སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

སྨན་རྫས་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>


སྨན་རྫས་ཉམས་ཞིབ་སྡེ་ཚན།

        སྨན་རྫས་ཉམས་ཞིབ་སྡེ་ཚན་ནི་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་བཞིན་སྨན་རྫས་རྣམས་ཀྱི་ངོ་བོ་དང་། རིགས། དབྱེ་བ། ཁྱད་ནུས་སོགས་ལ་ངོས་འཛིན་ཡང་དག་བརྒྱུད་སྤེལ་ཐུབ་ཐབས་སུ་ཡིག་ཐོག་དང་ པར་རིས། དེང་དུས་རི་མོའི་ལམ་ནས་སྐྱེ་དངོས་སྨན་རིགས་ཀྱི་ཁྱད་ཆོས་ཡོངས་སུ་གསལ་སྟོན་ཐུབ་པའི་ཡིག་ཆ་མཁོ་འདོོན་དང་། སྔོ་སྨན་འཚོལ་ཞིབ། ཤེས་ཡོན་གོང་སྤེལ་ཆེད་བོད་དབྱིན་ཤན་སྦྱར་དང་འབྲེལ་བའི་དཔེ་དེབ་པར་སྐྲུན། སྲོལ་རྒྱུན་སྨན་ལུགས་གཞན་གྱིས་བེད་སྤྱོད་བྱེད་བཞིན་པའི་སྨན་རྫས་ནུས་ལྡན་རིགས་ལ་དམིགས་བསལ་དོ་སྣང་དང་ཞིབ་འཇུག རྩ་ཆེའི་སྨན་རྫས་སྟོང་ལ་ཉེ་བའི་རིགས་སྲུང་སྐྱོབ་ཆེད་ས་གནས་ཁག་ཏུ་སྨན་རྩྭ་འདེབས་ལས་ཚོད་བལྟ་དང་ས་བོན་འཚོལ་ཞིབ། དཔེ་མཚོན་ཉར་ཚགས། སྨན་རྒྱུ་དཀོན་རིགས་ཀྱི་སྨན་ཚབ་བེད་སྤྱོད་ཐད་ཉམས་ཞིབ། བོད་ལྗོངས་གཙོས་པའི་ཧི་མ་ལ་ཡའི་སྐྱེ་དངོས་སྨན་རྫས་རྣམས་རྒྱལ་སྤྱིའི་མིང་གི་ཐ་སྙད་གཏན་འབེབས་དང་བོད་ཀྱི་གསོ་རིག་དར་ཁྱབ་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མིར་སྨན་རྫས་ངོ་སྤྲོད། སྔོན་བྱོན་མཁས་དབང་རྣམས་ཀྱི་དཔེ་རྙིང་ཁག་ཏུ་གསལ་བའི་སྨན་རྫས་ཀྱི་འཁྲུངས་དཔེར་གཞི་བཅོལ་ནས་པར་རིས་ཁ་སྐོང་དང་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་མཁན་རྣམས་ལ་ངོ་སྤྲོད་དང་ངོས་འཛིན་གཅིག་མཐུན་ཡོང་ཐབས་སུ་ཤེས་བྱ་སྤེལ་རེས། སྨན་སྦྱོར་ཁང་དུ་བེད་སྤྱོད་བྱེད་བཞིན་པའི་སྨན་རྫས་རྣམས་རང་ལུགས་གཞིར་བཞག་ཐོག་དྲི་དང་། རོ། ཁ་དོག་ལ་བརྟག་ཞིབ། སྤུས་ཚད་གཏན་འབེབས། དེ་བཞིན་ལོ་རྒྱུས་ཡུན་རིང་གི་ཁྱད་ཆོས་འབུར་ཐོན་ལྡན་པའི་རི་མོའི་སྒྱུ་རྩལ་ལམ་ནས་བོད་ཀྱི་གསོ་རིག་རྩ་ཆེན་སྨན་ཐང་དང་། སྐར་ནག་དབྱངས་འཆར་གྱི་རྩིས་ཐང་རྣམས་མི་ཉམས་སོར་ཆུད་ཐོག་བསྐྱར་བཞེངས། སྨན་སློབ་རྣམས་ལ་སྔོ་སྨན་ངོ་སྤྲོད་ཀྱི་ཟུར་ཁྲིད་སོགས་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་སྡེ་ཚན་གྱི་འོས་འགན་ཡིན། སྡེ་ཚན་འདི་ནས་རྩོམ་སྒྲིག་འགྲེམས་སྤེལ་ཞུས་པའི་སྨན་རྫས་རིག་པའི་དཔེ་དེབ་ཁག་ནི། བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང། བོད་ལུགས་གསོ་བ་རིག་པའི་སྐྱེ་དངོས་སྨན་རྫས་སྔོ་འབུམ་ཀུན་བཏུས། སྨན་མིང་ཚིག་མཛོད་བློ་གསར་སྒོ་འབྱེད་སྡེ་མིག སྨན་རྫས་རྣམས་སྤྱོད་ཡུལ་སྨན་སྦྱོར་གང་དུ་གསལ་བ་བཙོ་སྦྱངས་ཞུན་ཐིགས། བོད་ཀྱི་གསོ་རིག་དང་ཨ་ཡུར་ཝེ་དྷ་ཀྲུང་དབྱིའི་སྨན་གཞུང་བཅས་ལས་བསྟན་པའི་སྐྱེ་དངོས་སྨན་རྫས་ཀྱི་དཔར་རིས་དང་ལག་ལེན་གཅེས་བཏུས། ཨསྟྲིཡའི་སྐྱེ་དངོས་སྨན་རྫས་ཉམས་ཞིབ་གཙུག་ལག་སློབ་གྲྭ་མཉམ་རུབ་ཐོག་སྲོལ་རྒྱུན་དང་དེང་དུས་ཚན་རིག་ཟུང་འབྲེལ་གྱི་རྒྱ་བལ་འབྲུག་གསུམ་གྱི་སྔོ་སྨན་གྲངས་བརྒྱ་དང་བཅུ་མེད་གཉིས་ཙམ་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་བཞིན་སྨན་རྫས་ཀྱི་ངོ་བོ་ངོས་འཛིན་ཁྱད་ཆོས་དང་རོ་ནུས་ཞུ་རྗེས་སོགས་ངོ་སྤྲོད་དང་སྐྱེ་དངོས་གཙུག་ལག་སློབ་གྲྭ་ནས་ཚན་རིག་ལམ་ནས་སྐྱེ་དངོས་རེ་རེའི་ངོ་བོ་ངོས་འཛིན་དང་རྫས་ཀྱི་གྲུབ་ཆ་སོགས་ཞིབ་ཕྲ་གསལ་སྟོན་བྱས་པའི་བོད་ཀྱི་གསོ་བ་རིག་པའི་སྔོ་སྨན་སྐོར་(Tibetan Medicinal Plants)སོགས་ཡོད།

 

ཕྱི་ལོ་ ༢༠༡༢ ཟླ་བ་ ༧ པར་འབྲས་ལྗོངས་མངའ་སྡེ་གཞུང་ནས་སྔོ་སྨན་འཚོལ་ཞིབ་ལས་དོན་ཆེད་གདན་ཞུ་བཞིན། འབྲས་ལྗོངས་ནུབ་བྱང་ཕྱོགས་གཉིས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཀྲར་ ༢༠༠༠ ནས་ ༥༡༣༦ བར་ས་མཐོའི་སྐྱེ་དངོས་སྨན་རིགས་གྲངས་བརྒྱ་དང་དགུ་བཅུ་གོ་བཞི་འཚོལ་ཞིབ་བྱུང་པ་རྣམས་ས་གནས་ས་ཐོག་ཏུ་པར་རྒྱག་གིས་སྨན་མིང་དང་། རྒྱལ་སྤྱིའི་མིང་གི་ཐ་སྙད་བཀོད་པའི་པར་རིགས་ཆ་ཚང་འབྲས་ལྗོངས་མངའ་སྡེ་གཞུང་དང་འབྲེལ་ཡོད་འཕྲོད་བསྟེན་ལྷན་ཁང་ལ་ཕུལ།

 

སྐྱེ་དངོས་སྨན་རྫས་ཀྱི་དཔེ་རིས་ལྔ་བརྒྱ་ཉེར་བདུན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱོགས་བསྒྲིགས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བདུན་ཅུ་དོན་དགུ་དང་དེའི་སྟེང་བླ་བརྒྱུད་ཀྱི་ཞལ་ཐང་གཅིག་བསྣན་པས་སྨན་ཐང་བརྒྱད་ཅུ་ཐམ་པའི་བྲིས་ཆ་ངོ་མའི་དཔེ་རིས་ལ་གཞི་བཅོལ་ནས་བསྐྱར་བཞེངས་ཆ་ཚང་ལེགས་གྲུབ་ཟིན་པ་རྣམས་ད་ལྟ་བཙན་བྱོལ་བོད་ཀྱི་སྨན་རྩིས་ཁང་དུ་མཇལ་རྒྱུ་ཡོད་ལ་རྩིས་ཀྱི་རིག་ལྡན་དང་། ཆོས་རྒྱལ་ཉི་ཤུ་རྩ་བཞིའི་ཞལ་ཐང་ཡང་གསར་བཞེངས་ཟིན། གཞན་ཡང་རྒྱུད་བཞིའི་སྨན་ཐང་ནང་གསལ་བའི་གལ་གནད་ཆེ་བའི་སྨན་ཐང་བཅོ་ལྔ་མུ་མཐུད་གསར་བཞེངས་ཞུས་ཡོད།

 

སྔོ་སྨན་འཚོལ་ཞིབ་ཐད། བོད་ལྗོངས་ས་མཐོ་དང་ས་འབྲེལ་རྒྱ་བལ་གཉིས་ཀྱི་རི་རྒྱུད་ཁག་དང་། ས་བབ་དམའ་བའི་རྒྱ་གར་ས་གནས་ཁག་བཅུ་བདུན་ཙམ་ནས་སྔོ་སྨན་རིགས་མི་འདྲ་བ་བདུན་བརྒྱ་ལྷག་ཙམ་འཚོལ་ཞིབ་དང་སྨན་ངོ་སྐམ་པོ་འཐུ་སྒྲུབ་བྱས་ནས་ཤོག་སྟེང་ཉར་ཚགས་བྱས་པ་གྲངས་བཞི་སྟོང་དང་རྡོ་སྨན་རིགས་བཞི་བཅུ་བཅས་སྨན་རྫས་གསོག་ཉར་འགྲེམ་ཁང་ནང་ཉར་ཚགས་ཞུས་མུས་ཡིན། དེ་བཞིན་སྔོ་སྨན་དཔར་ལེན་བྱས་པ་བཞི་སྟོང་ལྷག་ཡོད།

 

སྨན་རྒྱུ་འདེབས་ལས། དུས་རབས་ཉེར་གཅིག་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་ལ་བསྟུན་དགོས་པ་དང་ཡང་སྒོས་ཉིན་རེའི་སྨན་རྒྱུ་བེད་སྤྱོད་འགྲོ་ཤུགས་ཀྱི་ཚད་ལ་ལྟོས་ཏེ་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་འདི་མེད་དུ་མི་རུང་བའི་གལ་གནད་ཆེན་པོ་ཞིག་ཡིན། ང་ཚོས་དཀའ་ངལ་སྣ་ཚོགས་ལ་ངལ་བ་ཁྱད་གསད་ཀྱི་གདོང་ལེན་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་བོད་རིགས་གཞོན་སྐྱེས་འགར་སྨན་རྩྭ་འདེབས་ལས་ཀྱི་ཟབ་སྦྱོང་སྤྲད་རྗེས་རྡོར་གླིང་སོ་ན་མདར་སྔོ་སྨན་འདེབས་ལས་དང་པོ་དེ་འགོ་བཙུགས་ཞུས་པ་དང། ལ་དྭགས། མོན་རྟ་དབང་། ཅོན་ཏ་ར་བཅས་སུ་རིམ་བཞིན་སྔོ་སྨན་ཁག་ཅིག་འདེབས་ལས་ཚོད་བལྟ་བྱས་པ་ལེགས་གྲུབ་བྱུང་བ་རྣམས་མུ་མཐུད་རྒྱ་བསྐྱེད། མ་འོངས་པའི་ལས་འཆར་ནང་སྨན་རིགས་ཐོན་ཁུངས་ལེགས་པའི་ས་ཁུལ་ཁག་ཏུ་ས་ཆ་ཐབས་འཚོལ་བྱས་ནས་སྐྱེ་གནས་དང་མཐུན་པའི་སྔོ་སྨན་འདེབས་ལས་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། དེའི་དགོས་པ་ནི་སྨན་རྩྭ་འདེབས་ལས་ཙམ་མིན་པར་སྐྱེ་དངོས་སྨན་རྫས་རིགས་རྩ་སྟོང་དུ་མི་འགྲོ་བའི་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་བཅས་ཁྱོན་ཡོངས་ལ་སྒུལ་ཤུགས་དང་ནུས་པ་ངེས་པར་ཁྱབ་གདལ་དུ་གཏོང་རྒྱུ་བཅས་སོ།།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།