སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

ནཱ་ག་གེ་སར་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.01.2014
བོད་ཀྱི་སྨན་རྫས་རིག་པ། >>


༄༅། །བོད་ཀྱི་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ནང་སྨན་མིང་གཅིག་མཚུངས་སུ་འདོད་པ་

ནཱ་ག་གེ་སར་སྐོར་མདོར་ཙམ་དཔྱད་པ།

 

སྨན་པ་ཚེ་བརྟན་མི་འགྱུར།

 

བོད་ཀྱི་གསོ་རིག་གཞུང་ལས་ཡོངས་གྲགས་སུ་ངོས་འཛིན་གནང་བཞིན་པའི་ནཱ་ག་གེ་སར་ཞེས་པ་དེ་ནི། ཤེལ་ཕྲེང་དང་བཻ་སྔོན་ལས། ཀླུ་ཤིང་སྟེ་ལོ་སྡོང་གཉིས་སྟར་ག་འདྲ་བའི་ཐོག་རྐང་ལ་ཚེར་མ་ཡོད་པ་དང་། དེའི་ལྡེབས་སུ་ཐེའུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པའི་ཐེའུ་ཁ་མ་ཕྱེ་བ་སྐམ་ནས་ཟངས་གོག་བཅོམ་པ་འདྲ་བ་དེ་ལ་ནཱག་པུཥྤ་དང་། མེ་ཏོག་བཞད་ནས་ནང་གི་སྐྲའམ་རྟ་རྔ་བསྒྲིམས་པ་འདྲ་བ་དེ་ལ་ནཱག་གེ་སར། བར་རམ་མེ་ཏོག་གི་འདབ་མ་དམར་པོ་དེ་ལ་པདྨ་གེ་སར་ཞེས་བྱའོ། །ཞེས་གསུངས་པ་ལྟར། དེ་ནི་སྡོང་པོ་རིང་ལ་འདྲོང་པོ་སྟར་གའི་སྡོང་པོ་དང་འདྲ་ལ། སྡོང་པོ་དང་ཡལ་གའི་སྟེང་ཚེར་མ་འབར་འབུར་དང་ལྡན་པ། བོད་ཀྱི་ཡུན་ནན་ཁུལ་དང་། མོན་ཡུལ། རྒྱ་གར། བལ་ཡུལ་སོགས་སུ་སྐྱེས་པའི་ཤིང་སྨན་གྱི་ཁོངས་སུ་གཏོགས་པ་དེའི་མེ་ཏོག་འདབ་ལྔ་དམར་མདངས་ཅན་གྱི་ཟེའུ་འབྲུ་རྟ་རྔ་བསྒྲིམས་པ་འདྲ་བ་ཉིད་ཡིན་ལ། རོ་བསྐ་བ། ཞུ་རྗེས་ཁ། ནུས་པ་བསིལ་ཞིང་རྩུབ་པ། གཙོ་བོ་མཆིན་ཚད་སེལ་བར་བྱེད་པ་ཡིན། དེང་དུས་སྐྱེ་དངོས་རིག་པའི་སྨན་གྱི་ཐ་སྙད་ནི་(Bombax ceiba L) ཞེས་ཟེར། དེ་བཞིན་དེང་དུས་རྫས་སྦྱོར་རིག་པ་ལས། སྐྱེ་དངོས་སྨན་རྒྱུ་དེ་ཡིས་མཆིན་ནད་སྲུང་བ་དང་། གཉན་ཚད་འཇོམས་པ། སྙིང་གི་བྱེད་ལས་གསོ་བ། ཁྲག་གི་མངར་ཚད་གཅོག་ནུས་པ། སྲིན་འགོག་པའི་ནུས་པ་བཅས་ལྡན་སྐོར་གསུངས་ཡོད།

(བོད་ལུགས་ནཱག་གེ་སར་- Bombax ceiba L)

རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ཡོངས་གྲགས་སུ་ངོས་འཛིན་གནང་བཞིན་པའི་ནཱ་ག་གེ་སར་ནི། དེང་དུས་སྐྱེ་དངོས་རིག་པས་ངོས་འཛིན་བྱེད་བཞིན་པའི་(Mesua ferrea)ཞེས་པ་དེ་ཡིན་ཞིང་། དེ་ནི་གཙོ་བོ་ཤྲྰི་ལཾཀྰ་དང་། རྒྱ་གར། བལ་ཡུལ་ལྷོ་ཕྱོགས་ཁུལ། བརྨྰ། ཐྰཨིལེནྜ་སོགས་ཀྱི་བརླན་ཤས་ཆེ་བའི་ས་ཁུལ་དུ་སྐྱེ་བའི་ཤིང་སྨན་གྱི་ཁོངས་སུ་གཏོགས་ལ། སྡོང་པོ་མཐོ་ཚད་མི་ཀྲར་སུམ་ཅུ་ཙམ་བར་སྐྱེ་འཕེལ་ནུས་པ་ཡོད་པ་དང་། གཞོན་པའི་དུས་སུ་སྡོང་ཤུན་ཐལ་མདོག་ཅན་ཡིན་པ་གང་ཞིག་ཤུན་པ་རྣམས་དུམ་བར་ཕུད་སླ་བ། རྒས་ཚེ་སྡོང་ཤུན་ཐལ་མདོག་ཅན་དེ་ཉིད་ཕྲན་བུའི་ནག་ཤས་ལ་དམར་མདངས་ཅན་དུ་འགྱུར་བའི་རང་བཞིན་ཅན་ཡིན། སྤྱིར་ལོ་མའི་ཕྱི་མདོག་ནི་སྔོ་ལ་ལྗང་ནག་ཅན་དང་། ནང་མདོག་སྐྱ་ཤས་ཅན་ཡིན་ལ། ལོ་མ་གསར་སྐྱེས་དུས་སུ་ལོ་མའི་ཁ་མདོག་ནི་དམར་ལ་ཟིང་སྐྱ་ཅན། མེ་ཏོག་ནི་མདོག་དཀར་ལ་འདབ་མ་བཞི་དང་ལྡན་པ། ནང་དུ་ཟེ་འབྲུ་མདོག་སེར་པོ་དུ་མས་ཁེངས་པ། འབྲས་བུ་སྒོང་དབྱིབས་ཅན་ལ་ནང་སོན་གཅིག་ནས་གཉིས་བར་དང་ལྡན་པ་བཅས་ཀྱི་ཁྱད་ཆོས་ཚང་ཡོད།



   (ཨྰཡུརྦེད་ཡི་ནཱག་གེ་སར་- Mesua ferrea)

དེའི་ཕན་ནུས་ནི། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་ཉུང་དོན་གསལ་ལས། དེ་བཞིན་བ་ཀུལ་ནཱག་གེ་སར། །ཀུ་མུད་ཨུཏྤལ་རྒྱ་སེར་རོ། །ཞེས་དང་། ནཱ་ག་དུག་མཁྲིས་བད་ཀན་སེལ། །ཞེས་གསུངས་པ་བཞིན། ནཱ་ག་གེ་སར་གྱིས་དུག་དང་། མཁྲིས་པ། བད་ཀན། ཁྲག་བཅས་སེལ་ནུས་པ་གསལ། 


དེང་དུས་རྫས་སྦྱོར་རིག་པ་ལས། སྨན་རྒྱུ་དེ་ཡིས་ཁྲག་ཤེད་གཅོག་ནུས་པ་དང་། ཤ་སྒྲིམ་འཁུམས་ནས་ན་ཟུག་འབྱུང་བ་སེལ་ནུས་པ། རྡུལ་ཐལ་སོགས་མི་འཕྲོད་པའི་རིགས་འགོག་ནུས་པ། དབུགས་མི་བདེ་བ་དང་གཉན་ཚད་བཅས་སེལ་ནུས་པའི་ཡོན་ཏན་ལྡན་ཚུལ་གསལ་ཡོད། 

 

སྤྱིར་ནཱ་ག་གེ་སར་ཞེས་པ་འདི་རྒྱ་གར་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་ཡིན་ལ། དེ་ཉིད་བོད་ལུགས་གསོ་རིག་ནང་དུའང་བེད་སྤྱོད་བྱས་ཡོད་པ་དངོས་བདེན་ཡིན། འོན་ཀྱང་སྨན་གྱི་ཐ་སྙད་གཅིག་མཚུངས་ཡིན་པའི་དབང་གིས་སྨན་རྒྱུ་དེ་གཉིས་གཅིག་མཚུངས་ཡིན་པའི་ངེས་པ་མེད་དེ། དཔེར་ན། གང་ཟག་ཅིག་གི་མིང་ལ་ལྷ་དབང་ཞེས་ཟེར་ན་གང་ཟག་དེ་ཉིད་ལྷའི་དབང་པོ་བརྒྱ་བྱིན་ཡིན་པའི་ངེས་པ་མེད་པ་བཞིན་ནོ།  

དེ་ཡང་འགའ་ཞིག་གི་ཐུགས་ལ་བོད་ཀྱི་སྐད་ཡིག་ནི་ཆེས་ཕྱུག་པོ་དང་གཏིང་ཟབ་ཞིག་ཡོད་བཞིན་དུ་རྒྱ་གར་ལེགས་སྦྱར་སྐད་ཡིག་དང་དེར་ཡོད་པའི་སྨན་གྱི་ཐ་སྙད་གང་ཞིག་བོད་ལུགས་གསོ་རིག་ནང་བེད་སྤྱོད་བྱེད་དགོས་དོན་གང་ཡིན་སྙམ་པའི་དོགས་གཞི་འཆར་སྲིད་པ་ཕལ་ཆེར་ངེས་པ་ཡིན་ཏེ། དེ་ལྟར་བེད་སྤྱོད་བྱེད་དགོས་དོན་ཐོག་དགོངས་འཆར་རེ་གཉིས་ཙམ་ཞུས་ན། སྤྱིར་འཕགས་བོད་གཉིས་ཀྱི་རིག་གཞུང་དབར་འབྲེལ་བ་གཏིང་ཟབ་ཡོད་པ་དང་། དམིགས་བསལ་དུ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས། དེ་བཞིན་ནང་པའི་སྨན་གཞུང་ལ་སོགས་པའི་རིག་པའི་གཞུང་ལུགས་མང་དག་ཅིག་གཙོ་བོ་རྒྱ་གར་ལེགས་སྦྱར་སྐད་ནས་བསྒྱུར་བའི་དབང་གིས་ཤུགས་རྐྱེན་ཐེབས་པ་དང་སྦྲགས་བཀྲིན་རྗེས་དྲན་དང་གཞུང་གི་ཁུངས་བསྟན་པ། དེ་དང་བཀྲིས་རྟེན་འབྲེལ་མཚོན་ཆེད་སྨན་རྒྱུ་འགར་ལེགས་སྦྱར་སྨན་མིང་རང་འཇགས་བཞག་པར་སྣང་།  

གང་ལྟར་འཕགས་བོད་གཉིས་ཀྱི་སྨན་གཞུང་དུ་ནྰག་གེ་སར་ཞེས་པ་སྨན་གྱི་ཐ་སྙད་འདི་བེད་སྤྱོད་གཅིག་མཚུངས་སུ་བྱེད་རུང་དངོས་སུ་སྨན་དུ་བེད་སྤྱོད་བྱེད་བཞིན་པའི་སྨན་རྒྱུའི་སྐྱེ་གནས་དང་། སྐྱེ་དབྱིབས། ཁ་མདོག ཕན་ཡོན་སོགས་ཀྱི་ཁྱད་ཆོས་ཡོངས་རྫོགས་ཐ་དད་ཡིན་པ་གོང་དུ་སྨན་རྒྱུ་སོ་སོའི་་ཁྱད་ཆོས་བཀོད་པ་ལས་གསལ་པོར་ཤེས་ཐུབ།  

དེང་དུས་རྫས་སྦྱོར་རིག་པར་གསལ་བའི་སྨན་དེའི་ཕན་ཡོན་དང་འཕགས་བོད་གསོ་རིག་སོ་སོའི་གཞུང་ལས་གསུངས་པའི་ཕན་ཡོན་དབར་དཔྱད་བསྡུར་ཞིག་ཞུས་ན། བོད་ཀྱི་གསོ་རིག་གཞུང་ལས་གསུངས་པའི་ནཱ་ག་གེ་སར་གྱི་ཕན་ཡོན་གཙོ་བོ་ནི་མཆིན་ཚད་སེལ་ནུས་པ་བཞིན་དེང་དུས་རྫས་སྦྱོར་རིག་པས་ཀྱང་སྨན་རྒྱུ་(Bombax ceiba L)འདིཉིད་ཀྱིས་མཆིན་ནད་སྲུང་བ་དང་། གཉན་ཚད་འཇོམས་ནུས་ཚུལ་ར་འཕྲོད་བྱས་ཡོད། རྒྱ་གར་ཨྰཡུརྦེད་ཡིས་ངོས་འཛིན་བྱེད་བཞིན་པའི་ནཱ་ག་གེ་སར་(Mesua ferrea)གྱིས་མཆིན་ཚད་དང་འབྲེལ་བའི་ནད་གཞི་སེལ་ནུས་ཚུལ་དེང་དུས་རྫས་སྦྱོར་རིག་པའི་བརྟག་དཔྱད་རྒྱུད་ད་ལྟའི་ཆར་ར་འཕྲོད་བྱུང་མེད། དེར་སོང་སྨན་མིང་གཅིག་མཚུངས་ཡིན་མིན་ལ་མ་ལྟོས་པར་གཙོ་བོ་རང་རང་སོ་སོའི་སྨན་གཞུང་ལས་གསུངས་པའི་ཕན་ནུས་དང་དངོས་སུ་ནད་པའི་སྟེང་བེད་སྤྱོད་སྐབས་དེང་དུས་རྫས་སྦྱོར་བརྟག་དཔྱད་རྒྱུད་ཕན་ནུས་གང་ཐོན་མིན་དབར་དཔྱད་ཞིབ་དགོས་པར་བརྟེན། སྐབས་ཐོག་བོད་ཀྱི་གསོ་རིག་གཞུང་ལས་གསུངས་པའི་ནཱ་ག་གེ་སར་གྱི་ཕན་ཡོན་དང་དེང་དུས་རྫས་སྦྱོར་རིག་པ་ལས་ར་འཕྲོད་བྱུང་བའི་ཕན་ཡོན་དབར་ཤིན་ཏུ་མཚུངས་པས་བོད་ཀྱི་མཁས་དབང་བཀྲིན་ཅན་རྣམས་པའི་རྣམ་དཔྱོད་ཀྱི་མཐུས་ངོས་འཛིན་གནང་བའི་སྨན་རྒྱུ་འདི་ཉིད་ལ་འཁྲུལ་བ་གང་ཡང་མེད་པར་སྣང་བའི་རྨོངས་འཆར་ཙམ་དུ་བཀོད་པ་ལགས་ན་དཔྱད་པར་ཞུ།། །།


དཔྱད་གཞིའི་ཡིག་ཆ་ཁག་གཤམ་གསལ།

*ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས། མི་རིགས་དཔེ་སྐྲུན་ཁང་།

*གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

*བདུད་རྩི་སྨན་གྱི་འཁྲུངས་དཔེ། ཀརྨ་ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་།

*བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་། ཟླ་བ་། རྡ་ས་སྨན་རྩིས་ཁང་།

*སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་ཉུང་དོན་གསལ། པོད་དང་པོ། རྡོ་རྗེ་དགྲ་འདུལ། བློ་བཟང་ནོར་བུ། ཝྰ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།

*སྐྱེ་དངོས་སྨན་རྫས་ཀྱི་དཔར་རིས་དང་ལག་ལེན་གཅེས་བཏུས། སྨན་པ་ཚུལ་ཁྲིམས་སྐལ་བཟང་། རྡ་ས་སྨན་རྩིས་ཁང་།

*བོད་ལུགས་གསོ་བ་རིག་པའི་སྐྱེ་དངོས་སྨན་རྫས་སྔོ་འབུམ་ཀུན་བཏུས། དེབ་ཕྲེང་གཉིས་པ། སྨན་རམས་པ་ཚེ་རིང་ནོར་བུ། རྡ་ས་བོད་ཀྱི་སྨན་རྩིས་ཁང་།

*(Data base on medicinal plants used in Ayurveda and Siddha, vol  1 and 5,Department of AYUSH, Govt of India)

*(Article on analysis of three gesar, 2nd Internatioinal conference on Tibetan Medicine 2012,Dharamsala,India)

*(Gupta, A.K., M. Sharma and N. Tandon, 2004. Reviews on Indian Medicinal Plants. Vol. 2, Indian Council of Medical Research, New Delhi.)

*(Ravi, V., S.S. Patel, N. K. Verma, D. Datta and T.S.M. Saleem, 2001. Hepatoprotective property of Bombax ceiba Linn. against Isoniazid and Rifampicin induced toxicity in experimental rats. Int. J. Applied Res. Nat. Prod., 3: 19-26.)

མཐའ་མའི་འདོན་ཐེངས་།: 28.01.2014 ཉིན། 4:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།