན་ལུས་གཅོང་ཅན་ནད་གཞི་ཅན་དུ་འགྱུར་བ་དང་བུ་ཚ་དབང་པོ་སྐྱོན་ཅན་དུ་འོང་བར་གསུངས་ཤིང་། དེ་བཞིན་དབང་ཁམས་མ་མཐུན་ན་ནོར་མི་ཆགས་ཤིང་ཕྱི་ནས་གསེར་གྱི་སྦྲམ་རྙེད་ཀྱང་ནང་དུ་ས་རྡོ་བོང་བར་འགྲོ་བར་གསུངས་པ་དང། ཕྱོགས་མཚུངས་ཀླུང་ཁམས་མི་མཐུན་ན་ལས་ལམ་འགྲོ་མི་ཡོང་བ་སོགས་ཀྱིས་སེམས་ཁམས་འཁྲུགས་པར་བྱེད་དོ། །

               ནད་རྩིས་ལ་མཚོན་ན་སྨན་པ་ཚོས་སྨན་སྦྱོར་བྱེད་སྐབས་དང། ནད་པར་སྨན་གཏོང་བ། མེ་བཙའ། གསེར་ཁབ། ཁྲག་གཏར་བ་སོགས། ལོ། ཟླ། ཞག དུས་དང། གཟའ། ཚེས། སྐར། སྦྱོར་བ། བྱེད་པ། དུས་བཞི་འཕོ་ཚུལ་སོགས་ལ་ངེས་པར་དུ་བསྟུན་གལ་ཆེ་ཞིང། མ་བསྟུན་ཚེ་སྨན་རྣམས་དུག་ཏུ་འགྱུར་ཏེ་ནད་པའི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་སེམས་འཁྲུག་པ་རྩིས་གཞུང་ནང་ཁ་གསལ་བསྟན་ཡོད། དེ་ཡང་དབྱངས་འཆར་གཞུང་ལས། རིགས་ལྡན་ཐུན་མཚམས་མི་ཤེས་པར། །ཟས་ཞིམ་ཟོས་ཀྱང་དུག་འགྱུར་ཞིང། །ནད་པས་སྨན་འཐུང་དུག་ཏུ་འགྱུར། །དེ་ཕྱིར་རིགས་ལྡན་སྦྱོར་བ་སྤང། ཞེས་དང། དེ་དུས་སྨན་དཔྱད་གཏར་སྲེག་བྱེད། །དུག་འགྱུར་སྦྲུལ་སོས་བཏབ་དང་འདྲ། ཞེས་གསུངས་ཤིང། ཚེས་འབྲས་ཐོར་བུའི་སྐབས་སུ་ཡང། དེ་ལྟར་བརྟག་སྟེ་ཚེས་གང་ལ། །གང་དུ་གནས་པ་དེ་དང་དེར། །གཏར་སྲེག་ལ་སོགས་སྤང་བར་བྱ། ཞེས་བླ་གནས་འཕོ་ཚུལ་དག་ལའང་ལེགས་པར་བརྟག་དགོས་པ་གསུངས་ཡོད།

                དེ་བཞིན་ཉིན་རེའི་བྱ་བཞག་འཕྲོད་དུའང། གཟའ་དང་སྐར་མའི་འབྱུང་ཁམས་ཀྱི་འཕྲོད་སྦྱོར་ལས། །ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། དེ་བཞིན། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། ཞེས་གསུངས་པ་དང། ཡང་། བླ་གཟའ་དར་དུས་བྱ་ལས་འགྲུབ། །སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ། ཞེས་གསུངས་པ་ལྟར་འབྱུང་འཕྲོད་དེ་དག་གི་སྐབས་དང་གཤེད་གཟར་གལ་ཆེའི་དོན་གཉེར་མི་རུང་བས་ངེས་པར་དུ་འཛེམས་དགོས་པ་ཡིན།

            མདོར་ན་ཚེ་འདིའི་སྡུག་བསྔལ་སྣ་ཚོགས་སམ་སེམས་ཁམས་འཁྲུགས་པའི་རྒྱུ་མི་ཤེས་པའི་དབང་གིས་དང། རྐྱེན་ནི་གཟའ་སྐར་སྤར་སྨེ་སོགས་ལོ་ཟླ་ཞག་དུས་ལ་ཇི་ལྟར་གནས་ལུགས་རྣམས་མི་ཤེས་པའི་དབང་གིས་དང།  རྟེན་འབྲེལ་གྱི་ནུས་པ་སོགས་མི་ཤེས་པའོ། །དེས་ན་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དེ་དག་གི་གནས་ལུགས་སམ་འཁོར་ཚུལ་དང། རྟེན་འབྲེལ་གྱི་ནུས་པ་རྣམས་ཤེས་པར་བྱ་དགོས། དེ་དག་ལེགས་པར་ཤེས་པའི་དབང་གིས་བླང་དོར་གྱི་གནས་ལ་མི་རྨོངས་སོ། །བླང་དོར་གྱི་གནས་ལ་མ་རྨོངས་པའི་དབང་གིས་སེམས་ཁམས་བདེ་བར་གནས། དེའི་ཕྱིར་འཇིག་རྟེན་པའི་རྣམ་རྟོག་གི་དྲ་བ་སེལ་ཐབས་ལ་རིག་གནས་ཐམས་ཅད་ཀྱི་གཞི་མར་གྱུར་པའི་བརྡ་སྤྲོད་རིག་པ་ཡན་ལག་དང་བཅས་པ་དཔྱིས་ཕྱིན་པར་སྦྱངས་ཏེ། གསུང་རབ་མཐའ་དག་ཐོས་བསམ་འཆད་རྩོད་ཀྱིས་གཏན་ལ་ཕབ་ཅིང་ཚད་མས་གྲུབ་པའི་དོན་ཉམས་སུ་ལེན་དགོས་པ་དང༌། ལམ་གྱི་རྟེན་ལུས་ལ་ཉེས་པ་སེལ་ཞིང་ཕན་པ་སྒྲུབ་པ་སྨན་དང༌། རྟེན་དེ་ལ་བྱ་བ་གང་སྒྲུབ་པ་ཐམས་ཅད་ལེགས་ཉེས་བླང་དོར་མི་ནོར་བའི་བོད་རྩིས་ཀྱི་རིག་པ་ལ་མཁས་པའི་སྒོ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་བྱ་དགོས། དེ་དག་ལ་འབད་ན་དོན་གཉིས་མཐར་ཕྱིན་པའི་རྣམ་མཁྱེན་ཐོབ་པའི་ཕྱིར་རོ།། །།



མཐའ་མའི་འདོན་ཐེངས་།: 09.04.2018 ཉིན། 10:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།