སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་གཉིས་པ། རྨ་སྤྱིའི་གསོ་ཐབས་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྨ་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །རྨ་ཞེས་བྱ་བའི་རྒྱུ་རྐྱེན་གང་ལས་བྱུང༌། །ངོ་བོ་རྒྱུ་མཚན་ཅི་ལས་མིང་དུ་བཏགས། །དེ་ལ་གནས་པའི་ས་དང་དབྱེ་བ་དུ། །རྟགས་དང་བཅོས་ཐབས་ལོག་གནོན་རྗེས་གཅོད་རྣམས།།འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག།

སྤྱི་དོན་དང་པོ་ལྷན་སྐྱེས་ཀྱི་རྨའི་རྒྱུ་རྐྱེན་རླུང་དང་མཁྲིས་པ་བད་ཀན་ལ། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་པ་ཡིས། །ལྷན་ཅིག་སྐྱེས་པའི་རྨ་རུ་འགྱུར་བ་ཡིན། །གློ་བུར་བའི་རྨའི་རྒྱུ་རྐྱེན་ནི་མདའ་རྡོ་གྲི་མདུང་རྭ་ཤིང་མཆེ་བ་མེ། །ལུས་ལ་བསྣད་པས་གློ་བུར་རྐྱེན་རྨར་འགྱུར།། 

སྤྱི་དོན་གཉིས་པ་འཛག་པ་དྲི་ང་ཚོར་བ་སྡུག་བསྔལ་བཅས། །སྤྱི་དོན་གསུམ་པ་མཚན་ཉིད་ནི་ལུས་ལས་འཕྲལ་དུ་ཉམས་ཤིང་རྨ་བ་ལ། །སྤྱི་དོན་བཞི་བ་མིང་པགས་པ་ཤ་གདན་རལ་ཕྱིར་རྨ་ཞེས་བྱ། །སྤྱི་དོན་ལྔ་བ་གནས་ས་པགས་པ་ཤ་དང་ཆུ་རྒྱུས་རྩ། །ཚིགས་དང་རུས་པ་དོན་སྣོད་བརྒྱད་ལ་གནས། །སྤྱི་དོན་དྲུག་པ་དབྱེ་བ་ལྷན་ཅིག་སྐྱེས་དང་གློ་བུར་གཉིས། །དང་པོ་ལྷན་སྐྱེས་རྨ་ལ་སྤྱི་དང་བྱེ་བྲག་གཉིས་གོང་དུ་སོང་ཟིན། །གློ་བུར་རྨ་ལ་དང་པོ་ཕྱི་མ་རྡོལ་དང་ནང་རྨ་ཟ་ཁུ་དང༌། །བར་མ་ཟུག་པ་ཞེས་བྱ་གསུམ་དུ་འགྱུར། །དང་པོ་ལྷན་སྐྱེས་བྱེ་བྲག་པ་དང་ལྷན་སྐྱེས་གློ་བུར་གཉིས་ལས་དང་པོ་ཕྱི་ནང་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང༌། །རྐང་བམ་མཚན་བར་རྡོལ་དང་བརྒྱད་དུ་བཤད་ཟིན་ཏོ། །གཉིས་པ་གློ་བུར་རྐྱེན་གྱི་རྨ་ལ་རིགས་དང་གནས། །དང་པོ་རིགས་ཀྱིས་དབྱེ་ན་ཡན་ལག་བརྒྱད་པར། རྨ་ནི་བསྣད་པའི་འཕྲལ་དུ་ནི། །འབྱུང་འགྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཐའ་ཡས་ཡིན་ཟིན་ཀྱང་། །ཡན་ལག་རྣམ་པ་བརྒྱད་དུ་བཤད། །བསྡུས་དང་བཅད་དང་རྣམ་པར་བཅད། །རབ་ཏུ་འཕྱང་དང་ལྷུང་བ་དང་། །ཕུག་དང་བཤགས་དང་དཀྲུགས་པའོ། །ཞེས་སོ།  །པགས་པ་བཤུས་གྱེན་ཐུར་དུ་གཤགས་འཕྲེད་དུ་བཅད་པ་དང༌། །རུས་པ་ཐུག་གི་བར་རྣམ་པར་བཅད་དང་རུས་པ་བཅད་ནས་ཤ་ལྷབ་ལྷུབ་པོ་རབ་ཏུ་འཕྱང་བ་དང༌། །ལྷུ་ཚིགས་བྲལ་བ་ལྷུང་དང་རུས་པ་སོགས་གྲུམས་དང་མཚོན་མཆེས་ཕུག་པ་བརྒྱད་ཡིན་ནོ། །གཉིས་པ་གནས་ཀྱིས་དབྱེ་ན་མགོ་དང་བྱང་ཁོག་དང༌། །ཡན་ལག་རྨ་དང་གསུམ་འདུས་རྐེ་རྨ་བཞི།།

སྤྱི་དོན་བདུན་པ་དེ་རྟགས་གསོ་བ་དཀའ་སླ་བརྟག་པ་དང༌། །གནད་ལ་སོང་དང་མ་སོང་བརྟག་པ་དང༌། །རེད་དང་མ་རེད་བརྟག་པ་རྣམ་པ་གསུམ། །དང་པོ་གསོ་དཀའ་བ་ལ་གནས་དང་རང་བཞིན་རྐྱེན། །དང་པོ་རྨ་གནས་མིག་དང་རྣ་བ་སོ་དང་སྣ། །མུར་གོང་རྩིབ་ལོགས་བྲང་དང་ལྟེ་བ་དང༌། །ནུ་མ་མཆན་ཁུང་རླིག་པ་རུས་མགོ་དང༌། །སྒལ་ཚིགས་ཆུ་རྒྱུས་ལས་ཀྱི་བྱ་བ་བྱེད་པའི་ཚིགས་མཚམས་དཀའ། །གཉིས་པ་རྨ་ཡི་རང་བཞིན་སྟེང་ནས་ཐུར་དུ་ཕུགས་ལ་ཁང་པར་འཆས་པ་རྣག་ཁྲག་ཆེར་མི་ཐོན་དང༌། །ཟུག་རྔུ་མདེའུ་ལས་དང་ཉྭ་ཁྲོས་ཆུ་རྒྱུས་རུལ། །རྩ་ཆད་ཚིགས་འཁོར་འབུ་ཞུགས་རུས་མཛེར་ཡོད། །ནང་སྐྱོན་མ་སྦྱངས་རེད་བཅས་གསོ་དཀའ་ཡིན། །གསུམ་པ་རྐྱེན་ནི་སྣུམ་དྲགས་ཟས་དམན་སྨྱུང་བར་འདུག །ཉིན་པར་གཉིད་ལོག་ཉལ་པོ་སྤྱད་པ་དང༌། །བསྒུལ་བསྐྱོད་སྔས་པ་འཚོ་བ་དཀའ་བར་བཤད། །དེ་ལས་གོ་ལྡོག་རྨ་ནི་གསོ་བ་སླ། །གནད་དུ་བབས་པ་གསོས་ཀྱང་འཚོ་མི་འགྱུར། །གཉིས་པ་གནད་ལ་སོང་བ་ཤ་ཚིལ་རུས་པ་དང༌། །ཆུ་རྒྱུས་དོན་སྣོད་རྩ་གནད་རྣམ་བདུན་ཏེ། །དང་པོ་ཤ་གནད་སྐྲངས་ཤིང་བྱེར་ལ་ཁྲོ་བ་ཡིན། །གཉིས་པ་ཚིལ་བུའི་གནད་ལ་སོང་ན་ལྷོག་ཐབས་སྐྲངས། །གསུམ་པ་རུས་གནད་ན་ཞིང་རུས་ཚད་རྐུན་བུར་མ་ཚོར་བ་བགས་ཀྱིས་སྐྱེ། །བཞི་བ་ཆུ་རྒྱུས་གནད་ལ་སོང་ན་ཞ་རེངས་འགྱུར། །ལྔ་བ་དོན་གནད་ཟུག་གཟེར་ཆེ་ཞིང་གཟི་མདངས་འཆོར། །དྲུག་པ་སྣོད་གནད་དྲག་པོར་སྦོ་འཁྲུག་དྲི་ཆུ་སྡོམ། །བདུན་པ་རྩ་གནད་རྩ་ཚད་སྐྱེ་ཞིང་འདུ་བ་འཁྲུག །མདོར་ན་སྒོ་གསུམ་གནད་ལ་ཕེབས་པར་སྟེ་རང་རང་གི་བྱ་བ་སྡམ་པར་འགྱུར། །གནད་ལ་མ་སོང་ཟུག་མེད་དང་ག་བདེ། །ལུས་ཡང་བྱ་བའི་ལས་ལ་བློ་མི་ལྡོག་པར་བྱ་བ་བྱེད་འདོད་ལ།གསུམ་པ་རྨ་རེད་འཕྲལ་གཏམ་ལ་རྨ་རེད་པ་ཟེར་ཡན་ལག་བརྒྱད་པར། ནད་གཞན་འདྲེས་པ་རེད་པ་ཡིན། །དེ་དག་མ་འདྲས་མ་རེད་ཡིན། །ཞེས་རྨ་ལ་གཞན་གྱི་རྐྱེན་དང་བསྡོངས་ན་རེད་པ་ཞེས་བྱའོ། །རྟགས་ལ་སྤྱི་དང་ཁྱད་པར་གཉིས། །དང་པོ་སྤྱི་རྟགས་རྨ་ཁ་རྒྱས་དང་ཞུམ་པ་དང༌། །ཤིན་ཏུ་སྲ་སྙི་མཐོ་འམ་དམའ་བ་འམ། །ཚ་འམ་དྲོད་མེད་དམར་ནག་སྔོ་འམ་སྐྱ། །དྲི་མནམ་འདྲུལ་ཞིང་འཚོར་མི་འདོད་པའོ། །བྱེ་བྲག་རེད་དང་འགྲམས་དང་བྱེར་བ་དང༌། །གཞའ་སྨྱོ་རུས་ཟན་ཅན་དང་རྣམ་པ་དྲུག །དང་པོ་རེད་པ་དེ་ལ་འདུ་བས་རེད་དང་ཟས་སྤྱོད་རེད།  དང་པོ་འདུ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི། །རླུང་གྱུར་སྔོ་ནག་དམར་སྨུག་སྐྱ་བ་ལ། །པགས་པ་རྩུབ་ཙེག་གས་སྙམ་རྣག་ཆུ་སླ། །གཉིས་པ་མཁྲིས་གྱུར་དམར་ལ་ཚ་ཚ་འབྲབ་ཟུག་གཟེར་ཆེ། །མྱུར་དུ་འདྲུལ་ཞིང་རྣག་ཆུ་མང་དུ་འཛག །གསུམ་པ་ཁྲག་གྱུར་མདོག་དམར་ཚ་འཁྱུག་ཁྲག་ཏུ་འཛག །བཞི་བ་བད་གྱུར་ཟུག་ཆུང་འདྲད་འདྲོད་རྨ་ལ་བད་བད་བྱེས་པས་བལ་ལྟར་རོད་མང་ལ་སྐྱ། །གཉིས་པ་ཟས་ཀྱིས་རེད་པ་ཟས་རེད་སྐོམ་རེད་གཉིས། །དང་པོ་ཟས་རེད་རྨ་སྐམས་སྦོས་སམ་འཇིག་པར་བྱེད། །གཉིས་པ་སྐོམ་རེད་ལུས་རྔུལ་རྨ་གཤེར་རྣག་ཆུ་མང༌། །གསུམ་པ་སྤྱོད་ལམ་ཡུལ་རེད་ཉི་ལྷགས་གཉིད་ཆགས་འཇིགས་པ་ལྔ། །དང་པོ་ཉི་རེད་རྣག་ལུས་སྔོ་རྨ་ཧྲིད་གཉེར་མ་འབྱུང༌། །གཉིས་པ་ལྷགས་རེད་སྔོ་སྐྱ་གྲང་འབྲུམ་འོང་བ་ཡིན། །གསུམ་པ་གཉིད་རེད་དབང་པོ་མི་གསལ་ཟས་མི་འདོད། །བཞི་བ་ཆགས་རེད་རྨ་ཁ་འབྱེ་ཞིང་ཁུ་ཚིགས་འོང༌། །ལྔ་བ་འཇིགས་པས་རེད་པ་ན་སྐྲངས་ཤིང་ཟླ་བོ་གྲོགས་འདོད་རྨ་ཁ་སྐམ།  གཉིས་པ་འགྲམས་པ་ཞེ་སྡང་དྲག་ཤུལ་ཉི་མ་རྟ། །ཟས་དང་གདོན་གྱིས་འགྲམས་པ་རྣམ་པ་དྲུག །འགྲམ་པ་དང་པོ་ཞེ་སྡང་ཁྲོ་ཚིག་ཆུ་སེར་ཚ་བ་སྐྱེ། །གཉིས་པ་དྲག་ཤུལ་དྲག་པོར་སྐྲངས་ཤིང་ཁྲག་ཚད་སྐྱེ། །གསུམ་པ་ཉི་མས་འགྲམས་ན་རྨ་སྐམས་ཆུ་བུར་འོང༌། །སྨུག་པོར་སྐྲངས་ཤིང་རྣག་མདོག་དམར་རྩ་འབྱུང༌། །བཞི་བ་རྟ་འགྲམས་འགྲོ་འདོད་མདོག་སྐྱ་རྔུལ་ཞིང་ཚ། །ལྔ་བ་ཟས་འགྲམས་རྨ་མདོག་ལོག་ལ་ཚ་བ་སྐྱེ། །དྲུག་པ་གདོན་འགྲམས་ཚིག་པ་ཟ་ལ་ཐོར་པ་ཡོང༌། །གསུམ་པ་བྱེར་པ་པགས་པ་ཤ་ཚིལ་རྩ་རུས་ཚིགས་ཅེས་པའི།  །དང་པོ་ལྤགས་བྱེར་པགས་འོག་རྣག་ཆུས་ཟོས་པ་སྟེ། །གཉིས་པ་ཤ་བྱེར་ཉྭ་སུལ་བྱེ་ནས་རྣག་བྱེར་ལ། །གསུམ་པ་ཚིལ་བྱེར་དྲེག་དང་བཞི་བ་པགས་པ་བྱེར་བ་ཡིན། །ལྔ་བ་རུས་བྱེར་ཤ་རུས་བར་དུ་རྣག་ཞུགས་པ། །དྲུག་པ་ཚིགས་བྱེར་ཕྱི་ཚིགས་ཡན་ལག་བཞི་ནང་ཚིགས་སྒལ་ཚིགས་འཁོར་བའོ། །བཞི་བ་རྩ་བྱེར་རྩ་ལ་ཆུ་སེར་གྲམ་པ་ཡིས། །འཁྱུག་ཅིང་སྐྲངས་ལ་རྩ་འབྲུམ་འབྱུང་བ་ཡིན། །བཞི་བ་གཞའ་ལ་ཤ་རུས་ཚ་གྲང་རྣམ་པ་བཞིའི་དང་པོ། །ཤ་གཞའ་བ་ནི་ཤའུ་སྐྱེར་མི་འདོད། །གཉིས་པ་རུས་གཞའ་རུས་པའི་སྟེང་ནས་ཤ་མི་སྐྱེ། །གསུམ་པ་ཚ་གཞའ་རྨ་ཁ་ཞིག་ཅིང་ཞོམ་པ་ཤི་རུལ་ལ་རླངས་པ་ཆེ། །བཞི་བ་གྲང་གཞའ་དྲོད་བྲལ་རྨ་ཁ་ཞིག་ཅིང་ཞོམ་ལ་བསྡིབ་པའམ་ཤི་བའོ། །ལྔ་བ་སྨྱོ་ལ་ཤ་ཁྲག་རུས་པ་རྣག་སྨྱོ་བཞི། །སྨྱོ་བའི་དང་པོ་ཤ་སྨྱོ་ཤ་འུ་མཐུག་སྦོབ་རྨ་ཁར་ལུད།  གཉིས་པ་ཁྲག་སྨྱོ་སྨུག་ནག་རེག་ན་ཁྲག་ནག་འཛག །གསུམ་པ་རུས་སྨྱོ་རུས་སྟེང་ཤ་འུ་མཛེར་ཐབས་སྐྱེ། །བཞི་བ་རྣག་སྨྱོ་རྣག་ཆུ་མང་ལ་རྨ་ཁ་མཐོ། །དྲུག་པ་རུས་ཟན་རུས་པ་ལས་དང་ཟུག་རྔུ་ལས། །རྣག་ཤ་མ་ཐོན་རྨ་ཡི་རུས་ཟན་བཞི། །རུས་ཟན་དང་པོ་རུས་པའི་རུས་ཟན་རྨ་ཁ་མཐོ་ལ་སྦོ། །རྣག་ཆུ་ཆད་དུ་མི་འདོད་སྲོ་མ་ཅན། །གཉིས་པ་ཟུག་རྔུའི་རུས་ཟན་ཁ་བྱེ་འུའི་འཕོངས་ལྟ་བུ་རྨར་ཁུང་སུ་ཆགས། །རྣག་མདོག་ཙན་དན་དམར་པའི་མདོག་ལྟ་བུར་མི་ཆད་ཁྲག་ཅན་འཛག །གསུམ་པ་རྣག་གི་རུས་ཟན་སྐྲངས་པ་སྐྱ་ལ་བེམ། །རྣག་ལ་སྐྱེ་འབྲི་ཆེ་ལ་དྲི་མ་མནམ། །བཞི་བ་རྨ་ཡི་རུས་ཟན་རྨ་ཡིས་སྨན་མི་འཇུ། །ཡང་ན་རྨ་ཁ་ཕྱིད་ནས་རླན་པར་འགྲོ། །རེད་འབྱོངས་སྐྱོན་མེད་དམར་ཞིང་རེག་མི་བཟོད། །རྣག་མདོག་སྐྱ་འཇམ་ཤ་འུ་འབྲུམ་ཕྲན་བཅས། །རྨ་ཁ་ལྕགས་གཡས་བསྐོར་ཞིང་བླ་གཉན་ཞེས་པ་བསྣོན་མའི་བརྡ་རྙིང་སྟེ་རྨ་ལ་གཞན་པའི་ནད་གདོན་གྱི་སྣོན་པ་མ་བྱུང་བའི་མིང་མེད་པའོ།།

སྤྱི་དོན་བརྒྱད་པ་གསོ་ཐབས་ལ་སྐྲངས་གཞོམ་རེད་སྦྱང་ཤ་འུ་གསོ།  །ཟས་དང་སྤྱོད་ལམ་འཕྲོད་དང་མི་འཕྲོད་བསྟེན་པ་རྣམས་ནི། །རྨ་གསོ་བའི་དང་པོ་བར་དང་ཐ་མ་ཀུན་ཏུ་ཤེས་པར་བྱ། །དང་པོ་རྨ་གསར་ཞག་གསུམ་སྦང་མས་གདུལ། །ཆང་འགག་ཆུས་མ་བསིངས་བའི་སྦང་གླུམ་སྦང་མས་རླུང་འདུལ་ཆུ་སེར་འཇིབ། །ཆང་བསིངས་གཉིས་པ་སིངས་པོའི་སྦང་མས་རྨ་ཡི་བད་ཀན་སེལ། །ཆུ་ནས་ཡང་ཡང་བཏོན་པའི་དེ་དང་བྲལ་པས་ཁྲག་མཁྲིས་ཚ་བ་འཇོམས།  སྦང་མ་ཐལ་དྲགས་ན་རྨ་འབྱེར་ཤའུ་དོན་པ་དང་རླིག་པའི་རྨ་ལ་སྦང་མ་ཐལ་དྲགས་ན་ཤའུ་དང་འཕྱིད་པའི་འབྲས་བུ་ཕྱིར་འབྱིན་པར་འགྱུར་རོ། །བྱད་གདོང་དང་རྐང་ལག་མཐིལ་བཞི་དང་ཆུ་རྒྱུས་ཀྱི་རྨ་ལ་སྦང་མ་ཐལ་དྲགས་ན་འདྲུལ་བར་རུལ་བ་ལྟར་བྱེད། །ནང་བརྟོལ་བའི་རྨ་ལ་སྦང་མ་ཐལ་དྲགས་ན་ཚ་བ་སྡུད་ཅིང་རུལ་མྱགས་མཆེད། །དེ་ཕྱིར་སྦང་མ་གནས་དུས་ཤེས་པ་གཅེས། །དེ་འོག་དང་པོ་སྐྲངས་པ་ཤོར་ན་འཇིབ་འདུལ་བྱ། །བསིལ་འཇིབས་དྲོད་འཇིབ་རྨ་ཡི་ཚ་གྲང་རྩ་ཆུ་ལ་དྲིས། །འོན་ཀྱང་རྨ་རྣམས་ཕལ་ཆེར་ཚ་བ་སྟེ། །འདི་ལ་གྲང་བ་འབྱུང་བ་དཀོན་པ་ཉིན་སྐར་བཞིན། །བསིལ་བས་བླུག་ཅིང་བྱུག་ལུམས་དང་བདུགས་བྱས་ན། །མེ་ལ་ཆུ་ལྟར་སྐྲངས་པ་ཞི་བར་འགྱུར། །ཚ་རྒྱུ་མཁྲིས་པ་ཁྲག་ལ་གནས་པའི་ཕྱིར། །རྨ་དང་ཁད་གང་ཉེ་རྩ་དང་གང་རྒྱས་པའི་རྩ་ལ་གཏར་པས་ཁྲག་ཤེད་སྨད། །མི་ངན་པ་སྨོད་པའི་རྟེན་གནས་དང་བྲལ་ན་གནོད་པར་མི་ནུས་པ་དང་མཚུངས། །ཤ་རུས་རྩའི་གནད་ལ་ཟེམ་འཇོམས་པ་ལ་གནད་མེད་པར་བཙག་བུས་བཙགས་ཏེ་ཇུ་ཙེས་རྒྱ་འཇང་སོགས་ནས་འོང་བའི་འབྲུ་ཁྲ་མོ་དེས་ཞལ་ཞལ་བྱ། །རུས་སྟེང་རྣམས་ལ་རུས་པ་ལ་ཐུག་པར་བཙག་བུ་བརྡེག །གནད་ཀྱི་སྟེང་དུ་པགས་པ་ཡར་འཐེན་ལ་བཙག་བུས་འཕྲེད་དུ་ཕུག་ལ་གཙག །ཤའི་མེར་དང་སྟོང་སོགས་སུ་ཆུ་སེར་འདུས་སར་དབུགས་པར་ཤིས། །ཕུག་པ་དེ་སྟེང་ཆུ་ཡིས་ཚུགས་ཚད་བསྒྲེང་བར་སྦྲེང་བར་བྱ། །རྗེས་ལ་བསིལ་བའི་ཞུན་ནན་ཤིས་པ་ཡིན། །ཡང་ན་རྔབས་རྭ་བཙུགས་ཏེ་འབུར་བ་དང༌། །གཙགས་བུས་དྲལ་ཏེ་ཆུ་སེར་ཡང་ཡང་འཇིབ། །ཇུ་ཙེ་རྔབས་རྭས་ཤ་ལྤགས་ཆུ་སེར་འདྲེན། །འཕྲལ་དུ་ཟུག་གཅོག་སྐྲངས་པ་རྣག་མི་འཆོར། །སྔས་ན་འཕར་ཞིང་གདོན་སྐྲངས་འབྱེར་བས་སྤང༌། །དེ་རྣམས་ཀུན་གྱིས་ཞི་བར་དཀའ་ན་རྩ་འམ་ལྟོ་ནས་ཕྱི་རྒྱུད་ལྟར་སྦྱང༌། །ནད་ཀྱི་རྒྱུ་ཉིད་རྩད་ནས་འདོན་ཕྱིར་དཔྱད་མཆོག་ནི་སྦྱོང་ཉིད་ཡིན། །ཟུག་མེད་སྐྲངས་པ་སྲ་ལ་རླུང་ཆེ་ན། །ཆུར་གནས་ཉ་སྦལ་སོགས་ཀྱི་ཤ་ཡི་ལུམས་ཀྱང་བསྔགས་པ་ཡིན། །སྲ་བརྟན་ཟུག་ཆུང་བད་རླུང་འཇོམས་པ་ཡི། །སྨན་ཆེན་ཤུ་དག་ལྷོག་དུག་གུ་གུལ་གྱིས་བྱུགས་སྟེང་དྲོ་བའི་དེའི་ཆང་བྲན་བརྔོས་པས་དུགས་ཀྱིས་བདུག །དེ་འོག་འབྲུ་སྣ་བཙོས་ནས་བཏགས་པའི་ལྡེ་གུས་འཇོམས། །ན་ཚ་ཟུག་གཟེར་ཆེ་ན་ཟར་མ་ཏིལ། །ཆ་མཉམ་བརྔོས་ཕྱེ་འོ་མ་སྦྱར་བ་བྱུག །ཤུག་པའི་འབྲུ་དང་རུ་རྟ་རྒྱམ་ཚྭ་ཟར་མ་ཏིལ། །ཕབས་དང་ནས་རྗེན་ཕྱེ་ཞོ་བཙོས་ཞུན་བྱས་ན། །ཞི་དཀའི་སྐྲངས་པ་གང་ཡང་རྣག་ཏུ་འགུགས། །གཉིས་པ་བར་དུ་རེད་སྦྱང་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་འབའ་ཆའི་ལུམས་དང་རུས་སྣའི་ཞུན། །ཡང་ན་དུག་སྣ(རེ་ལྕག་རི་ཤོ་ཀྱི་ལྕེ་སྦང་གར་རྗེན་ཕྱེ་མར་ནག་སྦྱར་བ་)འི་ལུམས་དང་ཞུན་ནན་བྱུག་པ་སོགས་གོང་བཤད་ལྟར་འཕྲོད་ཡང་ཡང་བྱུག་གཅིག་སྟེང་གཅིག་བརྩིགས་སྦྱར། །ཡང་ན་ས་ཡི་ས་སྨྱག་གམ་བྱི་ཁུང་ཤར་ལྟའི་སའམ་སེ་རུལ་ལམ་གྱོ་མོ་རྩ་སྤྲུ་བ་ནན་གྱིས་རྨ་རྒན་གདུལ། །རྨ་ཡི་རེད་སྦྱང་དུར་བྱིད་དནྡ་དང༌། །ཡུང་བ་སྐྱེར་པ་ནིམ་པ་ཤིང་མངར་གསེར་མེ་ཏོག་པ་ཏོ་ལ། །རྒྱམ་ཚྭ་ཏིལ་གྱི་ལྡེ་གུས་རེད་པ་སྦྱོང༌། །ཡང་ན་རུ་རྟ་(དུར་བྱིད་ཡུང་བ་རྒྱ་ཚྭ་)བཞི་འམ་དངུལ་ཐལ་(རྒྱ་ཚྭ་དུར་བྱིད་ཐར་ནུ་དོམ་མཁྲིས་མཚལ་)དྲུག །ཞ་ཉེའི་(དང་དུར་བྱིད་)གཅོད་སྨན་སྦང་འཇིབས་རྣམས་གང་རུང་གིས་ཤ་རོ་གཅོད། །ཡུན་རིང་འཚོ་དཀའ་ཤ་རོ་ལྕགས་ཀྱིས་བསྲེག །གཉིས་པ་བྱེ་བྲག་རེད་པའི་དང་པོ་རླུང་གིས་རེད་པ་སྦྱང་བ་(གླུམ་སྦང་ཚ་བ་སྒ་པི་ཕོ་གསུམ་སྣུམ་འབྲུ་མར་ཞུན་མར་རྐང་མར་ཚིལ་དང་བཞི་ར་མཉེ་ཉེ་ཤིང་ལྕ་བའི་ཆས་དེབ་ཆིང་སྒྱོགས་སོགས་བྱ།  བསིལ་མི་བཏང༌།  ཐལ་བའི་སྐམ་རྩི་བྱུག་པ་)དང༌། །གཉིས་པ་མཁྲིས་པ་རེད་པ་ལ་(ག་བུར་མཁྲིས་པ་ཅུ་གང་ཀ་ར་གདབ།  ཤོ་མང་ངམ་ཞོ་གླན།  བསིལ་བའི་གསེར་ཆས་བྱ།  སྣུམ་མི་བཏང་(གསུམ་པ་ཁྲག་མཁྲིས་སྣ་གདབ་དམར་ཆས་བཙོད་ཞུན་ཚོས་རྡོ་དྲེགས་དམར་པོ་རྣམས་བྱ།  གཏར་ག་གདབ་བྱ་བྱི་བྲུན་དུགས་སོགས་མི་བྱ་)དང་བཞི་བ་བད་ཀན་རེད་པ་(སྔོའི་ཚ་བ་ལྕེ་དབྱི་སྲུབ་གསུམ་མཁྲིས་སྣ་བཅད་འབྱོར་ཡུག་ཤིང་གདབ།  སྦང་གར་ཚ་བ་སྒ་པི་ཕོ་གསུམ་ཕབས་ཀླད་པ་གཡེར་མ་ཞོའི་ཆས་བྱ།  སྣུམ་དང་སྒོ་ང་མི་བཏང་བ་)དང༌། །རེད་པ་གཉིས་པའི་དང་པོ་ཟས་ཀྱི་རེད་པ་ལ་(ཉ་ལྕིབས་ནད་མ་གཡུ་ལོ་ཞོ་བཙགས་ཤ་ཆང་བཏང༌།  འཇིག་ཟས་བསྡམ་ གཉིས་པ་སྐོམ་གྱིས་རེད་པ་ལ་(དོམ་མཁྲིས་རྒྱ་ཚྭ་ཕག་མགོ་ལིག་བུ་མིག་བྱུག འོམ་བུ་བ་ལུ་ཤུག་པ་ཞོ་སྦྱར་གླན་རེད་པ་གསུམ་པའི་ཉི་མས་རེད་པ་ལ་(ཀ་ར་ཤིང་མངར་རའི་འོ་མ་བྱུག་ཉ་ལྕིབས་གླན་ གཉིས་པ་ལྷགས་པས་རེད་པ་མཁན་སྦང་གར་ཚ་བ་སྒ་པི་ཕོ་གསུམ་ལྕམ་འབྲུ་ཞུན་བྱ།  འོལ་སྐོམ་གླན་དང་། །གསུམ་པ་གཉིད་ཀྱིས་རེད་པ་ལ་ག་བུར་ཆུ་བྱུག་ཆུ་རྩ་བག་ཕྱེ་ཞོ་གླན་)དང་བཞི་བ་ཆགས་པརེད་པ་ལ་(མར་ནག་སྤོད་བྲན་བྱུག་ཤ་ཆང་བཏང་) ལྔ་བ་འཇིགས་པས་རེད་པ་(གླ་རྩི་གུ་གུལ་བྱུག་ཞོ་སྦང་གླན་གྲོགས་བསྟེན་པས་)སྦྱང༌། །གཉིས་པ་འགྲམས་པའི་དང་པོ་ཞེ་སྡང་གིས་འགྲམས་པ་ལ་(བསིལ་སྨན་དང་བསིལ་ཆས་ཤོ་མང་རྨར་གླན་བཏང་ཡིད་འོང་གཏམ་དང་གྲོགས་བསྟེན་) གཉིས་པ་དྲག་ཤུལ་གྱིས་འགྲམས་ལ་(ཤོ་མང་གླན་གཏར་ག་བྱ་དལ་བར་སྡོད་) གསུམ་པ་ཉི་མས་འགྲམས་པ་(ཧོང་ལེན་ཉ་ལྕིབས་བྲ་བོ་ཞོ་སྦྱར་བཏང་བ་)དང༌། །བཞི་བ་རྟ་ཡིས་འགྲམས་པ་ལ་(ཀ་རའི་ཐང་བཏང་འབྲི་ཏ་ས་འཛིན་རྟ་སྦངས་བྱུག)དང་། ལྔ་བ་ཟས་འགྲམས་ལ་(བསིལ་བཏང་བཅུད་བསྡམ་)དང་། དྲུག་པ་གདོན་གྱིས་འགྲམས་པ་ལ་(གུ་གུལ་གླ་རྩི་མུ་ཟི་སྤང་སྤོས་ཤ་ཆེན་ཡུངས་ཀར་བྱུགས་པས་)གསོ། །གསུམ་པ་བྱེར་བའི་དང་པོ་པགས་པ་བྱེར་(རྨ་མཁྲིས་སྣས་བཀྲུ་)ཆུ་སེར་བཙག་དང་གཉིས་པ་ཤ་བྱེར་(ཆུ་བཙགས་ལ་སྦང་གར་རྟེན་གྱི་བོང་ངའི་དཀར་པོ་བཅའ་བླུགས་སྐྱ་སྦྱོར་ཕྱིང་དེབ་བྱ། གསུམ་པ་ཚིལ་བྱེར་(ཕྱིང་པས་དུགས་སུག་པ་བོང་དཀར་རེ་རྐོན་ཆུ་རྩ་གྲོ་སྙིང་ཕུར་ཡོག་དཀར་པོར་བསྲེགས་པའི་བྱ་ཐལ་བའི་སྐམ་རྩི་བྱུག་པ་)དང༌། །བཞི་བ་རྩ་བྱེར་(འཕར་རྩ་བསྲེག་ཁྲག་གཏར་དོམ་མཁྲིས་སྟབ་སེང་ཐང་བཏང་མཁྲིས་ནན་བྱ་) ལྔ་བ་རུས་བྱེར་(ལྷ་བ་བྲུད་དོམ་མཁྲིས་སྟབ་སེང་རུ་རྟ་ཚེར་སྔོན་གདབ་)དྲུག་པ་ཚིགས་བྱེར་(ཕུག་ལ་ཁྲུས་ནན་གྱིས་)ཚིགས་བཤལ་དང་རྨ་ཆས་བསྡུ་བར་བྱ། །བཞི་བ་གཞའ་བའི་དང་པོ་ཤ་གཞའ་(ཆང་དང་ལུག་ཤ་བཏང་)གཉིས་པ་རུས་གཞའ་(ཁོང་དུ་ཤ་ཆང་བཏང་ཚ་བ་སྒ་པི་ཕོ་གསུམ་གྱིས་བཀྲུ་དོམ་མཁྲིས་ཡུང་མཚལ་གདབ་)གསུམ་པ་ཚ་གཞའ་(བསིལ་གྱིས་བཀྲུ་ག་བུར་གདབ་)བཞི་བ་གྲང་གཞའ་(གསར་བཅུད་བཏང་དྲོད་ལུམས་བྱ་བ་)དང༌། །ལྔ་བ་སྨྱོ་བའི་དང་པོ་ཤ་མྱོས་དོམ་མཁྲིས་པའི་(རུལ་གཅོད་གདབ་མེས་བསྲེག་)གཉིས་པ་ཁྲག་མྱོས་(རྨ་ལ་ཁྲག་དོན་དོམ་མཁྲིས་སྤྲུ་འབུ་མཁན་པ་སྲན་ནག་སོགས་གཅོད་སྨན་གདབ་)གསུམ་པ་རུས་མྱོས་(བསྲེག་གམ་སྦལ་རྒྱབ་ཆིག་ཐུབ་ལི་ཁྲི་རྐོང་ཆུ་སོགས་བྲུད་ལ་སྨན་གདབ་)བཞི་བ་རྣག་མྱོས་(མེ་བཙའ་གདབ་རྣག་དབྱུང་)བཅད༌།  །རྣག་བཤལ་མི་འདྲ་བ་མང་པོ་བྱུང་ཡང་། རྗེ་ཟུར་མཁར་བས། ཡང་ན་ཐར་ནུ་དུར་བྱིད་དང་། །དན་རོག་ཆུ་རྩ་རེ་ལྕགས་པ། །ཁྲོན་བུ་སྔོ་བུའི་རྩ་བ་དང་། །ལྕུམ་རྩ་ཆ་མཉམ་ལ་སྦྱར་བྱ། །དེ་ཉིད་མཐེབ་ཆེན་ཚད་ཙམ་ལ། །ཟངས་ཐལ་བཟང་པོ་ཐུན་བཟང་གཅིག །ཚ་ལ་ཤིང་མངར་རྒུན་འབྲུམ་དང་། །རྒྱམ་ཚ་ཤིང་ཚ་ཐུན་ཚད་རེ། །བྱང་པ་དམར་ཁྲ་དུག་ཕྲལ་དགུ། །ཞིབ་བཏགས་སྟར་བུའི་ཁུ་བ་ལ། །འདམ་བཏགས་བྱས་པའི་རིལ་བུ་དེ། །མྱོང་བའི་ལག་ལེན་སྤྱི་བཞིན་བཏང་། །གསང་བ་སྦུབ་འདྲེན་ཞེས་བས། །རྣག་རྣམ་མ་ལུས་མྱུར་དུ་འདྲེན། །རྣག་བཤལ་འདི་འདྲ་གཞན་ན་མེད། དྲུག་པ་རུས་ཟན་དང་པོ་རུས་པའི་རུལ་ཟན་(ཁོང་དུ་བྱ་དང་རི་བོང་གི་ཤ་བཏང་མི་རུས་འབྲུག་རུས་འགྲོན་ཐལ་རུ་རྟ་གདབ་དེས་མ་ཐོན་ན་ཤ་དྲས་ལ་རུས་མཛེར་གདོན་། །གཉིས་པ་ཟུག་རྔུའི་རུལ་ཟན་(ཁོང་དུ་ཉ་ཤ་བཏང་རྨ་ལ་ཟུག་རྔུ་འབྱིན་པའི་ཞུན་ཡུ་མོ་མདེའུ་འབྱིན་དང་སྦྲུལ་ཚིལ་གྱིས་བྱ་རུལ་གཅོད་གདབ་རྣག་འཁྱིམས་པ་འདོན་)དང༌། །གསུམ་པ་རྣག་(ལ་རྣག་བཤལ་བྱ་)དང་བཞི་བ་རྨ་ཡི་རུལ་ཟན་དབྱུང་(རྨ་ལ་ཞོ་བཙགས་གླན་སྨན་མི་གདབ་བ་རུ་རའི་ཚི་གུ་གདབ་རྨ་ཕྱིད་ན་ཕྲུམ་གླན་ཆུ་རྩ་གདབ་སྦང་མ་སྤང་)བར་བྱ། །དེ་སོགས་རྨ་རེད་བླ་གཉན་གང་བྱ྄ུང་བསལ། །གསུམ་པ་ཐ་མ་སྐྱོན་སོལ་དག་ནས་རྨ་རྩིས་གསོ། །དང་པོ་གསོ་གཅོད་སྦྲགས་མར་སྦྱར་བ་བཏབ་པ་དང༌། །དེ་རྗེས་འཚོ་སྨན་ཆིག་ཚུགས་སྦྱར་བའོ། །དང་པོ་རྨ་རྩེ་སྟེ་ལི་གྲི་(མཚལ་སེར་མཚུར་ཨ་རུ་སོ་ཆ་སྤོས་དཀར་སྦང་མ་མར་གསར་)བརྒྱད་དང་བཅད་འབྱོར་གཙོ་བོ་ཡུ་གུ་ཤིང་(སྔོའི་ཚ་བ་སྒ་པི་ཕོ་གསུམ་མི་དོམ་ཕག་མཁྲིས་གསུམ་)བདུན། །རྒུ་དྲུས་སེར་པོ་(ཆུ་རྩ་དོམ་མཁྲིས་བྲག་སྤོས་ཆུ་མ་རྩི་)ལྔ་པ་གང་འཛོམ་གསོ་གཅོད་བྱེད༌།  ཐ་མ་མཁྲིས་སྦྱོར་(ལུག་མཁྲིས་བདུན་ཆུ་ཕུལ་ལྔ་ལ་བསྡུས་ལ་བྱའི་ཟེ་ཁྲག་བྲག་སྤོས་མི་དོམ་ཉ་མཁྲིས་སྟག་ཤ་དར་ཡ་ཀན་སྦྱར་བ་རྨ་རྩིར་བཟང་)སྔོ་སྦྱོར་(དར་ཡ་ཀན་སེར་འདབ་ལྕེ་ཚ་བ་སེར་ཆེན་ལྔ་པ་སྐྱེར་ཤུན་སྙི་བ་ཁུར་རྩ་ཤེལ་ཏ་ནག་མའི་ཐང་ཆུ་པ་ཡག་འབྲུ་ཀ་ར་སྦྱར་བ་རྨ་ཀུན་ལ་བཟང་)ཤ་སྦྱོར་སྐྱེམས་འགྲེལ་དུ་ཀཎྜ་ཀ་རི་དང་ཚེར་སྔོན་ཞེས་གསུངས། (ཀྱི་ལྕེ་བྲག་ལྕམ་སྟག་ཤ་ཕག་ལང་པ་རྒུ་དྲུས་དཀར་པོ་བཅད་འབྱོར་ཡུ་གུ་ཤིང་གི་ཁཎྜ་ཆུ་རྩ་བྲག་སྤོས་མཁྲིས་སྣ་མཚལ་དཀར་ཅུ་གང་གུར་ཀུམ་ཀ་ར་གསར་རྙིང་ཀུན་གྱི་རྨ་རྩི་)དང༌། །ཤ་ལ་(སྟག་ཤ་དོམ་མཁྲིས་བྲག་སྤོས་གདབ་)རུས་ལ་(སྟབ་སེང་ཨ་བྱག་དོམ་མཁྲིས་ཚེར་སྔོན་ཨ་བ་)པགས་པ་ལ་(སླང་དྲེག་སྙེ་ནག་ཕ་བ་དགོ་དགོ་དུད་པ་བྱ་བལ་མར་གསར་བྱུག་)དྲེག་ཅེས་པ་རྐང་པའམ་སྤྱི་རྩི་(གཙུག)ལ་ཟེར་གི་(ཁུར་མང་ཁུར་ཆུང་སུམ་ཅུ་ཏིག་)རྨ་རྩིར་བསྟུན། །དེ་རྗེས་རྨེན་པ་བརྟས་པར་བྱ་བ་བ་ནི་(རྨེན་པ་བརྟས་པ་ཆགས་ནས་ཕྱེ་མར་གླན་ཡང་ན་ཤུ་དག་རྒྱམ་ཚྭ་ཚ་བ་གསུམ་ཞུན་མར་རྐང་མར་རེ་རའི་ཁུ་ལུ་བལ་བཙོས་ལ་གླན་པ་)དང༌། །གདོང་པའི་པགས་མདོག་པད་མ་ལྟར་མཛེས་(ལྡོང་རོས་ཚོས་བཙོད་བ་བླ་ཡུང་སྐྱེར་སྦྲང་སྦྱར་བྱུགས་)ཤིང༌། །མགོ་ཡི་རྨེན་པ་སྐྲ་ལོ་སྐྱེད་པར་བྱེད་པ་ལ་ཞོ་བ་(བ་ལང་གི་རྭ་རུས་པ་རྨིག་པ་སྤུ་ལྤགས་ཐལ་ཏིལ་མར་སྦྱར་བ་བྱུག་གོ།།) རྨ་སྤྱིར་ཟས་སྤྱོད་འཕྲོད་དང་མི་འཕྲོད་པ། །རྨ་གསར་པའི་དུས་ན་ཁྲག་འཆོར་ཞིང་སྐྲངས་པའི་ཕྱིར། །ཆུ་དང་རྩམ་པ་བཀུག་སྟེ་སྨྱུང་བར་བྱ། །རྨ་དེ་གནད་མེད་པར་རྨ་དྲོན་རྨ་ཆང་དང་མར་གསར་གྱིས་ཁུ་བ་འཐུངས་པས་རྨ་གནད་ལ་དབབ། །དེ་ཡིས་རྨ་ཡི་ཟུག་ཆུང་རང་བཞིན་གྱིས་རྨ་འབྱོར་པར་བྱེད་པ་ཡིན། །རྨ་རྣམས་སྐྲངས་པ་ཆགས་ཀྱང་མཐེབ་རྗེས་ལེན་ཚ་བ་སྐྱེ་ཞིང་ལུས་ཟུངས་ངན་ལ་ཉམས་ཆུང་དམའ་ན། །ཤ་གསར་པ་དང་ག་བུར་བུར་སྦྲང་བཅུད་ཟས་ཀྱིས་ལུས་ཟུངས་གསོ་བ་བསྔགས། །ཞོ་ཡིས་ཚད་པ་གཅོག་ཅིང་ཁ་ཟས་ལེན། །འོན་ཀྱང་ནན་ལྟར་དུ་རུང་རྣག་བུངས་ཆེ་ན་ཞོས་གནོད། །རྔ་མཛོ་རྟོལ་བྲན་ཤ་གསར་ཤ་འུ་སྐྱེ་ན་ཡང༌། །ཕོ་བ་ངན་ཞིང་ཡས་ལས་འབྱང་ན་དེ་རྔ་བྲན་ཤ་གསར་ཡང་གནོད། །མར་གསར་གྱིས་རྨ་རེད་པར་གྱུར་ཀྱང་རྩ་ཁ་སྡོམ་ན་ཤིས། །ཆང་ནི་ཁྲག་དང་ཆུ་སེར་རྣག་སྐྱེད་དེ། །འོན་ཀྱང་རྨ་གཞའ་པ་དང་ཆུ་རྒྱུས་རེངས་པ་དང་འཁུམས་པ་སོགས་འདུལ་ན་ཆང་བསྔགས། །ཆུ་ཉིད་ཚ་བ་གཅོག་ཅིང་དང་ག་འབྱེད་ན་ཡང་ །སྐྲངས་ཤོར་བ་དང་གདོན་དང་ཕོ་བ་མེ་དྲོད་ངན་པ་ལ་དུག་དང་འདྲ་བས་སྤངས། །ཉ་ཕག་ཤ་ཡིས་རྨ་ཀུན་བཤིག་པའམ་འབིག་པར་བྱེད་པས་སྤང་ལ་འོན་ཀྱང་། །མདེའུ་དམ་པོར་ཟུག་པ་དང་རྨ་འབྲས་འདུལ་བ་ལ་ཉ་ཕག་ཤ་བཏང་། །རི་བོང་ཤ་དང་བྱ་ཤ་རྨ་འབྱེར་རུས་མཛེར་འགོགས། །ཤ་རྙིང་མར་རྙིང་ནང་ཁྲོལ་གྲོལ་སྒོ་ང་རྗེན། །རྨ་རྣམས་ཀུན་ལ་གནོད་དེ་སྤང་བར་བཤད། །རྨ་ཡི་སྐྲངས་དང་ཚ་བ་ཆོགས་པ་དང༌། །རྣག་ཤ་ཐོན་པ་སོགས་རེད་པ་རྣམས་འབྱོངས་ནས་ཟས་ཤ་མར་ཆང་སོགས་བཅུད་སྤྲུག །གཉིས་པ་བྱེ་བྲག་རིགས་ཀྱི་དང་པོ་ཤུས་པ་(སྦྱོར་བ་ལ་མགོ་ཡན་ལག་བྱང་ཁོག་གང་ཡིན་ཡང་པགས་པ་བཤུས་པ་ལ་ཨ་སས་ཟན་དྲོན་བདུག་ཚ་ལ་དོམ་མཁྲིས་གུར་ཀུམ་གདབ་པགས་པ་སྦྱར་ཏེ་ཧེལ་སྲབ་དང་སྤྱིན་ཆུས་སྦྱར། །དེ་སྟེང་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། །ཡང་ན་ པགས་པའི་སྟེང་དུ་མར་དཀར་སྦྲང་རྩི་བསིལ་བའི་སྨན་བྱུགས་ལ་ཕྱིང་པ་བཏང་རས་ཀྱིས་བཅིང་པས་)སྦྱར་ཞིང་གཉིས་པ་གཤགས་པ་(ཤ་གང་ཡང་གྱེན་ཐུར་དུ་གཤགས་ན་ཕར་ཚུར་གཉིས་སུ་སྐྱ་སྦྱོར་ཕྱིང་པ་སྦྱར་ཏེ་སྟོད་སྨད་དུ་སྒྲོ་ལུ་བྱས་གཏན་ལམ་གུ་ཡུ་བྱས་ལ་བསྡམ་ཁ་ཕྱེ་ལ་རྨ་རྩི་གདབ་རྨ་ཁར་སྦང་རོ་གླན།  རླིག་པ་རལ་ན་བཙེམས་ལ་རྐེད་པ་ལ་བཅིང་དུགས་ལུམས་སྤང༌།  ཤ་ཉིལ་ན་དར་སྐུུད་ཀྱིས་བཙེམས་ཕྱིང་དེབ་བཏང༌།  ཤིང་བྱང་གིས་བསྡམ། །གསུམ་པ་བཅད་པའི་རྨ་(ཤ་གང་ཡང་འཕྲེད་དུ་བཅད་ན་རྨ་སྟོད་སྨད་དུ་ཕྱིང་པ་སྦྱར་གཞན་བཅོས་ལུགས་གཤགས་པ་བཞིན་)དང་བཞི་བ་རྣམ་པར་བཅད་པ་(རུས་པ་ལ་ཐུག་པར་ཆད་ན་ཧེལ་གེ་སྤྱིན་སྦྱར་གྱིས་ཟམ་བུ་བཏང་དེའི་སྟེང་དུ་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིངས་ཏེ་)འཐུད། །ལྔ་བ་འཕྱང་བ་བཅད་(རུས་པ་ཆོད་ནས་ཤ་ཁམ་ཙམ་ལས་པ་དེ་བཅད་ནས་ཁད་སྤུ་གཞུག་)ཅིང་དྲུག་པ་ལྷུང་ན་ཁད་སྤུ་གཞུག །ཤ་ལ་སྐྱ་སྦྱོར་དང་ཕྱིང་དེབ་བཏང་དེའི་སྟེང་དུ་ཤིང་བྱང་ལྔ་དྲུག་བཏང་འབྲེང་པས་བསྡམ་བསྣོལ་མཚམས་སུ་ཀྱི་གུ་ཐིག་གུ་བསྣོལ་བས་གཅུས་ལ་མར་དུ་བཙོ་དེ་ནས་ཁ་ཞུན་དང་རྨ་རྩི་ཚུལ་བཞིན་བྱ་རྩ་རྒྱུད་རྣམས་མེས་མནན་ནོ། །བདུན་པ་གྲུམས་པ་བཅིང་(འོ་མ་བསྐོལ་བ་འབྲས་ཐུག་སྐམ་སའི་ཤ་ཁུ་སྦྱིན་གཞན་ཆག་པ་འཆིང་བ་དང་འདྲ་)ཞིང་བརྒྱད་པ་ཕུག་པའི་ཆུ་སེར་དྲང་། (།ཀླད་པ་ཕུག་པ་དང་བྱང་ཁོག་ཕུག་པ་གཉིས་རང་རང་གི་ལེའུར་གསལ།  ཡན་ལག་ཤ་འདམ་ཆེ་སར་ཐུར་དུ་ཕུག་ཆེས་ན།  རྨར་ཤེལ་ཏའི་རེང་བུ་གཞུག  རྒྱབ་ནས་ཆུ་ལྕག་བྱ་རྨ་ཕུག་ན་ཚུར་ལ་ཕྱིང་པས་གཅུས་ལ་རྨ་བཅར་ལ་གདབ།  མདོར་ན་རྨ་གཏིང་དུ་ཆུ་སེར་མི་འཁྱིམ་པར་བྱའོ། །རྣག་ཕུགས་ཆེས་ན་ཛཱ་ཏི་པུཥྤའི་མར་སྦྱར།  ཛཱ་ཏི་པུཥྤ་ནིམ་པ་པ་ཏོ་ལ་ཡུང་སྐྱེར་བ་སྤྲུ་ཧོང་ལེན་སྤྲ་ཚིལ་སྦང་མ་བཙོད་ཤིང་མངར་ཀ་རཉྫ་ཨ་རུའི་སྨན་མར་བཟའ་བྱུག་རྨ་ནང་བླུག །ཁ་ཆུང་གཏིང་རིང་ཕུག་བཅས་རྣག་འཛག་སེལ་ལོ།) །ཞེས་གསུངས་སོ།།

 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྨ་སྤྱིའི་གསོ་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།