སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༩ ཉིན་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.02.2015
ྋགོང་ས་མཆོག་གི་བཀའ་སློབ། >>


ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༩ ཉིན་བསྩལ་བའི་བཀའ་སློབ།

ཕྱི་ལོ་༢༠༡༢  ཟླ་༡༠  ཚེས་༢༧  ནས་  ༢༩ སྟེ་ཉིན་གསུམ་རིང་དྷརྨཤྰལྰར་ "རྒྱལ་སྤྱིའིབོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་" ཞེས་པ་དེ་ཚོགས་གནང་བ་རེད། དེ་ཡང་བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་། བོད་ཀྱི་སྨན་རྩིས་ཁང་། རྡོར་གླིང་ལྕགས་པོ་རི་བོད་སྨན་སློབ་གཉེར་ཁང་། ཝྰ་ཎ་གསོ་རིག་སྡེ་ཚན་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན། བགྲོ་གླེང་ཚོགས་ཆེན་གྱི་ཉིན་གསུམ་པའི་སྔ་དྲོར་ཚོགས་བཅར་བ་ཡོངས་ལ་རྒྱལ་བའི་ཕོ་བྲང་དུ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་གྱི་སྐལ་བཟང་གོ་སྐབས་ཐོབ་པ་མ་ཟད་བཀའ་སློབ་ཀྱང་རིམ་པར་ཕེབས་ཡོད། དེར་གོ་སྒྲིག་ཚོགས་ཆུང་གིས་ལས་བསྡོམས་ཡིག་ཐོག་འབུལ་བར་གཟིགས་ཞིབ་གནང་རྗེས་ཚོགས་བཅར་བའི་ཡོངས་ཁུངས་དང་། བགྲོ་གླེང་དང་འབྲེལ་བའི་མྱོང་ཚོར་བཅས་ལ་བཀའ་འདྲི་གནང་། དེའི་སྐབས་ལྷག་པར་དུ་བོད་སྨན་ཐོག་ཉམས་ཞིབ་དང་ཞིབ་འཇུག་དགོས་གལ་ཆེ་བ། སྨན་གྱི་རིག་གཞུང་གོང་འཕེལ་ལ་ཆོག་ཤེས་ཀྱི་དགོས་པ་མེད་ཚུལ། བོད་སྨན་འདི་གཞི་རྩ་འཚེ་བ་མེད་པའི་སྨན་ཡིན་པ་དང་། བོད་སྨན་ནང་དངུལ་ཆུའི་སྐོར་བཅས་བཀའ་སློབ་ཁག་ཚོགས་བཅར་བ་ལ་གཟིགས་ནས་བོད་སྐད་དང་དབྱིན་སྐད་གཉིས་ནང་བསྩལ་གནང་ཡོད་པ་འདིར་ཟུར་བཏོན་ཞུས་ཡོད།

           

༄༅། །ྋགོང་ས་མཆོག་གིས་དབྱིན་སྐད་ཐོག་བཀའ་བསྩལ་བ་བོད་བསྒྱུར་བྱས་པ་ཞིག་ཡིན། ཐོག་མར་ཚང་མ་ལ་འཚམ་འདྲི་ཡོད། ཕལ་ཆེར་ཁྱེད་རང་ཚོས་མཁྱེན་གསལ་རེད། བོད་ཀྱི་གསོ་བ་རིག་པའི་ནང་དུ་རྒྱ་ནག་ནས་ལེགས་ཆ་བླངས་ཡོད་ལ། དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་དང་དཔའ་བོའི་བརྩམས་གཞུང་ནས་ཀྱང་བླངས་ཡོད་པ་གསལ་པོ་ཞེ་དྲགས་རེད། དེ་འདྲ་སོང་ཙང་། བོད་ཀྱི་གསོ་བ་རིག་པ་དེ་བོད་རང་དུ་ཡར་རྒྱས་ཕྱིན་པ་ཙམ་མ་ཡིན་པར་རིག་གཞུང་མང་པོའི་ལེགས་ཆ་ཕྱོགས་བསྡུས་ཞུས་པ་གསལ་པོ་རེད། དུས་རབས་བརྒྱད་པའི་ནང་བོད་དུ་རྒྱལ་སྤྱིའི་སྨན་གྱི་བགྲོ་གླེང་ཚོགས་ཆེན་ལྟ་བུ་ཚོགས་པ་རེད། ད་ལྟ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ནས་ཡོད།

            ཐོག་མར་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་། བཙན་བྱོལ་གྱི་དུས་སྐབས་འདི་ཕན་ཚུན་ཉམས་མྱོང་འདྲ་མིན་བརྗེ་ལེན་བྱེད་ཡག་གི་གོ་སྐབས་གསར་པ་ཞིག་དང་། དེ་ནས་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་ཚོར་སྣང་ཤུགས་ཆེན་པོ་ཞེ་དྲགས་བྱུང་ཡོད། དེ་ལྟར་ཡུལ་འདིའི་ནང་དུ་རྒྱ་གར་ཚེའི་རིག་བྱེད་དེ་ཡོད་བཞིན་པ་རེད་ལ། དེ་སྔ་བཞིན་དེབ་ཁོ་ན་ལ་རྒྱབ་གཉེར་མ་དགོས་པར་དངོས་སུ་ཚེའི་རིག་བྱེད་ཉམས་ལེན་གནང་མཁན་དང་ཉམས་མྱོང་ཡོད་མཁན་གྱི་གང་ཟག་དང་ཐུག་འཕྲད་བྱས་ནས་གོ་བསྡུར་བྱེད་རྒྱུ་ཡོད་པ་གསལ་པོ་རེད། འདི་གོ་སྐབས་བཟང་པོ་ཞིག་ཡིན།

འདིའི་མཚམས་གོང་ས་མཆོག་གིས་རྒྱ་ནག་སྨན་གཞུང་གི་མཁས་པ་དེ་འདྲ་འདིར་སླེབས་ཡོད་མིན་བཀའ་འདྲི་གནང་སྐབས་པེ་ཅིང་ནས་ཕེབས་པའི་རྒྱ་མི་རིགས་ཤིག་ཡོད་པ་ཁོང་ལ་འདིར་སླེབས་ན་ཉེན་ཁ་མེད་དམ་ཞེས་གསུངས་ནས་དམིགས་བསལ་གྱི་དགའ་བསུ་ཡོད་ཅེས་གསུངས།  

            དེ་ལྟར་ཡིན་ཀྱང་། ངའི་བསམ་པར་བོད་ནང་དུ་རྒྱ་མིའི་སྲོལ་རྒྱུན་སྨན་གྱི་རིག་པ་འཛིན་མཁན་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཡོད་པ་ཞིག་རེད། རང་དབང་ལྡན་པའི་ལུང་པ་འདིའི་ནང་དུའང་། ངེས་པར་དུ་ང་ཚོས་རྒྱ་མིའི་རིག་གཞུང་འཛིན་པ་རྣམས་དང་ཐུག་འཕྲད་བྱེད་ཐུབ་པ་ཡིན། ཡུནྰནྰི་རིག་གཞུང་ཡང་དེ་ལྟར་ཆགས་ཡོད། དེ་ནས་གོང་ས་མཆོག་གིས། ཡུནྰནྰི་རིག་གཞུང་ཐོག་ཆེད་ལས་པ་ཕེབས་ཡོད་དམ། ཞེས་བཀའ་འདྲི་གནང་བ་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲིས་ཚེ་རིང་ལ་བཀའ་ཕེབས་པར།  ཉེ་ཆར་ཨ་རཔ་ Arab ནས་ཕེབས་པའི་སྨན་པ་ཁ་ཤས་ཡོད་པ། ཁྱེད་རང་དང་གོ་བསྡུར་བྱུང་བའི་རྗེས་སུ་གང་བྱས་སོང་། ཞེས་བཀའ་འདྲི་གནང་བར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ནས་བཀའ་ལན་ཞུ་དོན། དེ་སྔ་ང་ཚོར་དཀའ་ངལ་འཕྲད་པ་ནང་བཞིན་ད་ལྟ་ཨལ་ཇི་རི་ཡའི་སྲིད་དོན་གནས་སྟངས་ཡག་པོ་མེད་སྟབས་ང་ཚོས་ལམ་གཞན་དག་ཞིག་ནས་འགྲོ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཏེ། འོན་ཀྱང་ཕན་ཚུན་འབྲེལ་བ་བྱེད་ཡག་ལམ་མང་པོ་ཡོད་པ་ཡིན། གོང་ས་མཆོག་གིས་མུ་མཐུད་བཀའ་འདྲི་གནང་དོན། ཨ་རཔ་ནས་ཕེབས་པའི་མི་ཁ་ཤས་ཤིག་ང་ཚོ་འདིར་ཐུག་འཕྲད་བྱུང་བ་རེད། ཁོང་ཚོ་དང་མཉམ་དུ་གྲོས་བསྡུར་གང་བྱུང་སོང་ངམ། ཞེས་གསུངས་པའི་ལན་དུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས།  དེའི་ནང་ནས་ཡུནྰནྰི་སྨན་པ་ཞིག་གིས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ང་ཚོའི་སློབ་ཕྲུག་དང་ལས་བྱེད་ཚང་འཛོམས་ཡོད་སར་གཏམ་བཤད་ཅིག་གནང་སོང་། ཡུནྰནྰི་སྨན་པ་ཚང་མས་བོད་ཀྱི་སྨན་ལ་དོ་སྣང་ཞེ་དྲགས་གནང་གི་འདུག དེ་སྔོན་ང་ཚོ་འདི་ནས་སྨན་པ་བཞི་ཙམ་ཨལ་ཇི་རི་ཡར་བཏང་ཐུབ་པ་བྱུང་ཡོད། དེར་ཁོང་ཚོའི་སྨན་པ་བརྒྱ་ཕྲག་ཙམ་གྱིས་བོད་སྨན་ལ་དོ་སྣང་ཆེན་པོ་གནང་འདུག ད་ཐེངས་ཀྱི་ཟབ་སྦྱོང་དེ་དྷ་སར་གོ་སྒྲིག་བྱས་པ་སོང་ཙང་ལམ་གྲོན་གཏོང་ཐུབ་པའི་མི་སྣ་ཉེར་བརྒྱད་ཙམ་ཟབ་སྦྱོང་ལ་མཉམ་ཞུགས་གནང་ཐུབ་པ་རེད།

            ྋགོང་ས་མཆོག་གིས། ཡག་པོ་བྱུང་འདུག གནའ་སྔ་མོའི་དུས་ནས་ང་ཚོས་པར་ཤི་ཡ་(Persia)ལ་ཏ་ཟིག་འབོད་ཀྱི་རེད། ངའི་བསམ་པར་བོད་པའི་གཞུང་ཞབས་ཚོའི་ཆས་གོས་ལའང་ཏ་ཟིག་གི་ཤན་ཅུང་ཟད་ཤུགས་ཡོད། གང་ལྟར་ང་ཚོ་བོད་པ་དང་ཏ་ཟིག་བར་ལ་དེ་སྔ་ནས་འབྲེལ་བ་ཞིག་ཆགས་བསྡད་ཡོད། ད་ཆ་ད་དུང་ཡང་ཕན་ཚུན་ཤེས་རིག་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་ཡོད། དེ་ནས་ངས་གོང་དུ་ཞུས་པ་བཞིན། ཆོས་ཕྱོགས་ཀྱི་ལྟ་ཚུལ་དང་མི་འདྲ་བར་སྨན་གྱི་རིག་པའི་ནང་དུ་རིག་གཞུང་མང་པོའི་ལེགས་ཆ་ཕྱོགས་བསྡུས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བཞག  དུས་ཀྱི་འགྱུར་འགྲོས་དང་བསྟུན་གྱིན། དཔྱད་ཀྱི་ཆ་བྱད་ཡར་རྒྱས་འགྲོ་བ་དང་། ལུས་པོའི་གནས་སྟངས་ལ་ཉམས་ཞིབ་འཕར་མ་བྱེད་བཞིན་ཡོད།

            ད་ལྟ་ཚན་རིག་པ་འགའ་ཞིག་གིས་སེམས་ཚོར་དང་ལུས་པོའི་འཕྲོད་བསྟེན། དེར་མ་ཟད། ཀླད་པའི་རྩ་ཕྲན་དང་སེམས་ཚོར་བར་གྱི་འབྲེལ་བའི་ཐོག་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། ད་ཆ་འདིའི་ཐོག་ཉམས་ཞིབ་ཀྱི་ལས་གཞི་ཡོད་པ་དང་། དེ་འདྲ་ཡིན་དུས། འདི་ང་ཚོའི་རིག་གཞུང་རེད། དེ་ནས་ཡར་རྒྱས་དགོས་ཡག་མིན་འདུག་བསམ་ནས་ཆོག་ཤེས་བྱེད་རྒྱུ་མེད་པ་རེད། དེ་འདྲའི་བསམ་བློའི་འཁྱེར་སོ་དེ་མི་དགོས་པ་ཞིག་ཡིན། ཉམས་ཞིབ་མང་ཙམ་བྱེད་དགོས་པ་ཡིན། དེ་ནས་རིག་གཞུང་གཞན་དག་དང་མཉམ་དུ་བགྲོ་གླེང་དང་ཐུག་འཕྲད་བྱེད་རྒྱུ་དེ་གོ་སྐབས་བཟང་པོ་ཞེ་དྲགས་ཡིན་པ་ལྟ་དགོས། ཚེའི་རིག་བྱེད། ཡནྰནྰི་དང་། རྒྱ་ནག་གི་སྲོལ་རྒྱུན་སྨན་གྱི་རིག་གཞུང་། དེ་ནས་དེང་རབས་སྨན་ལུགས་བཅས་ཡོད།

            ང་ཚོ་ཚང་མའི་དམིགས་ཡུལ་གཙོ་བོ་དེ་འགྲོ་བ་མི་ལ་ཕན་ཐོགས་རྒྱུ་དེ་ཡིན། དེ་ནས་ཐུབ་ན་དུད་འགྲོ་ལའང་ཡིན། སོང་ཙང་། དུས་དང་མཐུན་པར་ང་རང་ཚོའི་ནུས་ཤུགས་གོང་འཕེལ་བཏང་ནས་གཙོ་བོ་འགྲོ་བ་མི་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས། ངའི་བསམ་པར་གནའ་རབས་ཀྱི་སྲོལ་རྒྱུན་སྨན་གྱི་རིག་པ་འདི་ཚོའི་ནང་དུ་ནུས་པ་ཆེན་པོ་ཡོད་པ་བརྗོད་དུ་མི་དགོས་པ་ཡིན། དེ་འདྲ་སོང་ཙང་དེ་ཡར་རྒྱས་གོང་འཕེལ་འགྲོ་སྲིད་པ་ཞིག་ཡོད་པ་ཡིན། དེང་རབས་སྨན་གྱི་རིག་པ་དེ་ལོ་ནས་ལོ་བསྟུད་ཞིབ་འཇུག་བྱས་པའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། ཁོང་ཚོ་ནམ་ཡང་ཆོག་ཤེས་མ་བྱས་པ་ནང་བཞིན་སྲོལ་རྒྱུན་སྨན་ཡང་ཅི་ཕྱིར་དེ་ལྟར་གནང་མི་ཐུབ།

            དེ་ནས་གོང་ས་མཆོག་གིས་བོད་སྐད་ཐོག་བཀའ་སློབ་མུ་མཐུད་ཕེབས་དོན།  གཞན་དག་ཚོགས་འདུའི་སར་སྐད་ཆ་དམིགས་བསལ་དེ་འདྲ་གང་བྱུང་སོང་། ཞེས་བཀའ་འདྲི་གནང་བར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས་ལན་འབུལ་དོན། གཏམ་བཤད་བྱེད་མཁན་ལ་གོ་སྐབས་ཡག་པོ་བྱུང་སོང་། མང་པོ་ཞིག་ལས་གནས་ཚུལ་ཉན་པ་དང་འབྲེལ་བ་མཐུད་ཐུབ་པ་བྱུང་སོང་། ཕྱི་མི་མང་པོ་ཞིག་གི་བོད་སྨན་ལ་དོ་སྣང་ཡག་པོ་ཡོད་པའི་མངོན་ཚུལ་ཡང་བྱུང་། ད་སེམས་སྐྱོ་བའི་གནས་ཚུལ་ཞིག་ལ། ང་རང་ཚོའི་མི་རིགས་དང་ཆོས་བརྒྱུད་གཅིག་ཡིན་ཀྱང་བོད་དང་བོད་སྨན་ཞེས་མ་ལབ་པར་བོད་སྨན་གྱི་འབྱུང་ཁུངས་ཤེས་བཞིན་དུ་སྨོས་མ་དགོས་པ་གཙོ་འདོན་བྱས་ནས་གཏམ་བཤད་མང་པོ་ཞིག་གནང་སོང་། དེ་སེམས་སྐྱོ་པོ་འདྲ་བོ་བྱུང་སོང་། ང་ཚོ་བཙན་བྱོལ་གནས་སྟངས་ནང་ཡོད་ཀྱང་སྨན་རྩིས་ཁང་གིས་ག་ས་ག་ལ་སློབ་ཁྲིད་དང་། སྔོ་སྨན་ངོ་སྤྲོད་སོགས་ལོ་མང་པོའི་རིང་བྱས་པར་ཐུགས་རྗེ་ཆེ་ཞེས་པའི་ཚབ་དུ། ཤེས་བཞིན་དུ་བོད་དང་བོད་སྨན་ཞེས་པའི་ཚིག་འདི་སྨོས་མ་དགོས་པ་གཙོ་འདོན་བྱས་པ་དེ་ཚོ་མཐོང་དུས་མ་འོངས་པར་ང་ཚོ་བཙན་བྱོལ་གནས་སྟངས་ནང་ཡོད་ནའང་ཚད་ལྡན་གྱི་སློབ་སྦྱོང་བྱེད་མཁན་ཚོར་མཐུན་རྐྱེན་སྦྱར་བ་དང་དེ་མིན་དབྱེ་བསལ་བྱས་ནས་ད་ལྟ་ཡོད་པའི་ནང་ནས་ང་ཚོར་གད་སྙིགས་ཤིག་མ་འཛུལ་བར་ཐབས་ཤེས་ཤིག་བྱེད་དགོས་ཀྱི་འདུག་བསམ་པ་དེ་ང་ལ་ཉིན་གཉིས་ཀྱི་ཚོར་བ་དེ་འདྲ་བོ་བྱུང་ཞེས་ཞུས།

            ྋགོང་ས་མཆོག་གིས། འདི་ད་རེད། དེ་སྔ་དུས་རབས་བརྒྱད་པའི་ནང་བོད་སྨན་ཚོགས་དུས་སྐབས་སུ་བོད་ཀྱི་ས་གནས་ཕལ་ཆེར་ཞང་ཞུང་ཡིན་གྱི་རེད། གང་ལྟར་ཞང་ཞུང་གི་རིག་གཞུང་དེ་དུས་ནས་ཡོད་རེད། དེ་དང་འབྲེལ་བའི་སྨན་གྱི་སྐོར་དེ་འདྲ་བོད་རང་གི་གཞི་རྩ་ཞིག་ཡོད་པ་དེའི་ཐོག་ལ་གཞན་དག་དེ་ཚོ་ཚུར་ཕྱོགས་བསྡུས་བརྒྱབ་པ་ཞིག་ཡིན་དུས་ཙ་ནས། བོད་པའི་སྨན་གྱི་མིང་བཏགས་ཆོག་པ་ཞིག་ཆགས་བསྡད་ཡོད། ད་ཡིན་ནའང་རིམ་པས་རིམ་པས་བསྣོན་མ་རྒྱག་ཡོང་དུས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྨན་གཞུང་ཞེས་ལབ་ཆོག་གི་ཡོད་ན། ད་མིང་ཚིག་ལ་གང་བེད་སྤྱོད་བྱེད་ནའང་ཁྱད་གང་ཡོད་མ་རེད། གང་ལྟར་མདོ་དོན་སྙིང་པོ། སྨན་རྩིས་ཁང་འདིར་བཙུགས་བྱས། འགོ་སྟོད་ང་ཚོ་བཙན་བྱོལ་དུ་བྲོས་ཡོང་དུས་སྐབས་སུ་ཨེམ་ཆི་མཉམ་དུ་ཡོང་ཐུབ་མེད། གཞན་ནོར་བུ་གླིང་ཁར་ཨེམ་ཆི་ཁ་ཤས་ཤིག་ཡོད་རེད། ཡོང་ཐུབ་ན་བསམ་པ་འདྲ་བོ་སྐད་ཆ་བྱུང་སྟེ། དེ་དུས་གློ་བུར་གྱི་གཏན་འཁེལ་བ་རེད་ལ་ཞེད་སྣང་གི་ཐོག་ནས་མཉམ་དུ་ཡོང་ཡག་གི་འབྲེལ་བ་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་རེད། དོ་བདག་སོ་སོའི་ཐོག་ནས་ཚུར་ཡོང་། མུ་མཐུད་ནས་སླེབས། བཙན་བྱོལ་དུ་སླེབས་ཚར་དུས། ཡེ་ཤེས་དོན་ལྡན་སླེབས་བསྡད་ཡོད། སྨན་རྩིས་ཁང་གི་སྨན་པ་ཆགས་བསྡད་ཡོད། དེ་ནས་འཇམ་དབྱངས་བཀྲིས་སླེབས་བསྡད་ཡོད། དེ་ཐོག་མའི་གཞི་དེ་འདྲ་བོའི་ཐོག་ནས་ག་ལེ་ག་ལེར་ཡར་རྒྱས་ཕྱིན་པ་རེད།  

            ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད་པ། ང་ཚོས་ངོས་བཟུང་བའི་ཡུཏྤལ་ཞེས་པའི་ཚིག་དེ་རྒྱ་གར་ལེགས་སྦྱར་གྱི་ཚིག་རེད། ཨུཏྤལ་ངོས་འཛིན་ཡག་དེ་རྒྱན་པོའི་རིའི་སྒང་ལ་ཡོད་པའི་མེ་ཏོག་དེར་བརྩི་གི་ཡོད། དེ་རྒྱ་གར་ལ་མེད་པ་གཞི་གྲུབ་གྲུབ་པ་རེད། བྱས་ཙང་། རྒྱ་གར་གྱི་མིང་ཚིག་ཨུཏྤལ་ཞེས་པ་དེ་རྒྱ་གར་ལ་ཡོད་པ་ཞིག་ལ་མིང་དེ་ཐོགས་ཀྱི་རེད་མ་གཏོགས་རྒྱ་གར་ལ་མེད་པའི་མེ་ཏོག་ཞིག་ལ་མིང་དེ་ཐོགས་ཤེས་ཀྱི་མ་རེད་པ། དེ་ཚོའི་གྲས་དེ་ཞིབ་འཇུག་བྱེད་དགོས་པ་ཞིག་དང་དོ་སྣང་བྱེད་དགོས་པ་ཞིག་རེད། ང་རང་ཚོའི་ནམ་རྒྱུན་བཤད་རྒྱུན་ནང་ཡོད་པ་དང་། ཡིད་ཆེས་ནང་ཡོད་པ་དེ་དོན་དངོས་པོའི་གནས་ཚུལ་ལ་ཏག་ཏག་ཡིན་མིན་གྱི་ཉམས་ཞིབ་མ་བྱེད་ན། གཞན་དག་ཕར་ཞོག ང་ཚོའི་བོད་ཀྱི་རྒྱལ་རབས་ནང་དུ་དག་སྣང་དང་གནས་ཚུལ་ངོ་མ་གཉིས་སྲེ་བསྲེས་བཏང་ནས། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ལ་ཆ་བཞག་ན། ཆོས་འཁོར་རིམ་པ་དང་པོ་དེ་ཡོངས་གྲགས་ཡིན་པ་རེད། ཆོས་འཁོར་རིམ་པ་གཉིས་པ་དང་གསུམ་པ་སོགས་མང་པོ་ཞིག་དག་སྣང་ཐོག་ནས་གང་ཟག་གདུལ་བྱ་ཐུན་མོང་མ་ཡིན་པའི་ངོ་ལ་ཤར་བ་དེ་ཡང་རྦད་སྲེ་བསྲེས་བཏང་བ་ཡིན་ན་དཀའ་ངལ་ཞིག་ཕྲད་བསྡད་ཀྱི་ཡོད་རེད་པ། དེ་ཡིན་དུས། གང་ཟག་ལས་དག་ངོ་ལ་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། གང་ལྟར་ཡང་སྙིང་། ང་ཚོར་གསོ་བ་རིག་པའི་རིག་གཞུང་མཐའ་ཆོད་ཡོད་པ་དེ་ད་ག་ཆོག་ཤེས་བྱས་ནས། ང་ཚོ་སྔར་ལམ་ཡིན་ཟེར་བའི་སྔར་ལམ་གྱི་ཚིག་འདི་མི་དགོས་པ་ཞིག་རེད་བཞག གང་ལྟར། དངོས་ཡོད་གནས་ཚུལ་ལ་བསྟུན་ནས་དངོས་ཡོད་གནས་ཚུལ་ལ་འཚམ་པར་མུ་མཐུད་ནས་ཡར་རྒྱས་གང་འགྲོ་ཐུབ་པ་འདུག་ད་དེ་བསམ་བློ་གཏོང་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དཔེར་ན། ངས་ནམ་རྒྱུན་ཆོས་བཤད་དུས་ཡིན་ནའང་། སངས་རྒྱས་ཀྱི་ཆོས་འགྲེལ་བཤད་རྒྱག་དུས། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནྰལྣདྰ་པཎ་གྲུབ་དེ་ཚོས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་ཇི་ལྟར་བྱེད་ཀྱི་འདུག ནམ་རྒྱུན་ཡོངས་གྲགས་དཔེ་ཆའི་ནང་དགག་བཞག་སྤོང་གསུམ་སྟེ་གཞན་ལུགས་དགག་པ། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་བཤད་པ་དེ་བསྲེགས་བཅད་བརྡར་གསུམ་བྱས་ནས་ཁྲིད་ཀྱི་ཡོད་རེད་མ་གཏོགས། ཆོས་དད་དང་སྐྱེ་བ་སྔ་ཕྱི་ཡོད་པ་གཞི་བཞག་ཐོག་གསུངས་པ་མ་རེད། བྱས་ཙང་། རྒྱ་གར་མཁས་པས་ནང་ཆོས་ངོ་སྤྲོད་བྱས་པ་དེ་གང་ཟག་དབང་རྣོན་དབང་དུ་བྱས་པ་དང་། གཉིས་ནས་བསྟན་པ་སྤྱི་ཚན་གྱི་དབང་དུ་བྱས་ནས་བཤད་ཀྱི་ཡོད།

            ང་རང་ཚོ་སྨན་གཞུང་ལ་ཆ་བཞག་ན་ཡང་། དེ་དེ་བཞིན་བྱས་ནས། ང་རང་ཚོ་དེ་སྔ་ཕན་ཆད། ང་རང་ཚོ་རྒན་ལགས་ཀྱིས་དེ་འདྲ་གནང་གི་ཡོད་པ་དེ་རང་ཡིན་བཤད་ནས། གཏན་འབེབས་ཡོད་པ་དེ་རྐྱང་རྐྱང་ལ་ཆོག་ཤེས་བྱེད་ནས་སྡོད་པ་མ་ཡིན་པར། མུ་མཐུད་ནས་ཡར་རྒྱས་གཏོང་ཡག་དང་། མུ་མཐུད་ནས་ཡར་རྒྱས་གཏོང་ཟེར་བ་དེ། གྲུབ་པ་ཉམས་ལེན་བྱས་ནས་ཡར་རྒྱས་བཏང་ཟེར་བའི་སྐད་ཆ་མ་རེད། འདི་ཞིབ་འཇུག་བྱས་ནས་ཡར་རྒྱས་གཏོང་དགོས་པ་ཞིག་རེད། ཞིབ་འཇུག་བྱེད་པའི་རྒྱུ་ཆ་ལ་རིག་གནས་འདྲ་མིན་དེ་ཚོའི་ལག་ལེན་དངོས་སུ་བསྐྱལ། ཉམས་མྱོང་བསགས་ནས་ཡོད་པའི་མི་དེ་ཚོའི་མཉམ་དུ་གོ་བསྡུར་བྱས་ནས་ཡར་རྒྱས་མུ་མཐུད་གཏོང་ཐུབ།  རྒྱ་གར་ནང་ཆ་བཞག་ན། དེ་ནས་ྋགོང་ས་མཆོག་གིས་དབྱིན་སྐད་ཐོག་རྒྱ་གར་ཚེའི་རིག་བྱེད་ཀྱི་སྨན་པར་དམིགས་ནས་བཀའ་སྩལ་བ།

            རྒྱ་གར་ནང་ཡོད་པའི་ཚེའི་རིག་བྱེད་ཀྱི་ལྟེ་གནས་ཁང་དེ་ཚོ་དང་མཉམ་དུ་འབྲེལ་ལམ་ཟབ་ཏུ་བཏང་ནས་ལས་གཞི་སྤེལ་དགོས། ངའི་བསམ་པར་བོད་པའི་རིག་གཞུང་ནང་ནས་རིག་པ་གསར་པ་དེ་འདྲ་ཁྱོད་རང་ཚོའི་རིག་གཞུང་ནང་དུ་ཡར་ཁྱེར་ཆོག་པ་ཡིན། དེ་ནི་བུ་སྤུན་མཚེ་མ་ལྟ་བུ་ཆགས་ཡོད།  དུས་རབས་ཉེར་གཅིག་རྗེས་ཟིན་པའི་ཆེད་དུ་ང་ཚོས་མཉམ་རུབ་ཐོག་ནས་ལས་ཀ་བྱེད་དགོས་པ་ཡིན། ཁྱོད་རང་ཚོར་མཐུན་རྐྱེན་མང་བ་ཡོད། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ཡིན། ཁྱེད་རང་ཚོས་མཐུན་རྐྱེན་བསྐྲུན་པའི་འོག་ཉམས་ཞིབ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད་ཅེས་དེ་ཙམ་ང་རང་བཤད་འདོད་འབྱུང་། དེ་གནད་དོན་གཅིག་ཡིན།

            ང་རང་ལོ་ལྟར་ལུས་པོ་བརྟག་དཔྱད་བྱེད་པའི་སྐབས་ཕྱི་ལུགས་སྨན་པ་དེ་ཚོས་ང་ལ་ཉེན་བརྡ་ཞིག་བཏང་སོང་། ངའི་ཁྲག་དང་བཅས་པའི་ནང་དུ་དངུལ་ཆུ་རྙེད་པ་ལས་ཡིན། དེ་དུས་ངས་ཁོང་ཚོར་བཤད་པ་ཡིན། རེད། ང་ཚོས་ཆེད་དུ་གཉེར་ནས་དངུལ་ཆུ་ཟ་གི་ཡོད། དེ་ཡང་ལྷོད་ཡངས་ཤོར་བ་དེ་འདྲ་མ་རེད། དངོས་ཐོག་ལ་སྨན་འགའ་ཞིག་ཏུ་དངུལ་ཆུ་བཏུལ་མ་དེ་འདྲ་ཡོད་རེད། ངས་ནམ་རྒྱུན་ཁོང་ཚོར་བཤད་བསྡད་ཀྱི་ཡོད། འདས་པའི་ལོ་བཞི་བཅུ་ནས་ལྔ་བཅུ་རིང་ངས་སྨན་དེ་ཚོ་ཟོས་པ་ཡིན་ཀྱང་དུག་གི་རྟགས་མཚན་མེད་པ་རེད། གང་ལྟར་ཡང་། སྨན་དེ་ཚོས་གནོད་ཀྱི་མེད་པ་ང་ཚོར་ཚན་རིག་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་པ་ཡིན།

            ང་ལ་བཤད་མཁན་བྱུང་། རྒྱ་ནག་ནང་སྨན་གྱི་ལྟེ་གནས་ཁང་འགའ་ཞིག་ཏུ་དངུལ་ཆུ་བཏུལ་མའི་ཐོག་ལ་དམིགས་གསལ་གྱི་ཉམས་ཞིབ་བྱས་པ་དང་། དེའི་འབྲས་བུར་དངུལ་ཆུ་བཏུལ་མ་དེའི་ནང་དུག་མེད་པ་ཁོང་ཚོར་ངེས་བརྟན་རྙེད་ཡོད་རེད། སོང་ཙང་དེས་དངུལ་ཆུར་དུག་མེད་པའི་ཁུངས་སྐྱེལ་བྱེད་ཐུབ་ཡོད་པ་ཡིན། དེ་མིན་ནད་པ་མང་པོ་ཞིག་གིས་བོད་སྨན་ནང་དངུལ་ཆུ་ཡོད་པ་ཐོས་པའི་སྐབས་ཁོང་ཚོས་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག དེ་ལ་ཚན་རིག་ཐོག་ནས་ཉམས་ཞིབ་བྱས་པའི་གྲུབ་འབྲས་དེ་གསལ་བཤད་བྱེད་རྒྱུ་ཕན་ཐོགས་པོ་ཞེ་དྲགས་བྱུང་ཡོད།

            གཞི་རྩའི་ཆ་ནས་བོད་སྨན་འདི་འཚེ་བ་མེད་པའི་སྨན་གྱི་ངོ་བོ་ཞིག་ཡིན། ང་ཚོས་ནམ་ཡང་དུད་འགྲོའི་ཐོག་ལ་ཚོད་ལྟ་བྱེད་ཀྱི་མེད། གསལ་པོ་བྱུང་སོང་ཨང་། གཅིག་བྱས་ན་སྐབས་རེ་ནད་པའི་ཐོག་ལ་བྱས་ཡོད་སྲིད། གཅིག་བྱས་ན། ཞེས་ཀུ་རེའི་ཚུལ་དུ་གསུངས།  དེ་མིན་དུད་འགྲོའི་ལུས་སྲོག་བློས་གཏོང་གི་མེད། དེང་རབས་སྨན་ལུགས་ནང་དུ་དུད་འགྲོ་ཁྲག་ཁྲིག་མང་པོའི་ཚེ་སྲོག་འགྲོ་གི་ཡོད། དེའི་དམིགས་ཡུལ་དེ་འགྲོ་བ་མིའི་ལུས་ལ་ཕན་ཐོགས་ཆེད་དུ་ཡིན་སྲིད། ངས་ཤེས་མ་སོང་། དེ་ཐག་གཅོད་ཡག་ཁག་པོ་རེད། མཚམས་རེ་བརྟག་དཔྱད་དེ་ཚོ་ལག་བསྟར་བྱེད་པའི་སྐབས་ཡ་ང་སྙིང་རྗེའི་རྟགས་ཙམ་ཡང་མིན་འདུག དུད་འགྲོ་དེ་ཚོ་ལ་ལག་ཆ་ཙམ་དང་ཡང་ན་སྔོ་ཚལ་ལྟ་བུ་བརྩི་བཞིན་འདུག   བརྟག་དཔྱད་བྱས་ཟིན་པའི་རྗེས་སུ་ཁོང་ཚོའི་ན་ཟུག་ལ་དོ་སྣང་བྱེད་ཀྱི་མིན་འདུག ངོ་མ་སྐབས་རེ་ཧ་ལས་དགོས་པ་ཞིག་རེད་བཞག

            དེ་ནས་གོང་ས་མཆོག་གིས་རྒྱ་གར་ཚེའི་རིག་བྱེད་ཀྱི་སྨན་པ་ཡོད་སར་གཟིགས་ནས་ཚེའི་རིག་བྱེད་ཀྱི་སྨན་དེ་ཚོ་དུད་འགྲོའི་ཐོག་ལ་ཚོད་ལྟ་བྱེད་ཀྱི་ཡོད་མིན་དང་། སིདྡྷའི་སྨན་པའི་ཕྱོགས་ལ་གཟིགས་ནས་བགྲོ་གླེང་ནང་ཁྱེད་རང་གི་མཐོང་སྣང་གང་བྱུང་སོང་ཞེས་བཀའ་འདྲི་གནང་བར་བཀའ་ལན་འབུལ་བའི་སྒྲ་གསལ་པོ་ཐོས་ཀྱི་མེད་པས་འདིར་བཀོད་མ་ཐུབ། མུ་མཐུད་གསུངས་གསལ།  

            གནད་དོན་གང་འཚམས་ཞིག་ལ་ནད་ཁ་ཤས་ཤིག་ལ་དེང་རབས་སྨན་གྱིས་མ་ཕན་པའི་སར་བོད་སྨན་ལ་ནུས་པ་ཡོད་པ་ཞིག་དང་ཕན་ཐོགས་ཐུབ་པའི་སྣང་ཚུལ་བྱུང་སོང་། དེས་ན་ནུས་པ་ངོ་མ་དེར་ཡོད་པ་ཡིན།  

དེ་ནས་གོང་ས་མཆོག་གིས་བོད་སྐད་ནང་མཇུག་བསྡུས་བཀའ་སློབ་བསྩལ་དོན།  རིམ་པས་བོད་སྨན་ཐོག་དོ་སྣང་ཆེ་རུ་ཕྱིན་དུས་སྨན་གྱི་ཐོན་བསྐྱེད་དེའང་འབོར་ཆེན་པོ་ཞེ་དྲགས་བྱེད་དགོས་པ་ཞིག་ཆགས་ཀྱི་རེད།  སྔ་མོ་ཡིན་ན་གྲོང་གསེབ་གཅིག་གི་ནང་དུ་སྨན་པ་སོ་སོས་སྨན་བཟོས་པའི་དུས་ཚོད་དེ་ཡལ་ཟིན།  བར་སྐབས་ཡར་རྒྱས་ཏོག་ཙམ་ཕྱིན་ཡོད།  དེ་ཚོའི་གྲས་ལ་བསམ་བློ་ཞེ་དྲགས་གཏོང་དགོས་པ་ཞིག་རེད་བཞག གང་ལྟར་མདུན་ལམ་ཞེ་དྲགས་ཡོད་བསྡད་པ་ཞིག་རེད། ཐུགས་རྗེ་ཆེ།། ཞེས་བཀའ་བསྩལ།།


མཐའ་མའི་འདོན་ཐེངས་།: 16.02.2015 ཉིན། 2:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།