སྨན་རྩིས་དྲ་བ། - ཆེད་རྩོམ།

ཨཱརྱ་བྷ་ཊས་བཤད་པའི་གོ་ལའི་འཁོར་བགྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.10.2016
ཆེད་རྩོམ། >>

 


སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་རིམ་པ་བཤད་པ།

༥ ཨཱརྱ་བྷ་ཊའི་རྩིས་གཞུང་ཨཱརྱ་བྷ་ཊི་ཡམ་ལས་བཤད་པའི་གོ་ལའི་འཁོར་བགྲོད།

 (ཀུན་བཏུས། པོད་དང་པོ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།


 

            དུས་རབས་ལྔ་པའི་ནང་བྱོན་པའི་ན་ལེནྡྲའི་སྐར་རྩིས་རིག་པའི་མཁས་པ་ཨཱརྱ་བྷ་ཊ་ཞེས་པ་དེས།36* ཆོས་མངོན་པ་དང་དུས་འཁོར་གྱི་གཞུང་སོགས་ལས་བཤད་པའི་རྣམ་གཞག་དང་ཚུལ་མི་འདྲ་བར། སྒོར་དབྱིབས་ཅན་གྱི་སྐར་ཚོགས་ཀྱི་དབུས་སུ་གཟའ་སྐར་གྱི་འཁོར་ལམ་གྱིས་བསྐོར་བའི་ནམ་མཁའི་དབུས་སུ་འབྱུང་བ་བཞིའི་རང་བཞིན་ཅན་གྱི་སའི་གོ་ལ་གནས་ཤིང་། དེ་ཡང་དབྱིབས་ཟླུམ་པོ་ཡིན་པར་བཤད་དེ། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་རྩིས་གཞུང་ཨཱརྱ་བྷ་ཊི་ཡམ་ཞེས་པ་ལས།

སྐར་ཚོགས་སྒོར་མོའི་དབུས་སུ་འཁོར་ལམ་གྱིས།།

ཡོངས་སུ་བསྐོར་བའི་ནམ་མཁའི་དབུས་ལ་ནི།།

ས་ཆུ་མེ་དང་རླུང་གི་རང་བཞིན་གྱི།།

ས་ཡི་གོ་ལ་ཀུན་ནས་ཟླུམ་པ་ཉིད།།37 ཅེས་འབྱུང་།


            ཡང་དཔེར་ན། གྲུ་ལ་ཞུགས་ནས་མདུན་དུ་བསྐྱོད་པའི་ཚེ་བརྟན་པར་གནས་པའི་རི་བོ་རྣམས་ལྡོག་ཕྱོགས་སུ་འགྲོ་བར་སྣང་བ་ལྟར། སའི་གོ་ལ་རང་ཉིད་ནུབ་ནས་ཤར་དུ་འཁོར་བའི་དབང་གིས་བརྟན་སྐར་རྣམས་ནམ་མཁའི་ཚངས་ཐིག་ལས་ཤར་ནས་ནུབ་ཏུ་འགྲོ་བ་ལྟར་སྣང་ཡང་། དོན་ལ་བརྟན་སྐར་རྣམས་འགྲོ་བ་མེད་པར་ཡང་བཤད་དེ། དེ་ཉིད་ལས།

གྲུ་ལ་ཞུགས་ནས་མདུན་དུ་འགྲོ་བ་ན།།

རི་བོ་ལྡོག་ནས་འགྲོ་བར་མཐོང་བ་ལྟར།།

བརྟན་སྐར་རྣམས་ནི་ལངྐའི་མཉམ་ཐིག་ལས།།

ནུབ་ཏུ་འགྲོ་བ་ཉིད་ནི་དེ་བཞིན་ནོ།།38 ཞེས་སོ། །


            འོ་ན་སྐར་མ་དེ་དག་འགྲོ་བ་མེད་ན་འཆར་བ་དང་ནུབ་པར་སྣང་བ་འདི་ཅི་ཡིན་ཞེ་ན། དེ་ཉིད་ལས།

འཆར་བ་དང་ནི་ནུབ་པའི་རྒྱུ་མཚན་ནི།།

རྒྱུན་དུ་བཞོན་པའི་རླུང་ལ་བརྟེན་ནས་ནི།།

ས་གཞི་ཉིད་ནི་གཟའ་དང་བཅས་པ་ནི།།

ལངྐའི་ཚངས་ཐིག་ལ་ནི་འཁོར་བར་བྱེད།།39

ཅེས་བརྟན་སྐར་རྣམས་འཆར་ནུབ་བྱེད་པའི་རྒྱུ་མཚན་ནི། ས་གཞི་གཟའ་དང་བཅས་པ་རླུང་ལ་བརྟེན་ནས་ལྷོ་བྱང་གི་སྣེ་གཉིས་ལྟེ་བར་བྱས་པའི་དབུས་ཀྱི་ཚངས་ཐིག་ལ་རང་འཁོར་རྒྱག་བཞིན་འཁོར་བའི་དབང་གིས་ཡིན་པར་གསུངས་པ་སོགས། གོ་ལའི་འཁོར་བགྲོད་དང་། ཉིན་མཚན་གྱི་ཁྱད་པར་དང་རིང་ཐུང་། ཉི་ཟླ་གཟའ་འཛིན་སོགས་སྐར་རྩིས་དང་འབྲེལ་བའི་གནད་མང་པོ་ཞིག་ལ། དེང་རབས་ཀྱི་ཚན་རིག་གི་རྒྱུ་སྐར་རིག་པའི་ལྟ་ཕྱོགས་དང་ཤིན་ཏུ་མཐུན་པའི་གནས་མང་པོ་ཞིག་གསལ་བར་རྩིས་ཀྱི་ལམ་ནས་གཏན་ལ་ཕབ་པར་མཛད་དོ། །


36* སློབ་དཔོན་འདི་ཕྱི་ནང་གང་ཡིན་སྐོར་ལ་བཤད་ཚུལ་མི་མཐུན་ཡང་། ན་ལེནྡྲར་སློབ་གཉེར་མཛད་པ་ལ་རྩོད་པ་མེད། ཨིན་ཇིའི་ཚིག་མཛོད་(Britannica Learning Library p 27) ལྟར་ན། སློབ་དཔོན་དེ་ནང་པ་ཡིན་པ་དང་། དུས་རབས་བདུན་པའི་ནང་གི་ཧིན་དུའི་སློབ་དཔོན་ཚངས་པ་སྦས་པའི་རྩིས་གཞུང་ཚངས་པའི་དོན་གསལ་ཞེས་པའི་ནང་ཨཱརྱ་བྷ་ཊ་ལ་དགག་པ་ཐོན་པ་དང་། ཡང་དུས་རབས་བཅུ་གཉིས་པའི་ནང་གི་སྐར་རྩིས་རིག་པའི་མཁས་དབང་ཧིན་དུའི་སློབ་དཔོན་ཉིན་བྱེད་གཉིས་པའི་རྩིས་གཞུང་གྲུབ་མཐའ་གཙུག་གི་ནོར་བུ་ཞེས་པའི་ནང་དུའང་། གོ་ལའི་ལེའུའི་ཚིགས་བཅད་བདུན་པ་དང་དགུ་པ་གཉིས་སུ་རིམ་བཞིན། “སྐར་ཚོགས་རྒྱུན་དུ་འཁོར་བར་མཐོང་བ་ལས། །ས་འདི་འཛིན་བྱེད་རྟེན་གྱིས་སྟོང་པ་ཡིན། །ལྕི་དངོས་མཁར་གནས་ནུས་པ་མ་མཐོང་བས། །མཁའ་ནས་ཐུར་དུ་འགྲོ་ཞེས་ནང་པས་བཤད། །” ཅེས་ཨཱརྱ་བྷ་ཊའི་འདོད་པ་དེ་ནང་པའི་འདོད་ཚུལ་དུ་སྨྲས་པ་དང་། ཡང་། “མཁའ་ལ་འཕེན་པའི་ལྕི་བའི་དངོས་པོ་ནི། །ས་ལ་ལྷུང་བར་མཐོང་བར་གྱུར་ཀྱང་ནི། །ས་གཞི་མཁའ་ནས་ཐུར་དུ་འགྲོ་ཞེས་པའི། །ནང་པའི་བློ་གྲོས་ངན་དེ་ཇི་ལྟར་ཡིན། །”ཞེས་ས་གཞི་ཟླུམ་པོ་རང་འཁོར་རྒྱག་པའི་འདོད་ཚུལ་ལ་དགག་པ་མཛད་སྐབས། ཕྱོགས་སྔ་མ་སློབ་དཔོན་ཨཱརྱ་བྷ་ཊ་ནང་པ་ཡིན་པ་གཞིར་བཞག་མཛད་པ་སོགས་འབྱུང་།

37 ཨཱརྱ་བྷ་ཊི་ཡམ། གོ་ལའི་ལེའུ། ཚིགས་སུ་བཅད་པ། ༦

38 གོང་མཚུངས། ཚིགས་སུ་བཅད་པ། ༩

39 གོང་མཚུངས། ཚིགས་སུ་བཅད་པ། ༡༠


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྟོད་ཆ། ཀུན་བཏུས་པོད། ༡ པོ་ནས་ཟུར་འདོན་ཞུས།



 

 

 

སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་རིམ་པ་བཤད་པ།

༥ ཨཱརྱ་བྷ་ཊའི་རྩིས་གཞུང་ལས་བཤད་པའི་གོ་ལའི་འཁོར་བགྲོད།

 (ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

            དུས་རབས་ལྔ་པའི་ནང་བྱོན་པའི་ན་ལེནྡྲའི་སྐར་རྩིས་རིག་པའི་མཁས་པ་ཨཱརྱ་བྷ་ཊ་ཞེས་པ་དེས།25 ཆོས་མངོན་པ་དང་དུས་འཁོར་གྱི་གཞུང་སོགས་ལས་བཤད་པའི་རྣམ་གཞག་དང་ཚུལ་མི་འདྲ་བར། སྒོར་དབྱིབས་ཅན་གྱི་སྐར་ཚོགས་ཀྱི་དབུས་སུ་གཟའ་སྐར་གྱི་འཁོར་ལམ་གྱིས་བསྐོར་བའི་ནམ་མཁའི་དབུས་སུ་འབྱུང་བ་བཞིའི་རང་བཞིན་ཅན་གྱི་སའི་གོ་ལ་གནས་ཤིང་། དེ་ཡང་དབྱིབས་ཟླུམ་པོ་ཡིན་པར་བཤད་དེ། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་རྩིས་གཞུང་ཨཱརྱ་བྷ་ཊི་ཡམ་ཞེས་པ་ལས།

སྐར་ཚོགས་སྒོར་མོའི་དབུས་སུ་འཁོར་ལམ་གྱིས། །

ཡོངས་སུ་བསྐོར་བའི་ནམ་མཁའི་དབུས་ལ་ནི། །

ས་ཆུ་མེ་དང་རླུང་གི་རང་བཞིན་གྱི། །

ས་ཡི་གོ་ལ་ཀུན་ནས་ཟླུམ་པ་ཉིད།།26 ཅེས་འབྱུང་།


            ཡང་དཔེར་ན། གྲུ་ལ་ཞུགས་ནས་མདུན་དུ་བསྐྱོད་པའི་ཚེ་བརྟན་པར་གནས་པའི་རི་བོ་རྣམས་ལྡོག་ཕྱོགས་སུ་འགྲོ་བར་སྣང་བ་ལྟར། སའི་གོ་ལ་རང་ཉིད་ནུབ་ནས་ཤར་དུ་འཁོར་བའི་དབང་གིས་བརྟན་སྐར་རྣམས་ནམ་མཁའི་ཚངས་ཐིག་ལས་ཤར་ནས་ནུབ་ཏུ་འགྲོ་བ་ལྟར་སྣང་ཡང་། དོན་ལ་བརྟན་སྐར་རྣམས་འགྲོ་བ་མེད་པར་ཡང་བཤད་དེ། དེ་ཉིད་ལས།

གྲུ་ལ་ཞུགས་ནས་མདུན་དུ་འགྲོ་བ་ན།།

རི་བོ་ལྡོག་ནས་འགྲོ་བར་མཐོང་བ་ལྟར།།

བརྟན་སྐར་རྣམས་ནི་ལངྐའི་མཉམ་ཐིག་ལས།།

ནུབ་ཏུ་འགྲོ་བ་ཉིད་ནི་དེ་བཞིན་ནོ།།27 ཞེས་སོ། །


            འོ་ན་སྐར་མ་དེ་དག་འགྲོ་བ་མེད་ན་འཆར་བ་དང་ནུབ་པར་སྣང་བ་འདི་ཅི་ཡིན་ཞེ་ན། དེ་ཉིད་ལས།

འཆར་བ་དང་ནི་ནུབ་པའི་རྒྱུ་མཚན་ནི།།

རྒྱུན་དུ་བཞོན་པའི་རླུང་ལ་བརྟེན་ནས་ནི།།

ས་གཞི་ཉིད་ནི་གཟའ་དང་བཅས་པ་ནི།།

ལངྐའི་ཚངས་ཐིག་ལ་ནི་འཁོར་བར་བྱེད།།28

ཅེས་བརྟན་སྐར་རྣམས་འཆར་ནུབ་བྱེད་པའི་རྒྱུ་མཚན་ནི། ས་གཞི་གཟའ་དང་བཅས་པ་རླུང་ལ་བརྟེན་ནས་ལྷོ་བྱང་གི་སྣེ་གཉིས་ལྟེ་བར་བྱས་པའི་དབུས་ཀྱི་ཚངས་ཐིག་ལ་རང་འཁོར་རྒྱག་བཞིན་འཁོར་བའི་དབང་གིས་ཡིན་པར་གསུངས།


            ཡང་ཉི་འཛིན་དང་ཟླ་འཛིན་ཇི་ལྟར་འབྱུང་ཚུལ་ཡང་གཞུང་དེ་ཉིད་ལས།

སྒྲིབ་པར་བྱེད་དོ་ཟླ་བས་ཉི་མ་སྟེ།།

ས་གཞིའི་གྲིབ་ནག་ཆེན་པོས་ཟླ་བ་ཡང་།།29

ཞེས་གནམ་སྟོང་གི་ཚེ་ན་ཟླ་བས་ཉི་མ་སྒྲིབ་པར་བྱེད་ཅིང་། ཉ་ལ་ས་གཞིའི་གྲིབ་ནག་ཆེན་པོས་ཉི་མ་སྒྲིབ་པར་བཤད་པ་སོགས་གོ་ལའི་འཁོར་བགྲོད་དང་། ཉིན་མཚན་གྱི་ཁྱད་པར་དང་རིང་ཐུང་། ཉི་ཟླ་གཟའ་འཛིན་སོགས་སྐར་རྩིས་དང་འབྲེལ་བའི་གནད་མང་པོ་ཞིག་ལ་དེང་རབས་རྒྱུ་སྐར་རིག་པའི་ལྟ་ཕྱོགས་དང་ཤིན་ཏུ་མཐུན་པའི་གནས་མང་པོ་ཞིག་གསལ་བར་རྩིས་ཀྱི་ལམ་ནས་གཏན་ལ་ཕབ་པར་མཛད་དོ། །


 

25 སློབ་དཔོན་འདི་ཕྱི་ནང་གང་ཡིན་སྐོར་ལ་བཤད་ཚུལ་མི་མཐུན་ཡང་། ན་ལེནྡྲར་སློབ་གཉེར་མཛད་པ་ལ་རྩོད་པ་མེད། ཨིན་ཇིའི་ཚིག་མཛོད་(Britannica Learning Library p 27) ལྟར་ན། སློབ་དཔོན་དེ་ནང་པ་ཡིན་པ་དང་། དུས་རབས་བདུན་པའི་ནང་གི་ཧིན་དུའི་སློབ་དཔོན་ཚངས་པ་སྦས་པའི་རྩིས་གཞུང་ཚངས་པའི་དོན་གསལ་ཞེས་པའི་ནང་ཨཱརྱ་བྷ་ཊ་ལ་དགག་པ་ཐོན་པ་དང་། ཡང་དུས་རབས་བཅུ་གཉིས་པའི་ནང་གི་སྐར་རྩིས་རིག་པའི་མཁས་དབང་ཧིན་དུའི་སློབ་དཔོན་ཉིན་བྱེད་གཉིས་པའི་རྩིས་གཞུང་གྲུབ་མཐའ་གཙུག་གི་ནོར་བུ་ཞེས་པའི་ནང་དུའང་། གོ་ལའི་ལེའུའི་ཚིགས་བཅད་བདུན་པ་དང་དགུ་པ་གཉིས་སུ་རིམ་བཞིན། “སྐར་ཚོགས་རྒྱུན་དུ་འཁོར་བར་མཐོང་བ་ལས། །ས་འདི་འཛིན་བྱེད་རྟེན་གྱིས་སྟོང་པ་ཡིན། །ལྕི་དངོས་མཁར་གནས་ནུས་པ་མ་མཐོང་བས། །མཁའ་ནས་ཐུར་དུ་འགྲོ་ཞེས་ནང་པས་བཤད། །” ཅེས་ཨཱརྱ་བྷ་ཊའི་འདོད་པ་དེ་ནང་པའི་འདོད་ཚུལ་དུ་སྨྲས་པ་དང་། ཡང་། “མཁའ་ལ་འཕེན་པའི་ལྕི་བའི་དངོས་པོ་ནི། །ས་ལ་ལྷུང་བར་མཐོང་བར་གྱུར་ཀྱང་ནི། །ས་གཞི་མཁའ་ནས་ཐུར་དུ་འགྲོ་ཞེས་པའི། །ནང་པའི་བློ་གྲོས་ངན་དེ་ཇི་ལྟར་ཡིན། །”ཞེས་ས་གཞི་ཟླུམ་པོ་རང་འཁོར་རྒྱག་པའི་འདོད་ཚུལ་ལ་དགག་པ་མཛད་སྐབས། ཕྱོགས་སྔ་མ་སློབ་དཔོན་ཨཱརྱ་བྷ་ཊ་ནང་པ་ཡིན་པ་གཞིར་བཞག་མཛད་པ་སོགས་འབྱུང་།

26 ཨཱརྱ་བྷ་ཊི་ཡམ། གོ་ལའི་ལེའུ། ཚིགས་སུ་བཅད་པ། ༦

27 གོང་མཚུངས། ཚིགས་སུ་བཅད་པ། ༩

28 ཨཱརྱ་བྷ་ཊི་ཡམ། གོ་ལའི་ལེའུ། ཚིགས་སུ་བཅད་པ། ༡༠

29 ཨཱརྱ་བྷ་ཊི་ཡམ། གོ་ལའི་ལེའུ། ཚིགས་སུ་བཅད་པ། ༣༧

 

- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།

 

 

 

 

 

མཐའ་མའི་འདོན་ཐེངས་།: 03.10.2016 ཉིན། 12:22 PM

<< སྔ་མ།