སྨན་རྩིས་དྲ་བ། - འཕྲོད་བསྟེན།

ཨེ་ཛིའི་སྔོན་འགོག་ཤེས་བྱའི་དྲིས་ལན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.01.2014
འཕྲོད་བསྟེན། >>

 

ཨེ་ཛིའི་འགོ་ནད་སྔོན་འགོག་ཤེས་བྱའི་དྲིས་ལན། 



མཚོ་སྔོན་པོ་དྲ་བ་ལས་བཤུས། 

 

 1. ཨེ་ཛིའི་ནད་ནི་གང་འདྲ་ཞིག་ཡིན།

        ཨེ་ཛིའི་ནད་ནི་ཤི་ཚད་མཐོ་བའི་འགོས་ནད་ཚབས་ཆེན་གྱི་རིགས་ཤིག་ཡིན། དེའི་གསོ་བ་རིག་པའི་མིང་ཧྲིལ་བོར“རྗེས་གྲུབ་རང་བཞིན་གྱི་ནད་འགོག་ནུས་ཤུགས་ཞན་པའི་སྣ་མང་ནད་རིགས”(AIDS)ཞེས་བྱ། མིང་འདི་ལྟར་བཏགས་པ་དེས་མཚན་ཉིད་གསུམ་བསྟན་ཡོད་དེ། དང་པོ། རྗེས་གྲུབ་རང་བཞིན་ཞེས་པ་ནི་དེའི་ནད་རྐྱེན་ནི་ལྷན་སྐྱེས་མིན་པར་རྗེས་སུ་གྲུབ་པ་ཡིན་ལ། ཨེ་ཛིའི་ནད་ཀྱི་ནད་དུག་ལས་བྱུང་བའི་འགོས་ནད་ཅིག་ཡིན། གཉིས་པ། ནད་འགོག་ནུས་ཤུགས་ཞན་པ་ཞེས་པ་ནི་གཙོ་བོ་ནད་དུག་གིས་མིའི་ལུས་ཀྱི་ནད་འགོག་ནུས་པའི་མ་ལག་ཉམས་པར་བྱས་ཏེ་ནད་འགོག་ནུས་ཤུགས་ཀྱི་མ་ལག་གི་སྔོན་འགོག་ནུས་ཤུགས་ཞན་པར་བཏང་བའམ་ཉམས་པར་བྱས་པ་ལ་ཟེར། གསུམ་པ། སྣ་མང་ནད་རིགས་ཞེས་པ་ནི་ནད་ཐོག་ནད་རྟགས་སྣང་ཚུལ་གྱི་ཐད་ནས་བཤད་ན། ནད་འགོག་ནུས་ཤུགས་ཉམས་པ་ལས་བྱུང་བའི་མ་ལག་སྣ་མང་ཅན་གྱི་གོ་སྐབས་རང་བཞིན་གྱི་འགོ་མཆེད་དང་སྐྲན་རིགས་ལས་བྱུང་བའི་རྙོག་དྲའི་ནད་རྟགས་སྣ་མང་ཅན་ཞིག་ཡིན།

2.   ཨེ་ཛིའི་ནད་འགོས་ཡོད་མཁན་དང་ཨེ་ཛིའི་ནད་པའི་བར་ཁྱད་པར་ཅི་ཞིག་ཡོད།
        ཨེ་ཛིའི་ནད་ཀྱི་ནད་དུག་མིའི་ཕུང་གསེང་ལ་འཛུལ་རྗེས་རྒྱུ་སྐྱེད་པ་ལ་དུས་ཡུན་ངེས་ཅན་དགོས། ཐོག་མའི་དུས་རིམ་ནང་། ནད་འགོས་ཡོད་མཁན་དེ་ཉིད་འགོ་ནད་ལས་ཐར་བའི་ནུས་པར་ད་དུང་གཏོར་བརླག་ཚབས་ཆེན་ཐེབས་མེད་པས། ནད་རྟགས་མངོན་གསལ་ཞིག་མེད། ང་ཚོས་འདི་ལྟ་བུའི་མི་ལ་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་ཞེས་འབོད། ནད་འགོས་ཡོད་མཁན་དེ་ཉིད་ཀྱི་སྔོན་འགོག་ནུས་པར་གཏོར་བརླག་ཚད་ངེས་ཅན་ཞིག་ཐེབས་རྗེས། ནད་དུག་གཞན་དག་རྣམས་གླགས་བསྟུན་གྱིས་མིའི་ཕུང་གསེང་ལ་སིམ་འགྲོ། འདིའི་སྐབས་སུ། ནད་འགོས་ཡོད་མཁན་དེ་ཨེ་ཛིའི་ནད་པར་ཆགས་འགྲོ།  ཨེ་ཛིའི་ནད་ཀྱི་ནད་དུག་འགོས་མཁན་ནས་ཨེ་ཛིའིི་ནད་པར་ཆགས་པའི་བར་ཟླ་བ་ཁ་ཤས་ནས་ལོ་ཁ་ཤས་འགོར་བ་དང་སྤྱིར་བཏང་ལོ8-10བར་ཡིན་ལ། ཆེས་རིང་ན་ལོ19ཡིན།

3.   ལུས་ཕུང་བདེ་ཐང་ཅན་གྱི་མི་ལ་ཨེ་ཛིའི་ནད་ཀྱི་ནད་དུག་ཇི་ལྟར་འགོས་པ་རེད།
        ཨེ་ཛིའི་ནད་ནི་གཙོ་བོ་འཁྲིག་སྦྱོར་དང་གཤེར་ཁྲག   མ་བུའི་བར་བཅས་གསུམ་བརྒྱུད་ནས་འགོས་པ་རེད།

4.  ཨེ་ཛིའི་ནད་གསོ་བཅོས་བྱེད་ཐུབ་བམ།
        མིག་སྔར་ད་དུང་ཨེ་ཛིའི་ནད་སངས་དྲག་ཏུ་གཏོང་མི་ཐུབ་མོད། འོན་ཀྱང་གསོ་བཅོས་བྱེད་ཐུབ། ཨེ་ཛིའི་ནད་ཕོག་ཚེ་ནད་རྟགས་གཞི་བྱས་ཏེ་གང་མགྱོགས་དང་ཧུར་ཐག་གིས་གསོ་བཅོས་བྱེད་དགོས། གལ་སྲིད་གློ་ནད་བྱུང་ཚེ་གང་མགྱོགས་ཀྱིས་གློ་ནད་གསོ་བཅོས་བྱེད་དགོས་པ་དང་། ཆམས་ནད་ཕོག་ཚེ་དུས་ཚོད་དམ་འཛིན་གྱིས་ཆམས་ནད་གསོ་བཅོས་བྱེད་དགོས། དེ་མིན། མིག་སྔར་ནད་དུག་སྔོན་འགོག་གི་གསོ་བཅོས་བྱེད་ཐབས་ཤིག་ཡོད་པས། མིའི་ཕུང་གསེང་གི་ཨེ་ཛིའི་ནད་ཀྱི་ནད་དུག་རྩ་བ་ནས་མེད་པར་གཏོང་མི་ཐུབ་ནའང་། ནུས་ཡོད་ཀྱི་སྒོ་ནས་ནད་དུག་སྐྱེ་འཕེལ་ལ་སྔོན་འགོག་བྱེད་ཐུབ། འདི་ལྟར་བྱས་ན་ཨེ་ཛིའི་ནད་ཀྱི་ནད་དུག་ཕོག་མཁན་ཚོའི་ཚེ་ཐག་རིང་དུ་བསྲིངས་བར་ བྱ་ངེས།

5.  ཨེ་ཛིའི་ནད་ལ་ནད་རྟགས་གང་དག་ཡོད།
        ཨེ་ཛིའི་ནད་ཀྱི་ནད་དུག་འགོས་པ་ནས་ཨེ་ཛིའི་ནད་པར་ཆགས་པའི་བར་དུ་དུས་སྐབས་གསུམ་དུ་བགོས་ཆོག་སྟེ།
        (1)  དྲག་སྐྱེད་འགོ་ཁྱབ་ཀྱི་དུས་སྐབས། དེ་ནི་སྤྱིར་བཏང་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ནས་གཟའ་འཁོར2-6ནང་མངོན་ཡོང་། དེ་ལ་ཚ་རྒྱག་པ་དང་། མིད་པ་ན་བ། རྨེན་འབྲས་སྐྲངས་པ། པགས་འབྲུམ་འབྱུང་བ་སོགས་ཀྱི་ནད་རྟགས་མངོན་པ་ཡིན། སྤྱིར་བཏང་ལྟར་ན་གཟའ་འཁོར་གཉིས་ལ་རྒྱུན་མཐུད་བྱས་རྗེས་རང་ཤུགས་སུ་ན་ཟུག་ འཇོམས་འགྲོ   ཡིན་ནའང་མི་ཡོད་ཚད་ལ་དྲག་སྐྱེད་འགོ་ཁྱབ་ཀྱི་དུས་སྐབས་མངོན་གསལ་ཡོད་པ་མིན། དེའི་མངོན་ཚད་ཧ་ལམ50%-75%ཡིན། དུས་སྐབས་འདིར་ནད་འགོས་ཡོད་མཁན་གྱི་ལུས་སྟེང་དུ་འགོ་ཁྱབ་སླ་བའི་རང་བཞིན་ ཡོད།
        (2)  ནད་རྟགས་མེད་པའི་འགོ་ཁྱབ་ཀྱི་དུས་སྐབས། དེའི་ཁྱད་ཆོས་ནི་ནད་རྟགས་མངོན་གསལ་མེད་པ་དང་། དེ་ནི་ཨེ་ཛིའི་ནད་ཀྱི་བག་ལ་ཉལ་བའི་དུས་སྐབས་ཡིན། ནད་རྟགས་མི་མངོན་པའི་དུས་སྐབས་ནང་གི་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་དེའི་ལུས་སྟེང་དུ་འགོ་ཁྱབ་སླ་བའི་རང་བཞིན་ཡོད་པས་ན། དེར་ཨེ་ཛིའི་ནད་ཀྱི་ནད་དུག་འཆང་མཁན་ཞེས་ཀྱང་བྱ། དུས་སྐབས་འདིའི་ཨེ་ཛིའི་ནད་ཀྱི་ནད་དུག་དུག་སྲིན་ཁྱབ་ཚད་ཧ་ལམ100%བསླེབས་ཡོད།
        (3)  ཨེ་ཛིའི་ནད་ཀྱི་དུས་སྐབས། ལུས་ཡོངས་ནས་ནད་རྟགས་མངོན་ཡོང་སྟེ། དཔེར་ན། ངེས་བརྟན་མེད་པར་དུས་ཡུན་རིང་བོེ་གཉོམ་ཚ་རྒྱག་པ་ལྟ་བུ། རྒྱུན་མཐུད་རང་བཞིན་དང་ལུས་ཡོངས་རང་བཞིན་གྱིས་རྨེན་མདུད་ཆེ་ཆེར་སྐྲངས་པ། ལྷག་པར་དུ་དཔྱི་འགོའི་མཚམས་ཤར་མ་ཡིན་པའི་ལུས་ཡོངས་ཀྱི་གཉིས་ཆའི་ཡན་གྱི་ རྨེན་མདུད་ཆེ་ཆེར་སྐྲངས་ཤིང་། སྤྱིར་བཏང་དུ་ཆེ་ཆུང་ལ་ལིས་སྨི1ཙམ་ཡོད་པ་དང་ན་ཟུག་མེད་པ་ལྟ་བུ།  དལ་སྐྱེད་རང་བཞིན་གྱིས་དུས་ཡུན་རིང་བོར་ཁོག་པ་བཤལ་བ་ལྟ་བུ། ཟླ་བ་གསུམ་གྱི་ནང་ནས་ལུས་ཀྱི་ལྗིད་ཚད10%ལྷག་མར་ལྷུང་འགྲོ་བ་ལྟ་བུ།  གྲང་རྔུལ་ཐོན་པ་སྟེ། དང་ཐོག་མཚན་མོར་གྲང་རྔུལ་ཐོན་པ་དང་། ཕྱིས་སུ་ཉིན་དཀར་ཡང་གྲང་རྔུལ་ཐོན་པ་ལྟ་བུ། ཐང་ཆད་ཅིང་ལུས་ཤུགས་ཤིན་ཏུ་ཟད་པ་དང་། དྲན་པ་ཉམས་པ། མགོ་ཡང་ཡང་ན་བ། ཚོར་སྣང་ཞན་པ་དང་ཐ་ན་གླེན་ཁོབ་རུ་འགྱུར་བ་ལྟ་བུ། གློ་ཚད་དང་འདུས་འདྲིལ། རྒྱུ་ཚད་འབྱུང་བ་དང་ཐ་ན་སྐྲན་ནད་ཀྱང་འབྱུང་བ་ལྟ་བུ། ཨེ་ཛིའི་ནད་ཀྱི་ནད་དུག་དུག་སྲིན་འགོག་རྫས་ཕོ་རྟགས་ཅན་དུ་འགྱུར་བ་ལྟ་བུ་ལ་ སོགས་པའི་ནད་རྟགས་མངོན་ནོ། །

6.  ཨེ་ཛིའི་ནད་ཀྱི་ནད་དུག་ཕོག་ཡོད་མཁན་དག་མགྱོགས་པོར་ཤི་འགྲོ་བ་ཡིན་ནམ།
        ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཚེ་མགྱོགས་པོར་མི་ཤི།  ནད་རྟགས་མི་མངོན་པའི་དུས་སྐབས་ཇི་ལྟར་རིང་ན། ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་ཀྱི་ཚེ་ཐག་ཡང་དེ་ལྟར་རིང་། དེ་བས་ན། ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་ཚོས་རང་ལ་དམའ་འབེབས་གཏན་ནས་བྱེད་མི་རིགས་པར་ཐབས་བརྒྱ་ཇུས་སྟོང་གིས་ནད་མི་འཕར་བའི་དུས་ཚད་རིང་དུ་བསྲིངས་དགོས། ནད་འཕར་བའི་དུས་སུ་མ་བསླེབས་ཚེ་ཨེ་ཛིའི་ནད་ཀྱི་ནད་དུག་འཆང་མཁན་གྱིས་རྒྱུན་ལྡན་གྱི་མི་དང་འདྲ་བར་འཚོ་བ་རོལ་བ་དང་ལས་ཀ་གང་རུང་དུ་བསྒྲུབས་ཆོག།
 
7. ཨེ་ཛིའི་ནད་ཀྱི་ནད་དུག་འཁྲིག་སྦྱོར་བརྒྱུད་ནས་འགོ་བ་དེ་ཇི་ལྟར་སྔོན་འགོག་བྱེད་དགོས།
        ཨེ་ཛིའི་ནད་ཀྱི་ནད་དུག་འཁྲིག་སྦྱོར་བརྒྱུད་ནས་འགོ་བ་སྔོན་འགོག་བྱེད་པར་བདེ་འཇགས་ཀྱི་འཁྲིག་པ་སྤྱོད་དགོས། གཅིག་ནས་ཕན་ཚུན་ལ་བློ་དཀར་ཞིང་། ཨེ་ཛིའི་ནད་འགོས་མེད་པའི་འཁྲིག་པ་སྤྱོད་རོགས་གཅིག་ལས་མེད་པ་བྱ་དགོས། གཉིས་ནས་དུས་རྒྱུན་འཁྲིག་པ་སྤྱོད་དུས་སྦྲུམ་འགོག་འགྱིག་ཤུབས་བེད་སྤྱོད་ལེགས་པོ་བྱེད་དགོས།

8.  མཚན་མའི་ནད་དམ་རེག་དུག་གིས་ཨེ་ཛིའི་ནད་འགོ་ངེས་པའི་ཚད་ཇེ་མཐོར་གཏོང་སྲིད་དམ།
        སྲིད་དེ། རྒྱུ་མཚན་ནི་མཚན་མའི་ནད་རིགས་མང་པོ་ཞིག་གིས་སྐྱེ་འཕེལ་དབང་བོར་གཉན་ཚད་རྒྱས་པ་དང་ཡང་ན་རུས་འགྱུར་བཟོ་པས། པགས་སྐྱི་དང་འབྱར་སྐྱི་རལ་བར་བྱས་འགྲོ  གལ་སྲིད་འདིའི་སྐབས་སུ་ཨེ་ཛིའི་ནད་ཀྱི་ནད་དུག་འགོས་ཡོད་མཁན་དང་འཁྲིག་སྦྱོར་བྱུང་ཚེ། ཕ་རོལ་བོའི་ཁུ་བ་དང་མངལ་ལམ་ཟགས་ཐོན་གཤེར་ཁུ་ཁྲོད་ཀྱི་ཨེ་ཛིའི་ནད་ཀྱི་ནད་ དུག་དེ་པགས་སྐྱིའམ་འབྱར་སྐྱི་རལ་བོ་བརྒྱུད་ནས་ཕུང་གསེང་ལ་སིམ་འགྲོ།  དེའི་སྟབས་ཀྱིས། རེག་དུག་ཅན་གྱི་ནད་པར་སྤྱིར་བཏང་གི་མི་དང་བསྡུར་ན་ཨེ་ཛིའི་ནད་འགོ་སླ་བ་དང་ ཁྱབ་སྤེལ་བྱེད་སླའོ།།
གལ་སྲིད་རང་ཉིད་ལ་རེག་དུག་གི་ནད་འགོས་ཡོད་པར་སེམས་ཁྲལ་ཡོད་ན་སྨན་ཁང་དུ་ ཕྱིན་ཏེ་བརྟག་དཔྱད་བྱེད་རྒྱུ་ནི་ཐབས་ཤེས་ཆེས་ལེགས་པོ་ཡིན། རེག་དུག་གི་ནད་བྱུང་ཚེ་ལམ་སེང་སྨན་ཁང་དུ་ཕྱིན་ཏེ་གསོ་བཅོས་ཚད་ལྡན་བྱེད་པ་ལས་གང་བྱུང་དུ་སྨན་བསྟེན་པ་དང་སྨན་པ་འཁྱམ་པོའི་སར་ཕྱིན་ན་ནད་ཀྱི་བཅོ་ཡུན་ལ་འགོར་འགྱངས་བྱས་ནས། མཇུག་འབྲས་མི་ལེགས་པ་འབྱུང་སྲིད། ད་དུང་མི་ཁ་ཅིག་གིས་སྨན་པའི་ངག་བཅོལ་ལྟར་གསོ་བཅོས་ཕུ་ཐག་ཆོད་པ་མི་བྱེད་པར་ནད་རྟགས་ཅུང་ཞི་དུལ་དུ་སོང་ཚེ་རང་འགུལ་གྱིས་གསོ་བཅོས་བྱེད་མཚམས་འཇོག་པར་བྱེད། འདི་ལྟར་བྱས་ཚེ་སངས་དྲག་ཆོད་པ་ཞིག་མི་ཡོང་བས། ཚབས་ཆེ་བའི་རྟེན་འབྱུང་གི་ནད་མང་པོ་ཞིག་ཀྱང་སློང་སྲིད།

9.  སྦྲུམ་འགོག་འགྱིག་ཤུབས་ལ་ཇི་ལྟར་རྒྱུས་ལོན་ཡང་དག་པ་བྱེད་དགོས་སམ།
        སྦྲུམ་འགོག་འགྱིག་ཤུབས་ཀྱིས་མངལ་སྦྲུམ་པ་འགོག་ཐུབ་པར་མ་ཟད་རེག་དུག་གི་ནད་དང་ཨེ་ཛིའི་ནད་ཀྱང་སྔོན་འགོག་བྱེད་ཐུབ།  ཡིན་ཡང་། སྤུས་ཚད་ལོངས་པའི་སྦྲུམ་འགོག་འགྱིག་ཤུབས་བེད་སྤྱོད་བྱས་པ་འགྲིག་ན་ད་གཟོད་ བདེ་འཇགས་ཡིན། སྦྲུམ་འགོག་འགྱིག་ཤུབས་བེད་སྤྱོད་བྱེད་པར་གཤམ་གྱི་གནད་འདི་ཚོར་མཉམ་འཇོག་བྱ་དགོས།
        (1) ཐོན་སྐྱེད་བཟོ་གྲྭ་དང་གོ་ཆོད་དུས་ཚོད་ལ་གསལ་བོར་བལྟ་དགོས། སྦྲུམ་འགོག་འགྱིག་ཤུབས་ཀྱི་ཐུམ་སྒྲིལ་སྒམ་ཆུང་སྟེང་ཐོན་སྐྱེད་བཟོ་གྲྭ་དང་ཐོན་སྐྱེད་ཟླ་ཚེས་དང་བཀོལ་སྤྱོད་དུས་ཚད་གསལ་འགོད་བྱས་ཡོད་ངེས། དེ་དག་གསལ་བོར་བཀོད་མེད་ཚེ་ཚད་ལྡན་སྦྲུམ་འགོག་འགྱིག་ཤུབས་མིན་ནོ། །
        (2) དུས་ཚད་ལོན་པའི་སྦྲུམ་འགོག་འགྱིག་ཤུབས་བེད་སྤྱོད་བྱེད་མི་རིགས་ཏེ། མདོག་སེར་པོར་གྱུར་ཡོད་པ་དང་འགྱིག་སྲ་མོར་ཆགས་ཡོད་པ་རྣམས་ཀྱང་བཀོད་མི་རུང་།
 

མཐའ་མའི་འདོན་ཐེངས་།: 08.01.2014 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།