སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

བོད་ཀྱི་སྐྱེ་དངོས་སྨན་རྫས་ཀྱི་དབྱེ་བརྟག་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.10.2022
བོད་ཀྱི་སྨན་རྫས་རིག་པ། >>

 

 

༄༅། །བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་རིགས་དབྱེ་དང་བརྟག་ཐབས་སྐོར་གླེང་བ། 

རིན་ཆེན་རྒྱལ།

 

དང་པོ། བོད་ཀྱི་སྐྱེ་དངོས་སྨན་རྫས་ཀྱི་རིགས་དབྱེ།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྣམས་སུ་ཕྱི་ནང་འབྱུང་བའི་རྡུལ་རྫས་ལས་སྣོད་བཅུད་ཀྱི་འཇིག་རྟེན་འདི་གྲུབ་པར་གསུངས་པ་དང་། ལུས་ནད་གཉེན་པོ་གསུམ་ཡང་ངོ་བོ་བདག་གཅིག་ཏུ་འབྲེལ་ཞིང་ཕྱི་ནང་གི་འབྱུང་བ་ཚུལ་མཐུན་དུ་རྒྱུ་ཚེ། ནང་ལུས་ཁམས་དང་ཕྱི་རོལ་ཡུལ་གྱི་སྐྱེ་དངོས་རྩི་ཤིང་སོགས་འཇིག་རྟེན་གྱི་བྱ་དངོས་ཡོངས་རྫོགས་ཁམས་སྙོམས་ཤིང་རྣམ་པ་ལུགས་འབྱུང་དུ་རྒྱུ་བ་དང་། སྐྱེ་དངོས་སྨན་གྱི་ནུས་པ་ཡང་རང་རང་གི་འབྱུང་ཁམས་ཀྱི་རང་བཞིན་ལྟར་ལུགས་མཐུན་དུ་འབྱུང་བ་མ་ཟད། སྐྱེ་དངོས་རང་རང་གི་རང་བཞིན་དང་། ཕྱི་དབྱིབས། བོངས་ཚད། ཁ་དོག་བཅས་རྩི་ཤིང་རང་ལ་ཡོད་པའི་ཁྱད་ཆོས་རྣམས་ཆ་ཚང་བར་འབྱུང་བ་དག་ཀྱང་རྟེན་འབྱུང་བ་ཤས་ཆེ་ཆུང་དང་ས་བོན་གྱི་རང་བཞིན་ལས་དེ་ལྟར་བྱུང་བ་ཡིན་ནོ། །ཡིན་ཡང་སྐབས་འདིར་སྐྱེ་དངོས་སྨན་རྫས་རང་གི་ཐོག་མའི་འབྱུང་ཁུངས་དང་ནང་གསེས་རིགས་དབྱེ། འཕེལ་འགྱུར་གྱི་གོ་རིམ། སྐྱེ་འཕེལ་གྱི་འགྱུར་ལྡོག་བཅས་ནི་བསྐལ་བའི་ཕུགས་ལམ་གྱི་གསང་བར་རྟོགས་གཞིགས་གནང་མཁན་མིའི་རིགས་རིག་པ་རྣམས་ལའང་དཔྱད་གསུམ་དག་པའི་གཏན་ཚིགས་བརླིང་པོ་ཞིག་ལྡོན་རྒྱུ་མེད་ཕྱིར། རྩི་ཤིང་གི་གདོད་མའི་འཕེལ་འགྱུར་རྣམས་ཆེས་ཤིན་ཏུ་ཆེ་བའི་ལྐོག་གྱུར་གྱི་གསང་བ་ཞིག་ཏུ་གྱུར་ཡོད་མོད། ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་ནས་མདོ་དབུས་མཐོ་སྒང་དུ་གནས་བཅས་པའི་བོད་རིགས་མཛངས་མི་རྣམས་ཀྱིས་འཇིག་རྟེན་ཧྲིལ་པོའི་བྱ་དངོས་ལ་འཐབ་རྩོད་བྱས་པའི་བརྒྱུད་རིམ་ཁྲོད། རིམ་གྱིས་མདོ་དབུས་མཐོ་སྒང་གི་གཏེར་རིགས་དང་། སྲོག་ཆགས་རིགས། སྐྱེ་དངོས་རིགས་ཀྱི་སྨན་རྫས་རགས་པ་རྣམས་ལ་ངོས་འཛིན་དང་ཤེས་རྟོགས་བྱུང་བ་སྟེ།

            ཐོག་མར་སྨན་རྫས་རང་གི་ཕྱི་དབྱིབས་དང་། རོ། ཁ་དོག་དྲི་མ་བཅས་ལ་བརྟེན་ནས་ཕན་གནོད་ཀྱི་སྤང་བླང་ཤེས་ཚོར་བྱུང་བ་བསྙོན་དུ་མེད། སྐབས་དེའི་དུས་སུ་ཕྲ་མཐོང་ཆེ་ཤེལ་སོགས་དེང་རབས་ཀྱི་དཔྱད་ཆས་གང་ཡང་མེད་པས་དབང་པོ་ལྔས་ཉམས་སུ་མྱོང་རྒྱུ་དེ་ནི་ཆེས་ཕུལ་བྱུང་གི་ཐབས་ཤེས་ལེགས་ཤོས་དེ་ཡིན། དེ་ལ་ཡང་དེང་རབས་སྐྱེ་དངོས་རིག་པ་བའི་སྡོམ་ཚིག་བཞག་པ་ལྟར་ན། “སོན་མེ་ལྡན་པའི་སྐྱེ་དངོས་རིགས་ཀྱི་ཐོག་མ་ནི་ད་ནས་ལོ་ཆིག་ཁྲི་སུམ་སྟོང་གོང་གི་པེ་ཡ་ཅིས་དུས་རབས་སུ་འགོ་ཚུགས་ཡོད་ན་ཡང་། སྐྱེ་དངོས་དེ་དག་གི་ཐོག་མའི་འབྱུང་ཁུངས་དང་གདོད་མའི་སྐྱེ་ཁུངས་ལ་སུས་ཀྱང་རྗེས་དཔག་བྱེད་ཁག་པོ་འདུག” (1) ཅེས་གསུངས་ཡོད་པས་སྐྱེ་དངོས་སྨན་གྱི་གདོད་མའི་གནས་ལུགས་རྣམས་སུས་ཀྱང་བརྗོད་དཀའ་བའི་གསང་བའི་གནད་དོན་ཞིག་ཏུ་ལགས་མོད། རིམ་བཞིན་སྤྱི་ཚོགས་གོང་འཕེལ་དང་། ཤེས་རིག་དར་རྒྱས། བསམ་བློར་འཕེལ་རྒྱས་བྱུང་བའི་རྐྱེན་གྱིས་འཇིག་རྟེན་གྱི་བྱ་དངོས་ཡོངས་རྫོགས་ལ་ངོས་འཛིན་གསལ་པོ་བྱུང་བ་དང་། དེ་ལྟར་ཡུན་རིང་གི་འཚོ་བའི་ཉམས་མྱོང་ལ་བརྟེན་ནས་རིམ་གྱིས་གཞུང་ལུགས་ཅན་གྱི་ལམ་ཁར་ཕྱོགས་ཏེ། ཅུང་ཟད་ཆ་ཚང་ཞིང་གོ་རིམ་ལྡན་པའི་ཆེས་ཐོག་མའི་ཟས་སྨན་ཡོན་ཏན་གྱི་ཕན་གནོད་སྟོན་པའི་གཞུང་ལུགས་ཀྱི་ལྟ་བ་ཕྲན་ཚེགས་རྣམས་བྱུང་བ་ཡིན་ནོ།།

            དེ་ལྟར་ཟས་སྨན་ཡོན་ཏན་གྱི་ཕན་གནོད་ཕྲན་བུ་ཤེས་རྟོགས་བྱུང་ནས་རིམ་བཞིན་ད་ལྟའི་སྨན་རྫས་རིག་པའི་གཞུང་ལུགས་འདི་དག་གྲུབ་པ་སྟེ། སྨན་རྫས་ཀྱི་རོ་དྲུག་དང་། ཞུ་རྗེས་གསུམ། ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་སོགས་ཤིན་ཏུ་ཕྲ་ཞིང་ཕྲ་བའི་སྨན་རྫས་ཀྱི་གཞུང་ལུགས་ཆ་ཚང་འདི་གྲུབ་པ་མ་ཟད། བྱེ་བྲག་རོ་སྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་དང་། ནང་གསེས་དབྱེ་བ་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ང་དྲུག་གི་རྣམ་བཤད་ཞིབ་རྒྱས་སུ་གསུངས་ཡོད་པ་དང་། དེ་དག་ཐོག་མར་འབྱུང་བ་ལྔའི་ངོ་བོ་ལས་གྲུབ་པའི་སྨན་རྫས་གང་ཞིགརང་གི་རྟེན་སྟོབས་འབྱུང་བ་ཤས་ཆེ་ཆུང་དང་ས་བོན་གྱིས་རོ་དྲུག་ཁོ་ནར་མ་ངེས་ཤིང་། རོ་རྐྱང་པ་དང་། ལྡན་འདུས་བཅས་དུ་མ་ཚོགས་པ་ལས་རོ་ནུས་ཞུ་རྗེས་གསུམ་གྱི་སྡེབ་སྦྱོར་མཐའ་ཡས་སུ་འབྱུང་བ་དག་ནི་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ངོ་མ་དེ་ཡིན་ནོ།།

            དེ་བཞིན་སྐྱེ་དངོས་སྨན་རྫས་ཀྱི་རིགས་དབྱེ་དེ་ཡང་བོད་ཀྱི་སྐྱེ་དངོས་སྨན་རིགས་པའི་གཞུང་ལུགས་ཁྲོད་གལ་ཆེའི་གནས་བབ་ཟིན་ཡོད་པས། སྐབས་བབ་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་རིགས་དབྱེ་སྐོར་གླེང་བར་བྱ་བ་ལ། དེ་ལྟར་སྨན་རྫས་ཡོད་དོ་ཅོག་གི་རོ་ནུས་ཞུ་རྗེས་སོགས་ཤིན་ཏུ་ཕྲ་བའི་རྣམ་གཞག་རྣམས་གསལ་པོར་ངེས་རྟོགས་བྱེད་པ་ལ། ཐོག་མར་རྫས་རང་གི་ཕྱིའི་གྲུབ་ཆ་སྟེ། ཁ་དོག་དང་། བོངས་དབྱིབས། ཕྲ་སྦོམ། སྐྱེ་ཡུལ་བཅས་ལས་སྐྱེ་དངོས་རང་ག་བའི་རིགས་ལམ་སྡེ་ཚན་གང་གི་ཁོངས་གཏོགས་ཡིན་པ་ར་སྤྲོད་བྱེད་ཐུབ་དགོས་ལ། གནའ་རབས་སུ་ཀྲུང་བོད་ལུགས་གསོ་རིག་གང་ཡིན་ཡང་སྨན་རྫས་རང་རང་གི་རྐྱང་སེལ་དང་ཕན་ཡོན། སྐྱེ་ཡུལ་གཙོ་བོའི་སྒོ་ནས་རིགས་དང་སྡེ་ཚན་གྱི་དབྱེ་བ་དགར་ཡོད་པ་སྟེ། རང་རྒྱལ་མིང་རྒྱལ་རབས་ཀྱི་སྨན་རྫས་རིག་པའི་མཁས་དབང་ལིས་ཧྲི་ཀྲིན་གྱིས་མཛད་པའི་སྔོ་འབུམ་དང་སྒྲོལ་མའི་སྔོ་འབུམ་ལྟ་བུ་ནི་སྨན་རྫས་རང་གི་རྐྱང་སེལ་ནུས་པ་དང་ཕན་ཡོན་གཙོ་བོའི་དབང་གིས་སྐྱེ་དངོས་སྨན་རྫས་རིགས་རྣམས་ཤིང་སྨན་དང་། སྔོ་སྨན། ཐང་སྨན། རྩི་སྨན་བཅས་སྡེ་ཚན་ཆེན་པོ་རིགས་ལྔར་དབྱེ་ཡོད་པ་ལྟར་རོ། །དེ་དག་ནི་སྨན་རྫས་ཀྱི་རིགས་སམ་སྡེ་ཚན་དབང་གིས་གསུངས་པ་ཡིན་ཞིང་། སྨན་རྫས་ཡོད་དོ་ཅོག་རྣམས་ཆེ་ས་ནས་གསེར་དངུལ་སོགས་གཏེར་རིགས་ལས་བྱུང་བའི་སྨན་དང་། ཙན་དན་དང་ཧོང་ལེན་སོགས་སྐྱེ་དངོས་ལས་བྱུང་བའི་རིགས་དང་། གླ་རྩི་དང་དོམ་མཁྲིས་སོགས་སྲོག་ཆགས་ལས་བྱུང་བ་བཅས་སྨན་རྫས་ཡོད་ཚད་རིགས་དེ་གསུམ་དུ་བསྡུ་ཆོག་པ་དང་། དེ་ཡང་ཤེལ་ཕྲེང་ནས་གསུངས་པ་ལྟར་རྫས་རང་གི་ངོ་བོའི་དབང་གིས་ནང་གསེས་དབྱེ་བ་བརྒྱད་ཡོད་དོ། །

1. ངོ་བོའི་ནུས་པ་བརྒྱད་བཤད་པ།

1.1   རྒྱུད་ལས། གངས་ཅན་འབིགས་བྱེད་ཟླ་ཉིའི་སྟོབས་ཅན་ལས། །བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱ། །ཞེས་གསུངས་པ་ལྟར་བསིལ་དྲོད་ཀྱི་སྨན་རྫས་གང་དང་གང་ཞིག་རང་གནས་སུ་སྐྱེས་པ་ནི་སྨན་གྱི་ནུས་པ་ཆེས་ཕུལ་དུ་བྱུང་བ་ཡིན་པ་དང་། གནས་ཀྱི་དབང་གིས་བསིལ་སྨན་རྣམས་གངས་ཅན་དེ་ཟླ་བའི་སྟོབས་དང་ལྡན་པའི་སྲིབས་རིར་སྐྱེས་པ་སྲོ་ལོ་དཀར་པོ་དང་། ཧོང་ལེན། གཡའ་ཀྱི་མ་ལྟ་བུ་དང་། ཡང་དྲོད་སྨན་རྣམས་འབིགས་བྱེད་དེ་ཉི་མའི་སྟོབས་དང་ལྡན་པའི་ཉིན་གྱི་རི་ལ་སྐྱེས་པ་སེ་འབྲུ་དང་། ཤིང་ཚ་ལྟ་བུ་དང་། དེ་ལས་ལྡོག་སྟེ་དྲོད་སྨན་བསིལ་སར་སྐྱེས་པ་དང་། བསིལ་སྨན་དྲོ་སར་སྐྱེས་པའི་རིགས་རྣམས་ནི་ནུས་པ་དམན་པ་ལས་ལེགས་པར་བརྟགས་ཏེ་སྨན་རྫས་འཐུ་སྒྲུབ་བྱེད་རྒྱུ་དེ་ནི་སྨན་གྱི་སྤུས་ཚད་དང་ཐད་ཀར་འབྲེལ་བའི་གནད་དོན་འགངས་ཆེན་ཞིག་ཡིན་ནོ། །

1.2   རོ་དང་ཕྱོགས་མཐུན་གྱི་ནུས་པ་ནི། རྒྱུད་དང་ཤེལ་ཕྲེང་སོགས་ནས་བསྟན་པའི་ནུས་པ་རྐྱང་སེལ་དེ་དག་ཡིན་ཏེ་ངོ་བོའི་ནུས་པ་ཡིན་ཡང་རོ་དང་ཕྱོགས་མཐུན་པའོ།

1.3   དྲིའི་ནུས་པ། ག་བུར་དང་ཙན་དན་དཀར་པོ་ཤིང་ཀུན་ཁ་ཆེའི་གུར་གུམ་གླ་རྩི་སོགས་ཏེ་རྩི་སྨན་དྲི་དང་ལྡན་ཚེ་ནུས་པ་སྨན་དུ་གྱུར་ལ། དྲི་མ་ཡལ་ནས་རོ་ཡོད་ཀྱང་སྨན་གྱི་ནུས་པ་མི་འབྱུང་བའོ། །

1.4   གཉེན་པོའི་ནུས་པ་ནི། རྨ་བྱའི་ཤ་དང་མཁྲིས་སྒྲོས་དུག་ལ་ཕན་པ་དང་། ཕག་སྣས་གཉན་ལྷོག་ལ་ཕན་པ། ཆུ་བལ་དང་ཆུར་གནས་མཁྲིས་པས་མེ་ཚིག་ལ་ཕན་པ།     གཟིག་དང་འབྲུག་གི་རུས་པས་ཁྱིའི་སོས་བཏབ་པའི་རྨ་ལ་ཕན་པ། གླ་རྕིས་སྦྲུལ་དུག་ལ་ཕན་པ་ལྟ་བུའོ། །

1.5  རིགས་མཐུན་གྱི་ནུས་པ་ནི། མགོ་གཟེར་ལ་ཐོད་རུས་དང་། མིག་ལ་སྦྲུལ་མིགལྕེ་སྐྲངས་ལ་སྤྱང་ལྕེ། སོ་གཟེར་ལ་སྟག་གཟིག་འབྲུག་གསུམ་གྱི་སོ། མགུལ་ལྦ་ལ་ལུག་གི་སྐེ་རྨེན། སྙིང་གཟེར་ལ་འབྲོང་དང་ནེ་ཙོ་རི་བོང་མི་གྲིར་ཤིའི་སྙིང་། གློ་ནད་ལ་ཝ་དང་ཁུར་རྟ་རེའུ་ཞོ་འཐུང་གི་གློ་བ། མཆིན་དུག་ལ་བུ་མོ་སྟག་ལོ་བཅུ་གཉིས་ལོན་པར་གྲིར་ཤིའི་མཆིན་པ། མཁྲིས་ནད་ལ་མཁྲིས་པ་སྣ་ཚོགས་ཀྱིས་ཕན་པ་དང་། མཁལ་ཚད་ལ་ལུག་ཐོང་ཚེར་གྱི་མཁལ་མ། རྒྱུ་གཟེར་ལ་གཡི་དང་གྲུམ་པའི་རྒྱུ་མ་རྣམས་ཀྱིས་ཕན་པ་ལྟ་བུའོ། །

1.6  དབྱིབས་དང་ཁ་དོག་གི་ནུས་པ་ནི། དབྱིབས་ནི་ཀླད་པ་ལ་རྡོ་ཀླད་དང་། སྙིང་མཆིན་མཁལ་མཚེར་གྱི་ནད་ལ་ཞོ་ཤ་བཞི་པོ་སོ་སོས་ཕན་པ་ལྟ་བུ་དང་། ཙན་དན་འབྲི་མོག་མཚལ་མཛོ་མོ་ཤིང་སྐག་སོགས་དམར་པོས་ཁྲག་དང་། སྐྱེར་པ་སོགས་སེར་པོས་མཁྲིས་པར་ཕན་པ་ལྟ་བུའོ། །

1.7  རྟེན་འབྲེལ་གྱི་ནུས་པ་ནི། མི་ཐོག་གིས་བསད་པའི་རུས་པ་དང་། རྒྱུ་གཟེར་གྱིས་ཤི་བའི་རུས་པས་རྒྱུ་གཟེར་ལ་ཕན་པ་དང་། སྒོ་དབྱིབས་ཀྱིས་ཝ་བ་དང་རྙིལ་ནད་ལ་ཕན་པ་དང་། ཤར་ལྟའི་བྱི་སས་རྒྱུ་རྒན་ལ་ཕན་པ། རི་བོང་ཀླད་པ་དང་པད་རག་གིས་དམར་བཤལ་ལ་ཕན་པ། མགོ་ཆག་གི་རུས་པ་ཟུར་གསུམ་པས་མགོ་ཆག་ལ་ཕན་པ་ལྟ་བུ་རྣམས་སོ། །

1.8  སྨོན་ལམ་གྱི་ནུས་པ་ནི། སྔོན་གྱི་སངས་རྒྱས་བྱང་སེམས་ལྷ་དང་དྲང་སྲོང་སོགས་ཀྱིས་འགྲོ་བའི་དོན་དུ་སྨོན་ལམ་བཏབ་པའི་མཐུ་ལས་འཁྲུངས་པར་བཞེད་པའི་དབང་པོ་རིལ་བུ་དང་ཀོ་ཋས་དུག་ལ་ཕན་པ་དང་། ད་ལི་དང་དབང་ལག་བཅུད་ལེན་དུ་སྨན་པ་སོགས་ཀྱིས་མཚོན་པའོ།།

 

2. རིགས་ཀྱི་ནང་དབྱེ་བདུན་བཤད་པ།

དེ་ལྟར་གཏེར་རྫས་དང་། སྐྱེ་དངོས། སྲོག་ཆགས་བཅས་སྨན་རྫས་ཡོད་ཚད་རིགས་ཆེན་པོ་གསུམ་དུ་བསྡུ་ཞིང་། བྱེ་བྲག་སྡེ་ཚན་དེ་དག་དགར་སྟངས་ཐད་ལའང་དུས་རབས་རིམ་བྱུང་གི་སྨན་རྫས་རིག་པའི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་སྔར་བས་འཐུས་སྒོ་ཚང་ཞིང་མ་ལག་ཅན་ཏུ་ཁ་ཕྱོགས་ཡོད་པ་སྟེ། དུས་རབས་དགུ་པ་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བླ་སྨན་བདུན་དང་ལོ་ཆེན་བེེ་རོས་མཛད་པར་གྲགས་པའི་《གསོ་དཔྱད་སྣ་ཚོགས་ཀྱི་འཁྲུངས་དཔེ་བསྟན་པ》ཞེས་པ་ལས། འཛམ་གླིང་ལོ་ཀ་པ་སྟེང་ན། །ག་བུར་སྨན་གྱི་རྒྱལ་པོ་དང་། །ཙན་དན་ལ་སོགས་ཤིང་གི་སྨན། །སྔོ་ཡི་རིགས་དང་སྲོག་ཆགས་ཀྱི། །རིགས་ལས་བྱུང་བའི་སྨན་རྣམས་དང་། །མཚལ་དང་ཁབ་ལེན་རབ་འབྱོར་དང་། །ཁྱུང་དཀར་ལ་སོགས་རྡོ་སྨན་དང་། །ཞེས་ལོ་ངོ་ཆིག་སྟོང་ཉིས་བརྒྱ་གོང་ནས་སྔོ་ཤིང་རྡོ་སྲོག་ཆགས་བཅས་སྡེ་ཚན་ལྔ་རུ་དགར་ཡོད་པ་དང་། དེ་བཞིན་དུ་《སྨན་དཔྱད་སོ་མ་རྭ་ཛ》ནང་གི་མུ་ཟི་སྦྱར་ཐབས་ཀྱི་ལེའུའི་སྐབས་སུ། སྨན་ནི་ས་དང་ཤིང་དག་དང་། །ཆུ་དང་རྡོ་བ་དག་ལ་བཅས་། །ཞེས་ས་རྡོ་ཆུ་ཤིང་བཞི་རུ་དབྱེ་བ་དང་། ཆུ་སྨན་ཞེས་སྡེ་ཚན་ཡན་གར་བར་བྱུང་ཡོད་ལ། དེའི་རྗེས་སུ་གངས་ཅན་བོད་ཀྱི་གསོ་རིག་གི་ཤིང་རྟའི་སྲོལ་འབྱེད་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་རིན་པོ་ཆེ་དང་། ས་སྨན། རྡོ་སྨན། རྕི་སྨན། ཤིང་སྨན། སྔོ་སྨན། ཐང་སྨན། སྲོག་ཆགས་ཀྱི་སྨན་ཞེས་སྡེ་ཚན་བརྒྱད་ཁོ་ནར་གྲངས་ངེས་པ་དང་། གོང་གསལ་སྡེ་ཚན་བཞིའམ་ལྔའི་རྨང་གཞིའི་ཐོག་རིན་པོ་ཆེ་དང་། ཐང་སྨན། རྕི་སྨན་གསུམ་གྱི་སྡེ་ཚན་གསར་བ་ཁ་སྣོན་བྱས་ཏེ་སྡེ་ཚན་བརྒྱད་དུ་གསུངས་པ་མ་ཟད། དེ་དག་ལས་རིན་པོ་ཆེ་དང་རྡོ་སྨན་ལ་ནང་གསེས་བཞུ་བ་དང་མི་བཞུ་བའི་ཁམས་དང་། ས་སྨན་ལ་རང་བྱུང་དང་བཅོས་མ། རྕི་སྨན་རིགས་རྣམས་གཙོ་བོ་རྩྭ་ཤིང་སྲོག་ཆགས་ལས་བྱུང་བ་དང་། ཤིང་སྨན་ལ་རྩ་བ་དང་། ལྡུམ་བུ། སྡོང་པོ། ཡལ་གརྐང་། ཤུན་པ། ཐང་ཆུ། ལོ་མ། མེ་ཏོགའབྲས་བུ་བཅས་བཅུ་དང་། ཐང་སྨན་ལ་རྩ་བ། ངར་པ། ལོ་མ། མེ་ཏོགའབྲས་བུ་དང་ལྔ།

            སྲོག་ཆགས་ལས་བྱུང་བར་རྭ་རུས་ཤ་ཁྲག་སོགས་བཅུ་གསུམ་བཅས་ནང་གསེས་དབྱེ་བའི་གྲུབ་ཆའི་གནས་ལུགས་རྣམས་གསལ་པོར་གསུངས་ཡོད། དུས་ཕྱིས་གངས་ཅན་མཁས་པའི་ཁྱུ་མཆོག་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གིས་སྔར་ཡོད་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་རྣམས་རྨང་གཞི་བྱས་ཐོགརྒྱུད་ནས་གསུངས་པའི་སྡེ་ཚན་བརྒྱད་པོའི་སྟེང་དུ་ལན་ཚྭའི་སྨན་སྡེ་དང་། ལོ་ཐོག་ལས་བྱུང་བའི་སྨན་སྡེ། ཆུའི་སྨན། མེའི་སྨན། གདུས་པའི་སྨན་སྡེ་བཅས་སྡེ་ཚན་རིགས་བཅུ་གསུམ་དུ་དབྱེ་ནས་བོད་ཀྱི་སྨན་རྫས་རིག་པའི་རིགས་དབྱེ་དེ་སྔར་བས་གྱ་ནོམ་ཞིང་ཕུན་ཚོགས་པར་བཏང་ཡོད།

            དེ་ལྟར་གོང་གསལ་བསྟན་བཅོས་དེ་དག་གི་སྡེ་ཚན་དབྱེ་སྟངས་ལས་གསལ་པོར་རྟོགས་ཐུབ་པ་ཞིག་ནི། གནའ་དུས་སུ་སྨན་རྫས་རང་གི་རང་བཞིན་གཙོ་བོར་དམིགས་ནས་ས་རྡོ་ཤིང་བཅས་སྡེ་ཚན་རགས་པ་རྣམས་དབྱེ་ཞིང་། དེ་ནས་རིམ་བཞིན་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ལ་རྟེན་ནས་ནང་གསེས་བཞུ་དང་མི་བཞུ་བ། རང་བྱུང་དང་བཅོས་མ། སྔོ་དང་ཐང་སྨན་བཅས་ནང་གསེས་ཞིབ་ཕྲའི་དབྱེ་བ་ཕྱེ་ཡོད་པ་མ་ཟད། དེ་དག་གི་འཁྲུངས་ཡུལ་དང་། རོ་ནུས། བརྟག་ཐབས། འདྲ་ཡིགངོས་འཛིན། གབ་མིང་། འཁྲུལ་སོ་བཅས་ཞིབ་རྒྱས་སུ་གསུངས་ཡོད། དེ་དག་ནི་བོད་ཀྱི་གསོ་བ་རིག་པ་ཙམ་མ་ཟད་པའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་སྤྱིའི་ཐུན་མོང་གི་བགྲོད་ལུགས་ཤིག་ཏུའང་སེམས་ཏེ། གང་ཡིན་ཞེ་ན། སྐབས་དེ་དང་དེའི་དུས་སུ་སྨན་རྫས་རང་གི་རང་བཞིན་དང་། སྐྱེ་ཚུལ། ཕན་ཡོན་གཙོ་བོར་དམིགས་ནས་དབྱེ་བ་དེ་ལྟར་དགར་རྒྱུ་ལས་གཞན་ཕྲ་མཐོང་ཆེ་ཤེལ་སོགས་སྔོན་ཐོན་འཕྲུལ་ཆས་བེད་སྤྱོད་གཏོང་བའི་སྐལ་བ་དབེན་པས་དེང་སྐབས་ལྟར་སྐྱེ་དངོས་སོ་སོ་བའི་རིགས་རྒྱུན་དང་འཕེལ་འགྱུར་བཅས་ལ་རྟོག་གཞིགས་གནང་རྒྱུ་ཉིན་གྱི་སྐར་མའི་རྗེས་སུ་ཟད་དོ།།

            སྤྱི་ལོའི་དུས་རབས་བདུན་པ་ནས་བཟུང་བོད་ཀྱི་སྔོ་འབུམ་ཁག་ཏུ་རྩི་ཤིང་སྔོ་རིགས་གསུམ་གཙོ་བོ་བྱས་པའི་སྐྱེ་དངོས་སྨན་རྫས་ཀྱི་ཕོ་མོ་དང་། མཆོག་དམན། དཀར་ནག་སོགས་རིགས་ཀྱི་དབྱེ་བ་མང་པོ་ཕྱེ་ཡོད་པ་མ་ཟད། 《སྔོ་འབུམ་སྨན་གྱི་གཏེར་མཛོད》ཅེས་པའི་ནང་།  “སྨན་གྱི་འབྱུང་ཁུངས་དང་། བཟང་ངན་གྱི་དབྱེ་བ། བསིལ་དྲོད་སྤྱིའི་ངོས་འཛིན། སྐྱེ་གནས་ཀྱི་ཁྱད་པར། མིང་གི་ངེས་པ། བོངས་དབྱིབས་ཁ་དོག་སོགས་ཀྱི་ཁྱད་པར། གལ་འགག་འཁྲུལ་སོ་བསལ་བ།

            ཐུན་མོང་བརྡ་ཚོམ་བཅས་སྨན་རྫས་རིག་པའི་གཞུང་ལུགས་ཀྱི་རྣམ་བཤད་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ད་དུང་སྨན་གྱི་རྩ་བ་དང་། སྡོང་པོ། ཡལ་གལྕུག་ཕྲན། ལོ་འདབ། ཤུན་པ། མེ་ཏོགཚི་གུ། རྩ་ལྡུམ། ནང་གསེས་དབྱེ་བ། སྨན་རྗས་སྐྱེ་དངོས་ཀྱི་དབྱིབས་ལ་གྲུ་བཞི་དང་། ཟླུམ་བུ། གྲུ་གསུམ། ཟླ་གམ། ནར་མོ། རིང་ཐུང་། ཕྲ་སྦོམ། དྲང་འཁྱོགའབྲེལ་གྱེས། འགྲེང་གུགརྣོ་ལྡུམ། སྡུད་བཏང་། དེ་མིན་འཕྲལ་དུ་དྲང་ཞིང་དེ་ལས་གྱེས་པ། འགའ་ཞིག་ངར་པ་དྲང་ལ་ཡལ་ག་སོགས་ཤིན་ཏུ་འཁྱོག་པ”(2)ཞེས་སྐྱེ་དངོས་སྨན་རྫས་ཀྱི་གྲུབ་ཆའི་གནས་ལུགས་དང་། ནང་གསེས་དབྱེ་བ། བརྟག་ཐབས་འཁྲུལ་སོ་བཅས་གསལ་པོར་གསུངས་ཡོད་པ་དང་། དེ་དག་ཀྱང་རྕི་ཤིང་རིགས་རང་རང་གི་ངོ་བོ་དང་། རང་བཞིན། ཁྱད་ཆོས། སྐྱེ་གནས་བཅས་ལ་གཞིགས་ནས་དབྱེ་བ་དེ་ལྟར་ཕྱེ་བ་ཡང་དེང་རབས་སྐྱེ་དངོས་སྨན་རྫས་ཀྱི་གཞི་རྩའི་གྲུབ་ཚུལ་དང་མཐུན་ཆེ་བ་དང་། དེ་དག་གི་ནང་གསེས་དབྱེ་བ་རྣམས་རེ་རེ་བཞིན་ཞིབ་རྒྱས་སུ་བརྗོད་པ་ལ།

2.1 མཆོག་དམན། སྤྱིར་མཆོག་དམན་གྱི་དབྱེ་བ་དེ་ནི་སྐྱེ་དངོས་རང་རང་གི་རིགས་ཀྱི་དབྱེ་བ་གཙོ་བོའི་སྒོ་ནས་བཞག་པ་ཡིན་མོད། སྔོ་འབུམ་སྨན་གྱི་གཏེར་མཛོད་ལས། དེ་ནི་རིགས་གཅིག་བྱེ་བྲག་ཡིན། །རིགས་གཅིག་ངོ་བོ་ཡོན་ཏན་སོགས། །མཆོག་དང་དམན་པའི་ཁྱད་པར་སྣང་། །ཞེས་དང་། དེ་ལ་རི་སྐྱེས་རྟ་རྨིག་དཀར་པོ་མཆོགཀླུང་སྐྱེས་རྟ་རྨིག་ནག་པོ་དམན་པ་ལྟ་བུ་སྐྱེ་གནས་གཙོ་བོ་དང་། སྒོག་སྐྱ་རྩ་བ་རྡོག་པོ་ཆིག་འདྲིལ་མཆོགརྩ་བ་ལྷུ་མང་བ་དམན་པ་ཞེས་སྐྱེ་དངོས་རང་གི་རྩ་བའི་གྲུབ་ཚུལ་གཙོ་བོ་དང་། རྩེ་མོ་འབྲས་ལྗང་འདྲ་བ་རྩ་བ་ཤུ་དག་ནག་པོ་མཆོགསྭ་ལུ་ལྗང་བུའམ་རྩ་བ་ཤུ་དག་དཀར་པོ་དམན་པ་ཞེས་སྐྱེ་ཚུལ་གྱི་རང་བཞིན་དང་གྲུབ་ཚུལ་བཅས་ལ་བལྟོས་ནས་མཆོག་དམན་གྱི་དབྱེ་བ་ཕྱེ་ཡོད་པ་མ་ཟད། ཧོང་ལེན་ལྷོ་ནས་འོང་བ་མཆོག་ལྟ་བུ་ཡུལ་ཕྱོགས་གཙོ་བོ་བྱས་པའང་ཡོད་པ་ཤེས་པར་བྱའོ། །

2.2 ཁ་དོགདེ་ནི་སྔོ་ཤིང་ཐང་སྨན་གྱི་ཁ་དོག་གིས་དབྱེ་བ་གཙོ་བོར་བཞག་པ་ཞིག་ཡིན་པ་སྟེ། སྔོ་འབུམ་སྨན་གྱི་གཏེར་མཛོད་ཀྱི་ཁ་དོག་གི་ངེས་པ་ཞེས་པའི་ལེའུ་ལས། ཁ་དོག་རྩ་ལོ་སྡོང་འབྲས་དང་། །ཡལ་ག་མེ་ཏོག་འབྲས་བུ་ལས། །རྩ་བ་ལྗང་གུ་རིགས་གཅིག་ལ། །ལྗང་སྐྱ་ལྗང་སེར་ལྗང་ནག་དང་། །ལྗང་སྔོ་ལྗང་དམར་ལྗང་རྐྱང་སོགས། །དུ་མ་སྲིད་ཕྱིར་སྤུ་རིས་དབྱེ། །ཞེས་དང་། རིགས་གཅིག་མེ་ཏོག་ལ་སོགས་པའི། །ཁ་དོག་རྩིས་ཀྱི་ཁྱད་ཞུགས་པ། །ཁ་དོག་གི་ནི་མིང་བརྗོད་ཏེ། །བོང་ང་དཀར་དམར་སེར་པོ་བཞིན། །ཞེས་གསུངས་པ་ལྟར་སྤང་རྒྱན་ལྟ་བུར་མཚོན་ན། སྤྱིར་སྤང་རྒྱན་ལ་དཀར་པོ་སྔོན་པོ་ཁྲ་བོ་སྨུག་པོ་སྟེ་ཁ་དོག་གིས་དབྱེ་བ་བཞི་དང་། ཨུག་ཆོས་ལ་རིགས་མེ་ཏོག་གིས་ཕྱེ་བས་དཀར་དམར་གཉིས་དང་། ཡང་བོང་ང་དག་ལ་དཀར་ནག་དམར་སེར་བཞི། དཀར་དམར་སེར་གསུམ་སྨན་ཡིན་ལ། ནག་པོ་དུག་ཡིན་སྨན་ཡང་རུང་། ཞེས་བོང་ང་དཀར་སེར་དམར་ནག་བཞི་པོ་ཡང་ཁ་དོག་གི་དབྱེ་ལུགས་དམིགས་སུ་བཟུང་ཡོད་དོ། །

2.3 ཕ་མོ་མ་ནིང་། སྤྱིར་ཕོ་མོ་མ་ནིང་གི་དབྱེ་བ་དེ་ནི་སྐྱེ་དངོས་སྨན་རྫས་ཁོ་ན་མིན་པར་འཇིག་རྟེན་སྤྱིའི་བྱ་དངོས་ངོས་འཛིན་གྱི་བརྒྱུད་རིམ་ཁྲོད་རྒྱུན་འབྱམས་སུ་གནས་པའི་དངོས་པོའི་རང་བཞིན་མངོན་པའི་རྟགས་མཚན་ཞིག་ཡིན་པ་དང་། བོད་ཀྱི་བརྡ་སྤྲོད་ཕྱི་མོ་སུམ་རྟགས་གཞུང་དུ་ཡི་གེ་ལ་ཕོ་མོ་མ་ནིང་དང་། གསོ་བ་རིག་པའི་གཞུང་དུ་ལུས་རྟེན་དང་། རུས་པ། འབྱུང་བ་བཞི་ལ་ཕོ་མོ་མ་ནིང་གི་དབྱེ་བ་དང་། དེ་བཞིན་ས་གཞི་རིལ་མོ་འདིར་བརྟེན་ཅིང་གནས་པའི་རི་ཆུ་རྡོ་བྲག་སྲོག་ཆགས་བཅས་ལའང་དེ་ལྟར་དབྱེ་སྲོལ་ཡོད་གཤིས། སྐྱེ་དངོས་རིགས་ལ་ནང་གསེས་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེ་བ་དེ་ནི་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་མཐུན་མིན་གྱི་ལྟ་བ་ཞིག་ཡིན་པ་མ་ཟད། ད་ཡོད་ཉར་ཚགས་བྱས་ཡོད་པའི་གནའ་རབས་ཀྱི་སྔོ་འབུམ་ཁག་དང་གཞུང་རྙིང་རྣམས་ལས་ཆེས་སྔ་ཤོས་ནི་དུས་རབས་བདུན་པའི་སྐབས་བྱུང་བའི་《སྒྲོལ་མ་སྔོ་འབུམ》དུ་གསལ་བ་དེ་ཉིད་ཡིན་པར་སེམས་ཏེ།  “འབམ་པོ་མེ་ཏོག་ཡོད་པ་མོ་རིགས་དང་། མེ་ཏོག་མེད་པ་ཕོ་རིགས་དང་། ཧོང་ལེན་ལ་ཡང་ཕོ་ལ་མེ་ཏོག་སྡོང་བུ་ཡོད། མོ་ལ་སྡོང་བུ་མེད་པ་ཡིན”(3)ཞེས་སྔོ་ཤིང་ཐང་གསུམ་གྱི་སྐྱེ་དངོས་གང་ཞིག་ལ་ཕོ་མོའི་དབྱེ་བ་མཛད་ཡོད་པ་དང་། མེ་ཏོག་དང་། འབྲས་བུ། གང་བུ་ཡོད་མེད་ནི་ཕོ་མོ་དབྱེ་བ་འབྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱས་པ་དེ་ལས་བོད་ཀྱི་སྨན་རྫས་རིག་པའི་མཁས་དབང་གོང་མ་རྣམས་ཀྱི་རྣམ་དཔྱོད་ཀྱི་ཤེས་རབ་དང་འཇིག་རྟེན་གྱི་བྱ་དངོས་དངོས་ལ་རྟོགས་གཞིགས་གནང་མཁས་པའི་ཟླ་བྲལ་གྱི་བློ་གྲོས་མཚོན་ཐུབ་པ་ཕུད། དེ་ལས་ཀྱང་ཤིན་ཏུ་ཞིབ་པ་སྐྱེ་དངོས་སོ་སོ་བའི་འབྱུང་བའི་རྡུལ་རྗས་ལས་གྲུབ་པའི་ཕྲ་ཞིང་ཕྲ་བའི་རྣམ་གཞག་དག་ཀྱང་མངོན་མཁྱེན་དང་རྟོགས་པ་གང་ཡང་མིན་པར་འཇིག་རྟེན་སྤྱི་འགྲོས་ཀྱི་ལུགས་ལྟར་དངོས་པོའི་གནད་ལ་གཞོལ་བའི་ཐབས་ཚུལ་འདིས་ཀྱང་གསལ་པོར་མཚོན་ཐུབ། གང་ཡིན་ཞེ་ན། ཚན་རིག་དར་རྒྱས་ཆེ་བའི་དེ་རིང་གི་ཉིན་མོ་འདིར་ཡང་སྐྱེ་དངོས་རིག་པ་སྨྲ་བའི་དྲན་དབང་དག་གིས་ཕྲ་མཐོང་ཆེ་ཤེལ་སོགས་སྔོན་ཐོན་འཕྲུལ་ཆས་ཀྱི་མཐུན་རྐྱེན་འོགསྐྱེ་དངོས་རིགས་ཀྱི་ཕོ་མོ་མ་ནིང་གི་དབྱེ་བ་དེ་དག་ཀྱང་མེ་ཏོག་ཡོད་མེད་ཀྱི་ཁྱད་པར་གཙོ་བོ་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་ལས་དེ་ལས་ལྷག་པའི་གཏན་ཚིགས་གང་ཡང་རྙེད་མེད་པའི་ཕྱིར་དང་། ཁྱད་པར་དུ་རང་ཅག་གི་གཞུང་ནས་མེ་ཏོག་ཡོད་པ་ཕོ་དང་། མེ་ཏོག་མེད་པ་མོ་ཞེས་ཡོངས་ཁྱབ་ཏུ་དེ་ལྟར་གསུངས་པ་དང་། དེ་ལས་ཀྱང་ཅུང་ཞིབ་པ་ཕོ་རིགས་ཡོད་ཚད་ལ་མེ་ཏོག་དང་། འབྲས་བུ། གང་བུ་ཡོད་པ་དང་། མོ་རིགས་ལའང་དེ་དག་མེད་པར་མ་ངེས་པའི་དབང་གིས་མ་ནིང་ཞེས་ཕོ་མོ་གཉིས་ལྡན་གྱི་ཁྱད་ཆོས་ཡོད་པ་དེ་དག་ནི་དེང་རབས་སྐྱེ་དངོས་རིགས་པའི་གཞུང་དུ་བསྟན་པའི་ཕོ་མོ་མཉམ་འདྲེས་དང་ཅུང་ཟད་དབྱེར་མེད་ཡིན་ཞིང་། དེ་ལ་ཤེལ་ཕྲེང་ནས་ཕོ་ལྕམ་ཞེས་མེ་ཏོག་ལྡུམ་རར་སྐྱེ་བ་རྐང་རིང་ལ་ལོ་མ་མེ་ཏོག་ཆེ་བ་ལ་མེ་ཏོག་དཀར་པོ་འཆར་དང་། རྒྱ་དམར་སྨུག་ཁ་འཆར་བ་གཉིས་སོ། མོ་ལྕམ་འདིར་ཡང་མེ་ཏོག་རྒྱ་དཀར་ཅན་དང་། རྒྱ་སྨུག་སྐམ་ནས་སྔོན་པོར་འགྲོ་བ་གཉིས”(4)ཞེས་མོ་རོགས་ལའང་མེ་ཏོག་འཆར་རྒྱུ་ཡོད་པ་དང་། མེ་ཏོག་དེ་ཉིད་སྐྱེ་འཚར་གྱི་བརྒྱུད་རིམ་ཁྲོད་ནང་དབང་པོའི་གྲུབ་ཆའི་འགྱུར་ལྡོག་དང་དུས་ཁམས་ཀྱི་འགྱུར་བའི་དབང་གིས་མེ་ཏོག་ཀྱང་རིམ་བཞིན་རྒྱ་སྨུག་སྐམ་ནས་སྔོན་པོར་འགྲོ་བའི་སྐྱེ་དངོས་རང་གི་གྲུབ་ཆའི་འཕེལ་འགྱུར་གྱི་གསང་བ་དེ་ཉིད་རྗེན་འཆར་དུ་གསུངས་ཡོད་པ་དང་། ཕོ་མོ་མ་ནིང་གི་དབྱེ་བ་དེ་ཡང་མེ་ཏོག་དང་། འབྲས་བུ། གང་བུ་ཡོད་མེད་ཀྱི་ཁྱད་པར་ནི་སྐྱེ་དངོས་རང་རང་གི་ནང་གི་གྲུབ་ཆའི་སྐྱེ་ལུགས་གཙོ་བོའི་དབང་གིས་བཞག་པ་དང་། དེ་མིན་ཡང་སྐྱེ་གནས་དང་། དཀར་ནགརྒོད་གཡུང་། སྐྱེ་དབྱིབས་བཅས་ལས་ཀྱང་ཕོ་མོ་མ་ནིང་གི་དབྱེ་བ་འབྱེད་སྲོལ་ཡོད་པ་སྟེ།    “ལུག་མུར་ཕོ་རྩ་རྡོག་འབྲིང་ལ་དཀར་ཞིང་མཁྲེགས། ལུག་མུར་མོ་རྩ་རྡོག་ཆེ་ལ་གྱོང་ཞིང་ཁ། ལུག་མུར་མ་ནིང་རྕ་རྡོག་དཀར་ལ་ཞིབ་ཅིང་གྱོང་། ”(5)ཞེས་སྨན་རང་གི་རྩ་བ་ཁོ་ནས་དབང་དུ་གསུངས་མོད། དེ་ལས་ཁ་དོག་དང་། སྲང་སྙི། རོ། ཆེ་ཆུང་བཅས་ཀྱི་ཁྱད་པར་ཡང་འབྱེད་དགོས་ཤིང་། མེ་ཏོག་གླང་སྣ་འདི་ལ་རིགས་ལྔ་སྟེ།   “ཕོ་གླང་བོང་ཐུང་འདབ་མ་ཆེ་སྲབ་སྣ་སྦོམ་ལ་ཐུང་བའོ། །མོ་གླང་རིང་ལ་ཕྲ་སྲབ་འདབ་ཆུང་སྣ་ཕྲ་ཐུང་བའོ། །མ་ནིང་རྐང་རིང་ཕྲ་ལ་སྣ་རྒྱག་ཤིན་ཏུ་རིང་བ་ཡིན། ལྷ་གླང་བཅུད་ཆེ་དྲི་མ་ཞིམ། ཕོ་གླང་མོར་གཏོང་མོ་གླང་ཕོ་ལ་གཏོང་། མ་ནིང་ཕོ་མོ་གཉིས་ཀར་བཟང་ཞིང་རྫས་ཀྱི་མཆོགའདྲེ་གླང་རྫས་ངན་སྐབས་མ་གཏོགས་སྤང་བྱའོ། །” (6) ཞེས་སྐྱེ་དབྱིབས་གཙོ་བོ་དང་བྱེ་བྲག་ལོ་འདབ་དང་། སྐྱེ་བོང་། རིང་ཐུང་བཅས་ཀྱི་དབང་གིས་དེ་ལྟར་གསུངས་པ་མ་ཟད། ལྷ་གླང་དང་འདྲེ་གླང་ཞེས་འཇིག་རྟེན་མིའི་སྤྱོད་ཡུལ་ལས་འདས་པའི་གང་ཟག་གམ་ཡང་ན་འགྲོ་བ་གཞན་ཞིག་གི་ཆེད་དུ་མིན་པར་སྨན་རང་གི་ནུས་པ་དང་། གཏོང་བའི་ཡུལ་དང་ཡུལ་གྱི་རྗེས་འབྲས་བཟང་ངན་ལ་བལྟོས་ནས་དེ་ལྟར་དབྱེ་བ་དགར་བ་ལས་རྟོག་པ་ལས་འདས་པའི་དོན་གཞན་སྟོན་པར་མི་སེམས་ཤིང་། གཏོང་ལུགས་ཀྱང་ཐབས་དང་ཤེས་རབ་དང་། དེ་གཉིས་མཉམ་པ་ཉིད་ལས་བྱུང་བའི་འཇིག་རྟེན་གྱི་སྤྱི་འགྲོས་དེ་ཉིད་དང་དུ་བླངས་ཡོད་པར་སེམས་སོ། །དེ་བཞིན་དུ་ཀོན་པ་གབ་སྐྱེས་རི་ལ་སྐྱེས་པ་ཕོ་དང་། ཀླུངས་སུ་སྐྱེས་པ་མོ་ཞེས་སྐྱེ་གནས་གཙོ་བོ་དང་། ཧོང་ལེན་མེ་ཏོག་ཡོད་པ་ཕོ། མེ་ཏོག་མེད་པ་མོ་ཞེས་མེ་ཏོག་གཙོ་བོ་དང་། སྟག་ཤ་དཀར་པོ་ཕོ། སྟག་ཤ་ནག་པོ་མོ་ཞེས་ཁ་དོག་གམ་རང་བཞིན་གཙོ་བོ་དང་། ཉེ་ཤིང་ཚེར་མ་ཡོད་པ་ཕོ་ནུས་པ་ཆེ། ཚེར་མ་མེད་པ་མོ་ནུས་པ་ཆུང་ཞེས་ནུས་པ་ཆེ་ཆུང་དབང་གིས་གསུངས་པ་དང་། འབུ་སུ་ཧང་འབྲུ་ཡོད་པ་ཕོ། གང་བུ་ཡོད་པ་མོ་ཞེས་འབྲས་བུ་གཙོ་བོའི་དབང་གིས་ཕོ་མོ་མ་ནིང་གི་དབྱེ་བ་དགར་ཡོད་པ་དང་། ཡང་འབམ་པོ་དང་ཧོང་ལེན་མེ་ཏོག་ཡོད་པ་ཕོ་དང་། མེ་ཏོག་མེད་པ་མོ་ཞེས་ཕོ་རིགས་ལ་མེ་ཏོག་ཡོད་པ་དང་། མོ་རིགས་ལ་མེ་ཏོག་མེད་པར་གསུངས་ཤིང་།   “རྩ་དང་ཨ་ཝར་མཚོན་ན་མེ་ཏོག་མེད་པ་ཕོ་དང་། མེ་ཏོག་ཡོད་པ་མོ་རིགས་སུ་གསུངས་པས”(7)འདི་འགལ་ཟླར་ལགས་སམ་ཞེ་ན། ཁོ་བོའི་བསམ་ཚུལ་ལ་རྩི་ཤིང་རང་གི་ཕུང་པོ་གྲུབ་ཚུལ་གྱི་གནས་ལུགས་དང་ཁྱད་པར་ཏུ་ཕོ་མོ་གང་ཡིན་ཡང་ས་བོན་འཕེལ་འཛིན་གྱི་ནུས་ཤུགས་ལྡན་ཡོད་པ་དང་། མོ་རིགས་ཁོ་ནར་བརྟེན་ནས་རྕི་ཤིང་སྐྱེ་འཕེལ་གྱི་མ་ལག་འགྲུབ་དགོས་པའི་ཁྱབ་པ་མེད་པ་མ་ཟད། དེ་དག་གཙོ་བོ་མེ་ཏོག་གི་ཟེའུ་འབྲུའི་ཆགས་གནས་དང་ཐད་ཀར་རག་ལས་ཤིང་། དེ་ལས་ས་བོན་འཕེལ་འཛིན་དང་སྦྲུམ་རྟེན་གྱི་ལས་ལ་ཞུགས་དགོས་པའི་དེང་རབས་སྐྱེ་དངོས་རིག་པའི་དགོངས་དོན་དང་ཕལ་ཆེར་གཅིག་མཐུན་དུ་སྣང་ཞིང་། ཤུགས་བསྟན་དུ་སྐྱེ་དངོས་ཕོ་རིགས་ཡིན་ན་མེ་ཏོག་ཡོད་དགོས་པ་དང་། མོ་རིགས་ཡིན་ན་མེ་ཏོག་མེད་པས་གཏན་ཚིགས་དེ་ཡང་བལྟོས་མེད་ཅིག་མིན་པ་གོང་གསལ་དཔེར་བརྗོད་དེ་དག་ལས་ར་སྤྲོད་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པར་སེམས་སོ། །

2.4  རྒོད་གཡུང་། དེ་ནི་སྐྱེད་ངོས་མི་འདྲ་བའི་སྐྱེ་གནས་དང་ཆེ་ཆུང་གཙོ་བོར་གཞིགས་ནས་རྒོད་གཡུང་གི་དབྱེ་བ་ཕྱེ་བ་དང་། མཆོག་དམན་གྱི་དབྱེ་བ་འབྱེད་བྱེད་ཞིག་ཀྱང་ཡིན་པར་མཐོང་། སྔོ་འབུམ་སྨན་གྱི་གཏེར་མཛོད་ཀྱི་གལ་འགག་བསལ་བའི་ལེའུ་ལས། གལ་འགག་འཁྲུལ་སོ་སྣ་ཚོགས་པ། །དེ་ལྟར་ཀུན་མཚུངས་མི་མཚུངས་བརྟག། ཕལ་ཆེར་འདྲ་ཡང་ཕྱོགས་གཅིག་ཙམ། །ངེས་པར་མི་འདྲ་ཁྱད་པར་ཡོད། །དེ་ནི་རིགས་གཅིག་བྱེ་བྲག་ཡིན། །རིགས་གཅིག་ངོ་བོ་ཡོན་ཏན་སོགས། །མཆོག་དང་དམན་པའི་ཁྱད་པར་ཡོད། །དེ་ནི་རིགས་གཅིག་བྱེ་བྲག་ཡིན། །རིགས་གཅིག་ངོ་བོ་ཡོན་ཏན་སོགས། །མཆོག་དང་དམན་པའི་ཁྱད་པར་ཡོད། །ཆེ་ཆུང་ཁྱད་པར་ཤིན་ཏུ་ཆེ། །དེ་ནི་རྒོད་གཡུང་ཞེས་བྱ་དང་། །རིགས་གཅིག་མེ་ཏོག་ལ་སོགས་པའི། །ཁ་དོག་རྩིས་ཀྱི་ཁྱད་ཞུགས་པ། །ཁ་དོག་གི་ནི་མིང་བརྗོད་ཏེ། བོང་ང་དཀར་དམར་སེར་པོ་བཞིན། །མཁས་པས་ལ་ལ་དཀར་ནག་དང་། །ལ་ལ་ཕོ་མོ་ཞེས་ཀྱང་གསུངས། །སྐྱེ་དངོས་བཟང་ངན་ལས་བྱུང་བའི། །ཆེ་ཆུང་ཡོད་པ་རྒོད་གཡུང་ཡིན། །མཚུངས་པ་ཁྱད་ཆོས་དེ་ལྟར་བརྗོད། །རིགས་གཅིག་སྐྱེ་གནས་ཐ་དད་རྣམས། །རིགས་དང་གནས་གཉིས་ཐུན་མི་(མིན)ཡོད། །ན་སྐྱེས་ལུག་མིག་ཅེས་བྱ་དང་། །ཐང་སྐྱེས་ཉིན་སྐྱེས་སྲིབས་སྐྱེས་སོགས། །ལུག་མིག་བྱེ་བྲག་དུ་མ་བཞིན། །ཕལ་ཆེར་རྒོད་གཡུང་དཀར་ནག་ཡོད། །ཅེས་སྐྱེ་དངོས་སྨན་རྫས་རྣམས་རིགས་གཅིག་ཡིན་ཡང་། །བྱེ་བྲག་ནང་གསེས་དབྱེ་བ་སོ་སོར་འབྱེད་སླད། ཕོ་མོ་དང་དཀར་ནགརྒོད་གཡུང་གི་ཁྱད་པར་ཅི་ནུས་ཀྱང་འབྱེད་དགོས་པ་སྟེ། དཔེར་ན།   “རི་སྐྱེས་དྭ་རྒོད་(མཆོག) ཀླུངས་སྐྱེས་དྭ་གཡུང(དམན་པ) ཞེས་སྐྱེ་གནས་ཀྱི་ཁྱད་པར་སྒོ་ནས་བཞག་པ་དང་། དེ་བཞིན་”མེ་ཏོག་བློ་ཁྲ་ཅན་ག་བུར་ཟིལ་གནོན་ཏེ་རྒོད་པ་དང་། འདིར་སྟོང་རི་ཟིལ་པ་ལོ་རྩེར་ཚེར་ཕྲན་ཡོད་པ་མེ་ཏོག་སེར་ཁ་ཅན་གཡུང་བའོ། །”(8)ཞེས་སྐྱེ་དངོས་རང་གི་རང་བཞིན་དང་ཁྱད་ཆོས་གཙོ་བོ་ཡིན་པ་དང་། ཡང”རྒོད་པ་སྤྲ་མགོ་མཐུག་ལ་མེ་ཏོག་གི་དབྱིབས་ཅན་སྤྲ་སྣ་ཐུང་བ་དང་། སྤྲ་གཡུང་སྤང་དང་ན་ཁར་སྐྱེ་བའི་ལོ་སྡེབ་ཅན་མེ་ཏོག་སེར་སྐྱ་འཆར་བ”(9)ཞེས་རིང་ཐུང་དང་མ་ཏོག་གི་ཁ་དོག་ལ་བལྟས་ནས་དབྱེ་བ་ཕྱེ་བ་དང་། ཡང་ཞུ་མཁན་ལོ་མར་མཚོན་ན་”ལོ་མ་མཐུག་ཅིང་སེར་ལ་འོད་ཆགས་པ་སྤང་ཞུན་ཞེས་རྒོད་པ་བཟང་། ལོ་མ་སྲབ་འཇམ་ནག་པ་ནགས་ཞུན་ཞེས་གཡུང་བ་ངན་ནོ”(11)ཞེས་གཞི་སྐྱེ་དངོས་སྨན་གཅིག་གི་སྟེང་ནས་རྒོད་གཡུང་དང་བཟང་ངན་གྱི་ཁྱད་པར་ཡང་སྐྱེ་དངོས་རང་གི་ལོ་འདབ་ཀྱི་རང་བཞིན་དང་སྐྱེ་གནས་གཙོ་བོའི་དབང་གིས་སྤང་ཞུན་དང་ནགས་ཞུན་ཞེས་པའི་དབྱེ་བ་ཕྱེ་ཡོད་པ་རྟོགས་པར་བྱའོ། །

2.5  སྒོ་བཟང་ངན། དེ་ནི་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་ནང་གསེས་དབྱེ་བའི་ཁྱད་པར་འབྱེད་བྱེད་ཅིག་ཡིན་པ་དང་། སྒོ་ཞེས་སྐྱེ་དངོས་རིགས་ཀྱི་དབྱེ་བའི་ཁྱད་པར་གང་ཞིག་མཚོན་གྱི་ཡོད་མེད་གསལ་རྟོགས་མ་བྱུང་མོད། དེང་རབས་སྐྱེ་དངོས་སྨན་རྫས་རིག་པའི་རིགས་དབྱེའི་ནང་དུའང་རྒྱ་སྐད་དུ་མཱིན་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་དང་། དོན་ནི་སྒོ་ཞེས་པར་འཇུག་ཅིང་དེ་གཉིས་ཀྱི་གོ་དོན་གཅིག་མཚུངས་ཡིན་པའི་ཁ་ཚོན་གཅོད་དཀའ་ན་ཡང་། སྨན་རྫས་རང་གི་ནང་གསེས་རིགས་ཀྱི་དབྱེ་བའི་ཁྱད་པར་འབྱེད་བྱེད་ཅིག་ཡིན་པའི་ཆ་ནས་འདྲ་གཤིབ་ཀྱི་སྣང་ཚུལ་དེར་འདྲ་མཚུངས་ཀྱི་གཏན་ཚིགས་སྤྱད་ནས་ཕན་ཚུན་གོ་བསྡུར་བྱས་མི་ཆོག་པ་མེད་སྙམ་པས། ཁོ་བོའི་བསམ་པར་བོད་དེང་སྨན་རྫས་རིགས་པའི་གཞུང་ལུགས་གང་ཡིན་ཡང་སྒོ་ཞེས་པ་ནི་སྐྱེ་དངོས་སྨན་རྫས་ཀྱི་རིགས་ཀྱི་དབྱེ་བའི་བྱེ་བྲག་པ་ཞིག་ཡིན་པ་སྟེ། གོ་རིམ་ཡང་རིགས། སྒོསྐོར། སྡེ། ཚན། ཁོངས། རྒྱུད། ཅེས་དབྱེ་བ་དེ་ལྟར་དགར་ཡོད་པ་མ་ཟད། རིགས་ནི་སྨན་རྫས་སྤྱིའི་ཆ་ནས་གཏེར་དངོས་སྲོག་ཆགས་གསུམ་གྱི་དགར་ལུགས་ཆེན་པོ་གསུམ་པོ་དེ་དང་། དེ་ལས་གཞན་སྔ་མ་གསུམ་པོ་ནི་སྐྱེ་དངོས་ཀྱི་ཕྱི་དབྱིབས་གཙོ་བོའི་སྒོ་ནས་དབྱེ་བ་མཛད་པ་དང་། ཕྱི་མ་གསུམ་ནི་སྐྱེ་དངོས་ཀྱི་རང་བཞིན་དང་རིགས་རྒྱུད་ལ་རྩད་ཞིབ་བྱས་ནས་ཕྲ་ཞིང་ཕྲ་བའི་གནས་ལུགས་དེ་ལྟར་བཞག་པར་སེམས་ཤིང་།

དཔེར་ན་མྱང་རྩི་སྤྲས་ལྟ་བུར་མཚོན་ནས་བཤད་ན།

རིགས་་་་་་་་་་རྩི་ཤིང་གི་རིགས།

སྒོ་་་་་་་་་་སོན་མེ་རྩི་ཤིང་གི་སྒོ།

སྐོར་་་་་་་་་་སོན་ལོ་ཟུང་ལྡན་རྩི་ཤིང་གི་སྐོར།

སྡེ་་་་་་་་་་ལྕེ་ཚའི་སྡེ།

ཚན་་་་་་་་་་ལྕེ་ཚའི་ཚན་ཁག

ཁོངས་་་་་་་་་་མྱང་རྩི་སྤྲས་ཀྱི་ཁོངས།

རྒྱུད་་་་་་་་་་མྱང་རྩི་སྤྲས།

 

            ཞེས་པ་ལྟ་བུ་དང་། དེ་བཞིན་བོད་ཀྱི་སྨན་རྫས་རིག་པའི་གཞུང་དུའང་སྨན་རྫས་ཀྱི་སྐྱེ་སྒོ་དང་རོ་ནུས་གཙོ་བོར་བལྟོས་ནས་སྒོ་བཟང་ངན་གྱི་ཁྱད་པར་དབྱེ་ཡོད་པ་སྟེ། དཔེར་ན།   “རྕི་ཏྲ་ཀ་སྟེ་སི་པན་རོའི་དབང་གིས་བཟང་ངན་ཁྱད་པར་ཆེའོ་ཞེས་དང་། མེ་ཏོག་ལུག་མིག་གམ་རྒྱལ་པོའི་སྤྱན་ཅན་ནི་མེ་ཏོག་སྔོ་ལ་ཟེའུ་འབྲུ་སེར་པོ་སྒོ་བཟང་བ། ཁྱི་མིག་ནི་སྐྱེ་སྒོ་ངན་པའོ(11)ཞེས་སྐྱེ་སྒོ་བཟང་ངན་གྱི་ཐ་སྙད་བྱུང་ཡོད་པ་དང་།

            ཡང་ཨ་བྱག་ཚེར་སྔོན་སྒོ་བཟང་། ཨ་བྱག་ཚེར་སྔོན་སྒོ་ངན་ལྟ་བུར་མཚོན་ན་རོ་ནུས་གཙོ་བོའི་དབང་གིས་སྒོ་བཟང་ངན་གྱི་ཁྱད་པར་ཕྱེ་བ་ཤིན་ཏུ་གསལ་ཞིང་། དེ་བཞིན་སྔོ་འབུམ་སྨན་གྱི་གཏེར་མཛོད་ལས་ཀྱང་། སྒོ་ཞེས་པའི་ཐ་སྙད་དངོས་སུ་མ་བྱུང་ཡང་སྨན་གྱི་བཟང་ངན་གྱི་ཁྱད་པར་ཞིབ་ཕྲའི་སྒོ་ནས་བསྟན་ཡོད་པ་སྟེ། སྨན་རྣམས་བཟང་ངན་ཤེས་བྱ་བ། །ལ་ལ་བོང་ལས་དབྱེ་བ་མཐོང་། །རྣམ་པ་ཀུན་ཏུ་དེ་ལྟར་མིན། །རྩེ་མོར་ཁ་དོག་དྲི་རོ་སྟེ། །དྲི་ཞིམ་རིགས་རྣམས་མཆོག་ཞིམ་དང་། །མེ་ཏོག་ཡིན་ན་རྒྱས་མ་རྙིང་། །ལོ་མ་རབ་རྒྱས་འབྲས་སོགས་མེད། །སྡོང་པོའང་སྡོང་བུ་རྒྱས་དུས་ལ། །རྒས་པར་མ་གྱུར་དེ་བཟང་ངོ་། །རྕ་བ་རྩ་བར་ནུས་པ་ཐིམ། །རབ་ཏུ་ཁ་བ་བཟང་བ་ཡིན། །འོད་ཅན་རྣམས་ནི་འོད་ལྡན་བཟང་། །འབྱར་རྕི་ཅན་རྣམས་ཆང་བུ་འབྱུང་། །བསིལ་སྨན་གངས་ཅན་ཕྱོགས་སུ་སྐྱེས། །རེག་བྱ་བསིལ་བ་བཟང་བ་ཡིན།  དྲོད་སྨན་འབིགས་བྱེད་ཕྱོགས་སུ་སྐྱེས། །དྲོ་ཞིང་སྐམ་པ་བཟང་བ་ཡིན། །རླུང་(ཀླུང་)སྨན་དམའ་ཞིང་རླན་སྐྱེས་བཟང་། །ས་སྣུམ་འཇམ་པ་བཟང་བ་ཡིན།  །ཡོན་ཏན་དེ་དང་ལྡན་ན་ཀོ། །བོང་ཀྱང་ཆེ་ན་བཟང་བ་ཡིན། །བྱེ་བྲག་རུས་པ་རྩ་སྡོང་བཟང་། །དོན་ནད་སེལ་ལ་འབྲས་བུ་བཟང་། །སྣོད་ནད་སེལ་ལ་ལོ་མ་བཟང་། །དབང་པོའི་ནད་སེལ་མེ་ཏོག་དང་། །པགས་ནད་སེལ་ལ་ཤུན་པ་དང་། །ཤ་ལ་སྡོང་པོ་རྩ་རྒྱུས་ལ། །ཡལ་ག་ལྷག་པར་བཟང་བ་ཡིན། །དེ་ལྟར་ལུས་སྔོ་ཆོས་མཚུངས་པ། །ལྷག་པར་ནུས་ཆེ་རྒྱུས་ཆེན་གྱིས། །ལམ་སྣ་འཁྲིད་པའི་དཔུང་བཞིན་ནོ། །མ་རུལ་ཡུན་རིང་མ་ལོན་དང་། །འབུ་སྲིན་སོགས་ཀྱི་མ་ཟོས་བཟང་། །ལེགས་པར་བཏུལ་ཞིང་སྐམ་པ་དང་། །བསིལ་དྲོད་ཕྱོགས་མ་འདྲེས་པ་བཟང་། །རིགས་ངན་རྣམས་དང་ནད་པ་དང་། །གཅན་གཟན་སོགས་ཀྱིས་མ་རེག་བཟང་། །དབྱིབས་མཛེས་མིང་ལྡན་བྱིན་གྱིས་རླབས། །ས་ཕྱོགས་ཤིས་སར་སྐྱེས་པ་བཟང་། །རབ་གནས་བྱ་ཞིང་མ་ཉམས་བཟང་། །མདོར་ན་ཡན་ལག་བདུན་ལྡན་བཟང་། །ལྷག་བསམ་དཀར་ཞིང་བླ་མར་མོས། །གསོ་རིག་ལ་གུས་མས་བསྲུང་བ། །དེའི་ལག་ནས་སྨན་ཀུན་བཟང་། །བཟང་བ་ནད་སྟོབས་ཆེ་ལ་ཤིས། །ངན་པ་ནད་སྟོབས་ཆུང་ལ་སྦྱར། །བཟང་བ་ཐུན་ཆུང་གྲངས་ཉུང་བཏང་། །ངན་པ་དེ་ལས་བཟློག་སྟེ་སྦྱར། །ཞེས་བཟང་ངན་གྱི་ཁྱད་པར་དེ་ནི་སྐྱེ་དངོས་སྨན་རྫས་ཀྱི་ནང་གསེས་རིགས་ཀྱི་དབྱེ་བ་ཙམ་མ་ཡིན་པར་སྨན་རྫས་རང་གི་སྐྱེ་ལུགས་ཀྱི་གྲུབ་ཆ་དང་། བསིལ་དྲོད་སྐྱེ་དངོས་ཀྱི་ཁྱད་པར། སྨན་གྱི་གཏོང་ཡུལ་དང་ཐུན་གྲངས་ཆེ་ཆུང་། བཏུ་འདུལ་གསོག་གསུམ་གྱི་ཆོ་ག་ལས་བཟང་ངན་གྱི་ཁྱད་པར་དུ་མ་འབྱུང་བར་གསུངས་པ་ནི་བཟང་ངན་སྤྱིའི་རྣམ་གཞག་བསྟན་པ་ཡིན་ལ། དེ་ལས་བྱེ་བྲག་སྒོ་བཟང་ངན་གྱི་གནས་ལུགས་གང་ཡང་འགྲེལ་བརྗོད་བྱས་མེད་པས་ཁོ་བོར་མཚོན་ན་བློ་ཡིད་ཚིམ་པའི་གཏན་ཚིགས་བརླིང་པོ་ཞིག་བརྗོད་རྒྱུ་མེད་ཕྱིར་སླད་ཕྱིན་མུ་མཐུད་ནས་ཞིབ་འཇུག་རྣལ་མ་ཞིག་བྱེད་དགོས་པར་སེམས་སོ།།

2.6  དཀར་ནགདེ་ནི་སྐྱེ་དངོས་སྨན་རྫས་རིགས་ཀྱི་ཁ་དོག་གི་དབྱེ་བ་ཁོ་ན་ཙམ་གྱིས་དཀར་ནག་གི་དབྱེ་བ་ཕྱེ་བ་མིན་པར་སྨན་རྫས་རང་རང་གི་སྐྱེ་གནས་དང་། ནུས་པ། རང་བཞིན་བཅས་ལ་བལྟོས་ནས་དབྱེ་བ་དགར་པ་ཞིག་ཡིན་པ་སྟེ། དཔེར་ན། ཨ་ཤོ་གནྡྷའམ་བ་སྤྲུ་མེ་ཏོག་དཀར་པོ་ཤར་བ་དཀར་པོ་དང་། དམར་ནག་ཤར་བ་བ་སྤྲུ་ནག་པོ་(12)ཞེས་དང་། ཡང་ལྤགས་མདོག་གིས་དབྱེ་བའི་སྐྱེར་པ་དཀར་པོ། སྐྱེར་པ་ནག་པོ་སྡོང་པོ་ཆུང་ངོ་ཞེས་ཁ་དོག་གི་རང་བཞིན་གཙོ་བོ་དང་། རི་སྐྱེས་རྟ་ལྤགས་དཀར་པོ། ཀླུང་སྐྱེས་རྟ་ལྤགས་ནག་པོ་མེ་ཏོག་རྒྱ་སེར་དཀར་གསུམ་དང་བློ་དམར་དཀར་ཉམས་ཅན་ཤར་བའང་ཡོད་ཅེས་སྐྱེ་གནས་ཀྱི་ཁྱད་པར་གཙོ་བོ་དང་། དེ་བཞིན་ཡུ་གུ་ཤིང་རིགས་གཉིས་ལས་རི་ལ་སྐྱེས་པའི་མདོག་སྐྱ་བོར་དཀར་པོ་དང་། ཀླུངས་ལ་སྐྱེས་པའི་མདོག་སྨུག་པོ་ལ་ནག་པོར་བཏགས་པའོ(13)ཞེས་དང་། སྔོ་སྟག་ཤ་ལྟ་བུར་མཚོན་ན་ཆེ་ལ་དྲི་མ་འཇམ་པ་དཀར་པོ་དང་། ཆུང་ལ་དྲི་མ་ཁ་བ་ནག་པོའོ་ཞེས་སྨན་རྫས་རག་གི་དྲི་རོ་དང་ཆེ་ཆུང་དབང་གིས་དབྱེ་བ་ཕྱེ་ཡོད་ལ། དཀར་པོ་བ་ལུ་བསིལ། ནག་པོ་སི་ལུ་དྲོད་དེ་གཉིས་ཞེས་སྨན་གྱི་ནུས་པ་ཆེ་ཆུང་དབང་གིས་གསུངས་པ་བཅས་ཡོད།

   2.7 རིམ་འབྱེད། རིམ་འབྱེད་ནི་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་དུ་བསྟན་པའི་སྨན་རྫས་རིགས་མི་འདྲ་བ་རྣམས་སོ་སོར་ཕན་ཚུན་མི་འདྲེས་པའི་ཆེད་དུ་གོ་རིམ་ངེས་ཅན་ཡོད་པའི་སྒོ་ནས་དབྱེ་བ་འབྱེད་པའི་ཐབས་ཤེས་ཐུན་མིན་ཞིག་ཡིན་པ་དང་། རྒྱུན་དུ་སྨན་ངོ་རྒྱུགས་བཤེར་བྱེད་པའི་ཐབས་ཚུལ་ལེགས་ཤོས་ཤིག་ཡིན། དེ་ནི་སྐྱེ་དངོས་སྨན་རྫས་ཀྱི་རིགས་དབྱེའི་ཁོངས་གཏོགས་སུ་འཇོག་དགོས་དོན་ཡང་། རིམ་འབྱེད་ནི་སྨན་རྫས་དབྱེ་བ་འབྱེད་བྱེད་ཀྱི་ཐབས་ཚུལ་ལེགས་གྲས་ཤིག་ཡིན་པ་དང་། གནའ་སྔ་མོ་ནས་བཟུང་ལོ་རྒྱུས་ཀྱི་ཉམ་ཆག་ཁྲོད་རྒྱུད་འཛིན་དང་དར་རྒྱས་བྱུང་བ་ཞིག་ཡིན་ཕྱིར་འདིར་ཡང་སྔར་སྲོལ་མ་ཉམས་པར་སོར་ཆུད་དུ་བཞག་པ་སྟེ། དཔེར་ན། རྒྱ་གྲོ། བོད་གྲོ། གྲོ་ལོ་ས་འཛིན། ཙི་ཙི་ས་འཛིན་ཞེས་སྨན་རྫས་ཀྱི་སྤྱིའི་དབྱེ་བ་དང་། སྒོས་ཀྱི་དབྱེ་བ། རྒོད་གཡུང་། མཆོག་དམན། དཀར་ནགསྒོ་བཟང་སྒོ་ངན་བཅས་གོ་རིམ་ཡོད་པའི་རིམ་པ་འབྱེད་ལུགས་ཀྱི་བྱེད་ཐབས་འདི་དག་ལས་གསལ་པོར་རྟོགས་ཐུབ་བོ།།

            དེ་མིན་གཞན་སུག་པ་ལ་ར་སུག་དང་ལུག་སུགཔ་ཡག་གི་འབྲས་བུ་ཆེ་བ་ལ་གཡག་སྙིང་དང་། ཆུང་བ་ལུག་སྙིང་། རི་སྐྱེས་སྐྲ་བཟང་། ཀླུངས་སྐྱེས་ལུག་ངལ་ལྟ་བུ་གཞི་སྨན་རྫས་གཅིག་ལ་སྐྱེ་གནས་དབང་གིས་གདགས་གཞི་མི་འདྲ་བ་དང་། ཡང་གཟའ་བདུན་ནག་པོ་ལྟ་བུར་མཚོན་ན་ཤེལ་ཕྲེང་དུ་རིགས་ཡབ་ཡུམ་གཉིས། འདྲ་བ། ཐང་། དངོས་གསུམ། དེ་གསུམ་ལ་ཡུམ་གསུམ་དང་། འཁོར་གཟའ་དུག་དགུ་སོགས་ཀྱི་དབྱེ་ལུགས་དང་། དེ་བཞིན་སྤྱི་དང་སྒོས་ཀྱི་དབྱེ་བ་བཅས་ནི་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན་པ་མ་ཟད། སྤྱི་སྒོས་ཀྱི་དབྱེ་ལུགས་དེ་ནི་སྐྱེ་དངོས་སྨན་རྫས་རིག་པའི་གཞི་རྩའི་རིགས་ཀྱི་དབྱེ་བའི་སྤྱི་འགྲོས་དང་གཅིག་མཐུན་དུ་སྣང་བ་སྟེ། “འབམ་པོ་ལ་སྤྱིའི་རིགས་ལྕ་བ་དང་། སྒོས་ཀྱི་རིགས་ཕོ་མོ་གཉིས་མེ་ཏོག་ཡོད་མེད་ཀྱིས་འབྱེད་ལ། དེ་ཡང་མེ་ཏོག་མེད་པ་ལ་ཕོ་རིགས་དང་། ཡོད་པ་ལ་མོ་རིགས་སུ་འདོད་ལ། མོ་རིགས་འདི་ལའང་སྡོང་པོ་ཡོད་མེད་གཉིས་ལས། མེ་ཏོག་དཀར་པོ་མདངས་མི་གསལ་བ་ཞིག་འཆར། ནུས་པ་ནི་ཁྱད་པར་མེད་དོ། (14)ཞེས་སྐྱེ་དངོས་སྨན་རྫས་རང་གི་ནང་གསེས་དབྱེ་བ་རྣམས་གོ་རིམ་ཡོད་པའི་སྒོ་ནས་གསལ་བཤད་བྱས་ཡོད་པ་འདིས་ཀྱང་སྐྱེ་དངོས་རིགས་མི་འདྲ་བའི་འཕེལ་འགྱུར་དང་ཁྱབ་ཁོངས་བཅས་དེང་རབས་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་ནས་བསྟན་པ་ལྟར་ཐོག་མར་སྤྱིའི་རིགས་དང་། དེ་ནས་སྒོ་དང་། སྐོར། སྡེ། ཚན། ཁོངས། རྒྱུད་བཅས་སུ་དགར་པའི་རིམ་པ་ཆ་འདྲ་བ་མ་ཟད། སྨན་རྫས་ལའང་ཡབ་ཡུམ་དང་། ཕོ་མོ་མ་ནིང་། ཚ་ཞང་སོགས་ཀྱི་ཐ་སྙད་བྱུང་བ་འདི་ལས་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་རིགས་དབྱེ་དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་ལམ་ཁྲོད་སྔ་རབས་ཀྱི་ཕན་ཡོན་ཁོ་ནར་བརྟེན་ནས་རིགས་ཀྱི་སྡེ་ཚན་དབྱེ་བའི་ཐབས་ལམ་དེ་ནས་རིམ་བཞིན་སྨན་རྫས་ཀྱི་རིགས་རྒྱུན་ལ་རྩད་གཅོད་ཞིབ་འཇུག་གནང་ཡོད་པ་རྟོགས་ཐུབ་པ་མ་ཟད། དེང་གི་དུས་སུ་ཁ་ཅིག་གིས་བོད་ཀྱི་སྐྱེ་དངོས་སྨན་རྫས་ལ་ནང་གསེས་རིགས་རྒྱུན་གྱི་དབྱེ་བ་དགར་ལུགས་མེད་པར་བཤད་པའི་གཏམ་དེ་ཡང་གོང་གསལ་གཟའ་བདུད་ནག་པོའི་དབྱེ་བ་དང་དར་མོ་སྨན་རམས་པའི་བཤད་རྒྱུད་རྐྱང་སེལ་འགྲེལ་བ་མེས་པོའི་དགོངས་རྒྱན་དུ་སྨན་ངོ་གསལ་བྱེད་ཀྱི་ལུང་གི་རྒྱབ་རྟེན་བྱས་ཏེ། “བ་སྤྲུ་ལ་དཀར་ནག་གཉིས་མེ་ཏོག་གིས་འབྱེད་ལ། སྨན་ལ་དཀར་པོ་བཟུང་། ཐང་ཕྲོམ་དང་ཚ་ཞང་ཡིན་པས་ཆུས་བར་མ་ཆོད་པར་སྨན་ལ་སྦྱར་དུ་མི་རུང་བར་གསུངས་(15)ཞེས་པའི་ལུང་ཚིག་འདི་ཡིས་སྐད་ཅིག་ཏུ་བཟློག་པར་སོམ་ཉི་མི་དགོས་སོ།།

            མདོར་ན་བོད་ཀྱི་སྨན་རྫས་རིག་པའི་གཞུང་དོན་ལྟར་ན། ས་སྟེང་དུ་ལུས་སྲོག་འཚོ་བ་ལ་ཕན་པར་བྱེད་པའི་སྨན་རྫས་ཡོད་དོ་ཅོག་བསྡུ་ན་གཏེར་རྫས་ཀྱི་རིགས་དང་། སྐྱེ་དངོས་ཀྱི་རིགས། སྲོག་ཆགས་ཀྱི་རིགས་བཅས་རྕ་བའི་དབྱེ་བ་གསུམ་དུ་ཕྱེ་ཞིང་། དེ་ལས་ཀྱང་ཞིབ་པ་རྫས་རང་གི་ངོ་བོའི་ནུས་པའིདབང་གིས་སྟོབས་དྲི་དབྱིབས་སོགས་བརྒྱད་དང་། རིན་པོ་ཆེ་རྡོ་ས་སྔོ་ཐང་སོགས་རིགས་ཀྱི་སྡེ་ཚན་རྒྱུད་བཞི་རུ་བརྒྱད་དང་ཤེལ་ཕྲེང་དུ་སྡེ་ཚན་བཅུ་གསུམ་དང་། དེ་ལས་སྐབས་བབ་སྐྱེ་དངོས་སྨན་རྫས་ལ་སྤྱི་སྒོས་དང་། མཆོག་དམན། རྒོད་གཡུང་། ཕོ་མོ་མ་ནིང་། དཀར་ནགསྒོ་བཟང་སྒོ་ངན། རིམ་འབྱེད་བཅས་ལ་བརྟེན་ནས་སྨན་རྫས་ཀྱི་རིགས་ཀྱི་དབྱེ་བའི་དགར་སྲོལ་འདི་དག་བྱུང་ཡོད་པ་དང་། དེ་དག་ཀྱང་གཞི་སྨན་རྫས་གཅིག་གི་མེ་ཏོག་དང་། ཁ་དོགསྐྱེ་གནས། རང་བཞིན་ནམ་ཁྱད་ཆོས། རིགས་རྒྱུན། ནུས་པ་ཆེ་ཆུང་བཅས་ལ་དཔག་ནས་དབྱེ་བ་དེ་ལྟར་མཛད་པ་མ་ཟད། དེ་དག་གི་ཞིབ་ཕྲའི་ནང་དོན་རྣམས་རང་རང་གི་སྐབས་དོན་དུ་གླེང་བརྗོད་བྱས་ཟིན་མོད། འདིར་སྔ་རབས་ཀྱི་སྔོ་འབུམ་ཁག་དང་། ཤེལ་གོང་ཕྲེང་སོགས་སྨན་རྫས་རིག་པའི་དགོངས་དོན་རྨང་གཞི་བྱས་ཐོག་རང་གི་རིག་པས་གང་ནུས་ཙམ་གྱིས་ཟུར་བརྒྱན་ཏེ་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་རིགས་དབྱེ་དེ་ཉིད་གཞི་སྨན་རྫས་བྱེ་བྲག་པ་གཅིག་ལ་གོ་རིམ་སྦྱར་ནས་བཤད་ན། ཏང་ཀུན་ལྟ་བུར་དཔེ་མཚོན་ན།

ཁོངས་་་་་་་་་་་སྐྱེ་དངོས་རིགས།

སྤྱིའི་རིགས་་་་་་ལྕ་བ།

སྒོས་་་་་་་་་་་་་ཏང་ཀུན།

རྒོད་་་་་་་་་་་ཏང་ཀུན་དཀར་པོ།

གཡུང་་་་་་་་ཏང་ཀུན་ནག་པོ།

ཕོ་་་་་་་་་་་་མེ་ཏོག་ཡོད་པ།

མོ་་་་་་་་་་་མེ་ཏོག་མེད་པ།

 

ཞེས་པ་ལྟར་ཏང་ཀུན་ལ་མཚོན་ན་སྤྱི་སྒོས་དང་། རྒོད་གཡུང་། དཀར་ནགཕོ་མོའི་དབྱེ་བ་ལས་སྒོ་བཟང་ངན་གྱི་དབྱེ་བ་མ་མཛད་མོད། སྤྱིར་བཏང་སྐྱེ་དངོས་སྨན་རྫས་ཡོངས་རྫོགས་ལ་དབྱེ་བ་དེ་རིགས་ཆ་ཚང་བའི་ངེས་པ་ཡང་མ་མཆིས་ལ། དབྱེ་བ་དེ་ལྟར་དགར་ཆོག་མིན་ཡང་ཁོ་བོའི་དཔྱད་འབྲས་ཁོ་ན་ཙམ་ཡིན་པ་དང་། དེ་ལྟར་དབྱེ་དགོས་པ་ཡང་གཅིག་ནས་སྨན་རྫས་རང་གི་རིགས་རྒྱུན་དང་སྡེ་ཁོངས་སོགས་དབྱེ་བ་འབྱེད་རྒྱུར་མཐུན་རྐྱེན་གསར་པ་བསྐྲུན་ཐུབ་པ་དང་། གཉིས་ནས་སྨན་ངོ་ངོས་འཛིན་གཅིག་གྱུར་མེད་པ་སྟེ་སྨན་གཅིག་མིང་གི་རྣམས་གྲངས་དང་མིང་གཅིག་སྨན་གྱི་རྣམས་གྲངས་སོགས་ཀྱི་དཀའ་རྙོག་དེ་དག་ཡང་རིགས་དབྱེ་ཡི་ཐབས་ཤེས་འདི་ལས་ལེགས་པར་གྲོལ་ཐུབ་པར་སྙམ།

 

གཉིས་པ། བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་བརྟག་ཐབས།

བོད་ཀྱི་སྨན་རྫས་རིག་པའི་དགོངས་དོན་ལྟར་ན་འདུལ་སྦྱོང་སོགས་ལེགས་པར་ཐོན་ན་ས་སྟེང་དུ་སྨན་དུ་སྤྱོད་མི་ཆོག་པའི་དངོས་པོ་གང་ཡང་མེད་པར་གསུངས་པ་དང་། དེ་ནི་བོད་ཀྱི་སྨན་རྫས་རིག་པས་འཇིག་རྟེན་སྤྱིའི་བྱ་དངོས་ལ་འཛིན་པའི་དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་བ་ཞིག་ཡིན་ལ། ས་སྟེང་དུ་ཡོད་པའི་སྨན་རྫས་དེ་དག་གི་རོ་ནུས་ཡོན་ཏན་ཕན་གནོད་བཅས་ལ་རྟོག་གཞིགས་མཐིལ་ཕྱིན་བྱས་པའི་ཉམས་མྱོང་ལས་ར་སྤྲོད་བྱུང་བ་ཞིག་ཀྱང་ཡིན། དེ་ལྟར་ལུས་སྲོག་འཚོ་བར་བྱེད་པའི་སྨན་རྫས་ཀྱང་སྐྱེ་དངོས་དང་། རིན་པོ་ཆེ། སྲོག་ཆགས་བཅས་ཀྱི་ནང་གསེས་དང་། ཕན་གནོད། ནོར་འཕྲང་བཅས་ཀྱི་འཁྲུལ་སོ་བསལ་ཐབས་སུ་སྨན་རྫས་རང་གི་རྣམ་པ་དང་ཆེ་ཆུང་། དྲི་རོ་སོགས་ལ་བརྟེན་ནས་གཞན་དང་མི་ནོར་བའི་གག་འཕྲང་སེལ་བའི་རིག་པ་དེ་དར་རྒྱས་བྱུང་ཞིང་། དེ་ཡི་བརྟག་ཐབས་སུ་སྐྱེ་དངོས་རང་གི་ཁྱད་ཆོས་གཙོ་བོར་གཞིགས་ནས་དབྱིབས་དང་། ཁ་དོགརོ་དང་རེག་བྱ། དྲི་མ་དང་། ཕྱི་དབྱིབས་བཅས་ལ་བརྟེན་ནས་བརྟག་དཔྱད་ངོས་འཛིན་གནང་གི་ཡོད་པ་དང་། དེ་ནི་གནའ་སྔ་མོ་ནས་བཟུང་བོད་ཀྱི་སྨན་རྫས་རིག་པའི་གཞུང་དུ་གསལ་བའི་སྨན་རྫས་བརྟག་ཐབས་ཀྱི་ཐབས་ཚུལ་གལ་ཆེན་ཞིག་ཡིན་ཕྱིར། སྐབས་བབ་རིན་པོ་ཆེ་དང་སྲོག་ཆགས་ལས་བྱུང་བའི་སྨན་རྫས་རིགས་རྣམས་དོར་བའི་ལྷག་མ་སྐྱེ་དངོས་སྨན་རྫས་རིག་པའི་བརྟག་ཐབས་བརྗོད་པར་བྱ་བ་ཡིན་ཞིང་། དེང་སྐབས་དར་སོ་ཆེ་བ་ནི་འབྱུང་ཁུངས་བརྟག་ཐབས་དང་། ཕྱི་དབྱིབས། ཕྲ་མཐོང་། དངོས་ཁམས་བརྟག་ཐབས་བཅས་གཙོ་ཆེ་བ་བཞི་ཡིན་ལ། ཕྱི་མ་གཉིས་ནི་དེང་རབས་བཟོ་ལས་འཕྲུལ་ཆས་ཀྱི་མཐུན་རྐྱེན་གཙོ་བོར་བརྟེན་ནས་བྱུང་བ་དང་། སྔ་མ་གཉིས་པོ་ནི་གནའ་ནས་བཟུང་བོད་ཀྱི་སྨན་རྫས་རིག་པའི་བརྟག་ཐབས་ཁྲོད་བེད་སྤྱོད་ཆེ་ཤོས་ཀྱི་ཐབས་ཚུལ་མན་ངག་གཉིས་པོ་དེ་ཡིན་ལ། དུས་ད་ལྟ་ཡང་སྤྱོད་གོ་ཆེ་ཞིང་ལག་ལེན་སྟབས་བདེ་མྱུར་བ་ཞིག་ཡིན་པས་སྔར་གྱི་བཞིན་རངས་མ་ཉམས་པར་རྒྱུན་འཁྱོངས་གནང་མུས་སུ་མཆིས་པ་འདི་ལགས།

1 སྨན་རྫས་བརྟག་ཐབས་ཀྱི་ཐབས་ལམ།

བོད་དུ་སྐྱེ་དངོས་སྨན་རྫས་དང་གཏེར་དངོས་སྨན་རྫས་གང་ཡིན་ཡང་དེ་དག་གི་བརྟག་ཐབས་དང་། འཁྲུལ་སོ་གག་འཕྲང་བསལ་ཐབས། སྡེ་ཚན་དགར་ལུགས་བཅས་དུས་རབས་དགུ་པ་ནས་དབུ་ཚུགས་ཡོད་པ་སྟེ། བེེ་རོ་ཙ་ནས་མཛད་པར་གྲགས་པའི《གསོ་དཔྱད་སྔོའི་མན་ངག་སྔོ་འབུམ》མམ་འཇམ་དབྱངས་སྔོ་འབུམདང་བླ་སྨན་བདུན་གྱིས་ཐུན་མོང་ཐོག་བརྩམས་པར་གྲགས་པའི་《སྒྲོལ་མ་སྔོ་འབུམ་》གཉིས་ལས་གསལ་བོར་མཚོན་ཐུབ་པ་མ་ཟད། སྔོ་འབུམ་དེ་གཉིས་ནི་ད་ལྟ་ཉར་ཚགས་བྱས་ཡོད་པའི་སྔོ་འབུམ་གྱི་གཞུང་སྔ་ཤོས་ཡིན་པ་དང་། གཞུང་དེ་དག་ཏུ་བོད་ཀྱི་སྨན་རྫས་རིག་པའི་བརྟག་ཐབས་རྣམས་རང་བཞིན་ཡན་གར་བར་ཞིབ་རྒྱས་མཛད་མེད་ན་ཡང་སྨན་རྫས་གཞན་དང་མི་ནོར་བའི་ཆེད་དུ་འདྲ་ཡིག་དང་། སྐྱེ་གནས། རོ་ནུས་བཅས་གསལ་པོར་གསུངས་ཡོད་པ་དེ་ནི་སྨན་རྫས་བརྟག་ཐབས་ཀྱི་ཐོག་མའི་ས་བོན་དེ་ཉིད་ཡིན་པ་མ་ཟད། སྨན་རྫས་སོ་སོ་བའི་སྤྱི་མིང་དང་། ཕལ་སྐད་ཀྱིི་མིང་སོགས་ཞིབ་ཕྲའི་སྒོ་ནས་བསྟན་ཡོད་པ་དེ་ལས་ཡུལ་ལུང་སོ་སོའི་མིང་གི་གདགས་གཞི་མི་འདྲ་བ་ལས་སྨན་གྱི་ངོས་འཛིན་མི་འདྲ་བ་འབྱུང་ཉེན་ཡོད་པའི་གེགས་རྐྱེན་བསལ་དགོས་པར་བསྟན་ཡོད་པ་སྟེ། ཡན་ལག་བརྒྱད་པར་། སྨན་ངོ་ཤེས་པར་བྱ་ཐབས་ལ། །མི་ཤེས་པ་ཡི་རྒྱུ་གསུམ་སྟེ། །མ་ཐོས་མ་གོ་མ་མཐོང་ན། །ནང་གི་གེགས་ཞེས་བྱ་བ་སྟེ། །དང་པོ་མིང་རྣམས་ཐོས་པར་བྱ། །དེ་རྗེས་བལྟ་ཞིང་ལེགས་པར་བརྟག། གང་དང་གང་ལ་བཤད་པ་ནི། །ཡང་དང་ཡང་དུ་འདྲིས་པར་བྱ། །ཕྱི་ཡི་གེགས་ནི་གསུམ་ཡིན་ཏེ། །སྐྱེ་ས་ཡུལ་གྱིས་བསྐལ་བ་ནི། །གྲང་བ་དྲོས་སར་སྐྱེས་པ་ཡིན། །བཏུ་བ་དུས་ཀྱིས་བསྐལ་བ་ནི། །དཔྱིད་དབྱར་སྟོན་དུས་བཏུས་པ་ཡིན། །སྨན་གཅིག་ཡིན་རུང་དེ་མི་འདྲ། །བཏགས་པ་མིང་གིས་བསྐལ་བ་ནི། །རང་རང་ཡུལ་གྱི་སྐད་ཀྱིས་ནི། །ངོ་མི་ཤེས་པའི་གནས་སུ་འགྱུར། །གཞན་ཡང་རྣམ་གྲངས་མིང་དང་ནི། །བསྡུས་པའི་མིང་ཡང་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དེ་དག་ནི་སྨན་ངོ་ངོས་འཛིན་དང་སྨན་རྫས་བརྟག་ཐབས་ལ་འཇུག་པའི་ཐོག་མའི་སྔོན་འགྲོ་འབའ་ཞིག་ཡིན་པ་དང་། གཞི་རྩའི་ཤེས་བྱ་དེ་དག་གི་རྨང་གཞིའི་ཐོག་སྨན་རྫས་ཀྱི་ཐོག་མའི་འབྱུང་ཁུངས་དང་། སྐྱེ་ལུགས། རིགས་དབྱེ། རོ་ནུས། ཁྱད་ཆོས་སོགས་ངེས་པར་རྟོགས་དགོས་པ་མ་ཟད། དེང་རབས་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་ནས་བསྟན་པའི་སྐྱེ་དངོས་སྨན་རྫས་ཀྱི་ཐོག་མའི་འཕེལ་འགྱུར་དང་སྨན་རྫས་ཕན་ཚུན་དབར་གྱི་རིགས་རྒྱུན་གྱི་འབྲེལ་བར་རྟོག་གཞིགས་བྱེད་པའི་ཐབས་ལམ་སྤྱད་ནས་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་ཁྲོད་ངོས་འཛིན་གཅིག་གྱུར་མེད་པའི་གནད་དོན་དེ་ཐག་གཅོད་རྒྱུར་མཐུན་རྐྱེན་གསར་པ་སྐྲུན་ཐུབ་པར་དགོངས་ནས་དེའི་འབྲེལ་གྱི་ཐབས་ལམ་འགའ་ཞུ་བ་ལ།

1.1  དཔྱད་གཞི་ཡིག་ཆའི་བསྡུར་དཔྱོད།

བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་བརྟག་ཐབས་ཁྲོད་སྨན་ངོ་ངོས་འཛིན་གཅིག་གྱུར་མིན་པའི་གནད་དོན་དེ་ཧ་ཅང་ཛ་དྲག་ཡིན་པ་དང་། དེ་ཡང་གཙོ་བོ་བྱང་ཟུར་གྱིས་གཙོས་མཁས་པ་གོང་མ་སོ་སོའི་སྨན་གྱི་བརྒྱུད་པ་མི་འདྲ་བ་དང་། ཡུལ་ལུང་སོ་སོའི་སྐད་ཀྱི་ཁྱད་པར་དབང་གིས་བཏགས་པ་མིང་གི་བསྙད་ལུགས་མི་འདྲ་བ། སྐྱེ་གནས་དབང་གིས་བོངས་ཚད་དང་མཐོ་དམན་སོགས་ཀྱི་ཁྱད་པར་འབྱུང་བཞིན་ཡོད་པས་སྨན་གཅིག་ལ་ངོས་འཛིན་མི་གཅིག་པ་དུ་མ་འབྱུང་གི་ཡོད་ཕྱིར། སྨན་རྫས་དེ་དག་གི་སྐྱེ་གནས་དང་། ཁྱད་ཆོས། ཐོན་ཁུངས། གབ་མིང་། ཕན་ནུས་བཅས་ད་ཡོད་ཀྱི་དཔྱད་གཞི་དེ་དག་རྨང་གཞི་བྱས་ཐོགདེ་དང་འབྲེལ་ཡོད་ཀྱི་རྒྱལ་ཡོངས་སམ་ས་གནས་རང་བཞིན་དུ་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་གནའ་དེང་གི་སྔོ་འབུམ་དང་སྨན་རྫས་རིག་པའི་བསྟན་བཅོས་ཁག་ལ་དབྱེ་ཞིབ་བྱེད་དགོས་པ་སྟེ། སྔོན་འབྱུང་སྨན་གྱི་བསྟན་བཅོས་དེ་དག་ལ་ལྟ་བསྡུར་བྱེད་སྐབས། ཐོག་མར་སྐྱེ་དངོས་སྨན་རིག་པའི་གསུང་རབ་ཁག་གཙོ་བོར་འཛིན་དགོས་པ་སྟེ། དཔེར་ན་《སྒྲོལ་མ་སྔོ་འབུམ་》དང་《འཇམ་དབྱངས་སྔོ་འབུམ་》《གཡུ་ཐོག་སྔོ་འབུམ་》《སྔོ་འབུམ་སྨན་གྱི་གཏེར་མཛོད་》《སྨན་མིང་རྒྱ་མཚོ་》《ཤེལ་གོང་ཕྲེང་》སོགས་སྔ་རབས་བསྟན་བཅོས་ཁག་དང་། དེ་བཞིན་དུས་རབས་བདུན་ཅུའི་ནང་ཀྲུང་གོའི་གསོ་རིག་ཚན་རིག་ཞིབ་འཇུག་ཁང་དང་བོད་ལྗོངས་སྨན་རྩིས་ཁང་གཉིས་ནས་མཉམ་འབྲེལ་ཐོག་བོད་ལྗོངས་ཀྱི་སྐྱེ་དངོས་སྨན་རྫས་རིགས་ལ་རྟོག་ཞིབ་བྱས་པའི་《བོད་ཀྱི་རྫས་ཀྱི་ཐོག་མའི་ཞིབ་འཇུག་》དང་། དེའི་རྗེས་སུ་བྱུང་བའི་བོད་ལྗོངས་རྒྱུན་སྤྱོད་ཀྲུང་དབྱིའི་སྨན་རྫས་1970-1972ཞེས་པ་དང་། 《བོད་སྨན་གྱི་རྣམ་བཤད》《མཐོ་དབུས་མཐོ་སྒང་སྨན་རིས་གསལ་བའི་མེ་ལོང》《ཀྲུང་གོའི་བོད་སྨན་གྱི་རྣམ་བཤད》《བདེ་ཆེན་བོད་སྨན》《མཚོ་སྔོན་སྐྱེ་དངོས་སྨན་རྫས་ཀྱི་རྣམ་བཤད》《ཀན་སུའུ་བོད་སྨན་གྱི་མིང་མཛོད》བཅས་གནའ་དེང་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་བསྟན་བཅོས་རྣམས་ཕན་ཚུན་དཔྱད་བསྡུར་གཏིང་ཟབ་བྱེད་དགོས་པ་དང་། དེ་དག་གི་ནང་སྐྱེ་དངོས་སྨན་རྫས་སོ་སོའི་སྐྱེ་ཚུལ་དང་ཁྱད་ཆོས་སྐོར་གྱི་རྣམ་བཤད་ཐད་ཁྱད་པར་འདྲ་མིན་ཡོད་པ་དང་། སྨན་གཅིག་ཡིན་ཡང་སྐབས་རེར་ངོས་འཛིན་མི་འདྲ་བ་སྟེ། དཔེར་ན། སྲོ་ལོ་དམར་པོ་ལྟ་བུར་མཚོན་ན་སྤྱིར་ཚན་གྱི་རིགས་ཡིན་པ་དང་། ཨ་མདོའི་ཁུལ་དུ་ག་དུར་རུ་ངོས་འཛིན་པ་དང་། དབུས་གཙང་རྒྱུད་དུ་སྲོ་ལོ་དམར་པོར་ངོས་འཛིན་པ་བཅས་སྨན་ངོ་ངོས་འཛིན་ལ་ཧེ་བག་ཆེན་པོ་ཤོར་ཡོད་ཕྱིར། སྐྱེ་དངོས་སྨན་རྫས་ཀྱི་གདོད་མའི་ཡིག་ཆར་ལྟ་ཀློག་ཡང་དག་བྱས་ཏེ་གང་ཞིག་ནོར་འཛོལ་ཡིན་མིན་ལུང་རིགས་མན་ངག་གསུམ་གྱིས་ར་སྤྲོད་བྱེད་དགོས་པ་དང་། དེ་ཡང་གསལ་པོར་བཤད་ན་སྐྱེ་དངོས་སྨན་རྫས་དེ་ཉིད་ཐོག་མར་གང་ན་གསལ་བའི་གཞུང་དང་། སྐྱེ་རྒྱུན་གྱི་འབྲེལ་བ། དེའི་རྣམ་བཤད། བསྡུ་ཉར་བྱེད་མཁན་མིང་གི་ངེས་ཚིག་གི་ཐོག་མའི་གདགས་དོན་བཅས་གསལ་པོར་ངེས་རྟོགས་བྱེད་རྒྱུ་དེ་ནི་སྐྱེ་དངོས་སྨན་རྫས་ལ་རྟོག་ཞིབ་བྱེད་རྒྱུའི་གནད་ཀྱི་དམ་པར་མཐོང་ངོ་། །

1.2 འདྲ་དཔེ་བསྡུར་དཔྱོད།

བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་དུ་སྨན་རྫས་རང་གི་རིགས་རྒྱུན་གྱི་འབྲེལ་བའི་སྐོར་རགས་པ་ཙམ་ལས་དེང་རབས་སྐྱེ་དངོས་སྨན་རྫས་ཀྱི་གཞུང་དུ་བསྟན་པ་བཞིན་ཞིབ་ཕྲའི་གནས་ལུགས་དེ་དར་སོ་དེ་ཙམ་ལས་མེད་ཕྱིར། ངོས་འཛིན་མི་གཅིག་པའི་སྨན་རྫས་དེ་དག་གི་དཔེ་རིས་དང་སྐྱེ་དབྱིབས་ཕན་ཚུན་དཔྱད་བསྡུར་བྱས་ཏེ་ཡུལ་བབས་དང་དུས་ཚིགས་ཀྱི་འགལ་རྐྱེན་ལས་བྱུང་བའི་ནོར་སོ་རྣམས་ངེས་པར་དུ་བཟློག་དགོས་པ་དང་། སྐྱེ་དངོས་སྨན་རྫས་ཀྱི་འདྲ་དཔེ་དེ་ཉིད་རྨང་གཞི་བྱས་ཐོག་དེ་ལས་བྱེ་བྲག་སྒོ་ཚན། རིགས། སྡེ་བཅས་གསལ་པོ་ཡོད་པའི་སྐྱེ་དངོས་སོ་སོ་བའི་ནང་གསེས་དབྱེ་བ་ཆ་ཚང་མཚོན་པའི་སྨན་རྫས་རང་རང་གི་ལོ་རྒྱུས་ཞིབ་རྒྱས་འཁོད་པའི་འདྲ་དཔེ་ཆ་ཚང་བ་ཞིག་བྱུང་ཚེ་དེ་ནི་སྨན་ངོ་ངོས་འཛིན་དང་བརྟག་ཐབས་སྐོར་གྱི་འཁྲུལ་སོ་མང་པོ་ཞིག་ཀྱང་འདི་ནས་གྲོལ་ཐུབ་པར་སྙམ་ཞིང་། དེ་མིན་སྨན་རྫས་མིང་གཅིག་དོན་མང་དང་དོན་མང་སྨན་གཅིག་ཡིན་པའི་སྐྱེ་དངོས་སྨན་རྫས་རྣམས་དེ་བས་འཁྲུལ་སོ་ཤིན་ཏུ་ཆེ་བ་སྟེ། གསེར་བྱེ་ལྟ་བུར་མཚོན་ན་མིང་གཅིག་ཀྱང་ངོ་བོ་ཐ་དད་པའི་སྨན་རྫས་རིགས་གཉིས་ཡིན་པ་སྟེ། མཁལ་ནད་སེལ་བའི་གསེར་བྱེ་དང་ཆུ་འགགས་སེལ་བའི་གསེར་བྱེ་གཉིས་སོ་(16)ཞེས་སྔ་མ་སྐྱེ་དངོས་སྨན་རྫས་ཀྱི་རིག་ཤིག་དང་། ཕྱི་མ་གཏེར་རྫས་སམ་ས་སྨན་ལས་བྱུང་བའི་སྨན་རིགས་ཤིག་ཡིན་པས་སོ་སོའི་ངོས་འཛིན་མི་ནོར་བ་ཤིན་ཏུ་གལ་ཆེ་བ་དང་། དེ་བཞིན་དུ་ཞལ་ཟས་རོ་བརྒྱའི་བཅུད་ཀུན་འདུས་པའི་གྲོ་མར་མཚོན་ན་ཚེ་རིང་སིལ་ཏོག་དང་དཀར་པོ་ཆིག་ཐུབ་ཀྱི་སིལ་སྨན་སོགས་དམངས་ཁྲོད་དང་ཡུལ་ལུང་སོ་སོའི་མིང་གི་གདགས་གཞི་མི་འདྲ་ཡང་དོན་གྲོ་མ་ཁོ་ན་ལས་གཞན་གཉིས་སུ་མེད་པ་དང་། སྔོ་འབུམ་སྨན་གྱི་གཏེར་མཛོད་ལས། སྤྱི་དང་བྱེ་བྲག་རིགས་ངོས་བཟུང་། །ངོ་བོ་གཅིག་ཀྱང་གནས་ཀྱི་རྒྱུར། །མི་གཅིག་ཅི་བཏབ་གནང་བ་སོགས། །རྒན་གཞོན་དབང་གིས་རྒྱུར(སྒྱུར)བ་དང་། །འདྲ་མིན་མི་འདྲ་སྣ་ཚོགས་འབྱུང་། །མི་འགྱུར་གཟེར་བརྒྱད་སྒོ་ནས་བརྟགཁྱད་ཆོས་ཚང་ན་གཅིག་པ་ཡིན། །རྒྱ་བོད་ཡུལ་སྐད་གབ་ཡིན་(མིང་)སོགས། །དུས་ལས་དབེན་ཞེས་ཐེ་ཚོམ་ན། །མིང་རྒོད་གང་ལས་བརྟག་པ་དཔྱད། །ཡུལ་སྐད་གང་ཡིན་དཔྱད་པ་གཅེས། །ཡུལ་འགར་སྤོས་དཀར་ཞེས་བྱ་བ། །འུ་སུ་ལ་ནི་བརྗོད་པ་ཡིན། །ངོ་བོ་གཅིག་ལ་མིང་གཞན་དང་། །མིང་གཅིག་དངོས་མང་ལ་འཇུག་སྲིད། །ཀུན་བྱེད་སྤང་རྩི་དོ་བོ་དང་། །ཨ་རུ་ར་སོགས་དངུལ་ཆུ་འཇུག། འཁྲུགས་བསལ་མིང་དོན་བརྡ་སྤྲོད་དང་། །སྒྲ་སྦྱོར་ངེས་པ་འཆི་མེད་མཛོད། །བིག་པ་ཏ་སོགས་མང་ཡོད་ཀྱང་། །རང་གི་འདོད་པ་ཙམ་འདིར་ཉོན། །ཚད་འཁྲུའི་ཆིག་ཐུབ་དཀར་པོ་དང་། །ཨ་ལོག་བེར་ཀ་སྤང་རྕི་དོ། །བེ་དོ་ཐེ་ར་ཡོག་མགོ་དང་། །ཀུན་བྱེད་རྒྱལ་པོ་མི་རྒན་མཆོགཁྲེས་ཏེ་ཤིང་དང་སུག་པ་སྐྱེས། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །ཞེས་གསུངས་པ་ལྟར་ཡུལ་དང་། །སྐྱེ་གནས། དུས་དང་། མིང་གི་བསྐལ་བའི་དབང་གིས་སྨན་ངོ་ངོས་འཛིན་ལ་འཁྲུལ་སོ་མང་པོ་འབྱུང་ཉེན་ཆེ་བས། སྐྱེ་དངོས་རང་གི་འདྲ་དཔེ་གཙོ་བྱས་ཏེ་སྨན་རྫས་རང་གི་གབ་མིང་དང་། སྐྱེ་དབྱིབས། ཕན་གནོད་ཀྱི་ཁྱད་པར་བཅས་ཀྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཚེ་གཞི་ནས་ལྐོག་གྱུར་གྱི་གསང་གནད་རྣམས་གྲོལ་བའི་ཐབས་ལམ་གསར་པ་ཞིག་མཐོང་ཐུབ་བོ། །

1.3 སྐྱེ་དངོས་སྨན་རྫས་ཀྱི་ཕྱི་དབྱིབས་རྟོག་ཞིབ།

སྐྱེ་དངོས་སྨན་རྫས་ཀྱི་ཕྱི་དབྱིབས་ལ་གནད་དུ་འཁེལ་བའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་རྒྱུ་དེ་ནི་སྐྱེ་དངོས་སྨན་རྫས་ཀྱི་རྩ་བ་དང་། སྡོང་པོ། ལོ་མ། མེ་ཏོགའབྲས་བུ་བཅས་ཀྱི་ཞིབ་ཕྲའི་གྲུབ་ཚུལ་རྣམས་ཕན་ཚུན་གོ་འཛོལ་མི་འབྱུང་བའི་བྱེད་ཐབས་ཤིག་ཡིན། ལྷག་པར་དུ་སྐྱེ་དངོས་སྨན་རྫས་ཀྱི་རྒྱུད་སྤེལ་དབང་པོའི་གྲུབ་ཆའི(མེ་ཏོག་འབྲས་བུ)གནས་ལུགས་ཁོང་དུ་ཆུད་དགོས་པ་ཤིན་ཏུ་གནད་ཆེ། གང་ལགས་ཤེ་ན། སྐྱེ་དངོས་སྨན་རྫས་ཀྱི་ཡལ་ག་དང་། ལོ་མ་སོགས་ཕྱི་དབྱིབས་ཀྱི་ཆ་ཤས་ཕྲན་བུ་ཙམ་ལ་བརྟེན་ནས་སྐྱེ་དངོས་དེ་ཉིད་མི་ནོར་བའི་ཁ་ཚོན་གཅོད་མི་ཐུབ་པ་མ་ཟད། དེ་ཡི་མཇུག་འབྲས་སུ་ངོས་འཛིན་ནོར་འཁྲུལ་ཅན་མང་པོ་ཞིག་ལྷག་སྲིད་པ་སྟེ། རེ་རལ་ལ་མཚོན་ན་ལོ་མ་མེ་ལྕེ་མཆེད་འདྲ་ཞེས་གཞུང་མང་པོར་གསུངས་ཤིང་། ལོ་མ་ཁོ་ནར་བརྟེན་ནས་ངོས་འཛིན་བྱས་ཚེ་མེ་ལྕེ་མཆེད་པ་འདྲ་བའི་ལོ་མའི་རིགས་ཀྱི་སྨན་གཞན་དག་མང་པོ་ཡོད་པས་སྐྱེ་དངོས་སྨན་རྫས་ཀྱི་ཆ་ཤས་ཕྲན་བུ་ཙམ་མིན་པར་གྲུབ་ཆའི་གནས་ལུགས་ཡོངས་རྫོགས་ལ་ཞིབ་ཕྲའི་བརྟག་དཔྱད་བྱས་ཏེ་འདི་ཡིན་འདི་མིན་གྱི་ངོས་འཛིན་གསལ་བའི་དམ་བཅའི་ཐ་ཚིག་འཇོག་དགོས། ཡང་སྐྱེ་དངོས་ཁ་ཅིག་ནི་སྐྱེ་དངོས་གཞན་གང་ཡང་རུང་བར་མི་ནོར་བའི་ཐུན་མོང་མ་ཡིན་པའི་རང་གི་ཁྱད་ཆོས་རང་ཚུགས་སུ་ཡོད་པ་རྣམས་ཕྱི་དབྱིབས་ཁོ་ནས་ངོས་འཛིན་བྱས་ཀྱང་ནོངས་པ་ཅི་ཡང་མེད་ཅིང་། དབང་ལག་ལ་མཚོན་ན། རྩ་བ་མི་ཡི་ལག་པ་འདྲ། ཞེས་ཆེ་ཆུང་དང་མཆོག་དམན་གྱི་ཁྱད་པར་ཙམ་ལས་རྩ་བ་དེ་ཉིད་མཐོང་ཙམ་དུ་སྤྱིར་བཏང་དབང་ལག་རང་དུ་ངོས་འཛིན་བྱས་ཆོག་པ་ལྟབུ་ཡིན་ཕྱིར། སྐྱེ་དངོས་སྨན་རྫས་ཀྱི་ངོས་འཛིན་གསལ་པོ་འོང་ཆེད་སྨན་རྫས་རང་རང་གི་ཁྱད་ཆོས་དང་ཕྱི་དབྱིབས་ལ་བརྟེན་ནས་ངོས་འཛིན་བྱེད་རྒྱུ་ཡང་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། དེང་རབས་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་དུ་རྩི་ཤིང་གི་ཐོག་མ་ཞེས་པར་རྩད་གཅོད་ཞིབ་འཇུག་བྱེད་བཞིན་པའི་ལྟ་བ་དེ་ཡང་རང་ཅག་གི་གཞུང་ལུགས་སུ་བསྡུ་ལེན་བྱེད་ཐུབ་ཚེ་དེས་ཀྱང་བླ་ལྷག་གི་དགེ་མཚན་ཅིག་བསྐྲུན་ཐུབ་པ་བསྙོན་དུ་མེད་དོ། །ཡིན་ཡང་བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་དུ་བསྟན་པའི་སྨན་རྫས་རང་གི་ཕྱི་དབྱིབས་དང་རྣམ་པ་འགྲེལ་བརྗོད་བྱེད་སྟངས་ཐད་ལའང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་སྟེ། དེང་རབས་སྨན་རྫས་རིག་པའི་གཞུང་ལྟར་རྕ་བའི་རིགས་ཀྱི་སྐྱེ་དངོས་སྨན་རྫས་རྣམས་ལ་རང་གི་དབྱིབས་ནར་མོ་དང་། ཟླུམ་པོ། ཟླ་གམ། གྲུ་བཞི་སོགས་ཕྱི་དབྱིབས་ཁོ་ན་ལས་དེ་དག་གི་ཁ་དོག་དང་ཁྱད་ཆོས་ལྷན་དུ་བརྗོད་པའི་འགྲེལ་ལུགས་དེ་ཉིད་ཡེ་ནས་དབེན་པ་སྟེ། དཔེར་ན། སྙི་བ་ལྟ་བུ་ཟླུམ་རྡོག་འདྲ་བ་ཞེས་ཐད་དཀར་འགྲེལ་བརྗོད་བྱས་པ་ལས་གཞན་པའི་བྲོ་བ་གང་ཡང་མེད་པ་དང་། བོད་ཀྱི་སྐྱེ་དངོས་སྨན་རྫས་རིག་པའི་གཞུང་དུ་སྨན་རྫས་རང་གི་ཕྱི་དབྱིབས་ཁོ་ན་མིན་པར་དེ་ཡི་ཁྱད་ཆོས་རྣམས་མ་དོར་བས་དཔེ་དོན་གཉིས་ཀའི་སྒོ་ནས་བསྟན་ཡོད་པ་སྟེ། ར་མཉེ་ལ་འབྲས་བུ་ནང་དཀར་རིང་བསྲེལ་འདྲ་ཞེས་མདོག་དཀར་ཞིང་རིང་བསྲེལ་འདྲ་བ་ཆེ་ཆུང་རན་པ་དང་།  ཉེ་ཤིང་ལ་འབྲས་བུ་ལྕགས་ཀྱི་སྲན་ཆུང་འདྲ་ཞེས་ཆེ་ཆུང་སྲན་མ་ཙམ་ལ་མདོག་ཡང་ནག་ཞད་ཡོད་ལ་ལྕགས་ལྟར་མཁྲེགས་པོ་ཡོད་པ། དེ་བཞིན་དུ་གྲོ་མའི་རྩ་བ་ལུག་གི་རིལ་མ་འདྲ་ཞེས་ལུག་རིལ་ལྟར་མདོག་ནག་ཞད་ཆེ་སྲ་སྙི་རན་པ་བཅས་དཔེ་དོན་ལྷན་ཅིག་བརྗོད་པའི་སྲོལ་ལུགས་དེ་ཡང་སྨན་ངོ་ངོས་འཛིན་དང་བརྟག་ཐབས་ཐད་མེད་དུ་མི་རུང་བའི་ལྟ་བ་ཁྱད་པར་ཅན་ཞིག་ཡིན་ནོ། །

2. རྣམ་པའི་སྒོ་ནས་བརྟག་པ།

གནའ་སྔ་མོ་ནས་བཟུང་བོད་ཀྱི་སྨན་རྫས་རིག་པའི་གཞུང་དུ་སྨན་ངོ་ངོས་འཛིན་མི་འཁྲུལ་བ་དང་། ནུས་པའི་མཆོག་དམན། གསར་རྙིང་གི་དབྱེ་བའི་ཁྱད་པར་འབྱེད་བྱེད་དུ་སྨན་རྫས་ལ་བརྟག་དཔྱད་བྱེད་སྐབས། སྨན་རྫས་ཀྱི་དྲི་དང་། རོ། རེག་བྱ། གཟུགས། ཆུ། མེ་བཅས་ལ་བརྟེན་ནས་བརྟག་དཔྱད་བྱེད་བཞིན་ཡོད། བརྟག་ཐབས་དེ་ནི་བོད་ཀྱི་སྨན་རྫས་རིག་པའི་ཁྲོད་དུ་སྔ་མོ་ནས་དར་ཁྱབ་ཆེ་ཞིང་རྒྱུན་འབྱམས་སུ་གནས་པའི་སྨན་རྫས་བརྟག་དཔྱད་བྱེད་པའི་ཐབས་མཆོག་དམ་པ་ཞིག་ཡིན་ཕྱིར།

གནའ་ནས་བཟུང་རྒྱུད་འཛིན་དང་དར་སྤེལ་བྱུང་ཡོད་པ་མ་ཟད། དེ་ཡི་ལག་ལེན་སྟབས་བདེ་ལ་ཕན་འབྲས་མྱུར་པའི་ཁྱད་ཆོས་ལྡན་ཡོད་པས། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། དེར་བརྟེན། སྔོན་ནས་དར་སྲོལ་ཆེ་ཞིང་རྒྱུན་དུ་ལག་ལེན་ཁྲོད་སྤྱོད་སྒོ་ཆེ་བའི་བོད་ཀྱི་སྨན་རྫས་རིག་པའི་བརྟག་ཐབས་འགའ་ཞུ་བ་ལ།

2.1 ཕྱི་དབྱིབས་ལ་བརྟག་པ།

སྨན་རྫས་རང་གི་ཕྱི་དབྱིབས་ཀྱི་རྣམ་པ་དེས་སྤྱིར་བཏང་སྨན་རྫས་གཞན་དང་མི་འཁྲུལ་པའི་ཁྱད་ཆོས་མཚོན་ཐུབ་མོད། སྐྱེ་དངོས་དང་གཏེར་རྫས་སྲོག་ཆགས་བཅས་སྤྱི་ཁྱབ་ལ་འགྲོ་བའི་ཆོས་ཉིད་ཅིག་མིན། ཡིན་ཡང་ས་སྟེང་དུ་སྐྱེ་དངོས་སྨན་རྫས་གྲངས་མེད་པ་དག་ཀྱང་རང་རང་གི་སྐྱེ་སྟོབས་ཀྱི་རང་བཞིན་དང་ས་བོན། སྐྱེ་གནས་ཀྱི་ཁྱད་པར། གནམ་གཤིས་ཀྱི་དྲོ་གྲང་། ས་བབས་ཀྱི་མཐོ་དམན་དབང་གིས་རྩ་ལོ་མེ་འབྲས་གང་ཡིན་ཡང་ཕྱི་དབྱིབས་ཀྱང་སྣ་ཚོགས་དུ་མ་ཞིག་འབྱུང་སྲིད་པ་སྟེ། སྔོ་འབུམ་སྨན་གྱི་གཏེར་མཛོད་ཀྱི་ལེའུ་བཅུ་པར། དབྱིབས་ནི་གྲུ་བཞི་ཟླུམ་པོ་དང་། །གྲུ་གསུམ་ཟླ་གམ་ནར་མོ་དང་། །རིང་དང་ཐུང་བ་དག་དང་གཞན། །སྦོམ་པོ་དང་ནི་ཕྲ་བ་དང་། །སྲབ་པ་དང་ནི་འཐུང་(མཐུག)པ་དང་། །དྲང་བ་དང་ནི་འཁྱོག་པ་དང་། །འབྲེལ་དང་སྲལ་བུ་གྱེས་པ་དང་། །སྒྲེང་(འདྲེང་)དང་སྒུར་བ་དག་དང་གཞན། །འཕྲལ་དྲང་བཞིན་(གཞན)དུ་འགྱེལ་བ་དང་། །རྣོ་དང་སྡུམ་པ་དག་དང་འགས། །སྡུད་པ་དང་ནི་བཏང་བ་དང་། །འགའ་ཞིག་ངར་བ་སྲང་བ་ལ། །ཡལ་ག་ལ་སོགས་ཤིན་ཏུ་འཁྱོག། གཞན་དག་དེ་ལས་ལོག་པ་སོགས། །སྣ་ཚོགས་པ་ཡང་སྲིད་པ་ན། །མི་འདྲ་བ་ཡི་སྤུ་རིས་ལྟ། །འབྲུ་བཟང་འབྲུ་ངན་དག་གི་ནི། །མི་གཅིག་པ་ལྟར་སྣང་ན་ཡང་། །རང་གི་དབྱིབས་ནི་སྟོང་མི་བྱེད། །མི་གཅིག་ན་ནི་ལྟར་ན་ཡང་། །ངེས་པར་དེ་ཡི་ཁྱད་བཅོས(ཆོས)ཡོད། །རིམ་གྱིས་ཕྱུག་པའི་ཝ་སྐྱེས་བཞིན། །ལེགས་པར་ཞིག་ནས་ངོ་ཡི་བཟུང་། །དུང་དང་བ་སོ་སྙམ་དུ་དཀར། །རི་མོའི་ཁྱད་པར་ཞིག་ན་གསལ། །ཞེས་པ་ལྟར་སྐྱེ་དངོས་སྨན་རྫས་གང་གི་རང་བཞིན་དང་ཁྱད་ཆོས་རྣམས་རྗེན་འཆར་དུ་རྟོགས་སླད་རྩ་སྡོང་ལོ་མེ་འབྲས་བཅས་ཀྱི་ཞིབ་ཕྲའི་གནས་ལུགས་རྣམས་ངེས་པར་ཏུ་ཁོང་དུ་ཆུད་དགོས་པ་དང་། སྐྱེ་དངོས་ཕན་ཚུན་མི་ནོར་བའི་གལ་འགག་སེལ་བ་ལ་ཐོག་མར་དེ་དག་གི་གྲུབ་ཆའི་ཆ་ཤས་དང་། རང་བཞིན། གནས་ལུགས་བཅས་ཀྱི་སྒོ་ནས་ནང་གསེས་ཁྱད་པར་འབྱེད་དགོས་པ་སྟེ། དཔེར་ན། རྕ་བ་དང་འབྲས་བུའི་རིགས་ལ་མཚོན་ན་ལུག་མུར་རྩ་བ་རྡོག་འདྲིལ་ཉུངས་མ་འདྲ་བ་དང་། ཉེ་ཤིང་འབྲས་བུ་ལྕགས་ཀྱི་སྲན་ཆུང་འདྲ་བ། སྙི་བའི་རྩ་བ་མར་རྐྱལ་འདྲ་བ། ཡང་ཨ་རུ་ར་ནི་ཡུངས་ཆུང་སྐམས་པོ་འདྲ། མཁལ་མ་ཞོ་ཤ་མཁལ་མ་འདྲ། ཕོ་རིས་སྲན་མ་བཙོས་སྐམ་འདྲ། དོང་ག་ཁྲག་རྒྱུ་ནག་པོ་འདྲ་ཞེས་དང་། ཡང་མེ་ཏོག་རིགས་ལའང་གུར་གུམ་གཡག་ཤའི་ཕྱེ་མ་འདྲ། སྤང་རྩི་དོ་བོ་མི་རྒན་མགོ་བོ་འདྲ(རྒས་ཚེ)ཞེས་དང་། དེ་བཞིན་བྱི་ཤང་དཀར་མོ་སྟག་གི་སྨ་ར་འདྲ་བ་དང་། ནད་མ་གཡུ་ལོ་བོང་བུའི་རྣ་ཅོག་འདྲ་བ། ཤིང་ཚ་ཟངས་མའི་ཝ་ཆུང་འདྲ་བ། འོལ་མོ་སེ་ཁྲག་གི་རྐྱལ་བ་འདྲ་བ་དང་། ནད་མ་གཡུ་ལོ་བོང་བུའི་རྣ་ཅོག་འདྲ་བ། ཤིང་ཚ་ཟངས་མའི་ཝ་ཆུང་འདྲ་བ། འོལ་མོ་སེ་ཁྲག་གི་རྐྱལ་བ་འདྲ་བ་སོགས་དཔེ་དོན་མཚུངས་པའི་འདྲ་དཔེ་གནས་ལུགས་འདི་དག་ནི་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་བརྟག་ཐབས་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། འདྲ་དཔེ་དེ་དག་ནི་བློ་ངོར་ངེས་བདེ་ཞིང་རྫས་རང་རང་གི་རང་བཞིན་གྱི་ཁྱད་པར་མཚོན་ཐུབ་པ་དང་། དཔེ་དོན་མཚུངས་པ། གོ་བདེ་ཞིང་རྟོགས་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ཕྱིར་བརྟག་ཐབས་འདི་རིགས་ནི་འདྲ་དཔེ་ཡི་ཆེད་དུ་འདྲ་དཔེ་བསྟན་པ་ཞིག་གཏན་ནས་མིན་པས་སྔར་སྲོལ་རྒྱུད་འཛིན་དང་དར་སྤེལ་མཐོར་འདེགས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་མཐོང་ངོ་།།

2.2 ཁ་དོག་ལ་བརྟག་པ།

སྨན་རྫས་གང་ཞིག་ཡིན་རུང་དེ་ལ་རང་རང་གི་ངོ་བོའི་རང་བཞིན་མཚོན་པའི་ཁ་དོག་མི་འདྲ་བ་དུ་མ་ཡོད་པ་དང་། ཁ་དོག་དེ་དག་ཀྱང་རྫས་རང་གི་ས་བོན་དང་འབྱུང་བའི་ནུས་སྟོབས་ཆེ་ཆུང་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། སྐབས་འདིར་སྐྱེ་དངོས་སྨན་རྫས་ཀྱི་ཁ་དོག་མི་འདྲ་བར་བརྟེན་ནས་དེ་མཐུན་གྱི་སྨན་རྫས་བརྟག་ཐབས་སྐོར་བརྫོད་པ་སྟེ། སྔོ་འབུམ་སྨན་གྱི་གཏེར་མཛོད་ཀྱི་ཤོག་ངོས་དྲུག་པའི་ནང་། ཁ་དོག་རྩ་ལོ་སྡོང་འབྲས་དང་། །ཡལ་ག་མེ་ཏོག་འབྲས་བུ་ལས། །རྩ་བ་ལྗང་ཁུ་འབྱུང་བ་དཀོན། །གཞན་ཡང་ལྗང་ཁུ་རིགས་གཅིག་ལ། །ལྗང་སྐྱ་ལྗང་སེར་ལྗང་ནག་དང་། །ལྗང་སྔོ་ལྗང་དམར་ལྗང་སྐྱ་སོགས། །དུ་མ་སྲིད་ཕྱིར་སྤུ་རིས་དབྱེ། །ལྗང་སྐྱ་སྤྲ་བ་ཡོད་མེད་གཉིས། །ཡོད་པ་གནྟ་བྷ་དྲ་སོགས། །སྤྲ་བ་མེད་པའི་ལྗང་སྐྱ་ནི། །པར་པ་ཏ་ལ་སོགས་པ་ཡིན། །ལྗང་སེར་སུམ་ཅུ་ཏིག་སོགས་དང་། །ལྗང་སྨུག་སྤྱི(དབྱི)མོང་ལྟ་བུ་དང་། །ལྗང་དམར་སྣེའུ་ལྟ་བུ་དང་། །ལྗང་ནག་རྟ་ལུག་(རྨིག)ནག་པོ་བཞིན། །ལྗང་སྔོན་ལུག་ངལ་ལྟ་བུ་ཡིན། །ལྗང་གུ་གུར་གུམ་ལོ་མ་བཞིན། །སྡོང་པོ་དམར་ལ་གཞན་ལྗང་བ། །རྒྱ་སྣེའུ་ལ་སོགས་འདྲ་བ་ཡོད། །རྒྱབ་དཀར་མདུན་ལྗང་སྤྲུ་མ་བཞིན། །མདུན་ལྗང་རྒྱབ་དམར་བྲག་ལྕམ་བཞིན། །རྒྱབ་སེར་མདུན་ལྗང་བྲག་སྐྱ་བཞིན། །མཐུན་དང་མི་མཐུན་དུ་མ་སྣང་། །ཁ་དོག་གཞན་གྱི་ཟེར་ཁུར་ཅན། །ཞིབ་དང་བཅས་ཏེ་ངོས་བཟུང་བྱ། །ཞེས་གསུངས་པ་ལྟར་ཁ་དོག་སྤྱིའི་ངོས་འཛིན་ཙམ་མ་ཡིན་པར་སྐྱེ་དངོས་རང་གི་ཆ་ཤས་ཡོངས་རྫོགས་ཁ་དོག་གི་སྤུ་རིས་དབྱེ་དགོས་པ་ཤིན་ཏུ་གལ་ཆེ། དེ་བཞིན་ཏུ་སྐྱེར་པ་མདོག་སེར་པོ། རྒྱ་སྐྱེགས་མདོག་དམར་པོ། རྒྱ་སྣག་མདོག་ནག་པོ་ལྟ་བུ་སྣང་མོད་ཡིན་ཡང་སྨན་རྫས་དེ་ཉིད་ལས་སྣོན་དང་སྐམ་གསེད་ལེགས་པོ་མ་བྱུང་བའི་ངན་འབྲས་ལས་སྐྱེ་དངོས་དེ་ཉིད་ཀྱི་ཁ་དོག་འགྱུར་འགྲོ་བ་དང་ནུས་པ་ཚུལ་བཞིན་མི་ཐོན་པར་འགྱུར་ལྡོག་བྱུང་ནས་དབྱིབས་མཐུན་གྱི་ནུས་པ་ངོ་མ་འབྱུང་མི་སྲིད་པ་གནའ་དེང་གསོ་རིག་གང་ཡིན་ཡང་དགོངས་པ་གཅིག་མཐུན་དུ་སྣང་ངོ་།།

2.3  བོང་ཚད་ལ་བརྟག་པ།

དེ་ནི་གཙོ་བོ་སྨན་རྫས་ཀྱི་རིང་ཐུང་དང་། སྦོམ་ཕྲ། ཆེ་ཆུང་། སྲབ་མཐུག་བཅས་ལ་བྱ་ཞིང་། དེ་དག་གིས་སྨན་རྫས་རང་གི་རིགས་ཀྱི་དབྱེ་བའི་ནང་གསེས་དང་གཞན་དང་མི་ནོར་བའི་ཁྱད་ཆོས་མཚོན་ཐུབ་པ་སྟེ། ཇི་སྐད་དུ། སྔོ་སྨན་གྱི་ནི་བོང་ཚད་དག། རིང་བ་དང་ནི་ཐུང་བ་དང་། །ཕྲ་བ་དང་ནི་སྦོམ་པ་དང་། །ཀུན་ནས་ཆེ་དང་ཆུང་བ་དང་། །དགའ་ཞིག་རྩ་བ་ཆེ་བ་དང་།  ། ལོ་མ་ལ་སོགས་ཆུང་བ་དང་།  ། ཉེའུའི་ཤིང་དང་ལྕ་རྒོད་བཞིན། །དེ་བཞིན་མེ་ཏོག་ལ་སོགས་ཀུན། །རིན་ཆེན་གནས་མཚུངས་མི་མཚུངས་བརྟག། དེ་ནས་གཞན་ཡང་དེ་བཞལ(བཞིན)བྱ། །རྒྱས་དང་མ་རྒྱས་ཁྱད་པར་དང་། །ས་བཟང་ས་ངན་ཁྱད་ལས་རྟོགས། །རྒོད་དང་གཡུང་ཁྱད་མ་རྟོགས་པ། །བོང་རྣམས་ཕལ་ཆེར་ངེས་པ་ཡོད། །ཀ་ལན་ཏ་ཀ་མཚར་ན་ཡང་། །བྱ་ཁྲ་ཆུང་བ་ག་ལ་ཡོང་། །རྒོད་ཕྲུག་སྒོ་ང་རྡོལ་མ་ཐག། སྲིན་བྱ་སྐད་སོ་བས་ཀྱང་ཆེ། །བོང་ལ་ངོས་རྣམས་ངོས་བཟུང་མཛོད། །ཅེས་སྐྱེ་དངོས་སྨན་རྫས་ཀྱི་བོང་ཚད་དེ་དག་ཀྱང་གཙོ་བོ་སྨན་རྫས་དེ་ཉིད་སྐྱེ་ཡུལ་གྱི་ས་གཤིས་བཟང་ངན་དང་། རྩ་ལོ་མེ་འབྲས་སོགས་རྒྱས་དང་མ་རྒྱས་པ། སྨན་རྫས་དེ་ཉིད་ཀྱི་ནུས་པའི་རྒོད་གཡུང་གི་ཁྱད་པར་བཅས་སྐྱེ་དངོས་རང་གི་བོང་ཚད་ལ་རག་ལས་ཡོད་པ་ཞིག་ཡིན་ལ། དེ་བཞིན་ཏུ་སྤོར་སྤང་ལ་སྐྱེ་བ་སྤོར་ཆུང་དང་། ཞིང་ལ་སྐྱེ་བ་སྤོར་ཆེན། པ་ཡག་རྩ་བ་དེའི་འབྲས་བུ་ཆེ་བ་ལ་གཡག་སྙིང་དང་། ཆུང་བ་ལ་ལུག་སྙིང་དང་། ཉེ་ཤིང་རྩ་བ་སྦོམ་པ་བཟང་། ཕྲ་བ་ངན་པ། མཚེ་ལྡུམ་ཡང་བྲག་མཚེ་བྲག་ལས་སྐྱེ་བ་ཁྲུ་ཙམ་ལ་ཕྲ་སྦོམ་གྲོ་སོག་གི་རྐེད་པ་ཙམ་དང་། སྤང་མཚེ་སྤང་གྲམ་ལས་སྐྱེ་བ་ཁབ་ཙམ་དེ་ལ་འབྲས་བུ་དམར་པོ་རུས་པ་ནག་པོ་ཅན་ཡོད་པ་ལུག་མཚེ། དེ་ལས་སྦོམ་གྱོང་འབྲས་བུ་མེད་པ་ར་མཚེ་དང་། ཆུ་འགྲམ་ས་རླན་ལས་སྐྱེ་བ་ར་མཚེ་ལས་སྙོམས་པར་ཟུར་གསུམ་པའི་རྣམ་པ་ཅན་ལ་ཆུ་མཚེར་བཅས་ཀྱི་དབྱེ་བ་དང་། ཤིང་ཚ་ཤུན་པ་སྲབ་ལ་རོ་ཚ་བ་ཤིང་དངོས་དང་། མཐུག་ལ་རྒྱབ་སྐྱ་རོ་ཚ་ཤས་ཆུང་བ་དྭ་ཚ་ཞེས་པ་དེའོ(17)ཞེས་སྲབ་མཐུག་གཙོ་བོ་དང་། དེ་བཞིན་བྲག་མཚེ་བྲག་ལས་སྐྱེས་པ་ཁྲུ་རེ་ཙམ་པ་དང་ཁྲོན་བུ་ཡང་མཐོ་དམན་ལ་དཔག་པའི་བོང་སོར་བཞི་ཙམ་ནས་མཐོ་གང་དྲག་ཙམ་པར་ཅི་རིགས་སྐྱེ(18)ཞེས་རིང་ཐུང་གི་ཚད་ངེས་ཅན་གསུངས་ཡོད་པ་དེ་དག་ཚང་མ་སྨན་རྫས་རང་ག་བའི་སྐྱེ་དབྱིབས་ཀྱི་ཁྱད་ཆོས་དངོས་ལ་ཞིབ་འཇུག་བྱས་པའི་སྤྱི་སྡོམ་ཡིན་ཞིང་། དེ་ལ་སྐྱེ་གནས་ཀྱི་ཁྱད་པར་དང་། དུས་ཚིགས་ཀྱི་འགྱུར་ལྡོག་དབང་གིས་རིང་ཐུང་དང་། སྦོམ་ཕྲའི་ཁྱད་པར་ཅི་རིགས་འབྱུང་གི་ཡོད་པ་རྟོགས་དགོས་སོ།།

2.4 པགས་མདོག་ལ་བརྟག་པ།

དེ་ནི་སྨན་རྫས་དེ་ཉིད་ཀྱི་ཕྱི་ངོས་ཀྱི་པགས་པའི་རེག་བྱ་དང་མདོག་མདངས་ལ་བརྟག་པ་སྟེ། འཇམ་རྩུབ་དང་། འོད་མདངས། སུལ་ལམ་གཉེར་མ། བལ་སྤུ་བཅས་ཡིན་ཞིང་། དཔེར་ན་ཤུ་དག་དཀར་པོ་ཚོན་གང་གཉེར་མ་དགུ་ཡོད་པ། མཁྲེགས་ཤིང་དྭངས་པ་ཚིགས་མཚམས་ལ་སྔོ་མདངས་ཅུང་ཟད་ཡོད་པ་མཆོག་ཞེས་དང་། སུག་སྨེལ་སེག་བརྡར་རི་མོ་གསལ་བ་བཟང་བ་དང་། ཨ་འབྲས་གང་བུ་ནར་མོ་མཐེབ་ཆེན་སྦོམ་པ་ཙམ་ལ་ཤྭ་བའི་སྤུ་འདྲ་བ་སྐྱེས་ལ་རྩ་རིས་ཡོད་པ་མི་ནོར་བའི་རྟགས་དང་། ཞུ་མཁན་ལ་ཡང་ལོ་མ་མཐུག་ཅིང་སེར་ལ་འོད་ཆགས་པ་སྤང་ཞུན་དང་། ལོ་མ་སྲབ་ལ་འཇམ་ཞིང་ནག་པ་ནགས་ཞུན་ཞེས་འོད་མདངས་ཀྱིས་ཞུན་རིགས་དབྱེ་བ་གཉིས་ཀྱི་ཁྱད་པར་དང་། ཕོ་བ་རིས་སམ་ན་ལེ་ཤམ་རིགས་དཀར་ནག་གཉིས་པོ་དེ་ཡང་ནག་པོ་ཕོ་བ་རིས་ཡོད་པ་བཟང་བ་དང་། དཀར་པོ་རོ་འཇམ་ལ་རི་མོ་མེད་པ་ཁ་སྦྱོར་དབྱིབས་ཅན་དམན་པ་དང་། སོ་མ་ར་ཛ་ཐང་ཕྲོམ་འབྲུ་ཙམ་ལ་ནག་པོ་མཁལ་དབྱིབས་ནེའུ་ལེའི་རི་མོ་ཡོད་པ་སྣུམ་བག་ཅན་དང་། སེ་འབྲུ་དམར་ལ་སྣུམ་པ་བཟང་བ་དང་། ཁམ་བུ་ཡང་རྒྱ་ཁམ་འབྲས་བུ་ཆེ་ཞིང་རུས་པ་སུལ་རིས་མང་བ། བོད་ཁམ་དེ་ལས་རོ་སོགས་དམན་ལ་རུས་པ་འཇམ་པ། ཨུཏྤལ་སྔོན་པོ་ལོ་སྡོང་ཡལ་ག་སྤུ་ཆུང་གིས་ཁྱབ་པ། ཚེར་སྔོན་ལོ་སྡོང་ཚེར་ཕྲན་རྣོན་པོས་གང་བ། ནད་མ་འབྱར་མ་ལྟ་བུ་འབྱར་བག་ཤས་ཆེ་ནའང་རྩུབ་སྙམ་ཆེ་བ། མིང་ཅན་ནག་པོ་བཅིངས་ན་བདུད་རྩི་སྦྱིན་བག་འབྱར་བ་བཅས་སྔོ་རྩི་ཤིང་སོགས་སྐྱེ་དངོས་སྨན་རྫས་གཞན་དང་ཁྱད་པར་འབྱེད་བྱེད་ཀྱི་གལ་ཆེ་རྒྱུ་ཆ་གཙོ་བོ་དག་ཡིན་པ་ཤེས་པར་བྱའོ།།

2.5 བཅག་འཕྲོ་ལ་བརྟག་པ།

དེ་ནི་སྨན་རྫས་བཅག་ངོས་དང་བཅད་རྗེས་ཀྱི་ཤུལ་ལམ་ལ་བརྟག་པར་བྱ་བ་ཡིན་ཞིང་། གཏེར་རྫས་ལས་བྱུང་བའི་སྨན་རིགས་རྣམས་ཀྱི་བཅག་ཤུལ་གྱི་རི་མོ་དང་། ཆགས་རིམ། ཆགས་ལུགས། སྤུ་རྒྱུས་ཀྱི་འབྲེལ་ཚུལ་ལ་བརྟག་པ་དང་། ཤིང་སྔོ་རྩི་ཐང་སོགས་སྐྱེ་དངོས་ལས་བྱུང་བའི་སྨན་རྫས་ཀྱི་བཅག་པའམ་བཅད་ཤུལ་གྱི་སྤུ་རྒྱུས་དང་། ཁད་སྤུ་དང་། བཅག་ངོས་ཀྱི་ཁོད་སྙོམ་ལུགས། བཅག་ཁ་སྲ་སྙི། བཅག་རྗེས་འོ་ཆུ་འཛག་མིན་ལ་བརྟག་དགོས་པ་དང་། ཁྱད་པར་དུ་གཏེར་རྫས་སྨན་རིགས་རྣམས་ཕུད་པའི་རྩི་ཤིང་གི་སྡོང་པོ་དང་། ཡལ་ག་ཤུན་པགས། ལོ་མའི་རིགས་ལ་དེ་བས་ཀྱང་གལ་ཆེ་རུ་མཐོང་ངོ་། །དཔེར་ན། ཐ་རམ་སོགས་རམ་བུའི་རིགས་ཕལ་ཆེ་བའི་ལོ་མ་བཅད་འཕྲོ་རུ་ཁད་སྤུ་ལྟ་བུའི་སྐུད་པ་ཕྲ་མོ་འཐེན་འོང་བ་དང་། རི་སྐྱེས་བ་མོ་ཁའི་ལོ་མ་བཅད་ན་བལ་སྤུ་དཀར་པོ་འབྱུང་བ། གོ་ཡུར་མཚོན་ན་ཤེལ་ཕྲེང་ལས། ཤིང་སྡོང་ཆེ་ལ་མདོག་སྐྱ་བ་རྩ་རྩེ་ཕྲ་སྦོམ་སྙོམས་ལ་ལོ་མ་རིང་བ། འབྲས་བུའི་ཕྱི་སྐོགས་རྩ་ལྟ་བུ་སུམ་རིམ་གྱིས་གཏུམས་པ་ཁ་ཐུར་དུ་བསྟན་པའི་ནང་འབྲུ་རིལ་མོ་སྲ་མཁྲེགས་ཏོག་གི་རྣམ་པ་སྟེང་འབུར་འོག་ལེབ། སྟེང་ཀླད་པའི་འབྲུམ་ཉམས་ཅན་བཞོགས་ན་རྩ་རིས་ཁྲ་ཁྲེམ་མེ་བ་དེའོ་ཞེས་སྡོང་པོ་ཤིང་རྒྱུ་ལས་གྲུབ་པའི་འབྲས་བུ་དེ་ཉིད་བཞོགས་ཚེ་རྩ་རིས་ཁྲ་ཁྲེམ་མེའམ་རྩིབས་སྟོང་ཅན་གྱིས་ཁེངས་ཤིང་། རྫཱ་ཏི་བཅག་ཚེ་དཀར་སྨུག་འདྲེས་པ། བཙོད་བཅག་འཕྲོ་དམར་ལ་ཁུ་བ་བཟང་བ། སླེ་ཏྲེས་བཅག་ཁ་སྲ་ཞིང་བཅད་འཕྲོ་བ་ལེ་ཀ་འདྲ་བར་རྩ་རིས་འཁྱོག་འགྲོས་ཡོད་པ། ཡང་རྩྭ་མཁྲིས་བ་མོ་ཁ་བཅད་ན་ནུ་ཞོ་འཛག་པས་མིང་གཞན་འོ་འཛིན་པ་ཞེས་བཏགས་པ་དང་། འཁྱོག་འགྲོས་ཡོད་པ། ཁུར་མང་ལོ་སྡོང་གང་ཞིག་བཅད་འཕྲོར་དེ་མ་ཐག་ཏུ་འོ་ཞོ་འོང་བ། སྲོལ་གོང་བཅད་ན་སྡོང་པོ་སྦུབས་སྟོང་ཅན་བཅས་ལ་བརྟག་ན་སྐྱེ་དངོས་གཞན་དང་འཁྲུལ་སླ་བའི་ནོར་འཕྲང་མང་པོ་ཞིག་བསལ་ཐུབ་པ་ཡིན་ནོ།།

2.6 རང་བཞིན་ནམ་རྒྱུ་ཆར་བརྟག་པ།

དེ་ནི་གཙོ་བོ་སྨན་རྫས་རང་གི་སྲ་སྙི་དང་། འབོལ་མཉེན། ལྕི་ཡང་བཅས་ལ་བརྟག་པར་བྱ་བ་ཡིན་ཞིང་། བོད་སྔ་རབས་པའི་སྔོ་འབུམ་མང་ཆེ་བར་པགས་མདོག་དང་རྒྱུ་ཆའི་བརྟག་པ་འདི་གཉིས་རེག་བྱའི་བརྟག་ཐབས་ཀྱི་ཁོངས་སུ་བཞག་ཡོད་པ་སྟེ། རེག་བྱ་ལ་འཇམ་རྩུབ་དང་། གྲང་དྲོ། ལྕི་ཡང་། གཉན(མཉེན)བྲོན་བཅས་བརྒྱད་དུ་དབྱེ་ཞིང་། སྐབས་འདིར་ཞིབ་ཕྲའི་བརྟག་ཐབས་རྣམས་ཁ་གསལ་གོ་བདེ་བའི་སླད་ཁ་འཐོར་དུ་བཀྲལ་བ་ཡིན་ཞིང་། ཐོག་མར་སྐྱེ་དངོས་སྨན་རྫས་ཀྱི་རིགས་གང་ཞིག་ཡིན་ཡང་དེ་ཉིད་འགྲུབ་བྱེད་ཀྱི་རྒྱུ་གང་ཡིན་པ་རྟོགས་དགོས་པ་དང་། སྤྱིར་བཏང་ཤིང་རྒྱུ་ལས་གྲུབ་པའི་སྐྱེ་དངོས་སྨན་རྫས་རྣམས་སྲ་ཞིང་མཁྲེགས་པ་དང་། སྔོའམ་རྩྭ་རྒྱུ་ལས་བྱུང་བ་རྣམས་ཡང་ཞིང་སྙི་བ་དང་། ཤ་རྒྱུ་ལས་གྲུབ་པ་རྣམས་ལྕི་ལ་འབོལ་མཉེན་དང་ལྡན་པ་ཞིག་ཡིན་མོད་མཐའ་གཅིག་ཏུ་མ་ངེས་ཤིང་། དེ་ཡང་དབྱར་རྩྭ་དགུན་འབུ་ལྟ་བུ་ངོ་བོ་ཤ་རྒྱུ་ལས་གྲུབ་པས་འབོལ་མཉེན་དང་ལྡན་པ། ཙན་དན་དཀར་དམར་ཨར་ནག་ལྟ་བུ་ཤིང་རྒྱུ་ལས་གྲུབ་པས་སྲ་ཞིང་མཁྲེགས་པ། སྤང་རྒྱན་གཡའ་ཀྱི་པྲི་ཡང་ཀུ་ལྟ་བུ་སྔོའམ་རྩྭ་རྒྱུ་ལས་གྲུབ་པས་སྐམ་ན་ཡང་ཞིང་སྙི་བ་བཅས་རྫས་རང་གི་ངོ་བོའམ་རྒྱུ་ཆ་ལས་ཁྱད་པར་འབྱེད་སླ་ཞིང་། དེ་ཡང་ཁ་དོག་གསེར་ལྟར་སེར་ཞིང་ངོ་བོ་མཉེན་ལྕུག་ལྡན་པས་གསེར་བཟང་ལྕུག་མ(ཤིང་མངར)ཞེས་ཁ་དོག་དང་ངོ་བོའམ་རྒྱུ་ཆའི་དབང་གིས་མིང་གི་རྣམ་གྲངས་ཡང་དེ་ལྟར་གདགས་པ་ཡིན་པས་དེ་དང་དེ་འདྲ་བའི་མིང་གི་གབ་མིང་མཐའ་ཡས་པ་ཡོད་དོ།།

2.7 དྲི་མར་བརྟག་པ།

དེ་ནི་སྨན་རྫས་ལ་ཡོད་པའི་སྣ་ཤེས་ཀྱི་སྣོམ་བྱར་གྱུར་བའི་དྲི་མ་ཞིམ་མི་ཞིམ་དང་དྲི་མ་ཡལ་དུས་ལས་སྨན་རྫས་ཀྱི་བཟང་ངན་དང་གསར་རྙིང་གི་ལ་ཉེ་བརྟག་ཐབས་དེ་ཡིན། དྲི་མ་ནི་སྨན་རྫས་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན་ལ། སྨན་རྫས་དེ་ཉིད་བརྟག་ཐབས་ཀྱི་རྒྱུ་ཆ་གལ་ཆེ་ཞིག་ཀྱང་ཡིན། དཔེན་ན་ཙན་དན་དཀར་པོ་ཁ་གུར་དང་གླ་རྩི་ལ་དྲི་ཞིམ་གྱི་བསུང་ངད་ལྡང་བ་མཆོག་དང་། ཙི་ཏྲ་ཀ་སྣར་སྣོམ་པས་སྦྲིད་པ་དང་མཆིལ་མ་བཅས་མཚུལ་བ་འགས་སྙམ་བྱེད་པ་དང་། ཤིན་ཀུན་ལྟ་བུ་སྒོག་རིགས་བསྙལ་བའི་དྲི་མ་སྐྱུག་བྲོ་བ་མནམ་པ་བཅས་སྨན་དུ་དྲིའི་ནུས་པ་དགོས་པས་ཞིམ་མི་ཞིམ་ལ་མ་བལྟོས་པར་དྲི་དང་ལྡན་ཚེ་ནུས་པ་སྨད་དུ་འགྱུར་བ་ཡིན་པས་དྲི་མ་ཡལ་ན་རྣམ་ཤེས་དོར་བའི་ལུས་རྟེན་དང་མཚུངས་པར་རོ་ཡོད་ཀྱང་སྨན་གྱི་ནུས་པ་མི་འབྱུང་བར་སྔར་བྱུང་ཉམས་ཡིག་དང་གཞུང་འགྲེལ་མང་པོར་མགྲིན་གཅིག་ཏུ་གསུངས་ཤིང་། དེ་མིན་སྨན་རྫས་ཁ་ཅིག་གི་འབྲས་བུ་དྲི་ཞིམ་ལྡན་ཡང་རྩ་སྡོང་སོགས་ལ་དྲི་མ་དཀུ་བ་མེད་པ་དང་། ཁ་ཅིག་སྨིན་དུས་དྲི་དང་ལྡན་པ། འགའ་ཞིག་མ་སྨིན་པ་དང་སྨིན་ཚར་རྗེས་དྲི་ངད་ལྡང་བ། ཡང་འགའ་ཞིག་དྲི་མ་སངས་སྐྱེན་དང་། ལ་ལ་སངས་བུལ་པ་བཅས་ལ་བློ་རིག་ཞིབ་མོས་དཔྱད་པ་ཡང་ཡང་བྱེད་དགོས་པ་མ་ཟད། ཚ་གྲང་ནད་སྟོབས་ཆེ་ཆུང་དང་བསྲུང་བ་སོགས་ལ་ཡང་དྲི་ནི་ལྷག་པར་ཕན་པ་ཡིན་ནོ།།

2.8  རོ་ལ་བརྟག་པ།

དེ་ནི་ལྕེ་ཤེས་ཀྱི་མྱོང་བྱར་གྱུར་པའི་རོ་དྲུག་ལ་བརྟག་པར་བྱ་བ་ཡིན་ཞིང་། སྨན་རྫས་རང་གི་ས་བོན་དང་འབྱུང་བ་ཤས་ཆེ་ཆུང་དབང་གིས་རོ་ཡང་དུ་མ་འབྱུང་ཞིང་། སྨན་རྫས་ཀྱི་ནུས་སྟོབས་སམ་སྤུས་ཚད་དང་ཐད་ཀར་འབྲེལ་བའི་སྨན་རྫས་བརྟག་ཐབས་ཤིག་ཡིན། གང་ཡིན་ཞེ་ན། ཤིང་མངར་དང་། རྒུན་འབྲམ་ལྟ་བུ་རོ་མངར་བ་ལེགས་པ་དང་། སེ་འབྲུ་དང་ལྟར་བུ་ལྟ་བུ་རོ་སྐྱུར་བ་མཆོག་དང་། ཏིག་ཏའི་རིགས་རོ་ཁ་བ་ལེགས་པ་ནི་སྨན་རྫས་དེ་དང་དེ་དག་གི་ནང་དུ་དེ་ཉིད་ཀྱི་ནུས་པའི་གྲུབ་ཆ་དང་ནུས་པའི་སྟོབས་ཤུགས་གཉིས་ཕན་ཚུན་འབྲེལ་ཡོད་པའི་ཕྱིར་དང་། ནམ་རྒྱུན་རྒུན་འབྲུམ་སྐྱུར་མོའི་རིགས་དང་སེ་འབྲས་མངར་མོའི་རིགས་རྣམས་སྨན་དུ་སྤྱོད་སྐབས་ནུས་པ་ཅུང་ཟད་དམན་པར་གསུངས་པའི་རྒྱུ་མཚན་ཡང་གནད་འདི་ལ་ཐུག་པ་དང་། གལ་སྲིད་སྨན་རྫས་ཀྱི་རོ་ནུས་ལ་འགྱུར་བ་བྱུང་ན་དེ་དང་འབྲེལ་བའི་ཕན་ནུས་ལའང་འགྱུར་ལྡོག་འབྱུང་རྒྱུ་ཏན་ཏན་ཡིན་པ་སྟེ། སེ་འབྲུ་རོ་མངར་ཤས་ཆེ་བ་དང་སྐྱུར་ཤས་ཆེ་བ་གཉིས་ཀ་སེ་འབྲུ་ཡིན་པ་འདྲ་ཡང་རོ་སྐྱུར་བ་མཆོག་དང་། མངར་བ་ཅུང་དམན་པར་བརྕི་བ་ནི་རྒྱུན་སྤྱོད་བོད་ཀྱི་སྨན་སྦྱོར་ལག་ལེན་ཁྲོད་རྒྱུན་ཆགས་སུ་གནས་ཤིང་མིག་མཐོང་ལག་ཟིན་གྱི་ཉམས་མྱོང་ཡིན་པ་དང་། ཁྱད་པར་ཏུ་ཀ་ར་དང་སྦྲང་རྩི་ལྟ་བུར་མཚོན་ན་གཉིས་ཀ་རོ་མངར་དུ་ཟིན་ཀྱང་། ཀ་རས་ཁྲག་མཁྲིས་ཚ་བའི་ནད་སེལ་བ་རོ་ཡི་ནུས་པ་སྟོབས་ཆེ་བ་དང་། སྦྲང་རྩིས་བད་ཀན་གྲང་བ་སེལ་བ་ནི་ངོ་བོའི་ནུས་པ་དབང་བཙན་པའི་ཁྱད་པར་ལས་ཤེས་ནུས་པ་དང་། དེ་ཡང་དེང་རབས་སྨན་རྫས་རིག་པའི་གཞུང་ནས་སྨན་གྱི་གྲུབ་ཆ་དང་ནུས་སྟོབས་ཆེ་བའི་རིགས་རྣམས་ངོ་བོའི་ནུས་པའིལས་བྱེད་པ་དང་དེ་ལས་ལྡོག་པ་རོ་ཡི་ནུས་པའི་ལས་བྱས་པ་ཡིན་ཞེས་འགྲེལ་ནའང་ཤོད་ལུགས་མི་གཅིག་པ་ཙམ་ལས་དོན་གྱི་ངོ་བོ་གཅིག་རང་དུ་ཁོ་བོས་སེམས་སོ། །འོན་ཀྱང་གཞི་སྨན་རྫས་གཅིག་ལ་ལོ་མ་དང་། འབྲས་བུ། རྩ་རྩེ། ཕྱི་ཤུན་དང་ནང་འབྲུ་བཅས་ལ་རོ་ནུས་མི་འདྲ་བ་སྣང་བ་སྟེ། དཔེར་ན། སྤ་ཡག་རྩ་བས་གློ་གསོ་གློ་རྣག་འདྲེན། ལོ་མས་རྨ་གསོ་འབྲས་བུས་སྙིང་ནད་སེལ། ཞེས་དང་། ཡང་ཤེལ་ཕྲེང་དུ་གསུངས་པའི་ཨ་རུ་ར་རྣམ་རྒྱལ་གྱི་རྒྱས་བཤད་ལྟ་བུ་དང་དེ་དག་ནི་སྤྱིའི་རོ་ནུས་ཙམ་མ་ཡིན་པར་བྱེ་བྲག་གྲུབ་ཆ་སོ་སོ་བའི་རོ་ནུས་ཀྱི་གནས་ལུགས་ཞིབ་ཕྲའི་སྒོ་ནས་བསྟན་པ་འདི་དག་ནི་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་ཀྱི་ཐུན་མིན་གྱི་ལྟ་བ་འབའ་ཞིག་ཏུ་སྣང་ངོ་། །དེ་བཞིན་སྔོ་ཡི་ལྕེ་མྱང་ཚ་ལྟ་བུ་ལྕེས་མྱངས་སྐབས་རོ་ཚ་བ་དང་།  རྒྱ་ཚྭ་ཤིན་ཏུ་ལན་ཚྭ་བས་ལྕེ་ཡང་འབིགས་སྙམ་བྱེད་པས་ལྕེ་འབིགས་ཞེས་མིང་ཡང་དེ་ལྟར་བཏགས་པ་དང་། ཡང་བོང་ང་ནག་པོ་ལྟ་བུར་ལྕེ་ཡིས་ཐད་ཀར་མྱངས་ཚེ་བཟི་དུག་ཕོག་སླ་བ་དང་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ་བས་སྨན་རྫས་ཀྱི་བཟི་སྟོབས་ཆེ་ཆུང་དང་དུག་ཤས་ཡོད་མེད་ལེགས་པར་བརྟག་དགོས་པ་མ་ཟད། དུག་ཤས་ཡོད་པའི་སྨན་རྫས་རིགས་རྣམས་སྦྱོར་སྡེབ་དང་འཐུ་སྒྲུབ་བྱེད་སྐབས་ངེས་པར་ཏུ་གཙང་སྦྲ་བྱས་ཏེ་དུག་རྫས་མི་ཕོག་པའི་ཐབས་ལ་འབད་རྒྱུ་ནི་ཤིན་ཏུ་ནས་དོགས་ཟོན་གཟབ་ནན་བྱེད་དགོས་སོ། །

2.9  མེ་ཡི་བརྟག་པ།

དེ་ནི་སྨན་རྫས་དེ་ཉིད་མེར་བསྲེགས་ནས་དེ་ལས་ཐོན་པའི་དྲི་མ་དང་། ཁ་དོགདུ་སྤྲིན། སྒྲ་སྐད། བསྲེགས་རོ། འོད་མདངས་བཅས་ལ་བརྟག་དཔྱད་བྱེད་ཐབས་ཤིག་ཡིན། དཔེར་ན།  “ཨ་གར་བཟང་ངན་མེ་ལ་དྲིས། །མེར་བཅུག་དྲི་ཆེ་ཁོལ་ན་བཟང་། །”(13)ཞེས་དང་། དེ་བཞིན་ཨར་ནག་མེ་ལ་བསྲེགས་ན་རོ་མེད་དུ་འཇུ་བ་དྲི་ངད་ཕུན་སུམ་ཚོགས་པ་ལ་སྣུམ་རྩི་ཁོལ་མ་འཛག་འོང་བ། གླ་རྩི་ཡང་རྩི་རྡོག་ཤིན་ཏུ་ཆུང་ངུ་མེར་བསྲེགས་ཚེ་སྐད་སྒྲ་སྒྲོག་ཅིང་སྣུམ་རྕི་མུ་ཏིག་གི་ཕྲེང་བ་བཞིན་འཛག་པ། ཐང་མ་སྒྲོན་ཤིང་མེ་སྒྲོན་བྱེད་ཡིན་པས་མིང་ཡང་དེ་ལྟར་བཏགས་ཤིང་བསྲེགས་ཚེ་ཛཱ་ཏིའི་དྲི་བྲོ་བ། ལྷག་པར་གུ་གུལ་ལ་མཚོན་ན་གང་ཡང་རོ་ཁ་ལ་མེར་བསྲེགས་ཚེ་རོ་མེད་འཇུ་ལ་དྲི་ཞིམ་པ་བཟང་བ་དང་། བསྲེགས་རོ་ནག་རོ་འདུག་པ་སླད་ཅན་དང་། མེར་འཇུ་ཡང་དྲི་མི་ཞིམ་པ་ཐང་ཆུ་གཞན་བསྲེས་པ། མེར་མི་འཇུ་ཚེག་སྒྲ་བཅས་ཡར་ལ་རློག་དུག་བྲོ་བ། སེམས་ཅན་གྱི་ཆུ་སེར་ལས་བཟོས་པས་ཁ་དོག་གསལ་ལ་དྭངས་པ་སོགས་བྱུང་བའི་ངན་པ་ནི་བརྫུས་པས་གུ་གུལ་ལ་མི་གཏོགས་སོ”(12)ཞེས་དང་། དེ་བཞིན་མཁལ་ནད་སེལ་བའི་གསེར་བྱེ་དེ་ཉིད་མེར་བསྲེགས་ཚེ་ཚེག་སྒྲ་འབྱུང་ཞིང་བསྲེགས་རོ་ཅི་ཡང་མེད་པ། འོད་འཁྱིལ་ལེ་བ་བཅས་གཞན་དང་མི་མཚུངས་པའི་རང་རྟགས་ཁྱད་པར་ཅན་འབྱུང་བ་ཡོད་དོ།།

2.10  ཆུ་ཡི་བརྟག་པ།

དེ་ནི་སྔོ་ཤིང་ས་རྡོ་ཡི་སྨན་རྫས་དེ་ཉིད་ཆུར་སྦངས་པ་དང་། བསྐོལ་བའི་གནས་སྐབས་སུ་དེ་དང་དེའི་འགྱུར་བར་དཔྱད་ཞིབ་བྱེད་པའི་བརྟག་ཐབས་ཤིག་ཡིན། དེ་ཡང་ཁ་ཆེ་གུར་གུམ་ཆུར་སྦངས་ཚེ་ཆུ་མདོག་སེར་ལ་གར་བ་འོང་བ་དང་། ཙན་དན་དཀར་པོ་ཤིན་ཏུ་བཟང་བ་འཁྲུལ་མེད་མདའ་སྨྱུག་ཙམ་རེ་མར་ཁུ་ཁོལ་མའི་ནང་དུ་བཙུགས་པས་མར་ཁུ་འཁྱགས་འགྲོ་བར་གསུངས་པ་དང་། སྟབ་སེང་ཡང་ཤིང་འབྱར་བ་འདྲ་བའི་ཤུན་པ་ཕྱི་སྐྱ་ལ་བར་རྩི་སྔོན་པོ་ཅན་ཆུར་སྦངས་པས་ཁུ་བ་སྔོན་པོ་འབྱུང་བ་ཁྱད་པར་གྱི་རྟགས་དང་། མཁལ་ནད་སེལ་བའི་གསེར་བྱེ་དེ་ཉིད་ཆུ་ཁར་གཏོར་ཚེ་ཁར་གཡང་བ་དང་། བསྐོལ་ཚེ་རིམ་བཞིན་ཆུ་ཞབས་སུ་ཐིམ་འགྲོ་བ་(22)ལྟ་བུ་དང་། ཡང་། དོམ་མཁྲིས་བཟང་ངན་ཆུ་ལ་དྲིས། །འཇའ་ཡི་ཀ་བ་ཚུགས་ན་བཟང་། །ཞེས་ཆུ་ཁར་གཏོར་བས་བསྐོར་བ་ཡང་ཡང་འཁོར་རྗེས་ཁ་དོག་སེར་པོའི་སྐུད་པའི་ཀ་བ་ལྟ་བུ་ཆུ་ཞབས་སུ་འཐེན་འགྲོ་བ་མ་ཟད། ཀ་བ་དེ་ཉིད་ཕྱོགས་བཞིར་མི་ཁྱབ་པའི་ཁྱད་ཆོས་མངོན་པ། བ་ཤ་ཀ་ལོ་སྡོང་བཅད་འཕྲོ་ཁྲག་དྲོན་ནང་དུ་བཅུག་པས་འཐུང་ལ་རྩེར་འདྲེན་ནུས་པ་བཅས་རྟགས་མཚན་རེ་རེ་བ་ཡོད་ལ། དེང་རབས་སྨན་རྫས་རིག་པའི་དགོངས་ཚུལ་ལྟར་ན་ཁྱད་ཆོས་དེ་དག་ནི་སྨན་རྫས་ནང་གི་རྫས་འགྱུར་རྒྱུ་ཆ་དང་ལུང་གྲུབ་ཀྱི་གནས་ལུགས་དང་འབྲེལ་བ་དམ་པོ་ཡོད་པར་གསུངས་སོ།།

མདོར་ན་བརྟག་ཐབས་དེ་རིགས་ནི་གནའ་སྔ་མོ་ནས་བོད་དུ་དར་སོ་ཆེ་ཞིང་རྒྱུད་འཛིན་བྱས་ཡོད་པའི་སྲོལ་རྒྱུན་བོད་ཀྱི་སྨན་རྫས་རིག་པའི་བརྟག་ཐབས་གཙོ་བོའི་གྲས་ཡིན་ལ། དེ་མིན་ཡུང་བ་ལྟ་བུ་བུལ་ཏོག་དང་རྡོ་ཞོ་ཕྲད་ན་ཁྲག་མདོག་འབྱུང་། སྤྱང་དུག་པ་ཤེལ་ཕྲེང་ནས་གསུངས་པ་ལྟར་ན་སྤྱང་ཀི་དང་འཕྲད་ན་འཆི་ཞིང་འཕུར་ལ་མི་ཁྱིའི་སྣར་བཏབ་ན་བརྒྱལ་འགྲོ་བར་གསུངས་པ་བཅས་སྦྱར་བ་དང་གྱུར་བ་ལས་བྱུང་བའི་བརྟག་ཐབས་ཁྱད་པར་བ་ཅི་རིགས་ཤིག་ཡོད་པ་མ་ཟད། དེང་དུས་ཡོངས་གྲགས་བེད་སྤྱོད་ཆེ་བའི་ཕྲ་མཐོང་གི་བརྟག་པ་དང་། དངོས་ཁམས་ཀྱི་བརྟག་ཐབས། རྫས་འགྱུར་གྱི་བརྟག་ཐབས་ཀྱང་གང་འཇོན་ནུས་ཚེ་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་སྔར་བས་ཕུན་ཚོགས་དང་སྨན་རྫས་ཀྱི་རིགས་རྒྱུན་སྔ་མ་རྩད་གཅོད་ཞིབ་འཇུག་བྱེད་རྒྱུར་ཕན་འབྲས་འབྱུང་རྒྱུ་ལས་འགལ་རྐྱེན་གང་ཡང་མི་སྣང་ངོ་།། །།

 

དཔྱད་ཞིའི་ཡིག་ཆ།

(1)p189《སྨན་སྤྱོད་སྐྱེ་དངོས་རིག་པ》ཧྲང་ཧེ་ཚན་རྩལ་དཔེ་སྐྲུན་ཁང་གིས་བསྐྲུན། རྒྱ་ཡིག

(2)p87《བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། བོད་ཡིག

(3)p12《སྒྲོལ་མ་སྔོ་འབུམ》དཔེ་རྙིང་ལག་བྲིས་མ། བོད་ཡིག

(4)p275 (6)p338 (9)p370 (10)p227 (17)p247 (18)p287 (20)p253 《ཤེལ་གོང་ཕྲེང》མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། བོད་ཡིག

(5)p390 (7)p391 (8)p395 (11)(12)397《གསོ་རིག་གལ་ཆེའི་བདམས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཀོང་སྤྲུན་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་མཛད། བོད་ཡིག

(13)p142 (14)p160 (15)p181 (16)p79 《བཤད་རྒྱུད་རྐྱང་སེལ་གྱི་འགྲེལ་བ་མེས་པོའི་དགོངས་རྒྱན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། དར་མོ་སྨན་རམས་པས་མཛད། བོད་ཡིག

(16)p473《བདུད་རྕི་སྨན་གྱི་འཁྲུངས་དཔེ》ཀརྨ་ཆོས་འཕེལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། བོད་ཡིག

(21)p563《ཀྲུང་སྨན་བརྟག་ཐབས་རིག་པ》ཧྲང་ཧེ་ཚན་རྩལ་དཔེ་སྐྲུན་ཁང་ནས་བསྐྲུན། རྒྱ་ཡིག

(22)《སྔོ་འབུམ་སྨན་གྱི་གཏེར་མཛོད》དཔེ་རྙིང་ལག་བྲིས་མ། བོད་ཡིག

 

- འདི་ནི་ཀྲུང་གོའི་བོད་རིག་པ། ༢༠༠༤ ལོའི་དེབ་བཞི་པ་ནས་ཟུར་འདོན་ཞུས། དེ་དུས་རྩོམ་པ་པོ་རིན་ཆེན་རྒྱལ་ལགས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེའི་བོད་སྨན་ཚན་ཁག་ཏུ་ཕྱག་ལས་གནང་བཞིན་ཡོད་པ་གསལ།

 

 

 

 


མཐའ་མའི་འདོན་ཐེངས་།: 26.10.2022 ཉིན། 10:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།