སྨན་རྩིས་དྲ་བ། - ཆེད་རྩོམ།

དཔྱད་བཅོས་སྐབས་དུག་སེལ་བྱེད་ཐབས་ལམ་སྟོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2020
ཆེད་རྩོམ། >>

 

 

༄༅། །བོད་ཀྱི་གསོ་རིག་དཔྱད་ཀྱི་ལག་ལེན་ནང་གསེས་ཟངས་བུམ་དང་། ཤེལ་བུམ་གཉིས་ཀྱི་གཙང་བཟོ་དང་།
དུག་སེལ་བྱེད་ཐབས་ཀྱི་ལམ་སྟོན།

-         སྐུ་བཅར་སྨན་པ་བསྟན་འཛིན་མཐའ་ཡས།

བོད་ཀྱི་སྨན་རྩིས་ཁང་།

 

དང་པོ། ངོ་སྤྲོད།

ཨ་རི་ནད་རིགས་སྔོན་འགོག་ལྟེ་གནས་ཁང་གིས་གསུངས་པ་ལྟར་ན། དེང་རབས་སྨན་ཁང་ནང་དུ་དཔྱད་བཅོས་ལག་ལེན་གནང་སྐབས་དཔྱད་ཀྱི་ཆ་བྱད་གཙང་མ་མེད་པས་ལོ་ལྟར་ནད་པ་འབུམ་གཅིག་ཙམ་དུས་མིན་ཚེ་སྲོག་ཤོར་བཞིན་ཡོད་པ་དང་། དེའི་ནང་ནས་བརྒྱ་ཆ་ ༨ ནས་ ༡༠ ཙམ་སྨན་ཁང་དུ་སྨན་བཅོས་གནང་སྐབས་ནད་འབུ་འགོས་པའི་དབང་གིས་རྐྱེན་འདས་སུ་འགྱུར་ཚུལ་བཤད་ཡོད། ད་ལྟའི་ཆར་རིག་གསར་སྨན་ལུགས་ཙམ་མ་ཡིན་པར་སྲོལ་རྒྱུན་སྨན་རིག་ལག་ལེན་གནང་མཁན་ཚང་མས་རང་ལུགས་དཔྱད་བཅོས་གནང་སྐབས་དུག་སྲིན་གཙང་བཟོའི་རིམ་པ་ཁག་གི་བྱེད་ཐབས་ལག་བསྟར་གནང་བཞིན་ཡོད་པ་གོར་མ་ཆག

སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་རང་ལུགས་ཀྱི་འཇམ་དཔྱད་དང་རྩུབ་དཔྱད་གཉིས་ཀ་ལག་ལེན་གནང་བཞིན་ཡོད་ལ། སྤྱིར་རང་རེ་ཡན་ལག་སྨན་ཁང་ཁག་ཏུ་གཉན་ནད་རེག་དུག་དང་། མཆིན་པའི་གཉན་ཚད་སོགས་ནད་གཞི་ལྕི་ལ་འགོས་ཉེན་ཆེ་བའི་ནད་པ་བཅར་མཁན་རྣམས་ལའང་སྐབས་རེ་དགོས་མཁོ་ལྟར་ལུས་དང་ནད་ཀྱི་བབ་དང་བསྟུན་ནས་དཔྱད་བཅོས་ལག་ལེན་གནང་བཞིན་ཡོད། ཁྱད་པར་ཟངས་བུམ་དང་། ཤེལ་བུམ་གཉིས་ཀྱི་ལག་ལེན་གནང་བའི་སྐབས་སམ། གནང་གྲུབ་རྗེས་ཆ་བྱད་དེ་དག་གཙང་བཟོ་དང་དུག་སེལ་སོགས་བྱེད་ཐབས་ལུགས་མཐུན་ཞིག་རང་རེའི་སྨན་ཁང་ཚང་མས་གཅིག་མཚུངས་ལག་བསྟར་གནང་དགོས་པ་གལ་ཆེན་པོ་ཡིན།

དེ་ནི་གཙོ་བོ་དཔྱད་བཅོས་གནང་མཁན་སྨན་པ་རང་ཉིད་དམ། དཔྱད་ཀྱི་ཆ་བྱད་བརྒྱུད་ནས་ནད་པ་གཞན་ལ་ནད་འབུ་འགོས་ཉེན་ཡོད་པ་སྔོན་འགོག་ཆེད་ཡིན་པ་མ་ཟད་གཞན་གྱི་ཡ་ག་འགོག་པའི་གོ་ཆ་ཡང་ཡིན། དེར་བརྟེན་ཟངས་བུམ་དང་ཤེལ་བུམ་དཔྱད་བཅོས་ཉེ་བར་མཁོ་བའི་ནད་པ་ལའང་། གཉན་ནད་རེག་དུག་ལྟ་བུ་ནད་གཞི་འགོས་ཉེན་ཆེ་བའི་ནད་པ་དང་། འགོས་ཉེན་མེད་པའི་ནད་པ་རིགས་གཉིས་ཡོད་པ་དངོས་ཡོད་གནས་སྟངས་ཇི་བཞིན་ཟངས་བུམ་དང་ཤེལ་བུམ་ཆ་བྱད་རྣམས་ཀྱང་སྡེ་ཚན་གཉིས་སུ་དགར་ནས་ཆ་བྱད་རྣམས་དེ་མཚུངས་རིགས་སོ་སོའི་ནད་པ་ཁོ་ནའི་ཐོག་བེད་སྤྱོད་དགོས་པ་ལས་འདྲེས་བསྲེས་གནང་མི་རིགས། དུས་རྒྱུན་ཆ་བྱད་དེ་དག་ཕན་ཚུན་མ་ནོར་བའི་ཆེད་ལོགས་སུ་བཞག་པའམ་གསང་རྟགས་བཀོད་ནས་སོ་སོར་གཙང་ཉར་དགོས་རྒྱུ་ཐུགས་འཇགས་དགོས།  

 

གཉིས་པ། གཙང་སེལ་གྱི་ལས་རིམ་གསལ་བཤད།

ཟངས་བུམ་དང་ཤེལ་བུམ་ལྟ་བུ་ཡང་ཡང་བེད་སྤྱོད་གནང་ཆོག་པའི་དཔྱད་ཀྱི་ཆ་བྱད་རྣམས་རྒྱལ་སྤྱིའི་ཚད་གཞི་ལྟར་རིམ་པ་གསུམ་གྱི་ལམ་ནས་སྲུང་ཉར་བྱེད་དགོས་ཏེ། ཚད་མཐོའི་གཙང་འཁྲུད་(Cleaning) དང་། དུག་སེལ།(Disinfection)   སྲིན་སེལ་(Sterilization) བཅས་ཡིན།

དང་པོ། གཙང་མ་འཁྲུ་བ། ཟངས་བུམ་མམ་ཤེལ་བུམ་སོགས་དཔྱད་བཅོས་གྲུབ་རྗེས་ཆ་བྱད་ནང་བསགས་པའི་ངན་ཁྲག་ཆུ་སེར་རིགས་རྐ་ལའི་ཆུ་འམ་ཆུ་ཤུགས་ཆེན་པོ་འབབ་པའི་འོག་ཏུ་བཞག་ནས་གཙང་མ་འཁྲུ་དགོས། དེ་ནས་ཆ་བྱད་དེ་དག་རྫས་ neutral pH detergent solution དང་། ཕག་ཟེ་བེད་སྤྱོད་བྱས་ནས་ཕྱི་བདར་ལེགས་པར་གནང་དགོས།

གཉིས་པ། གཉན་དུག་སེལ་བ། གཉན་དུག་སེལ་བྱེད་ཀྱི་རྫས་སྦྱོར་སྣ་ཚོགས་ཡོད་དེ། དཔེན་ན། ཕི་ནོ་ལིཀ(phenolic)  ཨོ་ཌོ་ཕོར།(iodophor)   ཨ་རག(alcohol)  ཀོལོ་རིན།(chlorine) སོགས་སྣ་ཚོགས་ཡོད་ཀྱང་ཟངས་དང་འགྱིག་གི་རྫས་རིགས་ལ་བེད་སྤྱོད་ཀོ་ལོ་རིན།(chlorine) དང་ཨ་རག་གཉིས་གནང་སྲོལ་ཡོད་པ་བཞིན་ཕྱག་བསྟར་གནང་གལ་ཆེ།

གསུམ་པ། ནད་སྲིན་སེལ་ཐབས། རིག་གསར་སྨན་ལུགས་སུ་ཆ་བྱད་གང་གི་ནད་སྲིན་སེལ་བྱེད་དུ་བེད་སྤྱོད་གནང་བཞིན་པའི་ཐབས་ལམ་ཁག་གཅིག་ཡོད་དེ། རླངས་འཚུབ།(Steam under pressure)   དྲོད་སྐམ།(Dry heat)   རླངས་བཅོས།(Eto)   རྫས་སྦྱོར།(Hydrogen peroxide gas plasma) ལ་སོགས་ཡོད་པའི་ནང་ནས་ཟངས་བུམ་དང་ཤེལ་བུམ་གཙང་སེལ་ཆེད་རྫས་སྦྱོར་གཤེར་ཁུ་བཀོལ་སྤྱོད་བྱེད་པ་དེ་ཉིད་འཚམ་ཤོས་ཡིན། (7.5 % Hydrogen peroxide solution: Sporox II Sterilizing and Disinfecting Solution) ཞེས་པ་དེར་གཉན་དུག་སེལ་བྱེད་དང་། ནད་སྲིན་སེལ་བྱེད་གཉིས་ཀའི་ཁྱད་ཆོས་ལྡན་ཡོད། དེར་བརྟེན་ངན་ཁྲག་ཆུ་སེར་གྱིས་བསླད་པའི་ཟངས་བུམ་དང་། ཤེལ་བུམ་གཉིས་ཀྱི་གཙང་བཟོ་ཐབས་ལམ་ལེགས་ཤོས་དེ་ཡིན།

 

གསུམ་པ། སྔོན་འགྲོའི་ཆ་རྐྱེན།

ཟངས་བུམ་དང་། ཤེལ་བུམ་གཉིས་ཀྱི་དཔྱད་བཅོས་དང་། དཔྱད་བཅོས་གྲུབ་རྗེས་གཙང་བཟོ་བཅས་ལ་ཉེ་བར་མཁོ་བའི་ཅ་དངོས་རྣམས་བགྲངས་ཡོད་ན་སྔོན་ཚུད་ནས་གྲ་སྒྲིག་ལེགས་པར་དགོས། དེ་ཡང་གང་ཞེ་ན།

༡། ཟངས་བུམ་དང་། ཤེལ་བུམ་གཉིས། (དེ་ཡང་རྒྱུན་གཏན་གྱི་ནད་པ་དང་། ནད་གཞི་ལྕི་ལ་འགོས་ཉེན་ཆེ་བའི་ནད་པ་རིགས་གཉིས་ལ་ལོགས་སུ་དགོས་སྟབས། སྔ་ས་ནས་ཆ་བྱད་རྣམས་མ་ཚང་མ་ཆད་མེད་པར་དགོས་མཁོ་ལྟར་གྲ་སྒྲིག་གནང་དགོས།) 

༢། ཞབས་སྟེགས་སམ། ཉལ་ཁྲི་གཙང་མ།

༣། མུ་ཟི་སྒམ་ཆུང་ངམ་མེ་ཆ་དང་ཤོག་བུ།

༤། སྨན་པའི་ཆེད་དུ་དཔྱད་ཀྱི་ལག་ཤུབ།

༥། དག་རྫས།  Dettol

༦། སྲིན་བལ།

༧། རྨ་སྨན།

༨། གད་སྙིགས་བླུག་སྣོད།

༩། ཤོག་རས། Towel Paper

༡༠། ཆུ་གཤོང་ངམ་རྐ་ལའི་འོག་ཡོད་པའི་ཆུ་གཤོང་དེ་འཐུས།

༡༡། ཆུ་དྲོད་འཇམ།

༡༢། རྫས་སྦྱོར། (7.5 % Hydrogen peroxide solution: Sporox II Sterilizing and Disinfecting Solution)

༡༣། ཟོམ་སྣོད། (Bucket)

༡༤། དག་རྫས། (Chlorine bleach) ཡང་ན། བཅོས་མེད་ཨ་རག(Alcohol)

༡༥། ཨ་ཅོར།

 

བཞི་པ། དངོས་གཞི་ལག་ལེན།

ཟངས་བུམ་དང་ཤེལ་བུམ་གྱི་ལག་ལེན་དངོས་གཞི་སྐབས་སུ་དེང་རབས་སྤྱི་ཡོངས་ཀྱི་འགྲོ་ལུགས་ལྟར་གཙང་སྦྲ་འཕྲོད་བསྟེན་བྱེད་ཕྱོགས་རྣམས་འདིར་བཀོད་ཡོད། གཞན་དུ་དཔྱད་བཅོས་ཇི་ལྟར་བྱེད་དགོས་མིན་སོགས་ནི་ གཞུང་ལུགས་དང་མཐུན་དགོས་པ་དང་། མཐོང་བ་བརྒྱུད་པའི་ཕྱག་ལེན་གཞི་བཟུང་ངམ། སྨན་པ་རང་ཉིད་ཀྱི་ཉམས་མྱོང་སོགས་ལ་ཁུངས་གཏུགས་དགོས་པ་ལས་འདིར་སྐབས་མ་ཡིན་པས་ལྷན་དུ་བསྟན་མེད།

༡། དཔྱད་བཅོས་འགོ་མ་ཚུགས་སྔོན་དུ་སྨན་པས་རང་གི་ཕྱག་གཉིས་ལ་དག་རྫས་ (Dettol) བྱུག་ནས་ཆུ་གཙང་མས་འཁྲུད་དགོས།

༢། ཟངས་བུམ་དང་ཤེལ་བུམ་བརྒྱབ་ནས་ངན་ཁྲག་ཆུ་སེར་གཙག་དགོས་པའི་སྐབས་སམ། གལ་ཏེ་གཙག་རྒྱུ་མིན་པ་ཡིན་ནའང་གང་ལྟར་དཔྱད་བཅོས་མ་གྲུབ་བར་དུ་སྨན་པས་ཕྱི་ལུགས་དཔྱད་ཀྱི་ལག་ཤུབ་ངེས་པར་གྱོན་དགོས།

༣། དཔྱད་བཅོས་གྲུབ་མཚམས་སྨན་པས་དཔྱད་ཀྱི་ལག་ཤུབ་དེ་ཕུད་ནས་ལུགས་མཐུན་ལྟར་དོར་དགོས།

༤། ངན་ཁྲག་མང་ཉུང་ལ་མ་ལྟོས་པར་ཕྱིར་ཐོན་པ་དེ་ཉིད་ཟངས་བུམ་དང་ཤེལ་བུམ་ནང་དུ་བཟེད་རྗེས། ད་དུང་གསང་དམིགས་སྟེང་ཉུང་ཤས་ལྷག་པ་དེ་རྒྱུ་ཆ་ལེགས་པའི་ཤོག་རས་ (Paper Towel) ཀྱིས་གཙང་ཕྱིས་གནང་ནས་དེ་གད་སྙིགས་སྣོད་ནང་དོར་དགོས།

༥། དཔྱད་བཅོས་དངོས་གཞི་གྲུབ་མཚམས་སྨན་པའམ་སྨན་ཞབས་པས་ངན་ཁྲག་ཆུ་སེར་ཡོད་པའི་ཟངས་བུམ་མམ་ཤེལ་བུམ་དེ་ཆུ་གཤོང་ནང་དུ་ཆུ་དྲོད་འཇམ་གྱིས་ཏོག་ཙམ་བཤལ་རྗེས་དག་རྫས་ (Dettol) བྱུག་ནས་གཙང་མ་འཁྲུད་དགོས།

༦། དེ་ནས་ཟོམ་ (Bucket) ཚད་གཞི་རན་པོ་ཞིག་གི་ནང་དུ་ (7.5 % Hydrogen peroxide solution: Sporox II Sterilizing and Disinfecting Solution) དེ་བླུགས། ཟངས་བུམ་མམ་ཤེལ་བུམ་གཉིས་པོ་གང་ཡིན་པ་སྨན་ཁུ་དེའི་ནང་དུས་ཡུན་སྐར་མ་ ༣༠ ཙམ་སྦང་ནས་བཞག་དགོས།

༧། དེའི་རྗེས་སུ་སྨན་ཁུ་དེ་ཆུ་གཤོང་ནང་དུ་བཤོས་ནས་ཟངས་བུམ་མམ་ཤེལ་བུམ་དེ་ཡང་བསྐྱར་ཆུ་གཙང་མས་གཙང་བཤལ་ལེགས་པར་བརྒྱབ་རྗེས་ཨ་ཅོར་གཙང་མས་གཙང་ཕྱིས་བྱས་རྗེས་སྐམ་སར་འཇོག་དགོས།

དུག་སེལ་བྱ་ཐབས་གཞན།

གལ་ཏེ་གོང་གི་རྫས་སྦྱོར་སྨན་ཁུའི་མཐུན་རྐྱེན་མ་འཛོམས་པའི་གནས་སྐབས་སུ་ཐབས་ལམ་གཞན་འགའ་ཞིག་ཡོད་དེ།

༨། དང་པོ། ངན་ཁྲག་ཆུ་སེར་ཡོད་པའི་ཟངས་བུམ་མམ་ཤེལ་བུམ་དེ་ཆུ་གཤོང་ནང་དུ་ཆུས་ཏོག་ཙམ་བཤལ་རྗེས། བཅོས་མེད་ཨ་རག་(Alcohol)གིས་ཕྱི་བདར་བྱས་ནས་གཙང་བཟོ་གནང་ཆོག་པ་ཡིན། ཡང་ན།

༩། གཉིས་པ། གོང་བཞིན་ཆ་བྱད་དེ་དག་ཆུས་ཏོག་ཙམ་བཀྲུས་རྗེས། ཟོམ་དབྱིབས་རན་པོ་ཞིག་གི་ནང་དུ་ཀོ་ལོ་རིན་ཁུ་བ་ (Chlorine Bleach) བརྒྱ་ཆ་ ༥ ནས་ ༡༠ ཙམ་གྱི་གཤེར་ཁུའི་ནང་དུ་དུས་ཡུན་ཐུང་ངུའི་རིང་སྦངས་རྗེས། གོང་བཞིན་ཡང་བསྐྱར་ཆུ་གཙང་མས་གཙང་བཤལ་བྱས་པས་འཐུས་པ་ཡིན།

༡༠། གསུམ་པ། གོང་བཞིན་ཆ་བྱད་དེ་དག་ཆུས་ཏོག་ཙམ་བཀྲུས་རྗེས། ཆུ་གཙང་ཆ་བཅུའི་ནང་དུ་ (Dettol)  ཆ་གཅིག་བླུགས་པའི་ནང་དུས་ཡུན་སྐར་མ་སུམ་ཅུ་ཙམ་སྦངས་ནས་སླར་ཡང་ཆུ་གཙང་མས་གཙང་བཤལ་བྱེད་དགོས། དེ་རྗེས་སྲིན་བལ་ཆང་བཅུད་ (Spirit) ལྡན་པས་གཙང་ཕྱི་བྱ་དགོས།

༡༡། གོང་གི་རྫས་སྦྱོར་གཙང་སེལ་བྱེད་པའི་སྐབས་སུ་ལག་པ་རྗེན་པ་མ་ཡིན་པར་ངེས་པར་ལག་ཤུབ་བེད་སྤྱོད་གནང་དགོས།

༡༢། གཉན་ནད་རེག་དུག་གི་ནད་པར་ཁྲག་བཙགས་རྗེས་ཟངས་བུམ་མམ་ཤེལ་བུམ་དེ་གཙང་སེལ་བྱས་ནས་ཆ་བྱད་དེ་ཆུ་ཚོད་འགའི་རིང་ཉི་མར་སྐམ་ནས་འཇོག་དགོས། གལ་ཏེ་ཉི་འོད་མེད་པ་ཡིན་ན་ཆ་བྱད་ནང་དུ་བཞའ་ཚན་མ་ཆགས་པའི་ཐབས་ཤེས་ངེས་པར་གནང་དགོས།། 


 

 

མཐའ་མའི་འདོན་ཐེངས་།: 03.09.2020 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།