སྨན་རྩིས་དྲ་བ། - ཆེད་རྩོམ།

ཕྱི་ཡུལ་བརྟག་ཐབས་ཉུང་གསལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.12.2021
ཆེད་རྩོམ། >>


༄༅། །ཕྱི་ཡུལ་བརྟག་ཐབས་ཉུང་གསལ།

-          ཁམས་གཙང་འབྲུག་རྒྱལ།

ཐོག་མར་མིག་ལ་བརྟག་པ་ནི། །མིག་ནི་ཧ་རེར་འབུར་ཚུགས་བལྟ། །རླུང་ངམ་ཀླད་པར་སྐྱོན་ཡོད་རྟགས། །མིག་སྤྲིན་དམར་རམ་སེར་བོར་འདུག །ཚད་པ་ཁྲག་མཁྲིས་འཁྲུགས་རྟགས་ཡིན། །མིག་ལྕིབས་ནང་ཤ་དཀར་བོར་སོང་། །ཁྲག་ཤེད་ཉུང་ངམ་ཟུངས་ཟད་ཡིན། །མིག་རྩ་དམར་ནག་འཁྲུགས་ཤིང་རྒྱས། །གཉན་རིམས་སིབ་བུ་ཀླད་ཚད་དང་། །ཁྲག་མཐོ་ཁྲག་ངན་རྒྱས་སོགས་ཡིན། །རྒྱལ་མོ་འདལ་བ་དུག་གི་རྟགས། །ཀླད་སྐྱོན་སོང་བའང་དེ་འབྱུང་སྲིད། །མིག་ལྕིབས་སྐྲངས་གཡོ་ཆུ་ནད་དང་། །མཁལ་མ་ནད་ཡོད་རྟགས་མཚན་ནོ། །བྱིས་པའི་མིག་གྱེན་བལྟ་བ་ཡང་། །ནད་གཞི་མཆིན་པར་བབས་པའོ། །གདོང་མདོག་སྔོ་ནག་རླུང་གི་ནད། །སྐྱ་བོ་བད་ཀན་སྐྱ་རྦབ་ནད། །དམར་སྨུག་ཁྲག་ལ་སེར་མཁྲིས་བྱེར། །མ་མཆུ་སྐྲངས་དང་ཁ་ཤ་སྔོ། །མཚེར་ནད་ཅན་གྱི་རྟགས་སུ་ངེས། །སྣ་སྒོ་སྐམ་འགགས་གློ་ཚད་རྟགས། །སྣ་གཤོག་ཞོམ་པ་གློ་གཅོང་རྟགས། །ལྕེ་མདོག་དམར་རྩུབ་རླུང་གི་ནད། །སེར་བ་མཁྲིས་ནད་ཅན་གྱི་རྟགས། །སྐྱ་འཇམ་མདངས་མེད་བད་ཀན་ནད། །དྲེག་པ་མཐུག་པ་མཁྲིས་པའམ། །ཕོ་བའི་ནད་ཀྱང་དེ་བཞིན་ནོ། །ནག་པ་རླུང་ཚད་སྨུག་ནག་ཁྲག །སེར་སྐམ་རླུང་མཁྲིས་སྐྱ་སྐམ་ན། །བད་རླུང་ལྡན་པའི་ནད་རྟགས་ཉིད། །སྨུག་པོ་སེར་ག་ཕོ་མཆིན་དང་། །བད་ཀན་སྨུག་པོའི་ནད་རྟགས་སོ། །ལྕེ་མཐའ་ནག་པ་མཁལ་ནད་དང་། །ལྕེ་རྩེ་ནག་པ་སྙིང་ཚད་དོ། །ལྕེ་གཞུང་ནག་གས་སྙིང་ནད་ཡོད། །འབྲུམ་ཕྲན་དོན་པ་མ་སྨིན་པ། །རོ་མི་ཚོར་བ་ཚ་བ་རླུང་། །སྐམ་ལ་འཁྲོག་པའང་རླུང་གིས་སོ། །ལུད་པ་ཚྭ་བྲོ་གློ་ཚད་དང་། །ཁྲག་འདྲེས་པའང་གློ་ཚད་དོ། །ལྦུ་གསོབ་རླུང་དང་སྔོ་ལྗོབ་ནི། །བད་ཀན་ནད་ཀྱི་རྟགས་ཤིག་གོ། །ཤེ་རུལ་འདྲ་བ་གློ་རྨ་དང་། །རྣག་ཅན་ཉ་མིག་འདྲ་བ་རྣག །ཐོག་མ་ཉིད་ནས་ཁྲག་ཏུ་འབྱུང་། །དེ་ནི་གློ་རིམས་ཁྲག་འབྱམས་ཡིན། །བཤང་བ་སྨུག་སྐམ་སྨུག་པོའི་ནད། །དཀར་གསོབ་གྲང་མཁྲིས་མིག་སེར་ནད། །ཁ་ཟས་རང་མདོག་མ་ཞུའི་ནད། །དམར་སྨུག་དུད་ཁུ་མཆིན་ཚད་དམ། །སླ་བ་བེ་སྣབས་ཁྲག་ཅན་འཁྲུ། །དེ་ནི་རྒྱུ་རིམས་རྒྱུ་ཚད་རྟགས། །སེར་བཤལ་དྲི་ཅན་མཁྲིས་རྒྱུར་བབས། །མ་འཁྲུ་བཤང་བ་ཁྲག་བཅས་འབྱུང་། །གཞང་འབྲུམ་ནད་ཡོད་རྟགས་མཚན་ཡིན། །སྐྱུགས་མདོག་དམར་སྨུག་དུད་ཁུ་འབྱུང་། །བད་ཀན་སྨུག་པོ་འཐབ་པའི་རྟགས། །ཡང་ན་དུག་ཐབས་ཁྲག་གྱུར་རོ། །ཆུ་ཚན་ཆུ་སྐྱུར་སྐྱུགས་པ་ནི། །སྨུག་པོའི་སྔོན་བརྡའམ་ཕོ་ཚད་ཡིན། །སྐྱུག་རྒྱུ་མེད་པར་སྐྱུག་ལྡང་བྱེད། །ཕོ་བའི་རླུང་འཁྲུགས་རྟགས་སུ་འདོད། །སེར་བོ་ཁ་སྐྱུགས་མཁྲིས་པའི་ནད། །ལྦུ་ཅན་བེ་སྣབས་བད་རླུང་ངོ་། །ཕྱི་ཡུལ་བརྟག་ཐབས་ཉུང་གསལ་འདི། །སྒྲ་བརྒྱ་བཞད་པའི་སྒྲ་ལས་སོ།།

 

-          འདི་ནི་ཁམས་གཙང་འབྲུག་རྒྱལ་གྱིས་བརྩམས་པའི་གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཞེས་པའི་དེབ་ནས་ཟུར་འདོན་ཞུས།




 

མཐའ་མའི་འདོན་ཐེངས་།: 02.12.2021 ཉིན། 2:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།