སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

སྨན་སྦྱིན་སློབ་ཁང་གི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


ཕྱི་ལོ་ ༡༩༦༡ ནས་ ༡༩༦༧ བར་སྨན་སྦྱིན་ཁང་གི་གནས་བབས།

སྐབས་དེའི་བགྱི་སྒོ་སྤྱི།

ཕྱི་ལོ་ ༡༩༦༡ ལོར་སྨན་སྦྱིན་ཁང་དངོས་སུ་མགོ་འཛུགས་གནང་ཞིང་། དེ་ཡང་ཆོས་དོན་ལྷན་ཁང་གི་སྟངས་འཛིན་འོག་སྨན་པ་ཡེ་ཤེས་དོན་ལྡན་སྨན་དགེར་བསྐོ་བཞག་གནང་བ་དང༌དུས་མཚུངས་སུ་དགེ་ཕྲུག་ཏུ་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་བྱམས་པ་བསོད་ནམས་སམ་རྒན་ལྷ་དབང་ལགས་དང་། བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་སྨན་སློབ་ཏུ་ཆེད་བཅུག་བྱས་ཏེ་ཟླ་ཤས་སོང་པའི་རྗེས། སླར་ཡང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར་རྣམ་གྲྭ་ཡེ་ཤེས་བསོད་ནམས་དང་། བྱམས་པ་བསྟན་འཛིན། བྱམས་པ་དབང་འདུས། ལྷག་ཆུང་། ངག་དབང་འཇིགས་མེད། སེར་སྨད་གྲྭ་བློ་བཟང་ཆོས་འཕེལ་བཅས་བསྡུ་བསྐོངས་ཀྱིས་སྨན་སློབ་འཛིན་གྲྭ་ཐོག་མ་དེ་དངོས་སུ་ཚུགས་ཤིང་། དེ་ཚོ་དང་ལྷན་དུ་སྨན་དགེ་ཡེ་ཤེས་དོན་ལྡན་ཁོང་གི་ཤག་གི་དགེ་ཕྲུག་བློ་བཟང་ལགས་ཀྱིས་ཀྱང་སྨན་ལ་སློབ་སྦྱོང་བྱས་འདུག

 

སྐབས་དེ་དུས་ཕྱི་ནང་གི་མཐུན་རྐྱེན་ཧ་ཅང་ཉག་ཕྲ་ནའང་དགེ་སློབ་རྣམས་དཔའ་ཞུམ་བག་འཁུམ་གྱིས་ཡིད་ཐང་མ་ཆད་པར་སློབ་གཉེར་གྱི་ཞོར་དུ་ངྷ་སའི་ཉེ་འཁྲིས་དང་རི་རྩེ་སོགས་སུ་ཡོད་པའི་སྨན་རྒྱུ་རྣམས་འཐུ་སྒྲུབ་གནང་དགོས་ཡོད་ལ། ངྷ་སའི་ཉེ་འཁོར་དུ་མེད་པའི་སྨན་རྒྱུ་གང་མང་ཞིག་གཞན་ནས་ཉོ་སྒྲུབ་བྱེད་དགོས་པས་སྨན་རྒྱུའི་མ་རྩ་སྐུ་སྒེར་ནས་གསོལ་བསྩལ་གྱིས་རྒྱུན་བཀོལ་སྨན་སྣ་གྲངས་འགའ་ཤས་སྡེབ་སྦྱོར་བྱས་ཏེ་རྡོ་གཞོང་ཆུང་ངུ་ཞིག་གི་ནང་རྡུང་སྣུར་བྱས་ནས་ནད་པ་ལ་སྨན་སྦྱིན་གནང་མགོ་ཚུགས།

 

          སྨན་སྦྱིན་སློབ་ཁང་དེ་ནི་མེག་ལོཊ་གན་ཇ་ནས་ཀི་ལོ་མི་ཊིར་གཅིག་ཙམ་སོང་བའི་སར་ཡོད་ལ། ས་ཁད་མཐོ་ཞིང་མཐོང་རྒྱ་ཡངས་པ་དང༌། ཁ་ཁུ་སིམ་པ། ཁོར་ཡུག་ཀུན་ཤིང་ནགས་ཀྱིས་བསྐོར་ཞིང་མཁའ་རླུང་གཙང་ལ་མཛེས་སྡུག་ལྡན་པས་སློབ་གཉེར་བྱེད་སའི་གནས་མཆོག་ཅིག་རེད། སྐབས་དེར་སློབ་གཉེར་ཁང་ཆུང་ངུ་དེའི་འཛིན་སྐྱོང་གི་གཙོ་འགན་རང་གཞུང་ཆོས་དོན་ལྷན་ཁང་ནས་གནང་མུས་འོག་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་ནད་པར་སྨན་སྦྱིན་དང༌། སྨན་སྦྱིན་ཁང་གི་འཛིན་སྐྱོང༌། སྨན་སློབ་རྣམས་ལ་དཔེ་འཁྲིད་སོགས་གཅིག་ལྕོགས་སུ་གནང་རྒྱུའི་ཐུགས་འགན་བསྐོ་བཞག་བྱས་འདུག་ལ།

 

སློབ་གཉེར་བ་རྣམས་ལ་དཔེ་འཁྲིད་དང་རང་སྦྱོང་གི་དུས་ཚོད་ཉུང་ངུ་ལས་མེད་པར་དུས་ཚོད་མང་ཆེ་བ་སྨན་རྒྱུ་འཐུ་སྒྲུབ་དང་། ལག་པའི་ནུས་ཤུགས་ཁོ་ན་ལ་བརྟེན་ནས་གསོལ་སྨན་སྦྱོར་རྡུང་སྒྲིལ་གསུམ་སོགས་ལས་དོན་སྣ་མང་ཡོད་པ་མ་ཟད། འཚོ་གྲོན་ཡང་སྐམ་ཕོགས་ཁོ་ན་ལ་བརྟེན་དགོས་པ་སོགས་དཀའ་ངལ་ཇི་སྙེད་ཅིག་འཕྲད་ནའང༌། དགེ་སློབ་རྣམས་ནས་ངལ་བ་ཁྱད་བསད་དང་ཆོད་སེམས་ཀྱི་དམ་བཅའ་བརྟན་པོས་བོད་ཀྱི་གསོ་བ་རིག་པའི་བསྟན་པའི་མེ་རོ་བསྐྱར་གསོ་བྱེད་རྒྱུ་ནི་རང་རང་གི་ཕྲག་ཏུ་བབས་པའི་ཁུར་འགན་ཡིན་པར་ངོས་འཛིན་གྱིས་ལྷག་བསམ་ཟོལ་མེད་དང་རང་ནུས་གང་ཡོད་བཏོན།

 

དེ་ཡང་སྤྱིར་གསོ་བ་རིག་པའི་བསྟན་པ་དང་སྒོས་སུ་སྨན་སྦྱིན་སློབ་ཁང་དེའི་གཞི་རྐང་ཚུགས་ཐབས་སུ་དཀའ་སྤྱད་དྲག་པོས་ཡོད་ཚད་བློས་བཏང་གནང་ཡོད་པ་དེ་དུས་ཀྱི་རྒན་རབས་པ་དག་གི་གསུང་རྒྱུན་དང་ཡིག་ཚགས་དག་ཏུ་གསལ་ཞིང་། སྐབས་དེ་ལ་མཚོན་ན་དེང་དུས་ཀྱི་གློག་ཀླད་དང་ལག་འཁྱེར་ཁ་པར། དྲ་བ་དྲ་རྒྱ་སོགས་ཕར་ཟད། ལྕགས་པར་སོགས་ཀྱི་མཐུན་རྐྱེན་ཙམ་ཡང་མེད་པའི་གནས་སྟངས་འོག་འཆད་ཁྲིད་སློབ་ཚན་ལ་དགོས་ངེས་ཀྱི་དཔེ་རྒྱུན་རེ་ཟུང་གི་མ་དཔེ་ལག་བྲིས་ཁོ་ནའི་ངལ་བ་ཁྱད་བསད་ཀྱིས་སློབ་ཚན་ཁག་ཅིག་ཆེད་སྒྲིག་ཞུས་པ་དཔལ་ལྡན་རྒྱུད་བཞི་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་འགྲེལ་བ་བཻ་སྔོན། ནུས་པ་ཕྱོགས་བསྡུས་ཕན་བདེ་ལེགས་བཤད་བཅས་ཡིན་ཞིང་། དེ་བཞིན་དུ་ཉེར་མཁོའི་རིག་གནས་སྐོར་དང་རྒྱལ་རབས་ལོ་རྒྱུས་བཅས་ཡིན་ཡང་ཕྱག་དཔེ་དེ་དག་མི་རེ་ངོ་རེར་འདང་ངེས་ཤིག་མེད་པར་ཕན་ཚུན་གཡར་རེས་དང་མཉམ་གཟིགས་སོགས་ཀྱི་གནས་སྟངས་འོག་སློབ་གཉེར་བྱས་ཡོད།

 

གཞན་ཡང་དཔར་རིས་ཀྱི་ཕྱོགས་ནས་ྋགོང་ས་མཆོག་གི་སྐུ་པར། སྨན་རྒྱལ་སྐུ་ཐང་། སྨན་གཞུང་གི་བསྡུས་དོན། སྡོང་འགྲེམ། ལུས་ཐིག་བཅས་ཀྱི་དཔེ་རིས་ཁ་ཤས་བཅས་ལས་མེད།        སྐབས་དེར་ཟླ་རེའི་འགྲོ་གྲོན་སྒོར་ ༢༠༠༠།༠༠ ཙམ་ཡིན་པ་གཙོ་ཆེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནང་བཞིན་ཡོད།

 

ཕྱི་ལོ་ ༡༩༦༡ ལོར་སྨན་སྦྱིན་ཁང་དབུ་ཚུགས་དུས་དགེ་སློབ་རྣམས་ལས་གཞན་གསོ་རིག་ལས་དོན་ལ་རོགས་འདེགས་བྱེད་མཁན་གྱི་དམིགས་བསལ་ལས་བྱེད་སུ་ཡང་མེད་པར་ཁོང་ཚོས་ལོ་དེའི་ནང་རྟེན་གཞི་གསར་བ་ཞིག་བཙུགས་པ་དང་མཉམ་དུ་འབྱུང་འགྱུར་གྱི་ཡར་རྒྱས་རྒྱ་སྐྱེད་ལ་ཁ་ཕྱོགས་ཏེ། ལས་འཆར་གང་མང་ཞིག་ཀྱང་བསྒྲིགས་འདུག་པ་དངོས་གནས་བློ་སྤོབས་སྐྱེ་འོས་པ་ཞིག་རེད།

 

གཞན་ཡང་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་བོད་སྨན་སློབ་གྲྭ་འཛིན་སྐྱོང་རྒྱུན་གནས་ཐུབ་ཐབས་སུ་དེབ་སྐྱེལ་བྱ་ཕྱོགས་དང་། རྒྱ་སྐྱེད་ཡར་རྒྱས་གཏོང་སྟངས་སོགས་ཚུད་པའི་ཐབས་ཤེས་ཡོད་རྒུ་གནང་བའི་དཔེ་མཚོན་གསལ་ཤོས་ནི།

 

དེ་དུས་ནས་སློབ་གྲྭ་དེ་ཉིད་རྒྱ་གར་གཞུང་གི་ཁྲིམས་མཐུན་དེབ་སྐྱེལ་བྱ་རྒྱུ་དང་ལས་གཞི་རྒྱ་བསྐྱེད་ཀྱིས་གསོ་རིག་སློབ་གཉེར་ཁང་ཚད་ལྡན་ཞིག་བསྐྲུན་ཐུབ་བྱ་རྒྱུ་སོགས་ཡིན་པ་སྐབས་དེའི་ལས་འཆར་ཡིག་ཆ་ཞིག་བཀའ་ཤག་ངེས་མེད་ཡིག་ཚགས་ལས་ཤེས་རྟོགས་བྱུང་།

 

དེ་ཡང་འབྱུང་འགྱུར་སྨན་གྱི་སློབ་གྲྭ་དེ་བཞིན་དིལླིིར་ཡོད་པའི་བོད་ཀྱི་ཁང་པའི་ཚོགས་པ་དེའི་འོག་ཏུ་དེབ་སྐྱེལ་ཡོང་ཐབས་བྱས་ཤིང་། དེའི་རྒྱུ་མཚན་བོད་ཁང་གི་ཚོགས་པ་དེ་ནི་ལག་ཤེས་དང་ཚན་རིག་ཡར་རྒྱས་གཏོང་བའི་ཆེད་དིལླིི་སོ་ས་ཡི་ཌི་  ༡༨༦༠  ལོར་ཚོགས་པའི་ཁྲིམས་ལུགས་དེབ་སྐྱེལ་ཨང་ ༢༡ དང་། ཕྱི་ལོ་ ༡༩༥༡ པན་ཇཱབ་ཚོགས་པའི་དེབ་སྐྱེལ་ཨང་ ༣༡ པའི་ནང་དུ་བཟོ་བཅོས་བརྒྱབ་པ་ལྟར་བཙུགས་པ་ཞིག་ཡིན་སྟབས་དེབ་སྐྱེལ་བྱ་བདེའི་ཆེད་དུ་ཡིན་པར་འཁོད།  དེབ་སྐྱེལ་དེ་ལྟར་བྱུང་རྗེས་ལས་འཆར་ཆེན་པོ་བཞི་ཡོད་པའི་དང་པོ་བོད་སྨན་གྱི་སློབ་གྲྭ་དང་། གཉིས་པ་བོད་སྨན་གྱི་མཐོ་རིམ་སློབ་གྲྭ། གསུམ་པ་བོད་སྨན་གྱི་སྨན་ཁང་། བཞི་བ་བོད་སྨན་གྱི་ཉམས་ཞིབ་སློབ་གཉེར་ཁང་བཅས་འཛུགས་འཆར་གསལ་ཡོད།

 

བོད་སྨན་གྱི་སློབ་གྲྭའི་ནང་གི་སློབ་ཚན་གྱི་རིམ་པ་ནི། རང་བཞིན་རིག་གནས་ཀྱི་ཚན་རིག་དང་། བོད་སྨན་གྱི་ལྟ་བ། གཤགས་བཅོས་ལག་ལེན། བོད་ཧིན་ཨིིན་ཇི་བཅས་ཡིན་ལ། སློབ་གྲྭའི་ཆ་རྐྱེན་རྣམས་ནི། སྤྱི་འགྲོའི་ལྟར་ (S.S.C) ཞེས་པའི་སློབ་ཐོན་ལག་འཁྱེར་ངེས་པར་དགོས་ཀྱང་།  སློབ་གྲྭ་དེ་ཐོག་མར་མགོ་འཛུགས་སྐབས་སློབ་ཐོན་ལག་འཁྱེར་མེད་ཀྱང་བོད་ཀྱི་ཆོས་དང་མཚན་ཉིད་སྐོར་སོགས་ཤེས་ཡོན་ལེགས་གྲས་རྣམས་ལ་ལག་འཁྱེར་སྤྲད་དེ་སློབ་གྲྭར་ཚུད་ཐུབ་པ་བྱ་རྒྱུ་ཞེས་འཁོད། སྐབས་དེར་སྨན་སློབ་ཕལ་མོ་ཆེ་དགེ་འདུན་པ་ཡིན་སྟབས་བོད་ཡིག་གི་ཤེས་ཚད་ལེགས་པོ་ཡོད་ཀྱང་།  ཨིན་ཡིག་སོགས་ཕྱིའི་སྐད་ཡིག་སློབ་སྦྱོང་གི་གོ་སྐབས་བྱུང་མེད་པར་བརྟེན། ཡིག་ཚད་དེ་སློབ་ཚན་གྱི་ཚད་གཞི་ནས་ཧིན་དྷུ་དང་ཨིིན་ཇི་ཕྲན་བུ་ཉུང་བ་ལས་དེ་མིན་རྒྱ་གར་སློབ་གྲྭ་ཁག་གི་ཡིག་ཚད་དང་མཐུན་པའི་ལག་འཁྱེར་གྲ་སྒྲིག་བྱ་རྒྱུ། ལོ་ཡུན་ལོ་ལྔ་ཡིན་པས་ལོ་རེའི་ནང་འཛིན་གྲྭ་རེ་འཕར་རྒྱུ་བཅས་ཀྱི་འཆར་ཟིན་ཙམ་དུ་བཀོད་འདུག སློབ་སྦྱོང་གི་དུས་ཚིགས་ནི་དབྱར་དགུན་གཉིས་སུ་བགོས་ཏེ་དབྱར་དུས་སློབ་དུས་ཁག་གསུམ་དང་དགུན་དུས་ཁག་གསུམ། སྨན་གྱི་མཐོ་རིམ་སློབ་གྲྭའི་ནང་དུ་ཚུད་པ་ལ་བོད་སྨན་སློབ་གྲྭ་ནས་ཐོན་པའི་ལག་འཁྱེར་དང་ཡང་ན་བོད་དུ་སྨན་སློབ་ཀྱི་ལག་འཁྱེར་ཚད་ལྡན་ཡོད་པ་བཅས་སློབ་མ་གསར་བསྡུའི་ཆ་རྐྱེན་དུ་བཞག་འདུག། སློབ་ཚན་ནི་སྨན་གྱི་ལྟ་བ་མཐོན་པོའི་རིགས་དང་། Pathology and Pharmacology རིགས་ཀྱི་སློབ་སྦྱོང་བྱེད་རྒྱུ་དང་སློབ་ཡུན་ལོ་གསུམ།

 

དེ་ཡང་ལོ་རེའི་ནང་སློབ་ཐེངས་གཉིས་གོང་བཞིན། བོད་སྨན་ཉམས་ཞིབ་སློབ་གཉེར་ཁང་དེའི་ལས་འགན་ནི། སྐྱེ་དངོས་རིགས་དཔེར་ན་མེ་ཏོག་རྩི་ཤིང་སོགས་སྔོ་སྨན་རིགས་དང་སྲོག་ཆགས་རིགས་བོད་སྨན་ནང་མ་གསལ་བའི་སྨན་སྣ་དང་།  བོད་ལ་ཐོན་ཁུངས་མེད་རིགས་ཡར་རྒྱས་དང་རྒྱ་ཆེར་གཏོང་ཆེད་རྒྱ་གར་དང་ཕྱི་རྒྱལ་ཁག་ལ་སློབ་སྦྱོང་གཏོང་ཐབས་བྱ་རྒྱུ། བོད་ལ་མེད་པའི་ནད་རིགས་གསར་བ་རྣམས་ལ་བོད་ལུགས་ཀྱི་སྒོ་ནས་སྨན་བཅོས་བྱ་རྒྱུ། བོད་པའི་སྨན་གཞུང་ནས་གསུངས་པའི་གཟུགས་པོའི་འགྲེལ་བཤད་སྐོར་ཞིབ་ཕྲའི་སྒོ་ནས་གསལ་བཤད་བྱ་རྒྱུ་དང་། ཆ་མ་ཚང་བ་རྣམས་ཚན་རིག་ལུགས་ནས་ཁ་སྣོན་བྱ་རྒྱུ། བོད་ལུགས་གསོ་རིག་ནས་གསུངས་པའི་གཤགས་བཅོས་ཀྱི་སྐོར་ཉམས་གསོ་གནང་རྒྱུ། བོད་ལུགས་རྩ་རླུང་གིས་མཚོན་འགྲེལ་བཤད་ཞིབ་གསལ་བྱ་རྒྱུ། བོད་སྨན་དང་འབྲེལ་བ་ཡོད་པའི་སྨན་ལུགས་གཞན་ལ་ཡང་སློབ་སྦྱོང་བྱ་རྒྱུ། ཡོངས་གྲགས་མིན་པའི་སྨན་བཅོས་ཐོར་བུ་ཁག་ལའང་དོ་སྣང་གི་བོད་སྨན་ཡར་རྒྱས་གཏོང་ཐབས་བྱ་རྒྱུ། བོད་ལུགས་གཤགས་བཅོས་བྱེད་སྟངས་དེ་བཞིན་དེང་དུས་ཀྱི་ཚན་རིག་དང་མཐུན་པ་བཟོ་ཐབས་བྱ་རྒྱུ། བོད་སྨན་གྱི་ལྟ་བ་དང་ལག་ལེན་དམར་ཁྲིད་ནང་ལ་དེང་དུས་ཀྱི་ཚན་རིག་གི་ལུགས་སྲོལ་རིགས་གསར་འཇུག་ཐུབ་པ་བྱ་རྒྱུ། ཕྱི་ནང་གི་སྨན་པ་མཁས་ཅན་གདན་ཞུས་ཀྱིས་ལག་ལེན་བརྗེ་རེས་དང་བསམ་ཚུལ་སྤེལ་རེས་བྱ་རྒྱུ། ནད་རིགས་ཀུན་ལ་ཕན་པའི་སྨན་བཟོ་རྒྱུ། ལོ་རེའི་ནང་སློབ་མ་ཉི་ཤུ་རེ་བསྡུས་ཏེ་སློབ་ཡུན་ལོ་བདུན་གྱི་རིང་སློབ་ཕྲུག་སློབ་སྦྱོང་ལ་ཞན་པ་རྣམས་འཛིན་གྲྭ་གཅིག་ནང་ལོ་ཤས་བཀག་སྟེ་སློབ་ཐོན་སྤུས་ཚད་ལྡན་པ་ཡོང་ཐུབ་བྱ་རྒྱུ་སོགས་ཡིན།

 

དེ་ལྟ་བུའི་སློབ་གྲྭའི་ལས་གཞི་དེ་ཝཱ་ར་ཎ་སར་འཛུགས་འཆར་དང་དགེ་ལས་དང་ཨར་ལས་སོགས་ཀྱི་འགྲོ་གྲོན་དང་བཅས་པའི་ལས་འཆར་ཞིབ་ཕྲ་བཀོད་འདུག་ཀྱང་དེ་དེ་བཞིན་དུ་འགྲུབ་མ་ཐུབ་པ་ལ་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་པ་སྨྲས་ཅི།

 

ཕྱི་ལོ་ ༡༩༦༢ ལོར་གནས་སྣང་སྨན་པ་ངག་དབང་ཡེ་ཤེས་ལགས་རང་གཞུང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་བཞིན་སྨན་སྦྱིན་ཁང་དུ་གདན་ཞུས་ཀྱིས་སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་ཕྱག་རོགས་སྨན་དགེ་གཞོན་པར་བསྐོ་བཞག་གནང་བས་སློབ་ཕྲུག་དག་ལ་དཔེ་ཁྲིད་དང༌། སྨན་སྦྱོར། ནད་པར་སྨན་སྦྱིན་སོགས་ཕྱི་ནང་གི་ལས་དོན་གང་ཅིར་ཕན་པ་གང་ལེགས་བྱུང༌། སྐབས་དེར་བོད་ནང་དུ་རྒྱ་དམར་སྲིད་གཞུང་ནས་མུ་མཐུད་འཆར་གཞི་ལྡན་པའི་སྒོ་ནས་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སོགས་གཏོར་བཤིག་ཚད་མེད་བཏང་དང་གཏོང་བཞིན་པ་མ་ཟད། པཎ་ཆེན་རིན་པོ་ཆེ་སོགས་བླ་ཆེན་ཁག་གིས་གཙོས་བོད་མིའི་ཐོག་ལ་ཡང་མི་གསོད་ཁྲག་སྦྱོར་སོགས་དྲག་གནོན་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་པས་བཙན་བྱོལ་དུ་ཡོང་མཁན་གྱི་མི་འབོར་མང་དུ་འགྲོ་བཞིན་པ་དང༌། བྲོས་བྱོལ་དུ་འབྱོར་བའི་ཁོངས་ནས་དགེ་འདུན་པ་རྣམས་རྒྱ་གར་གཞུང་ནས་བཀོད་སྒྲིག་གནང་པའི་གནས་སྐབས་བཞུགས་ཡུལ་བཀ་ས་༼བཀསར༽ཞེས་པའི་ས་ཁུལ་དེར་སྡོད་རིང་མང་ཆེ་བར་ཚ་བ་དང༌། ས་ཆུ་མི་འཕྲོད་པ་སོགས་ཀྱི་རྐྱེན་གྱིས་ནད་མནར་གྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས་ཆོས་དོན་ལྷན་ཁང་གི་བཀོད་ཁྱབ་ལྟར་སྨན་སྦྱིན་ཁང་ནས་གནས་སྣང་སྨན་པ་ངག་དབང་ཡེ་ཤེས་ལགས་བསྐོ་རྫོང་གིས་སྨན་ཁང་ཆུང་ངུ་ཞིག་སྒོ་འབྱེད་གནང་སྟེ། སྨན་བཅོས་གནང་བས་ཕན་ཐོགས་གང་ལེགས་བྱུང་འདུག

 

དེ་མཚུངས་བོད་མི་གང་འཚམས་ཤིག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞིས་སྡོད་ས་ཆ་ཐོབ་པ་བཅས་ལ་བརྟེན་མེ་སོར་བྷེལ་ཀོབ་ཁུལ་དུ་གསར་འཛུགས་གནང་པའི་བོད་མིའི་གཞིས་ཆགས་སུའང་སྨན་ཁང་ཆུང་ངུ་ཞིག་སྒོ་འབྱེད་ཀྱིས་སྨན་པ་ཆོས་གྲགས་རྒྱ་མཚོའམ་བླ་མ་ཆོས་གྲགས་རྒྱ་མཚོ་བསྐོ་བཞག་གནང་སྟེ་མི་དམངས་ཀྱི་འཕྲོད་བསྟེན་བདེ་རྩར་ཕན་ཐོགས་ཆེན་པོ་བྱུང་འདུག། ཕྱིས་སུ་སྨན་པ་ངག་དབང་ཡེ་ཤེས་ལགས་བཀསར་ལོ་གཉིས་བཞུགས་རྗེས་ས་ཆུ་འཕྲོད་མིན་གྱིས་ངྷ་སར་ཕྱིར་ལོག་བྱས་པ་དང༌། དེ་རྗེས་སྨན་སྦྱིན་སློབ་ཁང་ནས་དགོངས་ཞུ་བྱས། ལོ་འདིར་ལ་དྭགས་ཨེམ་ཆི་བཀྲ་ཤིས་ཡར་འཕེལ་ཡང་སྨན་སྦྱིན་ཁང་དུ་ཕེབས་ཏེ་བོད་གཞུང་ཟློས་གར་གྱི་སྨན་སྦྱིན་པའི་ལས་འཁུར་འཁྱུག་ཙམ་ཞུས་འདུག

 

དེ་བཞིན་དུ་ལོ་དེར་ཤེས་རིག་ཁང་ནས་ཆོས་དོན་ལྷན་ཁང་བརྒྱུད་ཀང་རར་ཟུར་གསོག་སློབ་གྲྭར་ནད་པ་མང་བས་བདུན་རེའི་ནང་སྨན་བསྐོར་གཏོང་དགོས་གསུངས་དོན་བཞིན། ཆོས་དོན་ལྷན་ཁང་ནས་དེ་ལྟར་འགན་འཁྲི་རྐང་ལེན་དགོས་སྐོར་བཀའ་ཕེབས་ལྟར་དུས་དེ་ནས་བཟུང་ནད་པ་སྨན་ཁང་དུ་བསྟེན་གཏུག་བྱེད་པ་ལ་དཀའ་ངལ་ཡོད་རིགས་ལ་ཆེད་དམིགས་ཀྱིས་སྨན་བསྐོར་བསྐྱོད་མགོ་ཚུགས།

 

ལོ་དེར་བོད་མ་ཤོར་གོང་དུ་བོད་ནས་སྨན་ལ་བལྟས་མྱོང་བ་དང་ངྷ་ས་སྨན་སྦྱིན་ཁང་ནས་ཀྱང་སྨན་པ་ཡེ་ཤེས་དོན་ལྡན་སར་སྨན་སྦྱངས་ལག་ལེན་དངོས་མྱོང་ཡོད་པའི་ལ་དྭགས་སྨན་པ་བཀྲ་ཤིས་ཡར་འཕེལ་ཟེར་བ་ཞིག་ལ་ཆོས་དོན་ལྷན་ཁང་ནས་སྨན་པའི་ལག་འཁྱེར་སྤྲད་འདུག་པ་དེ་ནི་བཙན་བྱོལ་གནས་སྟངས་འོག་ཕྱི་མི་ཞིག་ལ་སྨན་པའི་ལག་འཁྱེར་སྤྲད་པ་ཐོག་མ་དེ་ཆགས་ཡོད།

 

ཕྱི་ལོ་ ༡༩༦༣ ལོར་རང་གཞུང་ཆོས་དོན་ལྷན་ཁང་ནས་ཡང་བསྐྱར་ཁྲོ་དགའ་བ་བསམ་འཕེལ་ནོར་བུ་རིན་པོ་ཆེ་དང༌། ས་སྐྱ་ཀུ་རུང་དཔལ་རྩེའི་སྨན་པ་ཕུན་ཚོགས་ནོར་བུ་དགྲ་འདུལ་བཅས་བྱེས་འབྱོར་སྨན་པ་གྲགས་ཅན་ཁག་ཅིག་སྨན་སྦྱིན་ཁང་ལ་གདན་ཞུས་གནང་། གྲོ་མོ་དུང་དཀར་དགོན་པའི་སྨན་པ་བློ་བཟང་བཀྲ་ཤིས་རྒྱུགས་བཞེས་ཀྱི་ལམ་ནས་སྨན་པར་བསྐོས། ཁྲོ་དགའ་བ་རིན་པོ་ཆེ་སློབ་དགེ་དང༌། གཞན་རྣམས་བརྟག་དཔྱད་སྨན་པ་དང༌། སྨན་གཉེར། སྐོར་བསྐྱོད་སྨན་པ་བཅས་སོ་སོར་ལས་སྣེ་ཆ་བགོས་གནང་བས་ངྷ་ས་ཁུལ་གྱི་བོད་མི་གཙོས་ཉམ་ཐག་ནད་པ་མང་པོར་ཕན་ཐོགས་རྒྱ་ཆེ་བྱུང་བར་མ་ཟད། སྨན་སྦྱིན་སློབ་ཁང་གི་རྒྱུན་ལྡན་ལས་དོན་དང་།  ལས་གཞི་རྒྱ་བསྐྱེད་ཐུབ་པ་དེས་སྨན་སྦྱིན་ཁང་གཞི་རྐང་ཚུགས་པར་རྨང་གདན་གང་འཚམས་བཏིང༌། སྨན་པ་ཡེ་ཤེས་དོན་ལྡན་ལགས་ལོ་དེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་བླ་སྨན་པར་བསྐོ་བཞག་གནང༌། དེ་ནས་བཟུང་ྋབླ་སྨན་ཡེ་ཤེས་དོན་ལྡན་མཆོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ྋརྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨན་རྣམས་སྦྱོར་རྡུང་སྒྲིལ་གསུམ་གྱི་གཙོ་འགན་བླངས་པའི་འོག་ལས་རོགས་སྨན་སློབ་རྣམ་གྲྭ་བྱམས་པ་དབང་འདུས་ནས་ཞུས་ཏེ་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུ་རྒྱུ་དང༌། སློབ་ཁྲིད་དང་སྨན་སྦྱིན་ཁང་གི་ཐུགས་འགན་ཡོངས་རྫོགས་བཞེས་རྒྱུ་སོགས་གཅིག་ལྕོགས་སུ་གནང་ཡོད།

 

སྨན་སྦྱིན་སློབ་ཁང་བཙུགས་ནས་འདས་པའི་ལོ་གཉིས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལེགས་ཐོན་ལ་གཞིགས་ཏེ། རང་གཞུང་ཆོས་དོན་ལྷན་ཁང་ནས་ལོ་དེའི་ཟླ་ ༦ ཚེས་ ༢༩ ཉིན་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་ཞེས་མཚན་གསོལ་གནང་སྟེ། དགེ་རྒན་དང༌། སྨན་པ། ལས་བྱེད། སློབ་ཕྲུག་བཅས་ཀྱི་སྤྱི་མཐུན་འགྲོ་ལུགས་བཅའ་ཡིག་གསར་དུ་བསྒྲིགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་གྱིས་ཕྱག་རྟགས་ཕེབས་རྗེས་རྩ་འཛིན་གནང་། བཅའ་ཡིག་དེའི་དགོངས་དོན་འོག སྨན་སྦྱིན་སློབ་ཁང་གི་འཛིན་སྐྱོང་དང་སློབ་གསོ་སོགས་བགྱིད་སྒོ་གང་ཐད་ནས་ཡར་རྒྱས་དང༌། མང་གཙོའི་ངོ་བོའི་ཕྱོགས་སུ་གོམ་སྟབས་ཇེ་མགྱོགས་སུ་འགྲོ་མགོ་ཚུགས།  དེ་ལྟར་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་དེ་བཞིན་སྐབས་དང་དུས་ལ་བསྟུན་པའི་ཡར་རྒྱས་ཚགས་ཚུད་དང༌། ཕྱི་ནང་མི་རིགས་ཀྱི་ནད་པ་བསྟེན་གཏུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་སུ། ངྷ་ཤོད་ཀྱི་ས་གནས་སྨན་པ་མུལ་ཅནདྷ། (Dr. Moolchand) དང་། སྨན་པ་ནལ་ཐམ་བྷེ་ (Dr. Nalthambai ) (ཡོངས་གྲགས་སྨན་པ་ནག་པོ་ཟེར་བ་)  སོགས་ནས་སྨན་སྦྱིན་ཁང་གི་ནད་པར་སྨན་བཅོས་གནང་བར་མི་དགའ་བའི་རྣམ་འགྱུར་ཆེན་པོས་རྒྱ་གར་གཞུང་ལ་སྙན་སེང་ཞུས་པར།   རྒྱ་གར་གཞུང་ནས་ཆེད་མངགས་སྨན་པ་བྷག་ཝན་དྷཤ་ (Dr. Bhagwan Das) ལགས་ཀྱིས་གཙོས་ཚོགས་ཆུང་ཞིག་འདི་གའི་སྨན་སྦྱིན་ཁང་ལ་རྟོག་ཞིབ་ཆེད་རྫོང་གནང་།   ཚོགས་ཆུང་དེའི་སྣེ་ཁྲིད་པ་བྷག་ཝན་ངྷཤ་ནས་རྒྱ་གར་ས་ཐོག་ཏུ་དབུས་འཕྲོད་བསྟེན་ལྷན་ཁང་གི་ཆོག་མཆན་མེད་པར་བོད་སྨན་ལག་ལེན་བྱེད་མི་ཆོག་པར་བཤད་པ་དང༌། ལར་ནས་བོད་སྨན་འདིས་མི་མང་ལ་ཕན་ཐོགས་ཇི་འདྲ་ཡོད་མེད་ཚོད་དཔག་ཆེད་ཕྱི་ནང་གསང་གསུམ་གྱི་ལམ་ནས་ཉམས་ཞིབ་དང༌། ཚོད་བལྟ། འདྲི་རྩད་སྔ་ཕྱི་གནང་བར་ྋབླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱིས་རྒྱུད་གཞུང་དང་མཐུན་པར་མཁས་མཛངས་ལྡན་པའི་སྒོ་ནས་དྲི་བ་ལྔ་བཅུ་ཙམ་ལ་གསུང་སྒྱུར་བ་དཔེ་མཛོད་འགན་འཛིན་རྒྱ་མཚོ་བརྒྱུད་ལན་འདེབས་ཐོགས་པ་མེད་པར་གནང་བ་དང༌། ལག་ལེན་ཁྲོད་ནད་པའི་ཐོག་ལའང་གདེང་འཁེལ་བའི་ཕན་འབྲས་མངོན་གསལ་ཐོན་པའི་གནས་ཚུལ་རེ་རེ་བཞིན་ཞུས་པས་བོད་སྨན་འདི་ལོ་རྒྱུས་ཡུན་རིང་ཞིང་ཁུངས་བཙན་ལ། ཚན་རིག་དང་མཐུན་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པའི་ཤེས་རྟོགས་དང༌།  ཡིད་ཆེས་རྙེད་དུ་བཅུག་པ་དང་འབྲེལ་འབྱུང་འགྱུར་རྒྱ་སྐྱེད་ཀྱི་ལས་འཆར་སོགས་ཀྱང་སྙན་སེང་ཞུ་ཐུབ་པ་ལ་བརྟེན་ལག་ལེན་བྱེད་པར་དགག་བྱ་མ་བྱས་པ་མ་ཟད།

 

ཉམ་ཐག་ནད་པ་རྣམས་ཀྱི་ཆེད་རྒྱ་གར་གཞུང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་ནད་པ་བཅུའི་ཉལ་ཁྲི་དང༌། ཉལ་ཆས། བཤགས་བཅོས་ཡོ་བྱད། ལས་ལྔའི་ཆ་དཔྱད་སོགས་དང༌།  གཞན་ཡང་ནད་གཡོག་གཅིག མ་བྱན་གཅིག་གི་གྲོན་དངུལ་བཅས་ཀྱི་མཐུན་རྐྱེན་གནང་རྒྱུའི་ཁས་ལེན་བྱས། དེ་ནས་བཟུང་སྨན་པ་བྷག་ཝན་དྷཤ་བོད་ཀྱི་གསོ་བ་རིག་པར་དད་གུས་ཡི་རང་སྐྱེས་ཏེ་སྨན་སྦྱིན་ཁང་དེ་མུ་མཐུད་དུ་གནས་དགོས་པའི་འོས་བབ་གཟིགས། འཕྲལ་རྐྱེན་དེའི་དབང་གིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གཞུང་གི་ཕལ་ཆེར་ཡོངས་ཁྱབ་ངོས་འཛིན་ཚད་མཐོར་གནང་སྟེ་རྒྱ་གར་ནང་ལག་ལེན་གནང་བར་དགག་བྱ་མེད་པར་གྱུར་བ་རེད།

 

སྨན་པ་བྷག་ཝན་ངྷཤ་ནི་རྒྱ་གར་གྱི་རྒྱལ་ས་དི་ལླིའི་སྲོལ་རྒྱུན་ཚེ་ཡི་རིག་བྱེད་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་ཞིག་ཡིན་པ་དང་། རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་གི་སྔར་སྲོལ་གསོ་རིག་སྡེ་ཚན་གྱི་སློབ་སྟོན་པ་གཞོན་པ་དང༌། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་སྲོལ་རྒྱུན་གསོ་རིག་སྡེ་ཚན་གྱི་འབྲེལ་གཏུགས་པ་སོགས་ཀྱི་ཕྱག་ལས་གནང་མྱོང་ཞིང༌། སྔ་རྗེས་སུ་རྒྱ་གར་དང༌། བངྒ་ལ། འབྲུག སོག་པོ་སོགས་ལ་ཆེད་བསྐྱོད་ཀྱིས་སྲོལ་རྒྱུན་གསོ་རིག་ཡར་རྒྱས་གཏོང་ཐབས་སྐོར་ལ་གསུང་བཤད་དང༌། ཆེད་རྩོམ་མང་པོ་སྤེལ་བས་འཛམ་གླིང་ནང་སྙན་གྲགས་ངེས་ཅན་ཡོད་པའི་མཁས་དབང་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་སྔར་སྲོལ་སྨན་དང་ལྷག་པར་བོད་པའི་སྨན་པའི་དྲུང་ནས་བོད་སྨན་ལ་སྦྱངས་པ་དང་ཆེད་དམིགས་ཉམས་ཞིབ་ཀྱིས་དེབ་གྲངས་ཆེ་ཆུང་བཞི་བཅུ་ལྷག་རྩོམ་བྲིས་ཀྱང་གནང་ཡོད་པའི་མི་སྣ་གལ་གནད་ཅན་ཞིག་ཡིན་ལ། ད་ལྟ་ན་ཚོད་རྒས་ཀྱང་ཤེས་རིག་གི་དཔྱིད་དཔལ་ངོམ་བཞིན་འཚོ་ཞིང་བཞུགས། གོང་གསལ་མཐུན་རྐྱེན་དེ་དག་གི་སྟེང་སུད་སི་རོགས་ཚོགས་ནས་རོགས་རམ་གནང་བ་ལ་བརྟེན་ཉལ་ཁྲི་བཅུ་ཅན་གྱི་ནད་གསོ་ཁང་ཞིག་ཟུར་འཛུགས་གནང་།  ཚོགས་པ་དེས་ད་དུང་ལོ་གཅིག་རིང་ནད་གསོ་ཁང་གི་ནད་པ་རྣམས་ཀྱི་འགྲོ་གྲོན་ཡང་གསོལ་བསྩལ་གནང་བ་སོགས་ཀྱི་རྐྱེན་པས་དཔལ་འབྱོར་གྱི་གནས་སྟངས་ཉག་ཕྲ་བའི་ངོ་བོ་ནས་ཅུང་ཟད་འགྱུར་བ་ཐེབས་པའི་སྐབས་དེར་སློབ་ཁྲིད་སྤྱི་ཡོངས་གཅིག་མཚུངས་དང་།   དམིགས་བསལ་ཚ་གྲང་གལ་མདོ་དང་ཚ་བ་རི་ཐང་མཚམས།        རྩ་ཆུའི་ལེའུ།        མན་ངག་ལྷན་ཐབས་ཀྱི་གཉན་རིམས་ ༡༨ སོགས་དམིགས་བཀར་གྱིས་སློབ་ཁྲིད་གནང་ཡོད་པ་བླ་སྨན་ཡེ་ཤེས་དོན་ལྡན་སྐུ་ངོ་མའི་ཞལ་ནས་གསུངས།

 

དེ་དུས་སྨན་སྦྱིན་སློབ་ཁང་རང་ནས་ནད་གསོ་ཁང་གི་ནད་པ་རྣམས་ལ་མུ་མཐུད་སྨན་དང་འཚོ་གོས་སོགས་རིན་མེད་ནར་གཏོང་གནང་བཞིན་ཡོད་པ་དང༌།  དེའི་ཡོང་ཁུངས་ནི་བསྟེན་གཏུགས་བྱ་མཁན་ནད་པའི་ལག་དོད་པད་ ༥༠ རེ་བསྡུ་བཞེས་ཀྱིས་ཟུར་འཇོག་བྱས་པ་དེ་ཡིན་ཞིང་།  ཡོང་འབབ་དེས་ད་དུང་ནད་གསོ་ཁང་གི་འགྲོ་གྲོན་དང༌། ལས་བྱེད་ཀྱི་གླ་ཕོགས་ཀྱང་ཐོན་ཐབས་བྱེད་བཞིན་ཡོད། ཡིན་ནའང་སློབ་དགེའི་འཚོ་སྣོན་གླ་ཕོགས་ཟླ་རེར་སྒོར་ ༡༥ རེ་སྔར་ལམ་བཞིན་རང་གཞུང་ཆོས་དོན་ལྷན་ཁང་ནས་གནང་བཞིན་ཡོད་འདུག

 

ལོ་དེའི་ཟླ་ ༥ ཚེས ༢༨ ཉིན་ལཱ་ཧོར་པི་ཏི་ཁུལ་སྡོད་སྨན་སློབ་བཀྲ་ཤིས་མགོན་པོ་ཞེས་པས་གསོ་རིག་རྒྱུད་བཞི་བློ་འཛིན་གྱིས་སྨན་དགེ་བཀྲ་ཤིས་ཚེ་རིང་སར་བཤད་ཁྲིད་བགྱིས་འདུག་པར་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ཐོག་རྒྱུགས་བཞེས་ཀྱིས་སྨན་པའི་ལག་འཁྱེར་གནང་ཡོད་པས་དེ་ནི་བཙན་བྱོལ་དུ་སླེབས་མ་ཐག་པའི་གནས་སྟངས་འོག་ཕྱི་མི་ཞིག་གིས་གསོ་རིག་རྒྱུགས་འབུལ་ཞུས་པ་དང་པོ་ཡིན་ལ།  གཞན་ཡང་ྋརྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་སྤི་ཏིའི་དཀྱིལ་དགོན་དུ་གདན་ཞུ་གནང་སྐབས་སྨན་པ་བཀྲ་ཤིས་མགོན་པོས་གསོལ་སྨན་ཞབས་ཞུ་ཞུས་ཏེ་སྐུ་གཟུགས་དྭངས་སྐྱེད་བྱུང་བའི་སྲི་ཞུ་བསྒྲུབས་པ་བཅས་ལ་བརྟེན་ཆོས་དོན་ལྷན་ཁང་ནས་དམིགས་བསལ་གཟེངས་བསྟོད་ཀྱི་ལག་འཁྱེར་ཞིག་ཀྱང་གནང་འདུག

 

ྋསྐུའི་བླ་སྨན་ཟུར་བ་ཡེ་ཤེས་དོན་ལྡན་མཆོག་ནས་སྐབས་དེ་དུས་སྨན་སྦྱིན་ཁང་དུ་ཉིན་རེ་ནད་པ་སུམ་བཅུ་ནས་ལྔ་བཅུ་བསྟེན་གཏུགས་བྱེད་ཀྱིན་ཡོད་པར་གསུངས་ཀྱང་བཀའ་ཤག་ངེས་མེད་ཡིག་ཚགས་ཁང་དུ་ཕྱི་ལོ་ ༡༩༦༣ ལོར་སྨན་སྦྱིན་ཁང་དུ་ནད་པ་བསྟེན་གཏུག་བྱེད་མཁན་ཁོངས་བོད་མི་གྲངས་ ༧༧༤  དང་། རྒྱ་གར་བ་གྲངས་  ༤༥༣  བྱུང་བ་རྣམས་ལ་སྨན་སྦྱིན་ནར་གཏོང་བྱས་ཡོད་པར་འཁོད་པས་དོན་དངོས་ཁ་ཚོན་གཅོད་མ་ཐུབ།

 

ཕྱི་ལོ་ ༡༩༦༤ ལོར་མཚོ་སྣ་དགོན་པ་རྩེའི་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར་པོན་ཌོ་མན་ཌི་རྫོང་ཁོངས་ནས་ངྷ་ས་སྨན་སྦྱིན་སློབ་ཁང་དུ་གདན་ཞུས་ཀྱིས་སྨན་སྦྱོར་འགན་འཛིན་དུ་བསྐོ་བཞག་གནང་། དེ་དུས་སྨན་སྦྱོར་ཁང་དུ་གསོལ་སྨན་སྦྱོར་བཟོའི་མཐུན་རྐྱེན་དང་། མི་འགྲོ་སོགས་འདང་མིན་གྱི་དཀའ་ངལ་ཧ་ཅང་ཆེ་བའི་སྐབས་ཡིན་པས་སྨན་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་གཙོ་འགན་འོག སྨན་སློབ་བྱམས་པ་བསོད་ནམས་སམ་ལྷ་དབང་ལགས་ལས་རོགས་སུ་ཁྲིད་དེ་ལོ་ལྟར་སྟོན་དཔྱིད་མཚམས་སུ་ཌལ་ཧོར་ཁུལ་དུ་སྨན་སྦྱོར་གནང་སའི་རྟེན་གཞི་ཆུང་ངུ་ཞིག་བཙུགས་ཏེ།  སྨན་སྣ་ཁག་ཅིག་སྦྱོར་སྡེབ་བྱེད་ཀྱིན་ཡོད་ལ། སེ་འབྲས་དགའ་གསུམ་གྱི་གྲྭ་རྒྱུན་མང་པོ་ཡོད་པ་དེ་དག་ལ་རོགས་སྐུལ་ཞུས་པ་བཞིན་གྲྭ་རྒྱུན་རྣམས་ཀྱིས་དང་བླངས་བྱས་ཏེ་སྨན་རྣམས་ལག་ཤུགས་ཁོ་ན་ལ་བརྟེན་ནས་ཤིང་དང་། རྡོ་གཏུན་སོགས་སྤྱད་དེ་རྡུང་རྒྱུ་དང༌། རིལ་བུ་བསྒྲིལ་རྒྱུ། སྐམ་གསེད་སོགས་ཀྱི་རོགས་རམ་གནང་བའི་བཀའ་དྲིན་ལས་གསོལ་སྨན་གྱི་ཕོན་འབོར་དང༌། སྣེ་གྲངས་མང་ཙམ་བཟོ་འགོ་ཚུགས་ཐུབ་པར་བཤད། སྐབས་དེར་ད་དུང་དབྱར་དུས་འཆར་ཅན་སྨན་པ་དང་སྨན་སློབ་རྣམས་ངྷ་སའི་གཡས་གཡོན་གྱི་རི་ལུང་ཁུལ་དང་ཌལ་ཧོར་ཁུལ་སོགས་སུ་སྨན་བཏོག་ལ་འགྲོ་བཞིན་ཡོད་པ་ནི་རྒྱུན་ལྡན་གྱི་བགྱི་སྒོ་ཞིག་ཏུ་གྱུར།

 

ཕྱི་ལོ་ ༡༩༦༤ ལོར་སྨན་སྦྱིན་ཁང་དུ་ནད་པ་བསྟེན་གཏུག་བྱེད་མཁན་བོད་རིགས་ནད་པ་གྲངས་ ༨༥༠༠ ཙམ་དང་རྒྱ་གར་ནད་པ་གྲངས་ ༢༨༧༣  ལ་སྨན་བཅོས་གནང་འདུག་པས་སྔར་ལོ་དང་བསྡུར་ན་སྨན་གཏུགས་བྱེད་མཁན་གྱི་ནད་པ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་།  ལོ་དེར་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཆོས་དོན་ལྷན་ཁང་གི་བཀའ་བློན་སྐུ་ངོ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་གིས་བོད་སྨན་གྱི་ལག་ལེན་ཡར་རྒྱས་གཏོང་ཐབས་དང་།  རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཡོང་ཐབས་ཀྱི་སྙན་ཞུ་གང་མང་ཕུལ་ཡོད་ཅིང་། སྙན་ཞུ་རིམ་པར་ཕུལ་བའི་ནང་བོད་དུ་རྒྱ་དམར་ནས་བཙན་དབང་དྲག་པོས་བོད་ཀྱི་མི་རིགས་དང་ཁྱད་ཆོས་ལྡན་པའི་རིག་གཞུང་ཡོངས་རྫོགས་རྩ་མེད་གཏོང་བཞིན་པར་བརྟེན་རང་གི་རིག་གཞུང་སྲུང་སྐྱོབས་གཅེས་ཉར་དང་བོད་ཀྱི་སྨན་བཅོས་ལག་ལེན་འདིས་བོད་མི་རང་ཉིད་སྨོས་ཅི། རྒྱ་གར་དང་གཞན་ཡང་ཕྱི་རྒྱལ་མི་རིགས་ཡོངས་རྫོགས་ལ་ཕན་པ་ཡོང་བའི་ཆེད་དུ་ཡིན་ཚུལ་དང་། ལོ་རེའི་སྨན་བཅོས་ནད་པའི་གྲངས་འབོར་བཅས་གནས་ཚུལ་ཞིབ་ཕྲ་བཀོད་དེ་སྙན་ཞུ་འབྲེལ་ཡོད་ཁག་གང་མང་ཞིག་ལ་ཕུལ་ཏེ་མ་དངུལ་ཐབས་འཚོལ་ཞུས་འདུག་ཀྱང་སྐབས་འཕྲལ་རིང་རེ་དོན་འགྲུབ་མེད།

 

ཕྱི་ལོ་ ༡༩༦༥ ལོར་ཡང་སྔར་བཞིན་དབུས་སུ་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་གིས་སྨན་དགེ་དང་ྋགོང་ས་མཆོག་གི་གསོལ་སྨན་ཞབས་ཞུ་གཅིག་ལྕོགས་གནང་མུས་དང་། གསོལ་སྨན་སྦྱོར་སྡེབ་ཀྱི་ཕྱག་རོགས་ཡེ་ཤེས་བསོད་ནམས། སྨན་སྦྱོར་དགེ་རྒན་འཇམ་དབྱངས་བཀྲ་ཤིས་དང་ལས་རོགས་ཡེ་ཤེས་བསོད་ནམས།  ལྷ་དབང་། བརྟག་དཔྱད་སྨན་པ་ཡེ་ཤེས་དོན་ལྡན་དང་ཁྲོ་དགའ་བ་རིན་པོ་ཆེ། ས་སྐྱ་ཕུན་ཚོགས་བཅས་ཡིན། སྨན་གཉེར་བ་ཆོས་འཛིན་བྱམས་བསྟན་དང་ལས་རོགས་ལྷག་ཆུང་།  དངུལ་གཉེར་ལྷ་དབང་། དྲུང་ཡིག་བློ་བཟང་བཀྲ་ཤིས་བཅས་སྐབས་དེར་དགེ་སློབ་མི་གྲངས་བཅུ་ཙམ་ལས་མེད་ཀྱང་སྨན་ལས་སོ་སོར་ལས་དོན་ཆ་བགོས་བྱས་དོན་བཞིན་སྐབས་བབ་ལས་དོན་འཐུས་སྒོ་ཚང་བར་གནང་ཐུབ་པ་བྱུང་འདུག

 

ཅོབ་ར་ཧའོ་སིར་སྡོད་སྐབས་ནད་པ་ཚབས་ཆེན་རྣམས་སྨན་གཏུག་ཏུ་ཡོང་དཀའ་བ་སོགས་ཀྱི་གནས་ཚུལ་དངོས་འབྲེལ་ལ་སོང་མེག་ལོཌ་གནཇ་རུ་ས་ཆ་ཐབས་འཚོལ་དང་། སྨན་ཁང་རྒྱ་བསྐྱེད་སོགས་ཀྱི་ལས་འཆར་རགས་ཟིན་བྲིས་ཏེ་ཆོས་དོན་ལྷན་ཁང་ལ་ཕུལ་ཡོད་ཅིང་། དེ་ཡང་ལས་འཆར་དེའི་ནང་ཕྱིའི་འཛུགས་སྐྲུན་ཐད་སློབ་སྦྱོང་བྱེད་མཁན་དང་སྨན་པ་ཚོ་ལ་ཁང་མིག་དྲུག་དང་།  ཚོགས་ཁང་གཅིག ནད་པའི་སྒུག་སྡོད་ཁང་པ་གཅིག  སྨན་འཇོག་ཡུལ་དང་སྨན་སྦྱོར་བྱ་ཡུལ་ཁང་མིག་གཉིས།  སྨན་ཁང་དང་གཉེར་ཚང་གསོལ་ཐབ་ཁང་སོགས་ཁང་མིག་བཞི་དང་། ཁང་པ་རེ་རེའི་ནང་མཁོ་ཆས་ཀྱང་རང་འགྲིག་དགོས་པའི་སྔོན་རྩིས་བཅས་ཕུལ་བ་བཞིན། ཆོས་དོན་བཀའ་བློན་མཆོག་ནས་ལས་འཆར་དེར་བསྐྱར་ཞིབ་དང་སྣོན་འཕྲི་འཕར་བཅག་གིས་ལས་འཆར་རྒྱས་པ་ཞིག་རྒྱ་གར་ཀང་ར་རྫོང་གི་རྫོང་དཔོན་ལ་ཕུལ་ཏེ་རོགས་སྐྱོབ་ཡོང་ཐབས་ཞུས་པ་མ་ཟད། དི་ལླིིར་ཡོད་པའི་མི་མང་ཞབས་ཞུ་ཚོགས་པའི་དྲུང་ཆེ་སྐུ་ཞབས་སེ་ཝ་རམ་བརྒྱུད་ནས་བོམ་བེ་སྐུ་ཞབས་ Morris Frydman  ལགས་སུ་རོགས་སྐྱོར་གནང་སྐྱོངས་ཡོང་བའི་ཞུ་སྙན་དང་། ལས་འཆར་ཞིབ་འཇུག་ཆེད་ངོ་ཕེབས་ཡོང་བའི་ཡི་གེ་ཞིག་ཀྱང་ཕུལ་བར་བརྟེན་ ༡༩༦༧ ལོར་ལྟ་ཞིབ་དང་འབྲེལ་རོགས་དངུལ་ཕྲན་བུ་གནང་བའི་སྐོར་འོག་ཏུ་གསལ།

 

ཕྱི་ལོ་ ༡༩༦༥ ལོར་སྨན་སྦྱིན་སློབ་ཁང་བཙུགས་ནས་ལོ་ལྔ་འཁོར་ཙམ་ཡིན་ཞིང་ལོ་དེ་ནས་བཟུང་སྨན་རྒྱུའི་འགྲོ་གྲོན་སྐུ་སྒེར་ནས་ཞུ་མ་དགོས་པར། ཡུལ་ཐང་དང་འཚམས་པའི་སྨན་རིན་གཏན་འབེབས་ཀྱིས་ནད་པའི་ས་ནས་སྨན་རིན་བླངས་པ་དེས་འགྲོ་གྲོན་བྱུང་སོང་ཁ་འཐབ་པ་ཙམ་བྱུང་འདུག

 

ལོ་དེའི་ཟླ་ ༧ ཚེས་ ༢༥ བར་དངུལ་རྩིས་པའི་འགན་ཁུར་དེ་བཞིན་ཡེ་ཤེས་བསོད་ནམས་ཀྱིས་ཞུས་ཏེ་བྱམས་པ་བསོད་ནམས་ལགས་སུ་རྩིས་སྤྲོད་སྐབས་དབུས་སྨན་སྦྱིན་ཁང་དང་མེ་སོར་ཡན་ལག་སྨན་ཁང་སྦིར་སྨན་ཁང༼དམིགས་བསལ་ས་གནས་མི་མང་གི་དགོས་མཁོར་འཕྲལ་སེལ་སྨན་ཁང་ཆུང་ངུ་ཞིག་ཆེད་བཙུགས་ཞུས་པ་ལས་ཡན་ལག་སྨན་ཁང་དངོས་མིན།༽ གསུམ་ནས་ལག་འཁྱེར་དོད་དང་ཞལ་འདེབས་བཅས་ཧིན་སྒོར་བསྡོམས་ ༡༠༠༥༡ །༡༩ བྱུང་བ་དང་།  ལོ་དེའི་ ཟླ ༡ ཚེས ༡་ནས་ཟླ་ ༡༢ ཚེས་ ༣༠ བར་སྨན་སྦྱིན་ཁང་དུ་རྒྱ་གར་མི་གྲངས་ ༦༧༥༤ དང་།  བོད་རིགས་མི་གྲངས ༦༧༣༤  བཅས་བསྟེན་གཏུགས་བྱེད་མཁན་བྱུང་འདུག་ལ། སྐབས་དེར་སྨན་ཁང་དུ་རྒྱུན་དུ་བསྟེན་གཏུགས་བྱེད་མཁན་ནད་པ་དངོས་འབྲེལ་དག་ལ་སྨན་རིན་ཟླ་རེར་ཧིན་སྒོར་གཉིས་རེ་དང་ཕྱི་སྡོད་ཁག་ཏུ་སྨན་དགོས་པ་ལ་སྨན་སྣེ་ཆེ་ཐུན་རེ་ལ་ཨ་ན་གཉིས་རེ།  སྨན་སྣེ་ཆུང་བ་ཐུན་རེར་ཨ་ན་གཅིག་རེ། གཞུང་གི་ལས་བྱེད་རྣམས་ལ་དེ་དུས་ནས་སྨན་སྦྱིན་གནང་རྒྱུ་བཅས་ཀྱི་གཏན་འབེབས་རྩ་འཛིན་ཡིག་ཆ་ཞིག་བཟོས་ཏེ་ལག་བསྟར་བྱེད་འགོ་བཙུགས།   བླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་ནས་ན་རོ་ཇི་ཡི་ཨ་མར་སྨན་བཅོས་གནང་ནས་དྲག་སྐྱེད་མངོན་གསལ་ཐོན་པ་དང་། ཁོང་གི་རོགས་པ་ཞིག་ཀྱང་སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་སྨན་བཅོས་གནང་ནས་དྲག་སྐྱེད་བྱུང་བར་ན་རོ་ཇི་ཡི་ཨ་མ་དགྱེས་ཚོར་ཆེན་པོས་མེག་ལོར་ཡན་ལག་སྨན་ཁང་ཆགས་སའི་ས་ཆ་དེ་སྨན་སྦྱིན་ཁང་ལ་གསོལ་རས་གནང་བ་བཞིན་བརྟག་དཔྱད་ཁང་དང༌།  སྨན་སྤྲོད་ཁང་སོགས་ཆོས་ལྷན་ནས་འགྲོ་གྲོན་བཏང་སྟེ་གསར་རྒྱག་བྱས་པ་མ་ཟད།  ཕྱིས་སུ་ཕྱི་ལོ་༡༩༨༠ ལོར་ཁྲིམས་ཐོག་ནས་མེག་ལོཌ་གྱི་ས་ཆ་དེ་སྨན་རྩིས་ཁང་གི་མིང་ཐོག་ཏུ་འགྱུར་ཐུབ་པ་བྱུང་བ་རེད།

 

ཕྱི་ལོ་ ༡༩༦༥ ལོར་སློབ་གྲྭ་རྒྱ་བསྐྱེད་དང་འབྲེལ་བའི་ལས་འཆར་རགས་ཟིན་ཞིག་སླར་ཡང་སྒྲིག་ཡོད་འདུག དེ་ཡང་སློབ་འབྲིང་གི་ལོ་ཡུན་ ལོ་གསུམ། ལོ་རེའི་ནང་རྒྱུགས་ཤོག་ ༨ དང་།  སློབ་མཐར་ཟིན་རྗེས་ཨིན་ཌར་མི་ཀྲེཌ་ཚད་འཛིན་བྱ་རྒྱུ། སློབ་ཆེན་ལ་ལོ་གཉིས། ལོ་རེའི་ནང་རྒྱུགས་ཤོག ༨ སློབ་མཐར་ཟིན་རྗེས་བིའི་ཨེར་ཚད་འཛིན་བྱ་རྒྱུ།  སློབ་དཔོན་གྱི་འཛིན་གྲྭ་ལོ་གསུམ། ལོ་རེའི་ནང་རྒྱུགས་ཤོག་ ༥ སློབ་མཐར་ཟིན་རྗེས་ཨེམ་ཨེ་ལ་ཚད་འཛིན་བྱ་རྒྱུ། སྨན་གྱི་སློབ་དཔོན་གྱི་སློབ་ཡུན་ལོ་ལྔ།

 

  བསྟན་བཅོས་གསར་བ་ཤོག་གྲངས་ ༣༠༠ ནས་ ༤༠༠ ཅན་རྩོམ་རྒྱུ་དང་སློབ་མཐར་ཟིན་རྗེས་འབུམ་རམས་པའམ་ཌོག་ཌར་ལ་ཚད་འཛིན་བྱ་རྒྱུ་བཅས་འཆར་ཟིན་སྒྲིག་ཡོད་པ་མ་ཟད། འཛིམ་རིམ་སོ་སོའི་སློབ་མའི་ཁ་གྲངས་དང་ཤེས་ཚད་བཅས་ཀྱི་རགས་ཟིན་ཡང་བྲིས་འདུག

 

དེ་ཡང་འབྲིང་རིམ་འཛིན་གྲྭར་སློབ་མ་གྲངས་༥༠༠ འཛིན་གྲྭ་བརྒྱད་པར་ཚད་འཛིན་བྱ་རྒྱུ། མཐོ་རིམ་སློབ་གྲྭ་སློབ་མ་གྲངས་ ༡༨༠ ཤེས་ཚད་སློབ་འབྲིང་ཐོན་པ།  སློབ་དཔོན་འཛིན་གྲྭར་སློབ་མ་གྲངས་༨༠ ཤེས་ཚད་སློབ་སྦྱོང་ཆེན་མོ་ཐོན་པ།  སྨན་གྱི་སློབ་དཔོན་འཛིན་གྲྭར་སློབ་མ་གྲངས་༤༠ ཤེས་ཚད་སློབ་དཔོན་གྱི་འཛིན་གྲྭ་ཐོན་པར་ངོས་འཛིན་བྱ་རྒྱུ་བཅས་ཡིན་པ་རེད།

 

སློབ་ཚན་གྱི་ཐད་བོད་ཀྱི་སྐད་ཡིག་ལ་བརྟེན་པའི་རིག་གནས་དང་རྒྱལ་རབས། ཆོས་འབྱུང་། སྒྲའི་གཞུང་། ཐེག་པ་ཆེ་ཆུང་གི་མདོ། ཚད་མའམ་གཏན་ཚིགས་རིགས་པ། གཞུང་བཤད་དང་རྩོད་པ། རྩ་རླུང་སོགས་སྔགས་ཀྱི་ཐེག་པའི་སྐོར་དང་། རིག་གསར་གྱི་ལམ་ནས་ Psychology, Para  Psychology, སོགས་སེམས་དོན་རིག་གནས་ཀྱི་སྐོར། གཞན་ཡང་སྐར་རྩིས་དང་ནག་རྩིས། གསོ་བ་རིག་པའི་སྐོར་དཔེ་ཁྲིད་དང་སྨན་སྦྱོར།  ལག་ལེན་དམར་ཁྲིད་ཀྱི་རིགས། དཀྱིལ་འཁོར་བྲིས་ཐིག་སོགས་བྲིས་ཆའི་རིགས་སུ་གཏོགས་པའི་སྐོར།  ཨིིན་ཇི་དང་།  ཧིན་དྷི།  སམ་ཀྲྀ་ཏ་སོགས་སྐད་ཡིག་གཞན་གང་རུང་ཞིག་བཅས་སྦྱོང་རྒྱུའི་སློབ་ཚན་རགས་ཙམ་གཏན་འབེབས་གནང་འདུག

 

དེ་བཞིན་དུ་སློབ་གྲྭ་གསར་རྒྱག་གི་ས་ཆ་ཐབས་འཚོལ་དང་། འཛིན་ཁང་དང་ཚོགས་ཁང་སོགས་ལས་འཆར་རགས་ཟིན་དང་འགྲོ་གྲོན་བཅས་རོབ་རྩིས་ཡིག་ཆ་ཟུར་འཇོག་བྱས་འདུག་པའི་སྟེང་ནས་བལྟས་ཚེ་དེ་དུས་ནས་མཐོ་སློབ་ཁང་དེ་ད་ལྟའི་གནས་སྟངས་འདི་ལས་ཚད་མཐོའི་རིམ་པ་ཞིག་ལ་རེ་བ་བརྒྱབ་ཡོད་པ་མཐོང་ཐུབ། གོང་གསལ་ལས་འཆར་དེ་ལེགས་འགྲུབ་ཡོང་ཐབས་སུ་འབད་བརྩོན་ཆེན་པོས་ཐབས་ཤེས་ཡོད་རྒུ་གནང་འདུག དེ་ཡང་ཕྱི་ལོ་༡༩༦༥ ཟླ་༡༡ ཚེས་༢ ནས་ Dr. G. F. Schreinert བརྒྱུད་སྙན་གྲགས་ཅན་གྱི་ཇར་མན་སྔོ་སྨན་སྨན་སྦྱོར་ལག་ལེན་ཉམས་ཞིབ་ཚོགས་པ་ (Hoechst Pharmaceuticals Limited) དང་འབྲེལ་བ་ཞུས་པར་ཚོགས་པ་དེའི་འཛིན་སྐྱོང་འགན་འཛིན་ Mr. H. L. Nebeling ནས་བོད་པའི་སྔོ་སྨན་ལ་ཉམས་ཞིབ་བྱ་འདོད་ཆེན་པོ་ཡོད་ལུགས་གསུངས་པ་བཞིན།  སྐབས་དེར་ཚོགས་པ་དེའི་ཡན་ལག་ཅིག་རྒྱ་གར་གྲོང་འཁྱེར་བོམ་བེེ་རུ་རྒྱག་རྒྱུའི་འཆར་གཞི་བཏིང་བ་མ་ཟད།  སྨན་སྦྱིན་ཁང་གི་ལས་བྱེད་འགའ་བོམ་བེ་རུ་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང་ལག་ལེན་དོན་འཁྱོལ་བྱུང་མེད།

 

ཕྱི་ལོ་ ༡༩༦༥ དཔྱིད་ཀ་ཨུ་མ་དེ་ཝི་ (Uma Devi) ཟེར་བའི་བོད་མི་ལ་དགའ་ཞེན་དང་འབྲེལ་འདྲེས་ཆེ་བའི་བུད་མེད་དེས་སྨན་ཀྱི་སློབ་གྲྭ་དང་སྨན་ཁང་གི་དངོས་ཡོད་གནས་སྟངས་རྣམས་ཡིག་ཐོག་ཏུ་ཕབས་ཏེ། ངྷ་སར་སྨན་ཁང་གསར་རྒྱག་དང་། དེ་ཉིད་ཡར་རྒྱས་གཏོང་ཆེད་རྒྱ་གར་འཕྲོད་བསྟེན་བཀའ་བློན་སར་ཆེད་བཅར་ཀྱིས་མ་དངུལ་རོགས་རམ་ཡོང་ཐུབ་ཀྱི་འབོད་སྐུལ་སྙན་ཞུ་ཕུལ།  སྙན་ཞུའི་ནང་སྨན་ཁང་གསར་རྒྱག་ཆེད་ཧིན་སྒོར་ ༢༥,༠༠༠།༠༠ དང་སྨན་ཁང་གི་ཡོ་ཆས་རྣམས་ཉོ་ཕྱིར་སྒོར་ ༡༠,༠༠༠།༠༠  ཙམ་གྱི་རོགས་དངུལ་ཡོང་རེ་ཞུས་པར། བཀའ་བློན་མཆོག་ནས་ཐུགས་སྣང་ཆེན་པོས་སྙན་ཞུར་གཟིགས་ཞིབ་ཀྱིས་སྙན་ཞུ་དེའི་གཤམ་དུ་གནས་དོན་དེར་རྒྱབ་སྐྱོར་གང་མང་དགོས་རྒྱུ་ཞེས་རོགས་རམ་ཡོང་ངེས་ཡིན་པའི་རྣམ་འགྱུར་བསྟན་པར་བརྟེན།  ཨུ་མ་དེ་ཝི་ངྷརྨ་ཤཱ་ལཱར་ཕྱིར་ཕེབས་ཏེ་གནད་དོན་དེའི་སྐོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་འབུལ་ཞུས།  ཟླ་ཤས་རྗེས་ཨུ་མ་དེ་ཝི་སླར་ཡང་རྒྱ་གར་འཕྲོད་བསྟེན་ལས་ཁུངས་སུ་མ་དངུལ་རོགས་རམ་གྱི་སྐོར་བཀའ་འདྲི་གནང་ཆེད་བཅར་ཡོད་པ་དང་།  དེ་དུས་བཀའ་བློན་གྱི་ལས་དྲུང་གཞན་ Mr. Jain དང་མཇལ་འཕྲད་གནང་སྐབས་ཁོང་གིས་གསུང་དོན་ Mr. Morris Frydman ནས་སྨན་གྱི་ཉམས་ཞིབ་སློབ་གྲྭའི་ཆེད་རྒྱ་གར་འཕྲོད་བསྟེན་ལས་ཁུངས་སུ་མ་དངུལ་སྐྱབས་འཇུག་ཞུས་པ་བཞིན་སྐབས་དེའི་འཕྲོད་བསྟེན་བཀའ་བློན་ Dr. Sushila Nayar མཆོག་ནས་སྒོར་ཁྲི་གཉིས་བཀའ་འཁྲོལ་བྱུང་ཡོད་ཚུལ་དང་།  ༼དེའི་ནང་ནས་སྒོར་ཁྲི་གཅིག་ལོ་དེའི་ཟླ་བ་བདུན་པ་འམ་བརྒྱད་པའི་ནང་སྦྲགས་ཐོག་བརྒྱུད་བཏང་བའི་ལམ་བར་ནས་བོར་བརླག་ཏུ་སོང་པའི་གནས་ཚུལ་བྱུང་འདུག༽ ལས་དྲུང་ Mr. Jain ལགས་ཀྱིས་སྨན་ཁང་གསར་རྒྱག་གི་རོགས་རམ་ཆེད་པན་ཇཱབ་ (Punjab) གཞུང་ལ་སྙན་ཞུ་དང་སྦྲགས་ཁོང་ཚོའི་སྐུ་ཚབ་ཅིག་དངོས་ཡོད་གནས་སྟངས་ལ་གཟིགས་ཞིབ་ཆེད། ངྷ་སར་ཕེབས་ཐུབ་པའི་རེ་སྐུལ་ཞུས་ན་ལེགས་ཚུལ་གྱི་ལམ་སྟོན་གནང་བ་བཞིན། ངྷ་སར་ཡོད་པའི་རྒྱ་གར་སྨན་པའི་འགན་འཛིན་ Dr. H.C. Dhawan མཆོག་ལ་རྒྱ་གར་གཞུང་གིས་བཀའ་མངགས་ལྟར་ཕྱི་ལོ་ ༡༩༦༦ ཟླ་ ༡ ཚེས་ ༡༨ ཉིན་སྨན་ཁང་དུ་གཟིགས་སྐོར་དུ་ཕེབས་ནས་ (Punjab) གཞུང་ནས་དངུལ་གྱི་རོགས་རམ་གནང་རྒྱུའི་སྐོར་གསུངས་ཤིང་།  རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ལོ་དེའི་ཟླ་བ་བཞི་པའི་ནང་སྨན་གྱི་སློབ་གྲྭའི་སྨན་སྦྱོར་ཉམས་ཞིབ་སྡེ་ཚན་དང་སྨན་ཁང་ཡར་རྒྱས་གཏོང་ཆེད་མ་དངུལ་ཧིན་སྒོར་ཆིག་སྟོང་ཐམ་པའི་རོགས་རམ་གནང་ཡོད་པས་སྐབས་དེ་ལ་མཚོན་ན་ཧིན་སྒོར་ཆིག་ཁྲི་དེ་ཕོན་ཆེན་པོའི་རྫ་ཐང་ཡོད་པ་རེད།

 

ཕྱི་ལོ་ ༡༩༦༥ ཟླ་ ༡༡ ནས་ ༡༩༦༦ ཟླ་ ༤ བར་འདི་ག་སྨན་ཁང་ནས་བོད་མི་ནད་པ་གྲངས་ ༤༧༤༤ དང་རྒྱ་གར་བ་ནད་པ་གྲངས་ ༡༦༣༡ ལ་བརྟག་དཔྱད་སྨན་བཅོས་གནང་འདུག ལོ་དེར་རྒྱ་གར་དབུས་གཞུང་འཕྲོད་བསྟེན་བློན་ཆེན་ལས་ཁུངས་ཀྱི་ཆེས་མཐོའི་ཚེ་ཡི་རིག་བྱེད་ཉམས་ཞིབ་ཚོགས་པའི་ཚན་རིག་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དེ་མ་ཚོགས་གོང་སྨན་ཁང་བརྟག་དཔྱད་ཁང་དང་།  སྨན་སྦྱོར་ཁང་ཡར་རྒྱས་གཏོང་རྒྱུའི་གནས་བབས་གང་ཡོད་དང་།  ཚན་རིག་སློབ་སྟོན་ཚོགས་པས་བོད་སྨན་གྱི་ཉམས་ཞིབ་བྱེད་སྟངས་སྐོར་ཞིབ་ཕྲའི་མཁྱེན་རྟོགས་ཡོང་ཕྱིར། སྐབས་དེའི་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་ཚེ་ཡི་རིག་བྱེད་ཀྱི་ཉམས་ཞིབ་འགན་འཛིན་བྷག་ཝན་ངྷཤ་ཆེད་དུ་ངྷ་སར་བཏང་གནང་བ་བཞིན་ཁོང་གིས་ཟླ་ ༤ ཚེས་ ༢༨-༣༠ བར་འདི་ག་བལྟ་སྐོར་གཟིགས་ཞིབ་གནང་བའི་སྙན་ཐོ་བཏོན་ཞིང་།  སྙན་ཐོའི་ནང་བོད་ཀྱི་གསོ་བ་རིག་པ་དེ་ཧ་ཅང་གི་དོ་སྣང་བྱེད་འོས་པ་ཞིག་དང་།  སྨན་གཞུང་དེ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་རྨང་གཞིའི་རིག་པ་དང་ཆ་འདྲ་བ་འདུག་ཅེས་ཡིག་ཐོག་ཏུ་བྲིས་གནང་བ་མ་ཟད། སྨན་གྱི་སློབ་གཉེར་ཁང་དེ་ད་དུང་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཁོང་གི་འཆར་ཟིན་རྒྱས་པ་ཞིག་འབྲི་རྒྱུའི་དགོངས་ཚུལ་བཏོན་འདུག ཁོང་གིས་ཆོས་རིག་ལས་ཁུངས་དང་སྨན་ཁང་གི་འབྲེལ་ཡོད་ལས་སྣེ་རྣམས་ལ་འཆར་གཞི་འགོད་ཕྱོགས་ཐད་མཐོང་རྒྱ་ཡོང་ཕྱིར་པཱ་ཏི་ཡཱ་ལ་ (Patiala) ཞེས་རྒྱ་གར་ཚེ་ཡི་རིག་བྱེད་མཐོ་སློབ་ཁང་གི་སློབ་སྤྱི་ཝི་ངྷ་ཁིརཌི་ཤར་མ་ (Vaidya Kirti Sharma) དང་འབྲེལ་བ་གནང་ནས་མཐོ་སློབ་ཁང་དེར་སྨན་སྦྱིན་ཁང་གི་ལས་སྣེ་སོགས་ནས་ལྟ་སྐོར་ཕེབས་རྒྱུའི་དགོངས་ཚུལ་བཏོན་པ་བཞིན། ཕྱི་ལོ་ ༡༩༦༦ ཟླ་ ༡ པའི་བདུན་ཕྲག་གཉིས་པའི་ནང་བོད་སྨན་སློབ་གྲྭའི་སྐུ་ཚབ་མི་གསུམ་ (Government College, Patiala) གཟིགས་ཞིབ་ཏུ་ཆེད་ཕེབས་ཀྱིས་མཐོ་སློབ་དེ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པར་བརྟེན།  དེའི་རྗེས་སུ་ཆོས་རིག་ལས་ཁུངས་ནས་མཐོ་སློབ་དེར་ཐུགས་རྗེ་ཆེའི་ཕྱག་བྲིས་ཤིག་ཕུལ་ཏེ། མཐོ་སློབ་ཕན་ཚུན་ཤེས་ཡོན་བརྗེ་རེས་བྱ་རྒྱུའི་རེ་བ་གནང་བ་ནས་བཟུང་དུས་ཡུན་གང་འཚམས་རིང་དགེ་སློབ་ཕར་འགྲོ་ཚུར་འོང་གིས་ལེགས་བྱང་བརྗེ་རེས་སོགས་ཀྱི་འབྲེལ་བ་ཡུན་རིང་བྱས་འདུག་ཀྱང་། སྨན་སྦྱིན་སློབ་ཁང་དེ་བཞིན་མཐོ་སློབ་དེའི་ཁྱབ་ཁོངས་སུ་དེབ་སྐྱེལ་ཡོང་ཐབས་ལ་བསམ་གཞིགས་གནང་ཐུབ་མེད་པ་ད་ཆ་གྱོང་གུད་ཆེན་པོ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ། དེ་བཞིན་སྨན་ཁང་དང་།  སྨན་གྱི་སློབ་གྲྭ ལས་ཤག་བཅས་ཀྱི་ཁང་པའི་བཟོ་བཀོད་ཀྱི་འཆར་ཟིན་ཞིག་ཁེ་ན་ཌ་ ནས་ཡིན་པ་སྐུ་ཞབས་ཀེ་ཎེཏ་ (Mr. Kenneth) ནས་ས་བཀྲ་དང་བཅས་པ་བཟོས་ཏེ་འཆར་ཟིན་སྙན་ཞུ་འགོད་འབུལ་ཞུས། འཆར་ཟིན་དེའི་ནང་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་ཚོགས་ཆུང་དང་ལས་རིམ་བཅས་གསལ་འདོན་ཞུས་འདུག

 

དང་པོ། ཚོགས་ཆུང་གི་གྲུབ་ཆ་ནི། ཆོས་རིགས་ལས་ཁུངས་ཀྱི་སྐུ་ཚབ དང་།     སྨན་གྱི་ལྟེ་གནས་ཁང་གི་སྡེ་ཚན་གཙོ་བོ་བཞི་སྟེ་སྨན་གྱི་སློབ་གྲྭ་དང་སྨན་ཁང་།  ཉམས་ཞིབ་ཁང་།  སྐར་རྩིས་སྡེ་ཚན་བཅས་ཀྱི་སྐུ་ཚབ་བཅས་ལས་གྲུབ་པའི་ལྷན་ཚོགས་བཙུགས་ཡོད་པས་ལྷན་ཚོགས་དེ་ནི་ད་ཡོད་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་རྨང་གཞི་ལྟ་བུར་གྱུར་ཡོད་པར་སྙམ།

 
གཉིས་པ། ལྷན་ཚོགས་དེས་སྨན་གྱི་ལྟེ་གནས་ཁང་འདི་དང་འབྲེལ་བའི་ལས་དོན་གལ་ཆེན་རིགས་མཐའ་དག་ལ་གོ་བསྡུར་ཐག་གཅོད་གནང་རྒྱུ་དང་།  ལྷན་ཚོགས་འདི་ཉིན་ལྟར་ཚོགས་མ་ཐུབ་ཀྱང་ཟླ་རེར་ཐེངས་རེར་ཚོགས་རྒྱུ།

 

གསུམ་པ།  དབུས་ལས་ཁུངས།      ལས་ཁུངས་འདི་ནི་སྨན་གྱི་ལྟེ་གནས་ཁང་དེའི་བྱེད་སྒོ་སྤེལ་མཁན་གྱི་ལས་ཁུངས་ཨ་མ་དེ་ཡིན་པའི་ཆ་ནས་ལས་ཁུངས་དེས་སྡེ་ཚན་ཆེ་བ་བཞི་ལ་བལྟ་རྟོགས་སྟངས་འཛིན་ཐོག་སྡེ་ཚན་བཞིའི་ལས་དོན་རྣམས་འཛིན་སྐྱོང་ལྷན་ཚོགས་ལ་སྙན་འབུལ་ཞུ་དགོས་པ་བཅས་འཆར་ཟིན་གཏན་འབེབས་གནང་འདུག

 

བཞི་པ། སྡེ་ཚན་ཆེ་བ་བཞི་ནི། སྨན་གྱི་སློབ་གྲྭ་དང་། སྨན་ཁང་།  ཉམས་ཞིབ་ཁང་།   སྐར་རྩིས་སྡེ་ཚན་བཅས་ཡིན་ལ་དེ་དག་ལ་ནང་གསེས་ཡན་ལག་སྡེ་ཚན་གཉིས་གསུམ་ལྡན་དགོས་པ།  ཡན་ལག་གི་སྡེ་ཚན་དེ་དག་ལ་རེ་རེ་བཞིན་སྨན་གྱི་སློབ་གྲྭའི་འོག་ཡིན་ན་ A(i), A(ii) བཅས་དང་དེ་བཞིན་སྨན་ཁང་འོག་ཡིན་ན་ B(i), B(ii) བཅས་འགོད་དགོས་པར་གསལ།
དྲུག་པ།  ལས་དོན་བྱེད་ཕྱོགས།  སྡེ་ཚན་དེ་དག་ནས་རང་རང་གི་སྡེ་ཚན་དང་འབྲེལ་བའི་ལས་དོན་རྣམས་ཡིག་ཐོག་ཏུ་ཉར་ཚགས་གནང་རྒྱུ་དང་སྡེ་ཚན་གྱི་བྱེད་སྒོ་རྣམས་ཚུལ་བཞིན་བསྒྲུབ་རྒྱུ།  སྡེ་ཚན་གྱི་ལས་བྱེད་བསྐོ་བཞག་དང་ཕྱིར་འབུད་སོགས་ཀྱི་ཆེད་དབུས་ལས་ཁུངས་དང་གོ་བསྡུར་གནང་སྟེ་ལས་ཁུངས་དབུས་ནས་ཐག་གཅོད་གནང་རྒྱུ།

 

མདོར་ན་ལོ་རེ་རེའི་མཚམས་ལ་སྨན་གྱི་ལྟེ་གནས་ཁང་གི་ལས་བྱེད་ཡོངས་རྫོགས་ཚང་འཛོམས་ཐོག་ལོ་འཁོར་ཚོགས་འདུ་ཞིག་ཚོགས་རྒྱུ་དང་།  ཚོགས་འདུ་དེའི་ཐོག་དབུས་ལས་ཁུངས་ནས་ལོ་དེའི་གྲུབ་འབྲས་སྒྲོག་སྦྱང་གནང་རྒྱུ་དང་ལས་བྱེད་བྱིངས་ནས་སྡེ་ཚན་བྱེ་བྲག་གམ་ལྟེ་གནས་ཡར་རྒྱས་ཀྱི་བསམ་འཆར་ཡང་འདོན་དགོས་རྒྱུ་བཅས་འཁོད་ཡོད།  དེ་བཞིན་དུ་ཟིན་ཐོ་དེ་དང་ལྷན་དུ་སྨན་གྱི་ལྟེ་གནས་ཀྱི་དགེ་རྒན་དང་ལས་བྱེད་ཀྱི་གྲངས་འབོར་དང་།   ལོ་རེའི་གླ་ཕོགས་ཀྱི་མ་ཟིན་ཞིག་ཀྱང་ཕུལ་འདུག

 

ལོ་དེའི་ཟླ་ ༥ ཚེས་ ༧-༨ ཉིན་གཉིས་རིང་ཆེས་མཐོའི་ཚེ་ཡི་རིག་བྱེད་ཉམས་ཞིབ་ཚོགས་པའི་ཚན་རིག་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དེ་ཝར་ཎ་ལ་ཚོགས་སྐབས་བྷག་ཝན་ངྷཤ་བརྒྱུད་སྨན་ཁང་གི་རྒྱུན་ལྡན་གྱི་འགྲོ་སོང་དང་།         སྨན་ཁང་གསར་རྒྱག་གི་སྔོན་རྩིས་ཀྱི་འཆར་གཞི་གོང་གསལ་བཅས་ཚོགས་ཆུང་ནས་གཟིགས་སྐྱོང་དང་རྒྱབ་གཉེར་ཡོང་ཕྱིར་སྤྱན་འབུལ་ཞུས་ཀྱང་དུས་ཡུན་རིང་པོའི་ནང་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ནས་བོད་སྨན་བསྟི་གནས་ཁང་གསར་རྒྱག་གི་རྒྱུ་གྲོན་མ་དངུལ་སོགས་གང་ཡང་གསོལ་བསྩལ་མ་གནང་སྟབས། ཆོས་རིགས་བཀའ་བློན་ཀུན་བདེ་གླིང་ནས་ཟླ་བ་ ༧ པའི་ནང་རྒྱ་གར་འཕྲོད་བསྟེན་བཀའ་བློན་ Dr. Sushila Nayar མཆོག་ལ་བསྐྱར་དུ་མ་དངུལ་རོགས་རམ་གྱི་འབོད་སྐུལ་ཞུས།        ཟླ་བ་ ༨ པའི་ནང་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྲོལ་རྒྱུན་སྨན་གྱི་རིག་པའི་སྡེ་ཚན་གྱི་སློབ་སྟོན་པ་ Dr. C. Dwasrakanath ནས་ཟླ་ ༨ ཚེས་ ༡༧ ཉིན་ཆོས་རིགས་ལས་ཁུངས་སུ་ཕྱག་བྲིས་ཤིག་ཕུལ་ཡོད་ཅིང་།  དེའི་ནང་འདི་ག་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་སྨན་ཁང་གི་མ་དངུལ་རོགས་རམ་གྱི་གྲོས་འཆར་དེར་ཐུགས་སྣང་གནང་གིན་འདུག་ཅེས་འཁོད་འདུག་པ་ཙམ་ལས་རོགས་གནང་རྒྱུ་དང་གནང་ཕྱོགས་ཐད་ལ་གསལ་ཁ་གང་ཡང་མེད་པ་རེད།  ཡང་དེ་སྔ་ཟླ་ ༥ ཚེས་ ༧-༨ ཚན་རིག་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ནང་གྲོས་བསྡུར་བྱུང་བ་བཞིན་ Banaras Hindu University གཙུག་ལག་སློབ་གཉེར་ཁང་གི་སློབ་མ་གཉིས་འདི་གར་བོད་སྨན་སྦྱང་བར་གཏོང་རྒྱུ་དང་།   བོད་སྨན་དང་འབྲེལ་བའི་དཔེ་ཐོག་དང་སྔོ་སྨན།          ནད་བཅོས་སོགས་ཉམས་ཞིབ་བྱ་རྒྱུའི་འཆར་ཟིན་ཞིག་ Banaras Hindu University གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་ལྷན་དུ་ཞིབ་བསྡུར་གྱིས་བཟོས་ཏེ་རྒྱ་གར་དབུས་གཞུང་ལ་འབུལ་ལམ་ཞུ་དགོས་ཞེས་འཁོད་པའི་ཕྱག་བྲིས་ཤིག་ Dr. C. Dwasrakanath ནས་ཟླ་ ༨     ཚེས་ ༡༨ ཉིན་ཕུལ་ཡང་། ཆོས་རིགས་བཀའ་བློན་ནས་འདི་ག་བཙན་བྱོལ་གྱི་གནས་སྟངས་འོག་སྨན་ཁང་གི་དཔལ་འབྱོར་གནས་བབ་དམན་ཞིང་།   སློབ་སྦྱོང་དང་ཉམས་ཞིབ་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་སྟབས་སྐབས་འཚམས་བོད་སྨན་ལྟེ་གནས་ཁང་གསར་རྒྱག་གི་ལས་གཞི་མགོ་འཛུགས་མ་གནང་གོང་འཆར་གཞི་དེ་དག་ལག་ལྟར་ཐུབ་པ་དཀའ་བས།  རྒྱ་གར་གཞུང་ནས་མ་དངུལ་རོགས་རམ་གང་མྱུར་གནང་ཐུབ་བའི་འབོད་སྐུལ་ཞུས་ཀྱང་དུས་ཐོག་གནང་ཟོན་མ་བྱུང་བར་བརྟེན།

 

ལོ་དེའི་ཟླ་ ༡༡ པའི་ནང་བོམ་བེ་ལ་བཅའ་སྡོད་པ་ Mr.Morris Frydman  ལ་ཆོས་རིག་ལས་ཁུངས་ནས་ཕྱག་བྲིས་ཤིག་འབུལ་དགོས་བྱུང་བའི་ནང་སྨན་ཁང་ལ་བལྟ་སྐོར་དུ་ཕེབས་རྒྱུའི་རེ་འདུན་ཞུས་པ་དང་།


ཡང་ལོ་དེའི་ཟླ་བ་ ༡༢ པའི་ནང་ཆོས་རིག་ལས་ཁུངས་ནས་ས་གནས་ཀང་ར་རྫོང་དཔོན་ (D.C.) སྐུ་ཞབས་ནེགི་མཆོག་ལ་སྨན་ཁང་གི་གནས་སྟངས་སྤྱི་ཡོངས་འགྲེལ་བཤད་གནང་བ་དང་སྦྲགས་རྒྱ་གར་གཞུང་ནས་མ་དངུལ་རོགས་རམ་ཡོང་ཐབས་ཀྱི་འབོད་སྐུལ་སྙན་ཞུ་ཕུལ་ཡོད་ཅིང་།    སྙན་ཞུ་དེའི་ནང་སྨན་ཁང་གི་མཚན་བྱང་ལ་བོད་སྨན་བསྟི་གནས་ Tibetan Medical Centre ཞེས་འཁོད་ཡོད་པ་དང་།   དེ་དུས་སྨན་ཁང་ནང་ཟླ་རེར་བསྟེན་གཏུགས་བྱས་པའི་མི་གྲངས་སྤྱི་སྙོམས་བོད་རིགས་ནད་པ་གྲངས་ ༡,༧༠༠ དང་མི་རིགས་གཞན་གྱི་ནད་པ་གྲངས་ ༡,༣༠༠ བཅས་ཞིབ་ཕྲའི་གནས་ཚུལ་བཀོད་དེ་རོགས་རམ་ཐབས་འཚོལ་ཐད་སྒོ་གང་ས་ནས་འབད་བརྩོན་ཆེན་པོ་གནང་འདུག་ཀྱང་དེ་ཙམ་གྱི་གྲུབ་འབྲས་ཐོན་མེད།  ཕྱི་ལོ་ ༡༩༦༦ ལོར་ལས་བྱེད་ཁོངས་སུ་སྨན་དགེ་ཆེ་བ་གསུམ་དང་སྨན་དགེའི་ལས་རོགས་བཞི། འཛིན་སྐྱོང་འགན་འཛིན་གཅིག སྨན་སྦྱོར་བ་མི་གཉིས།     ཡིག་ཚང་དྲུང་ཡིག་གཅིག  གཡོག་པོ་གཅིག་བཅས་ལས་བྱེད་གྲངས་བཅུ་གཉིས་ཙམ་ལས་མེད་ལ།  ཉིན་རེར་སྤྱི་སྙོམས་བསྟེན་གཏུགས་བྱེད་མཁན་ནད་པ་བོད་རིགས་གྲངས་ ༥༥ དང་རྒྱ་གར་བ་གྲངས་ ༥༠ བཅས་ནད་པ་བརྒྱ་ཙམ་རེ་ལ་སྨན་བཅོས་བྱེད་ཀྱིན་ཡོད།

 

ལོ་དེེའི་ནང་བོད་རིགས་ནད་པ་གྲངས་ ༢༠,༤༠༠ དང་རྒྱ་གར་བ་གྲངས ༡༥,༡༠༠ ལྷག་གིས་བསྟེན་གཏུགས་གནང་ཡོད་ནའང་དགེ་ལས་ཚོའི་ཕོགས་ཐོབ་དང་མཐུན་རྐྱེན་ཤིན་ཏུ་ཞན་པ་དང་། ཉལ་ཁྲི་བཅུ་གཉིས་ཅན་པའི་ནད་གསོ་ཁང་གི་ཡོང་དམིགས་དང་ཆ་རྐྱེན་ཤིན་ཏུ་ཞན་པར་བརྟེན་བྱུང་སོང་ཁ་འཐབ་མེད་པའི་དཀའ་ངལ་སྔར་རྒྱུན་ལྟར་ཡོད་པར་བརྟེན་སྨན་ཁང་གི་དགོས་མཁོའི་འགྲོ་སོང་གི་འཆར་ཟིན་ཞིག་ཀྱང་ཕུལ་འདུག་པ་གཤམ་གསལ། རྒྱུན་ལྡན་འགྲོ་སོང་སྔོན་རྩིས་འཆར་ཟིན།

 

༡། ནད་གསོ་ཁང་གི་ནད་པ་གྲངས་ ༡༤ ལ་ཉིན་ལྟར་ཟས་དོད་སྒོར་༢ བཅས་ཉིན་རེར་སྒོར་ ༢༨།༠༠ ལོ་རེར་སྒོར་ ༡༠,༠༨༠།༠༠

༢། སྨན་དགེ་བགྲེས་པ་གཉིས་ལ་ཟླ་རེར་གླ་ཕོགས་སྒོར་ ༢༠༠།༠༠ རེ། ལོ་རེར་སྒོར་ ༤,༨༠༠།༠༠

༣། སྨན་སྦྱོར་སྨན་པ་གཅིག་ལ་ཟླ་རེར་གླ་ཕོགས་སྒོར་ ༡༧༥།༠༠ ལོ་རེར་སྒོར་ ༢,༡༠༠།༠༠

༤། སྨན་པ་བཞི་ལ་ཟླ་རེར་གླ་ཕོགས་སྒོར་ ༡༠༠།༠༠རེ། ལོ་རེར་སྒོར་ ༤༨,༠༠༠།༠༠

༥། ཉམས་གསོག་སྨན་པ་༡༡ལ་ཟླ་རེར་དོད་སྒོར་ ༥༠།༠༠རེ། ལོ་རེར་སྒོར་ ༦,༦༠༠།༠༠

༦། སྨན་ཁང་གི་འགོ་བྱེད་བུད་མེད་ཅིག་ཡོད་པ་དེ་ལ་ཟླ་རེར་གླ་ཕོགས་སྒོར་ ༡༠༠།༠༠ ལོ་རེར་སྒོར་ ༡,༢༠༠།༠༠

༧། འཛིན་སྐྱོང་འགན་འཛིན་ལ་ཟླ་རེར་གླ་ཕོགས་སྒོར་ ༡༥༠།༠༠ ལོ་རེར་སྒོར་ ༡,༨༠༠།༠༠

༨། དྲུང་ཡིག་གཅིག་ལ་ཟླ་རེར་གླ་ཕོགས་སྒོར་ ༡༠༠།༠༠ ལོ་རེར་སྒོར་ ༡,༢༠༠།༠༠

༩། གཉེར་པ་གཅིག་ལ་ཟླ་རེར་གླ་ཕོགས་སྒོར་ ༡༠༠།༠༠ ལོ་རེར་སྒོར་ ༡,༢༠༠།༠༠

༡༠། མ་བྱན་གཅིག་ལ་ཞལ་ལག་རིན་མེད་ཐོག་ཟླ་རེར་དོད་སྒོར་ ༤༠།༠༠ ལོ་རེར་སྒོར་ ༤༨༠།༠༠

༡༡། མ་བྱན་ལས་རོགས་གཅིག་ལ་ཞལ་ལག་རིན་མེད་ཐོག་ཟླ་རེར་དོད་སྒོར་ ༣༠།༠༠         ལོ་རེར་སྒོར་ ༣༦༠།༠༠

༡༢། སྣོད་ཆས་འཁྲུད་མཁན་སྐྱེས་དམན་གཉིས་ལ་ཞལ་ལག་རིན་མེད་ཐོག་ཟླ་རེར་དོད་སྒོར་ ༣༠།༠༠ རེ། ལོ་རེར་སྒོར་ ༧༢༠།༠༠

༡༣། གད་པ་གཉིས་ལ་ཟླ་རེར་གླ་ཕོགས་སྒོར་ ༦༠།༠༠ ལོ་རེར་སྒོར་ ༡,༤༤༠།༠༠ ཁྱོན་བསྡོམས་གླ་ཕོགས་སྒོར་ ༧༩,༩༨༠།༠༠ 

༡༤། ཟླ་རེར་ཆུ་རིན་དང་གློག་རིན་སྒོར་ ༦༠།༠༠ རེ། ལོ་རེར་སྒོར་ ༩༠༠།༠༠

༡༥། སྐབས་བབ་ཀྱི་སྨན་རྒྱུའི་འགྲོ་གྲོན་ལ་གཞིགས་ཏེ་སྨན་རྒྱུའི་རིན་པ། ལོ་རེར་སྒོར་ ༢༠,༠༠༠།༠༠ ཁྱོན་བསྡོམས་འགྲོ་གྲོན་སྒོར་ ༡༠༠,༨༨༠།༠༠ བོད་སྨན་གྱི་བསྟི་གནས་ཁང་དྷ་སར་རྒྱག་འཆར་ཡོད་པ་དེའི་ཐོག་མའི་འགྲོ་གྲོན་སྔོན་རྩིས་རགས་ཟིན། སྨན་ཁང་དང་སྨན་སྦྱོར་ཁང་ལས་ཤག་བཅས་ཀྱི་ཁང་པ་གསར་རྒྱག་གི་འགྲོ་སོང་ཁྱོན་བསྡོམས་སྒོར་ ༤༧༠༠༠།༠༠ བརྟག་དཔྱད་ཁང་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༢༨༠།༠༠ སྨན་ཁང་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༢༨༧༠།༠༠ ཡིག་ཚང་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༤༦༠།༠༠ སྨན་སྦྱོར་ཁང་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༢༡༠༠།༠༠ སྤྱི་ཐབ་ཀྱི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༧༦༠།༠༠ ཉམས་གསོག་སྨན་པའི་ལས་ཤག་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༣༠༠།༠༠ ནད་གསོ་ཁང་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༧༠༠།༠༠ སྨན་པ་གཉིས་ཀྱི་ལས་ཤག་གི་ཡོ་ཆས་གསར་ཉོའི་འགྲོ་སོང་སྒོར་ ༡༦༠།༠༠ བཅས་ཞིབ་ཕྲ་འགོད་འབུལ་ཞུས་འདུག་པ་ལྟར་ན་སྐབས་དེར་བོད་སྨན་བསྟི་གནས་ཁང་གསར་རྒྱག་ལ་ཁྱོན་བསྡོམས་འགྲོ་སོང་སྒོར་ ༥༤༦༥༠།༠༠ འགྲོ་བཞིན་ཡོད་འདུག ཕྱི་ལོ་ ༡༩༦༥ ལོར་བོད་གཞུང་ཆོས་དོན་ལྷན་ཁང་ནས་སྨན་སྦྱིན་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས་སྤེལ་ཞིང་། གསལ་བསྒྲགས་དེ་ནི་སྨན་སློབ་གསར་བསྡུའི་གསལ་བསྒྲགས་གནང་ཐེངས་དང་པོ་ཡིན། འོན་ཀྱང་གསར་བསྒྲགས་ཐེངས་དང་པོའི་སྐབས་སློབ་ཞུགས་གནང་མཁན་བྱུང་མེད་པར་བརྟེན་རིམ་པས་གསལ་བསྒྲགས་ཐེངས་ཤས་གནང་དགོས་བྱུང་དོན་བཞིན་ཕྱི་ལོ་ ༡༩༦༨ ཟླ་མཇུག་ཏུ་རྡོར་གླིང་གཏན་སློབ་ནས་སློབ་མ་གྲངས་བཅུ་གཅིག་དང་མ་སུ་རི་ནས་གཉིས་བཅས་སློབ་འཇུག་རྒྱུགས་འབུལ་བཏང་སྟེེ་སྨན་སློབ་སྐབས་གཉིས་པར་སློབ་ཞུགས་ཀྱིས་སློབ་སྦྱོང་མགོ་འཛུགས་ཞུས། ཞིབ་ཕྲ་སྨད་ཆའི་ནང་དུ་གསལ། ཕྱི་ལོ་ ༡༩༦༦ ཟླ་ ༡ ཚེས་ ༡༨ ཉིན་ཀངྒ་ར་རྫོང་གི་སྨན་ཁང་སྤྱི་ཁྱབ་ཌོག་ཌོར་རྡ་ཝོན་ངོ་ཕེབས་ཀྱིས་སྨན་སྦྱོར་རིག་པ་དང་སྨན་རྒྱུ་སོགས་ལ་ཞིབ་འཇུག་གནང་ཞིང་།   དེའི་རྗེས་ཟླ་ ༤ ཚེས་ ༣༠ ཉིན་སླར་ཡང་རྒྱ་གར་དབུས་གཞུང་ཨ་ཡུར་ཝེ་ཏའི་མཁས་ཆེན་བྷག་ཝན་ངྷཤ་མཆོག་ཆེད་ཕེབས་ཀྱིས་ཞིབ་འཇུག་གནང་བ་ཡིན་ཟེར་བའི་ཡིག་ཆ་གང་མང་ཡོད་ཀྱང་ཞིབ་འཇུག་རིམ་པར་གནང་བའི་སྙན་ཐོ་འདི་ཡིན་ཟེར་བའི་ཡིག་ཆ་གང་ཡང་བདག་ཉར་གནང་མེད་པས་ཞིབ་ཕྲ་འགོད་ཐབས་བྲལ།


སྐབས་དེར་ནད་པའི་སྨན་བཅོས་ལག་འཁྱེར་ཞུ་ཆེད་ཟླ་རེའི་ནང་ནད་པ་རེ་རེས་ཧིན་སྒོར་གཅིག་རེ་སྤྲོད་དགོས་པ་ལས་སྨན་རིན་ལེན་གྱིན་མེད་ཅེས་སྐབས་དེའི་ཡིག་ཆུང་ཁག་ཏུ་གསལ། བླ་སྨན་ཡེ་ཤེས་དོན་ལྡན་ལགས་ནས་ཐུགས་འགན་ཆེ་བཞེས་ཀྱིས་སྨན་གཞུང་རྒྱུད་གསུམ་དང་གསོ་རིག་བསྟན་རྒྱས་སྨོན་ལམ། བྱང་ཁོག་ལུས་ཐིག ཚ་གྲང་གལ་མདོ། ཕྱི་རྒྱུད་རྩ་ཆུ་ལྷན་ཐབས།  གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་བཅས་གསོ་རིག་བསྟན་པའི་དགོས་མཁོར་དཔར་བསྐྲུན་དང་འགྲེམ་ཚོང་ཞུས་པར་སློབ་ཕྲུག་ཚོ་ཙམ་དུ་མ་ཟད་དཔལ་འབྱོར་གྱི་ཐད་ལའང་ཕན་ཐོགས་གང་ལེགས་བྱུང་འདུག

 

ཕྱི་ལོ་ ༡༩༦༦ ཟླ་༧ ནས་ ༡༩༦༧ ཟླ་ ༣ བར་སྨན་ཁང་གི་རྒྱུན་ལྡན་འགྲོ་གྲོན་སྒོར་ ༤༥༣༥༠། ཙམ་འགྲོ་བའི་ཚོད་དཔག་གིས་རགས་ཟིན་སྔོན་རྩིས་ཕུལ་འདུག དེ་དུས་སྨན་སྦྱིན་སློབ་ཁང་གི་ལས་བྱེད་གྲངས་བཅུ་གཅིག་ཙམ་ལས་མེད་ལ་དེ་རྣམས་ཀྱི་མིང་ཐོ་དང་ལས་གནས་འཁོད་གསལ་ལྟར་སྨན་དགེ་ཆེ་བ་ཡེ་ཤེས་དོན་ལྡན་དང་།  སྨན་དགེ་ཁྲོ་དགའ་རིན་པོ་ཆེ། སྨན་སྦྱོར་བ་འཇམ་དབྱངས་བཀྲ་ཤིས།  ས་སྐྱ་སྨན་པ་ཕུན་དགྲམ། སྨན་པ་བློ་བཟང་བཀྲ་ཤིས་བཅས་སྨན་པ་ལྔ་དང་།  སྨན་སློབ་བྱམས་པ་བསོད་ནམས། སྨན་སློབ་ཡེ་ཤེས་བསོད་ནམས། སྨན་སློབ་བྱམས་པ་བསྟན་འཛིན། སྨན་སློབ་བྱམས་པ་བཅས་སྨན་སློབ་བཞི་དང་སྨན་རྡུང་པ་སྐལ་བཟང་། མ་བྱན་སྦྱིན་པ་བཅས་དགེ་སློབ་ལས་བྱེད་མི་གྲངས་བཅུ་གཅིག་ལས་མེད་པས་མི་གཅིག་གིས་ལས་གནས་གཉིས་གསུམ་རེ་ཁུར་ཡོད་པ་ཤེས་ཐུབ།

 

ཕྱི་ལོ་ ༡༩༦༦ ལོར་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་ལགས་ནས་ྋབླ་སྨན་ཞབས་ཞུ་དང༌། སྨན་སྦྱིན་སློབ་ཁང་གི་འཛིན་སྐྱོང་གནང་རྒྱུ་སོགས་ལས་དོན་མང་པོ་ལྕོགས་མིན་གྱི་རྐྱེན་པས་འགན་འཛིན་ལས་འཁུར་ནས་དགོངས་ཞུ་གནང་བར་བརྟེན་ཆོས་དོན་ལྷན་ཁང་ནས་སྨན་སྦྱིན་སློབ་ཁང་དུ་ཡིག་ཚང་ཆེད་འཛུགས་ཀྱིས་འགོ་འཛིན་དུ་དགེ་ལུགས་སྤྱི་འཐུས་བློ་བཟང་མཁྱེན་རབ་དང༌། རྩིས་དྲུང་ལ་ཁྲོ་ཞབས་ཕུན་ཚོགས་ནོར་བུ་བསྐོ་བཞག་གནང༌། དགེ་ལུགས་སྤྱི་ཟུར་བློ་བཟང་མཁྱེན་རབ་ལགས་ཀྱིས་ཕྱི་ལོ ༡༩༦༦ ནས་ ༡༩༦༧ བར་ལོ་གཅིག་མ་ཟིན་ཙམ་གྱི་རིང་སྨན་སྦྱིན་སློབ་ཁང་གི་འགན་ཁུར་ཞུས་སྐབས་སྔར་རྒྱུན་ལས་དམིགས་བསལ་གལ་ཆེའི་ལས་དོན་འདི་དང་འདི་བསྒྲུབས་ཡོད་པའི་བྱས་རྗེས་ཅན་གྱི་ཡིག་ཆ་མ་རྙེད།  ཁོང་གིས་དགོངས་པ་ཞུས་པའི་ཚབ་ཏུ་ཆོས་དོན་ལྷན་ཁང་གི་དྲུང་གཞོན་ཐུབ་བསྟན་ཟླ་བ་ལགས་བསྐོ་གཏོང་གནང་སྟེ་ལོ་གཅིག་མ་ཟིན་ཙམ་གྱི་ལས་ཁུར་ཞུས་རིང་ངྷ་སའི་སྨན་ཁང་རྙིང་པའི་མ་ཁང་ཆེན་པོ་ས་ཁྱོན་མཱ་ལ་བཅུ་བདུན་ཡོད་པ་སྤུས་གཟིགས་ཀྱིས་ཤིང་ཁང་ཐོག་བརྩེགས་གསུམ་ཞིག་གསར་རྒྱག་དང༌། འཕྲུལ་འཁོར་སོགས་གསར་འཛུགས་ཐུབ་པ་དེས་སྨན་སྦྱིན་ཁང་གི་མཐུན་རྐྱེན་དང༌།  ལས་ཆོད། སྨན་ལས་རྣམས་ཀྱི་ལས་དོན་གང་ཅིའི་ཐད་སྟབས་བདེ་དང་དཀའ་ངལ་སོགས་གང་འཚམས་སེལ་ཐུབ་པ་བྱུང༌འདུག

 

          ཕྱི་ལོ་ ༡༩༦༦ ལོར་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ྋབླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སྨན་སྦྱིན་སློབ་ཁང་ནས་དགོངས་ཞུ་གནང་ཡོད་ཀྱང་ྋསྐུའི་ྋབླ་སྨན་པའི་ལས་འཁུར་ཞབས་ཞུ་སྔར་ལྟར་བཞེས་བཞིན་ཡོད། གཞན་ཡང་ལོ་དེར་ས་སྐྱ་དཔལ་རྩེ་སྨན་པ་དང༌། ཁྲོ་དགའ་བ་རིན་པོ་ཆེ་གཉིས་ཀྱང་སྒེར་གྱི་སྐུ་ངལ་གྱི་རྐྱེན་པས་དགོངས་ཞུ་གནང་བ་སོགས་སྨན་པ་རྒན་གྲས་མང་པོ་ཞིག་ཕེབས་ཐོན་ཟིན་ནའང༌། ལོ་དེར་སྨན་སྦྱིན་སློབ་ཁང་རང་ནས་ྋབླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱི་ཐུགས་འགན་འོག་གསོ་སྐྱོང་གནང་བའི་གསོ་རིག་ཆེད་གཉེར་སྨན་སློབ་སྐབས་དང་པོ་ཡེ་ཤེས་བསོད་ནམས་དང༌། བྱམས་པ་བསོད་ནམས་སམ་ལྷ་དབང་།  བཀྲ་ཤིས་རྒྱལ་མཚན་བཅས་སྨན་པ་དཀའ་བཅུ་བ་ཐོན་ཏེ་རང་རང་ལས་སྣེར་འཛུལ་ཞུགས་བྱེད་ཐུབ་པ་བྱུང་ཡོད།


དེ་ཡང་བཀྲ་ཤིས་རྒྱལ་མཚན་ཌེ་ར་ཌུན་དམག་སྒར་དུ་བསྐོ་གཏོང་གནང་བ་བཞིན་སྨན་བཅོས་ཀྱི་ཞབས་ཞུ་ཞུས། བྱམས་པ་བསོད་ནམས་སམ་ལྷ་དབང་གློ་དམག་སྒར་དུ་བསྐོ་བཞག་གནང་བ་བཞིན་སྨན་བཅོས་ཞབས་ཞུ་ཞུས་ཤིང་།  དེ་བཞིན་དུ་ཡེ་ཤེས་བསོད་ནམས་སྨན་སྦྱོར་ཁང་གི་སྨན་སྦྱོར་ལས་གནས་སུ་ཞུགས་པ་བཅས་ལ་བརྟེན་སྤྱི་ཡོངས་ཀྱི་ལས་དོན་ཡར་རྒྱས་དང་རྒྱ་སྐྱེད་ལ་ཕན་ཐོགས་གང་ལེགས་བྱུང་།

 

ཕྱི་ལོ་ ༡༩༦༥ ལོར་ཕུལ་བའི་ཕོགས་ཐོབ་འཆར་ཟིན་དེ་ཕྱི་ལོ ༡༩༦༦ ལོ་ནས་ལག་བསྟར་ཞུས་འདུག  དེ་ཡང་ལོ་གཅིག་གི་དགེ་ལས་རྣམས་ཀྱི་ཕོགས་ཐོབ་སོགས་རྒྱུ་གྲོན་ཁག་ནི།  སྨན་དགེ་ཆེ་བ་གཅིག་ལ་ཟླ་རེར་ཕོགས་ཐོབ་ཧིན་སྒོར་ ༢༠༠།༠༠ སྨན་དགེ་གཞན་གཉིས་ལ་ཟླ་རེར་སྒོར་ ༡༥༠།༠༠ རིག་དགེ་དང་ཨིན་དགེ།  ཧིན་དགེ་བཅས་ལ་ཡང་ཟླ་རེར་སྒོར་ ༡༥༠།༠༠ རེ། སློབ་སྤྱི་ལ་ཟླ་རེར་སྒོར་ ༢༥༠།༠༠ བོད་དྲུང་རྩིས་པ་གཅིག་ལྕོགས་གཅིག་ལ་ཟླ་རེར་སྒོར་ ༡༢༠།༠༠ གཉེར་བ་དང་དངུལ་གཉེར་གཅིག་ལྕོགས་ལ་ཟླ་རེར་སྒོར་ ༡༠༠།༠༠ མ་བྱན་གཉིས་ལ་ཟླ་རེར་སྒོར་ ༧༥།༠༠ རེ། གད་པ་གཅིག་ལ་ཟླ་རེར་སྒོར་ ༦༠།༠༠ ཁང་གཉེར་དང་ཡིག་སྐྱེལ་གཅིག་ལྕོགས་གཅིག་ལ་ཟླ་རེར་ ༧༥།༠༠ སློབ་ཕྲུག་རེ་རེ་ལ་ལག་དངུལ་སྒོར་ ༥༠།༠༠ དང་ལོ་རེར་གྱོན་ཆས་དོད་སྒོར་ ༦༠།༠༠ རེ། ཁང་གླ་སྤྱི་ཡོངས་ལ་ཟླ་རེར་སྒོར་ ༥༠༠།༠༠ ཆུ་རིན་ཟླ་རེར་སྒོར་ ༡༥། རེ། ཟླ་རེར་གློག་རིན་སྒོར་ ༤༠།༠༠ རེ། སློབ་གྲྭའི་ཡིག་ཆས་སོགས་ལ་ཟླ་རེའི་ནང་མི་རེར་སྒོར་ ༢། ཡིག་ཚང་གི་ཡིག་ཆས་སྐོར་ལ་ཟླ་རེར་སྒོར་ ༡༥།༠༠ སྤྱིར་བཏང་ཙག་ཙིག་ལ་ཟླ་རེ་སྒོར་ ༥༠།༠༠ བཅས་སྐབས་དེའི་མི་རྒྱུའི་གནས་བབས་དེ་ལྟ་བུ་ཞིག་གི་འོག་ནས་རྩ་ཆེའི་རིག་གཞུང་ཞིག་རྒྱུན་འཛིན་དར་སྤེལ་གནང་ཐུབ་པ་དེ་ང་ཚོས་ངེས་པར་ཕྱིར་དྲན་ཡང་ཡང་བྱ་དགོས་པའི་ལོ་རྒྱུས་ཀྱི་དྲན་ཐོ་ཞིག་ཏུ་མཐོང་ངོ་།།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།